སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་གཉིས་པ། ཚད་པ་སྤྱི་བཅོས་པ།

སྐབས་གསུམ་པ་ཚད་པ་གསོ་བའི་སྐབས་བཤད་པ་ལ་གསུམ། སྤྱི་ལ་བསླབ་པར་ཞུས་པ་དང༌། བྱེ་བྲག་སོ་སོ་ལ་བསླབ་པར་ཞུས་པ་དང༌། སྐབས་ཀྱི་རྫོགས་ཚིག་བསྟན་པའོ། །དང་པོ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དགུ་དང་འབྲུ་གསུམ་གྱིས་བསྟན་ནོ། །གཉིས་པ་དེའི་ལན་བཤད་པ་ལ་གསུམ། ཉན་པར་གདམས་པ། གཞུང་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་བཤད་པ་ལ་ཚ་བ་གསོ་བའི་སྐབས་ལ་བསླབ་པའི་རྒྱུ་མཚན་བསྟན་པ། ཚ་བའི་རྒྱུ་བསྟན་པ། ཚ་བའི་རྐྱེན་བསྟན་པ། ཚ་བའི་ངོ་བོ་བསྟན་པ། ཚ་བའི་ངེས་ཚིག་བསྟན་པ། ཚ་བའི་དབྱེ་བ་བསྟན་པ། ཚ་བའི་རྟགས་བསྟན་པ། ཚ་བའི་བཅོས་ཐབས་བཤད་པ་སྟེ་བརྒྱད་ལས། དང་པོ་ནི། ཚ་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཚ་བའི་ནད་དར་བ་ནི་ནད་དེས་ཐེབས་པ་མང་བ་སྟེ། ཆོས་སྤྱོད་མཁན་མང་བ་ལ་ཆོས་དར་ཞེས་པ་ལྟ་བུའོ། །སྣ་མང་ནི་ནད་ཟུངས་དྲི་མ་ཐམས་ཅད་ལ་རིམ་པས་ཁྱབ་པས་དེའི་དབང་གིས་ནད་སྣ་མང་བའོ། །འཁྲུལ་སོ་ཆེ་བ་ནི་ངོ་བོ་མི་བརྟན་ཞིང་འདྲ་འདྲེས་མང་བའོ། །དེའི་ཕྱིར་ངོས་འཛིན་པ་དང་བཅོས་པར་དཀའ། རྒྱས་པ་སླ། མྱུར་དུ་སྲོག་འཕྲོག་པས་འདི་ཐོག་མར་ཤེས་དགོས། དེའི་བཟློག་ཕྱོགས་ལས་གྲང་བའི་ནད་བཅོས་པ་ལ་ཆེད་དུ་མ་བསླབས་ཀྱང་ཞོར་ལ་ཤེས་པར་འགྱུར་བས་ལེགས་སོ། །ཞེས་སོ།།

        གཉིས་པ་ཚ་བའི་རྒྱུ་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས། རིང་རྒྱུ་དང༌། ཉེ་རྒྱུའོ། དང་པོ་རིང་རྒྱུ་ལ་གཉིས།  འདི་ཡོད་འདི་འབྱུང་གི་རྟེན་འབྲེལ་གྱི་སྒོ་ནས་རིང་རྒྱུ་སྤྱིར་བསྟན་པ། མེད་ན་མི་འབྱུང་གི་རྟེན་འབྲེལ་གྱི་སྒོ་ནས་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། རིང་རྒྱུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོ་འཁྲུལ་དུས་ནས་རང་ཆས་སུ་ཡོད་པས་དུས་རིང་མོ་ནས་ཡོད་པའི་ནད་ཀྱི་རྒྱུ་ནི། སྤྱིར་བདག་ཏུ་འཛིན་པའི་ཤེས་པ་དེ་ལ་མ་རིག་པ་ཞེས་བྱ། བདག་འཛིན་ཕྲ་མོ་དེས་ནང་དུ་བདག་དང་ཕྱི་རུ་གཞན་ཞེས་རིས་སུ་བཅད་ནས། ཡུལ་ཡིད་དུ་འོང་བ་ལ་འདོད་ཅིང་ཆགས། ཡིད་དུ་མི་འོང་བ་ལ་ཞེ་སྡང་བས་ཆགས་སྡང་ཞེས་བྱ་ལ་འདིར་ཞེ་སྡང་གི་ངོ་བོ་ནི་གཞན་ལ་གནོད་སེམས་དང་བཅས་རང་གི་རྒྱུད་འཁྲུགས་པ་སྟེ། ཞེ་སྡང་དབང་གིས་གཞན་ལ་གནད་དུ་བཙུགས། ཞེས་སོ། །དེ་སྐྱེ་ཚུལ་ནི་རང་མི་འདོད་པ་གཞན་གྱིས་བྱས་པ་དང་འདོད་པའི་གེགས་བྱས་པ་ལས་འབྱུང་སྟེ། སྤྱོད་འཇུག་ལས། མི་འདོད་བྱེད་དང་འདོད་པ་ཡི། །གེགས་བྱས་པ་ལ་བྱུང་གྱུར་པ། །ཞེས་སོ། །མདོར་ན་ཚད་པའི་རྒྱུ་ནི་མ་རིག་པ་བདག་འཛིན་ལས་བྱུང་བའི་གནོད་སེམས་ཞེ་སྡང་ཡིན་ཏེ། དེ་ཡང་མ་རིག་པའི་དབང་གིས་ཉོན་མོངས་པ་ཅན་གྱི་ཡིད་བྱུང༌། དེ་ལས་འདོད་ཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་དུག་ལྔར་སྨིན་པ་ལས། ཞེ་སྡང་གི་ཆ་ནི་ནད་གཞིའི་མཁྲིས་པ་འཕེལ་བའམ་བསྐྱེད་པའི་རྒྱུ་ཡིན་ཏེ། ཐོག་མ་ནས་ཞེ་སྡང་གི་དབང་གིས་གནོད་པ་བྱས་པའི་ལས་འབྲས་དང༌། ད་ལྟའང་ཞེ་སྡང་གི་ཁྲག་འཁྲུགས་ནས་མཁྲིས་ཚད་བསྐྱེད་དོ། །གཉིས་པ་ནི། ཅི་ཕྱིར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བདག་འཛིན་ལ་རིག་པ་མེད་པར་གཡོ་བྱེད་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་མེད། ཉོན་ཡིད་ཕྲ་མོ་དེ་མེད་ན་རགས་པ་ཞེ་སྡང་མི་འབྱུང༌། དེ་མེད་ན་ཚད་པ་འབྱུང་མི་སྲིད། ཅེས་ཉོན་ཡིད་ནི་མདོ་ལས་ཉོན་ཡིད་ཀུན་གཞི་ལ་ང་ཡིར་འཛིན་པ་དེ་ལ་འདོད་པ་དང༌། སྔགས་ནས་སྲོག་གི་རླུང་ལ་འདོད་ཀྱང་འདིར་ཡིད་སེམས་བྱུང་གི་ཉེར་ལེན་གྱི་གནས་སྐབས་དུག་ལྔའི་རྣམ་པར་ཤར་བ་དེ་ལ་བྱ་དགོས་སོ། །འདིས་ནི་ཉོན་མོངས་ཅན་ལ་ནད་འབྱུང་བ་དང༌། ཉོན་མོངས་པ་དང་བྲལ་བ་ལ་ནད་མི་འབྱུང་བར་བསྟན་པ་ཡིན་ནོ། །གཉིས་པ་ཉེ་རྒྱུ་བཤད་པ་ལ་གཉིས། ཉེ་རྒྱུའི་ངོ་བོ་དང༌། དེ་ཡིན་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། ཉེ་རྒྱུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དངོས་རྒྱུ་འམ་ཉེ་རྒྱུ་ནི། རྣམ་པར་མ་གྱུར་པའི་ནད་གཞིའི་མཁྲིས་པ་མཚན་ཉིད་བདུན་ལྡན་དེ་ཉིད་དེ། གཉིས་པ་ནི། ཅི་ཕྱིར་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ཅིའི་ཕྱིར་ཉེ་རྒྱུ་ཡིན་ཞེ་ན་མཁྲིས་པའི་མཚན་ཉིད་ལས་མྱུར་བས་རྣོ་བ་དང་རེག་བྱ་ཚ་བས་ཚ་བ་སོགས་དང་ལྡན་པ་དེ། དང་པོའི་ཐང་ཞེས་པ་ཚད་ཀྱི་མིང་ཡིན་ཏེ་དཔེར་ན་ཚོང་བའི་གོང་ལྟ་བུ་ལ་བྱ་ཞིང་ཚད་དེ་ལས་ལྷག་པས་ལུས་ཟུངས་བདུན་དྲི་མ་གསུམ་སོགས་གནོད་བྱ་སྲེག་པར་བྱེད་པ་དེའི་ཕྱིར་ཚ་བ་ཀུན་གྱི་རྒྱུ་ནི་རྣམ་པར་མ་གྱུར་པའི་མཁྲིས་པ་ཡིན་ཏེ་མཁྲིས་པ་དེ་མེད་པར་ཚ་བ་འབྱུང་མི་སྲིད་ཅེས་པའི་དོན་ནོ། །འདིར་རྣམ་པར་གྱུར་ན་ནད་ཀྱི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་མ་གྱུར་པ་ནད་ཀྱི་རྒྱུར་བསྟན་ཏེ། ཤིང་ལ་གནས་པའི་མེ་ཁམས་ཀྱིས་ཤིང་རང་ཚིག་པའི་རྒྱུ་ཡིན་པ་ལྟར་རོ།།

        གསུམ་པ་རྐྱེན་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་མཁྲིས་པ་རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་པ་དེ། འཕེལ་བར་བྱེད་པའི་རྐྱེན་ནི་རྣམ་པ་བཞི་སྟེ་དུས་དང་གདོན་དང་ཟས་དང་སྤྱོད་ལམ་མོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ་སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱི་ལ་གཉིས་མདོར་བསྟན་པ་དང་རྒྱས་བཤད་དོ། །དང་པོ་ནི། དུས་དང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་བཞི་སྟེ་དུས་དང་གདོན་དང་ཟས་དང་སྤྱོད་ལམ་མོ། །དང་པོ་དུས་ནི་སྤྱི་རུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུས་ནི་བྱ་བ་རྩོམ་པའི་ཡུན་དེ་ལ་བྱ། བཞི་ནི་ལོ་གཅིག་ལ་སྤྱི་རུ་དུས་དབྱར་དགུན་སྟོན་དཔྱིད་བཞི་སྟེ། རེ་རེ་ལ་ཟླ་བ་རབ་འབྲིང་ཐ་མ་གསུམ་གསུམ་དུ་གནས་སོ། །དེ་ཡང་མཆུའི་ཟླ་བ་དཔྱིད་ཟླ་ར་བར་འདོད་པ་རྒྱ་ནག་རྙིང་མ་དང༌། དབོའི་ཟླ་བ་དཔྱིད་རར་འདོད་པ་རྒྱ་གར་བའི་ལུགས་གཉིས་ནི་བཤད་ཡམས་མི་མཐུན་ཀྱང༌། རང་གི་ངེས་པ་གཏོད་པ་ཟླ་བ་གང་དུ་ཉི་མ་ལོག་པ་དེ་དགུན་ཟླ་འབྲིང་བོ་དང་དབྱར་འབྲིང་དུ་བྱས་ནས་བརྩི་བར་བྱའོ། །དམན་ལྷག་ལོག་པ་ནི་དུས་དེའི་ཆོས་སམ་བྱ་བ་དམན་ལྷག་ལོག་པ་སྟེ་དཔེར་ན་དབྱར་དུས་ཆར་པ་དང་དྲོད་སོགས་སྔར་བས་ཆུང་བ་ནི་དམན་པའོ། །ལྷག་པར་ཆེ་བ་ནི་ལྷག་པའོ། །དགུན་ལྟར་སྣང་བ་ནི་ལོག་པའོ།  །གཞན་ལའང་དེས་འགྲེའོ། །དེ་ལྟར་ཕྱི་རུ་དུས་དམན་ལྷག་ལོག་པས་ནང་དུ་ཁམས་ཀྱི་བྱ་བ་དམན་ལྷག་ལོག་པར་འགྱུར་བས་དེའི་ཕྱིར་དུས་ཀྱི་རྐྱེན་དུ་འགྱུར་ལ། ལྷག་པར་སྟོན་ཚད་དང་དཔྱིད་ཚད་ནི་ཚ་བའི་དུས་ཏེ་ཕྱི་ནང་ལྷན་ཅིག་ཏུ་ཚ་བར་འཕེལ་བ་དུས་ཀྱི་རྐྱེན་ནོ།།

        གཉིས་པ་གདོན་རྐྱེན་བཤད་པ་ནི། གདོན་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་རྐྱེན་གྱི་གདོན་ནི་དྲག་པོ་སྟེ་ལྷ་དབང་ཕྱུག་ཆེན་པོ་ལ་དྲག་པོ་མིག་གསུམ་པ་ཞེས་བྱ་ཞིང༌། དེ་ཁྲོས་པས་དཔྲལ་བའི་མིག་ལས་བྱུང་སྟེ། གསང་སྔགས་རྙིང་མའི་རྒྱུད་བདུད་རྩི་མཆོག་ལུང་གི་འགྲེལ་པ་པཎ་ཆེན་བི་མ་མི་ཏྲས་མཛད་པའི་བདུད་རྩི་བམ་པོ་བཞི་པ་ལས། སྔོན་རྒྱལ་པོ་ཡུལ་འཁོར་བསྲུང་གི་བུ་ཐུབ་བོ། །རྒྱལ་པོ་བཤེས་གཉེན་ཅན་གྱིས་ལྷའི་གཙོ་བོ་རྣམས་བསྙེན་བཀུར་ལ་བོས་པ་ལས། དབང་ཕྱུག་ཆེན་པོ་ཀུན་གྱི་རྗེས་སུ་བོས་པས་ཁོ་ཁྲོས་ཏེ་དཔྲལ་བའི་དཀྱིལ་དུ་མིག་སེར་ལ་འབུར་བ་ཞིག་བྱུང་བ་དེས་གང་བལྟས་སུ་ནད་བྱུང་ཞིང༌། དེའི་ཆུང་མ་ཨུ་མས་ཀྱང་རླུང་ལྷ་ལ་ནད་བསྐུར་ནས་བཏང་བས་ནད་ཡམས་བྱུང་བ་གཞན་སུས་ཀྱང་མ་ཤེས་པ་འཇམ་དཔལ་གྱིས་མཁྱེན་ནས་དེའི་གཉེན་པོ་མཛད་ཅེས་འབྱུང་ངོ༌། །སྙིང་པོ་བསྡུས་པར། རིམས་ནི་ནད་བདག་སྡིག་ཅན་དང༌། །འཆི་བདག་མདངས་ཟ་འཆི་བྱེད་ཡིན། །ཁྲོས་བས་མྱུར་བའི་མཆོད་སྦྱིན་བརླག །དྲག་པོའི་དཔྲལ་བའི་མིག་ལས་བྱུང༌། །ཞེས་འབྱུང་ངོ༌། །དེ་ཡང་རྒྱུད་ཆེན་པོ་འདིར་དྲག་པོ་ཁྲོས་ཞེས་དང་བདུད་རྩི་བམ་པོ་བཞི་པར་དབང་ཕྱུག་ཅེས་གསུངས་པའང་མི་འགལ་ཏེ། དབང་ཕྱུག་ཁྲོས་པ་དྲག་པོར་བྱས་པའི་དཔྲལ་བའི་མིག་ཅེས་སྦྱར་བས་རྒྱུད་ཆེན་དང་ཡན་ལག་བརྒྱད་པ་གཉིས་ཀ་མཐུན་ནོ། །གཞན་ཡང་མ་མོ་དང་མཁའ་འགྲོ་རྣམས་གཅིག་གིས་གཅིག་ལ་རྦད་ཅིང་འཁྲུགས་པའི་རྒྱུ་ལས་བྱུང་སྟེ་ཁ་རླངས་སམ་དུག་དབལ་དེ་ཁྲོས་པས་ནད་དུ་འགྱུར་བ་གདོན་རྐྱེན་ནོ། །གསུང་རབ་རྣམས་སུ། མ་མོ་རྣམས་ལ་རིམས་གཏོང་བའི་རིག་སྔགས་ཡོད་པས་དེའི་མཐུ་ལས་ནད་གཏོང་བར་བཤད་པ་ཡིན་ནོ། །གསུམ་པ་ཟས་ཀྱི་རྐྱེན་ནི་ཟས་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་སྤྱོད་ལམ་རྐྱེན་བཤད་པ་ནི། སྤྱོད་ལམ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ཁྱད་པར་གྱི་རྐྱེན་བཤད་པ་ནི། དེ་རྣམས་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་དོན་བསྡུ་བ་བཤད་པ་ནི། དེ་དཔེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དཔེར་ན་མེ་ལ་ཤིང་མནན་ནས་རླུང་གིས་བསྐྱོད་ན་ཆེས་ཆེར་འབར་བ་བཞིན་དུ་མཁྲིས་པའི་དྲོད་དམ་ཚད་པ་རྣམ་པར་མ་གྱུར་པའི་དུས་ཀྱི་མེ་ལྟ་བུ་སྟེ། རྐྱེན་བཞིའི་ཤིང་མནན་རླུང་གིས་སྐྱོད་པ་ལྟ་བུས་ཚད་ལས་འཕེལ་བར་བྱས་པས་ཚ་བར་འགྱུར་རོ།།

        བཞི་པ་ཚ་བའི་ངོ་བོ་བཤད་པ་ལ་གཉིས། ངོ་བོ་བསྟན་པ་དང༌། མཚན་ཉིད་རྟགས་དང་སྦྱར་བའོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚ་བའི་ངོ་བོ་ནི་གོང་དུའང་བསྟན་མོད་ཀྱིས། མཁྲིས་པ་ལ་ནད་གཞིའི་མཁྲིས་པ་རིགས་ལྔ་མཚན་ཉིད་བདུན་ལྡན། དེའི་ནང་ཚན་མེ་དྲོད་མཁྲིས་པ་འཇུ་བྱེད་ཀྱི་དྲོད། སྣོད་ཀྱི་མཁྲིས་པ་མཆིན་འདབ་གསེར་རྐྱལ་བཀལ་བ་ལྟ་བུ་རྣམས་ལས་འདིར་གཙོ་བོ་ནད་གཞིའི་མཁྲིས་པ་མཚན་ཉིད་བདུན་ལྡན་ཡིན་ཀྱང་ཚ་བའི་མེ་དྲོད་དེ་ཐང་ལས་ལྷག་ཅེས་པ། རྣམ་པར་མ་གྱུར་པ་འདུ་བ་སྤྱི་སྙོམས་སུ་གནས་པ་ཐང་ཞེས་བྱ་སྟེ་སྡེ་ཐང་རིན་ཐང་རྒྱུག་ཐང་ཞེས་ཟོང་གི་གོང་ཐང་ལྟར་ཚད་ཀྱི་མིང་ངོ༌། །འདིར་དེ་ལས་ལྷག་ཅེས་མེ་དྲོད་དམ་ཚད་པ་དེ་ལས་ཆེར་འཕེལ་བ་ནི་ཚད་པའི་ངོ་བོ་ཡིན་ནོ།།

        གཉིས་པ་མཚན་ཉིད་རྟགས་དང་སྦྱར་ནས་བཤད་པ་ནི། ཅི་ཕྱིར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཅིའི་ཕྱིར་མཁྲིས་པ་ཐང་ལས་ལྷག་པ་ཚ་བ་ཡིན་ཅེ་ན། རྟགས་ཅན་མཁྲིས་པའི་མཚན་ཉིད་རྟགས་ལས་དཔག་སྟེ། མཚན་ཉིད་སྣུམ་དང་བཅས་པ་རྣོ་བ་ཚ་བ་ཡང་བ་དྲི་མནམ་པ་འཁྲུ་བ་གཤེར་བ་དེ་བདུན་པོ་ཐང་ངམ་ཚད་ལས་ལྷག་པས་ཚ་བའི་རྟགས་སུ་སྟོན་ཏེ། སྣུམ་བཅས་ཐང་ལས་ལྷག་པས་གདོང་སྣུམ་དེ་བཞིན་དུ་རྣོ་བས་མྱུར་དུ་སྨིན་ནམ་འདྲུལ། ཚ་བས་དྲོད་ཚ་ཡང་བས་གཉེན་པོས་ཟློག །ཁ་ཡང་བའམ་རྐྱེན་གྱིས་སྒྱུར་ཁ་ཡང༌། དྲི་མནམ་པས་དྲི་ཆེ་བ་ནི་བརྒྱད་པའི་རང་འགྲེལ་དུ་ཉ་རུལ་པའི་དྲི་མནམ་ཞེས་འབྱུང་ངོ༌། །འཁྲུ་བས་ཐུར་དུ་འཁྲུ་ཞིང་བརླན་པའམ་གཤེར་བ་འཕེལ་བས་གཏར་ཁྲག་དང་ལུད་པ་སླ་བ་སྟེ། འདི་རྣམས་ཀྱི་རྟགས་བྱུང་བས་དེའི་ཕྱིར་རྟགས་ཅན་ཚ་བར་ཤེས་པར་བྱའོ། །ལྔ་པ་ངེས་ཚིག་བསྟན་པ་ནི། གོང་དུ། ཚ་བ་ཞེས་བྱའི་མིང་དུ་ཅི་ཕྱིར་རྟགས་ཞེས་པའི་དྲི་ལན། ཚ་བའི་ངེས་ཚིག་གམ་རྒྱུ་མཚན་བསྟན་པ་ལ་གཉིས། དངོས་པོ་བསྟན་པ་དང་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། ཚ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་བ་ཞེས་བྱ་བའི་རྒྱུ་མཚན་ནི། གནོད་བྱ་རྣམས་ཚ་བའི་དྲོད་ཀྱིས་བསྲུལ་པས་བསྲེག་པའོ། །གཉིས་པ་སྒྲུབ་བྱེད་འགོད་པ་ནི། གནོད་བྱ་ཞེས་རྐང་པ་བཞིས་བསྟན་ཏེ། གནོད་བྱེད་ཚད་པས་གནོད་པར་བྱ་བའི་ཡུལ། ལུས་ཟུངས་དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་བདུན་དང༌། དྲི་མ་བཤང་གཅི་རྡུལ་གསུམ་སྟེ་བཅུ་པོ་འདི་དག་ཤིང་ཚིག་པ་ལྟར་ཐལ་བར་བསྲེག་པ་མ་ཡིན་ཡང༌། ཚ་བའི་དྲོད་ཀྱིས་རྟེན་གནོད་བྱ་འདྲུལ་བས་བརྟེན་པ་སྲོག་དོར་བར་བྱེད་པས་རྒྱུ་མཚན་དེའི་ཕྱིར་བསྲེག་ཅེས་བྱ་བར་བཤད་པ་ཡིན་ནོ། །དྲུག་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན། རྟེན་དང༌། དུས་དང༌། ཉེས་པ་དང༌། གནས་ས་དང༌། རྒྱུད་དང༌། གནས་སྐབས་དང༌། རིགས་ཀྱི་དབྱེ་བ་བཤད་པའོ། །དང་པོ་རྟེན་དབྱེ་ནི། རྟེན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། བྱིས་པ་དར་མ་རྒན་པོ་སྟེ་གསུམ་མོ། །གཉིས་པ་དུས་དབྱེ་ནི། དུས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསར་རྙིང་གཉིས་སོ།།

        གསུམ་པ་ཉེས་པས་དབྱེ་བ་ནི། ཉེས་པས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར་དང་ལྔའོ། །བཞི་པ་གནས་དབྱེ་ནི། གནས་ཀྱིས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་དྲུག་གོ །ལྔ་པ་རྒྱུད་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྒྱུད་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རང་རྒྱུད་ཅན་དང༌། གཞན་རྒྱུད་ཅན་ནོ། །དང་པོ་ནི། རང་རྒྱུད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རང་རྒྱུད་ཅན་རྐྱང་པ་རླུང་དང་མཁྲིས་པ་དང་བད་ཀན་དང་གསུམ་པོ་རང་རྟགས་གསལ་པོར་སྟོན་ནོ། །གཉིས་པ་ནི། གཞན་རྒྱུད་ཅེས་རྐང་པ་གཅིག་གིས་བསྟན་པ་ལ་ལྡན་ཚད་དང་འདུས་ཚད་གཉིས་སོ། །དྲུག་པ་གནས་སྐབས་དབྱེ་བ་ནི། གནས་སྐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་མ་སྨིན་པ་རྒྱས་པ་སྟོང་པ་གབ་པ་རྙིང་པ་རྙོགས་པ་སྟེ་དྲུག་གོ །བདུན་པ་རིགས་དབྱེ་ནི་རིགས་ཀྱི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་འགྲམས་པ་འཁྲུགས་པ་རིམས་དུག་དང་བཞི་སྟེ་དྲིལ་བས་ཚད་ནད་སྤྱིར་དབྱེ་བ་སུམ་ཅུ་སོ་གཅིག་གོ བདུན་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་བའི་ཞེས་རྐང་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ནད་འགྱུར་མེད་ངོས་བཟུང་བ་དང༌། སྤང་བླང་མུ་བཞིར་ཁ་དམར་གདགས་པའོ། །དང་པོ་ལ་གསུམ། མདོར་རྒྱས་མཇུག་དང་གསུམ་མོ། །དང་པོ་མདོར་བསྟན་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་རྟགས་དང་བྱེ་བྲག་གི་རྟགས་གཉིས་སོ། །དང་པོ་སྤྱི་རྟགས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་ཡི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། ཕྱི་རྟགས་སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག་པ། ནང་རྟགས་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ། གསང་རྟགས་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པའོ། །དང་པོ་ཕྱི་རྟགས་ནི། སློང་བ་ཞེས་སོགས་རྐང་པ་གཉིས་ཀྱིས་བསྟན་ནོ། །དེ་ཡང་གོང་དུ་བསྟན་པའི་རྐྱེན་བཞི་ལས་ཤེས་པར་བྱའོ། །གཉིས་པ་ནང་རྟགས་ནི། མཚན་ཉིད་ཅེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། མཚན་ཉིད་བདུན་པོ་གནོད་བྱ་རྣམས་སུ་འཕེལ་བའི་རྟགས་སོ། །གསུམ་པ་གསང་རྟགས་ནི། ཕན་གནོད་ཅེས་རྐང་པ་གསུམ་གྱིས་བསྟན་པའི་ཟས་སྤྱོད་སྨན་དཔྱད་ཆུ་བཞི་བསྟན་པ་ཡིས། ཞེས་པའི་ཆུ་བཞི་ནི་བཤད་རྒྱུད་དུ། ཁ་ཟས་ཡེན་ལ་གཏད་པ་ཟས་ཀྱི་ཆུ། ཞེས་བསིལ་ཟས་ཕྱོགས་གཅིག་ཏུ་བསྟེན་པའོ། །ག་བུར་རྩེ་ཆུང་སྨན་དང་དཔྱད་ཀྱི་ཆུ། །ཞེས་ག་བུར་སྨན་བསྟེན་སྨན་གྱི་ཆུ། རྩེ་ཆུང་གཏར་བ་དཔྱད་ཀྱི་ཆུ། བསིལ་སར་སྡོད་པ་སྤྱོད་ལམ་གྱི་ཆུ་དང་བཞི་བསྟན་པ་ཡིས། འཕྲོད་ན་ཚ་བ་ཡིན་པར་ངེས། མི་འཕྲོད་ན་གྲང་བ་ཡིན་པར་ངེས་ཏེ། འདྲིས་གོམས་ཡུན་དུ་བསྟེན་པས་ངེས་པ་རྙེད་དོ།།

        གཉིས་པ་བྱེ་བྲག་གི་རྟགས་ལ་གཉིས། སྤྱི་རྟགས་ཀུན་ལ་ཁྱབ་ཚུལ། སོ་སོའི་ངེས་པའོ། །དང་པོ་སྤྱི་རྟགས་ཀུན་ལ་ཁྱབ་ཚུལ་ནི། ཚ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་སོ་སོའི་ངེས་པ་རྟགས་བཤད་པ་ལ་བདུན། རྟེན། དུས། ཉེས་པ། གནས། རྒྱུ། གནས་སྐབས། རིགས་དང་བདུན་ནོ། །དང་པོ་རྟེན་རྟགས་ནི། རྟེན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་པས་ན་སོའི་རིམ་པ་ནི་བྱིས་པ་དར་མ་རྒན་པོ་གསུམ་སྟེ་བཤད་རྒྱུད་ནས་ཇི་ལྟར་བཤད་པ་ལྟར་རོ། །གཉིས་པ་དུས་རྟགས་ནི། དུས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསར་པ་དང་རྙིང་པའོ། །འདི་ཕལ་ཆེར་ཟླ་བ་གཅིག་ལོན་མ་ལོན་གྱི་དབྱེ་བའོ། །གསུམ་པ་ཉེས་རྟགས་ནི། ཉེས་པའི་ཞེས་རྐང་པ་དྲུག་གིས་བསྟན་པའི་ཁྲག་དང་ཆུ་སེར་གཉིས་ཀྱང་ཏིལ་མར་རང་ཚིག་པའི་རྒྱུ་རང་གི་སྣུམ་གྱིས་བྱེད་པ་ལྟར་རང་རང་གི་ནད་བྱེད་པས་འདི་གཉིས་ཉེས་པར་བཞག་གོ། །བཞི་པ་གནས་རྟགས་ནི། གནས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་པའི་འཇུག་སྒོ་ཤ་པགས་རྩ་རུས་དོན་སྣོད་གར་བབས་ཀྱིས་གསལ་ལོ། །ལྔ་པ་རྒྱུ་རྟགས་ལ་གཉིས་རང་རྒྱུད་དང་གཞན་རྒྱུད་ཀྱི་རྟགས་བཤད་པའོ། །དང་པོ་ནི། རང་རྒྱུད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གཞན་རྒྱུད་ཅན་གྱི་རྟགས་བཤད་པ་ལ་གཉིས། ལྡན་འདུས་ཀྱི་རྣམ་འགྱུར་དཔེ་དོན་བཀོད་པ། གོམས་པའི་བརྟག་པས་ངེས་པར་བསྐྱེད་པའོ། །དང་པོ་ལྡན་འདུས་རྣམ་འགྱུར་གྱི་དཔེ་དོན་བཀོད་པ་ལ་གསུམ། ཚད་རླུང་ལྡན་པ། བད་ཚད་ལྡན་པ། འདུས་པ་དང་གསུམ་མོ། །དང་པོ་ཚད་རླུང་ལྡན་པའི་རྟགས་ནི། ལྡན་ཚད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ་གཅིག་གིས་གཅིག་བསྐྱེད་དོ། །གཉིས་པ་བད་ལྡན་གྱི་རྟགས་ནི། བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ་མཚན་ཉིད་འཁྲུགས་ཤིང་འཐབ་པའོ། །གསུམ་པ་འདུས་ཚད་ཀྱི་རྟགས་བཤད་པ་ནི། འདུས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ་སོ་སོའོ། །གཉིས་པ་གོམས་པའི་རྟགས་ངེས་པར་བསྐྱེད་པ་ནི། དེ་དག་ཅེས་རྐང་པ་གཉིས་ཀྱིས་བསྟན་པའི་འདྲེས་པའམ་ལྡན་པ་ལ་གཉེན་པོ་བསིལ་དྲོད་མ་འདྲེས་པར་གང་འོས་ཡུན་དུ་བསྟེན་པས་དང་པོ་སྡོང་ཟླ་སེལ་བས་ཕན་སྙམ་བྱེད། བཏུང་ན་ནད་གཞི་ལ་ཕོག་པས་གནོད་པས་དེ་ཤེས་པར་བྱ་སྟེ་དཔེར་ན། བད་ཚད་ལྡན་པ་ལ་དྲོད་བསྟེན་ན་དང་པོ་བད་ཀན་ལ་འཕྲོད་པས་ཕན་སྙམ་བྱེད། བཏུང་ན་གཏིང་ཚད་ལ་ཕོག་པས་གནོད་པར་ཚོར་བ་ལས་སྟོབས་གང་ཆེ་ཤེས་པར་བྱ་བ་ལྟ་བུའོ། །དྲུག་པ་གནས་སྐབས་རྟགས་ནི། མ་སྨིན་ཞེས་རྐང་པ་དྲུག་གིས་བསྟན་པའི། མ་སྨིན་པའི་ཕྲུམ་སེར་ནི་བ་སྤུ་ཟིར་ཟིར་གྱི་ཉམས་ཅན་གྲང་ཤུམ་བྱེད་པ་སྟེ། བ་སྤུའམ་སྐྱི་ལ་བབས་ཤིང་རླུང་ཚད་ལྷན་དུ་ཕེབས་པའི་རྟགས་སོ། །འདི་བཞིན་གཞན་ཀུན་ལའང་ཤེས་པར་བྱ་ཞིང་འདིར་ཡི་གེ་འདྲི་བའི་ངལ་བ་དང་རྗེས་སུ་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་གི་དོགས་ནས་མདོ་ཙམ་བསྟན་པ་ཡིན་ནོ། །རྒྱས་པའི་ཚད་རྟགས་རྐྱང་པར་རྫོགས་པ་ནི་མཚན་ཉིད་རྟགས་ཀྱི་བརྟག་པར་བཤད་པ་ཕལ་ཆེར་འབྱུང་ངོ༌། །རྙོག་ཚད་ཀྱི་བརྩེ་ནི་བ་སྤུ་བརྩེ་བ་སྣ་ཁྲག་འོང་བ་ཁ་གདོང་གཡོ་བ་ལས་ཤེས་སོ། །བདུན་པ་རིགས་རྟགས་ནི། རིམས་ཚད་ཅེས་རྐང་པ་བཞིས་བསྟན་པའི་དུག་ཚད་ཀྱི་མ་ངེས་པ་ནི་ནད་རྟགས་མ་ངེས་པ་སྟེ། དྭངས་མའི་རྟ་ལ་དུག་ཞོན་ནས་ལུས་ཟུངས་ཀུན་ལ་ཁྱབ་པས་ཉེས་པ་ཀུན་འཁྲུགས་ཏེ་རྟགས་མ་ངེས་པར་སྟོན་ནོ། །ཁོལ་བུ་ཁོལ་བུར་ནད་སྣ་མང་ངོ༌།།

        གསུམ་པ་མཇུག་བསྡུ་ནི། འདི་དག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། སྤང་བླང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྤང་བླང་བྱ་བ་སོགས་ཀྱི་མཐའ་མ་མུ་བཞི་རུ་ཁ་དམར་ཞེས་པ་ཁས་ལེན་ཁས་འཆེས་དམ་བཅས་ཁ་དམར་རྣམས་དོན་གཅིག་གོ གདགས་པའམ་རྟགས་ཞེས་སྔ་ནས་མུ་བཞི་ཁས་ལེན་པའོ། །གཉིས་པ་རྒྱས་བཤད་ལ་བཞི། བླང་བྱ་གསོ་སླ་བའི་མུ། གསོ་དཀའ་བའི་མུ། སྤང་བྱ་འཆི་བའི་མུ། གསོ་བ་ཙམ་གྱི་མུ་བཞི་ལས། དང་པོ་ནི། རྩ་རྒྱུད་ཅེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་གསོ་དཀའ་ནི། འཆི་ལྟས་ཞེས་རྐང་པ་གཉིས་ཀྱིས་བསྟན། བླ་གཉན་ནི་ནད་གཅིག་གི་སྟེང་དུ་ནད་གཞན་ཞིག་བྱུང་བ་སྟེ་བསྣན་པའི་མིང་ངོ༌། །འགྱུར་ལྡོག་མང་བ་ནི་མི་རྟག་པའོ། །གསུམ་པ་སྤང་བྱའི་མུ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འཆི་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་དགུ། རྩ། ཆུ། ལུད་པ། ཁྲག དབུགས། ནད་སྟོབས། གཟེར་བ། ལུས་སྟོབས། དབང་པོ་རྣམས་ལ་བརྟག་པ་སྟེ་དགུའོ། །དང་པོ་རྩ་ལ་བརྟག་པ་ནི། རྩ་རྒྱུད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ཆུ་རྟགས་ནི། ཆུ་ནི་ཞེས་རྐང་པ་གཅིག་གིས་བསྟན་པའི་སྲི་བ་ནི་ཉུང་སྲིའོ། །འཆོར་བ་ནི་དབང་མེད་དུ་འཆོར་བའོ། །སངས་པ་ནི་དྲི་དང་མེ་ཏོག་སངས་པའོ། །གསུམ་པ་ལུད་རྟགས་ནི། ལུད་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ཁྲག་རྟགས་ནི། ཁྲག་མེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་དབུགས་རྟགས་ནི། །དབུགས་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནད་སྟོབས་ཀྱི་རྟགས་ནི། ནད་སྟོབས་ཞེས་རྐང་པ་གཉིས་ཀྱིས་བསྟན་པའི་ཁོང་འཐེམས་ནི་ནད་སྟོབས་ཆེན་ཁོང་དུ་འཐེམས་ནས་ཕྱིར་མི་ཐོན་གཉེན་པོ་གང་ཡང་མི་ལེན་པའོ། །བདུན་པ་གཟེར་བའི་རྟགས་ནི། གཟེར་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བརྒྱད་པ་ལུས་ཤེད་ལ་བརྟག་པ་ནི། ལུས་ཤེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །དགུ་པ་དབང་པོ་ལ་བརྟག་པ་ནི། དབང་པོ་ཞེས་རྐང་པ་ལྔས་བསྟན་པའི་མིག་ལྡོག་པ་ནི་གྱེན་དུ་ཨ་འབྲས་ལོག་པའོ། །གཞན་རྣམས་ནི་སོ་སོའི་ཟུངས་ཤོར་བའི་རྟགས་སོ། །ཟས་སྐོམ་གྱིས་བོར་བ་ནི་ཟས་སྐོམ་ལ་འདོད་སྣང་མེད་པའོ། །འདི་དག་ལ་འབྱུང་བ་ཉམས་ཤིང་ཐིབས་པའི་རྣམ་བཤད་རྒྱུད་སྡེ་དང་སྦྱར་ནས་འཆད་རྒྱུ་ཡོད་མོད་ཀྱང་རེ་ཞིག་དེ་ཙམ་མོ། །བཞི་པ་གསོ་ཙམ་གྱི་མུ་ནི། དེ་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འདྲ་སྣང་མང་ཡང་ཕྱོགས་མཐུན་པའི་གཉེན་པོས་བཅོས་བསྐྱེད་འདུག་མི་འདུག་བལྟ། འཆི་ལྟས་སྣང་ཡང་གཉེན་པོ་ལེན་མ་ངེས་པའི་འདྲ་འདྲར་སྣང་བ་ཡིན་སྲིད་པས་གསོ་བ་ཙམ་ཨེ་སྲིད་ན་ཞེས་པ་ལྟར་རོ། །གསུམ་པ་མཇུག་བསྡུ་བ་ནི། འཆི་བའི་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ། འདི་ཤུགས་བསྟན་ནམ་དོན་བསྡུ་བ་ནི་གཉེན་པོ་ལེན་མི་ལེན་ལ་བྱའོ། །བརྒྱད་པ་གསོ་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་ལའང་མདོར་རྒྱས་སོ།།

        དང་པོ་ནི། སྤྱི་ལ་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་གསུམ་སྟེ། ནད་དང་གཉེན་པོ་ཇི་ལྟར་སྤྲད་པའི་བཅོས་ཚུལ་དང༌། དུས་ལ་མི་འདའ་བའི་གནད་ཀྱི་གདམས་པ་གཉིས། ཚ་བའི་ངོ་བོ་འཇོམས་པའི་གཉེན་པོ་དང་གསུམ་མོ། །དང་པོ་ནད་དང་གཉེན་པོ་ཇི་ལྟར་སྤྲད་པའི་བཅོས་ཚུལ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཚུལ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། གཉེན་པོ་ལེན་པའི་བཅོས་ཚུལ་ལ་གང་ལ་གང་འཚམ་གྱིས་བཅོས་ཚུལ་དང༌། འདྲེས་པ་ཕྱེ་བའི་བཅོས་ཚུལ་དང༌། བྱེར་འགྲམས་སྡུད་པའི་བཅོས་ཚུལ་དང་གསུམ་ལས། དང་པོ་གང་འཚམ་གྱིས་བཅོས་པ་ལ་གཉིས། སྤྱི་སྡོམ་མདོར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་སྤྱི་སྡོམ་མདོར་བསྟན་པ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་རྒྱས་བཤད་ལ་བདུན། ལུས་ཟུངས་ན་ཚོད་དང་སྦྱར་བའི་བཅོས་ཚུལ། ནད་སྟོབས་དུས་དང་སྦྱར་བ། ཞུགས་པ་གནས་དང་སྦྱར་བ། གནས་ས་དང་སྦྱར་བ། མཆོག་དམན་གཙོ་བོ་དང་སྦྱར་བ། གནས་སྐབས་དང་སྦྱར་བ། ངོ་བོ་རིགས་དང་སྦྱར་བའོ། །དང་པོ་ལུས་ཟུངས་ན་ཚོད་དང་སྦྱར་ཏེ་བཅོས་པ་ནི། ལུས་ཟུངས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནད་སྟོབས་དང་སྦྱར་བ་ནི། ནད་སྟོབས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ཞུགས་པ་གནས་སྦྱར་གྱིས་བཅོས་ཚུལ་ནི། ཉེས་པའི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རླུང་གི་ཚ་བ་འབྲོས་འདེད་ཚུལ་དུ་བཅོས་པ་ནི། དཔེ་དགྲ་ཐབས་ལ་མཁས་པས་རེས་འབྲོས་ཤིང་འབྲིད་རེས་འདེད་པ་ལྟར། རླུང་སྣ་བསླན་ཅིང་ཚད་པ་བདའ་བ་སྟེ་རླུང་ལ་འབྲིད་དམ་བྲོས་ཚད་པ་ལ་འདེད་པའི་ཚུལ་ལོ། །ཡང་ན་དྲོད་བཅུད་ཀྱིས་རླུང་སྣ་བསླན་པ་ནི་ཚད་པ་ལ་འབྲོས་པ་ཡིན་ལ་བསིལ་གྱི་གཉེན་པོ་བསྟེན་པ་ནི་ཚད་པ་འདེད་པའོ། །མཁྲིས་པའི་ཚ་བ་ཟགས་བཅད་ཚུལ་དུ་བཅོས་པ་ནི། དཔེ་ཟགས་ཆུ་ཡུར་བར་དྲངས་ནས་བཅད་པ་ལྟར། སྦྱོངས་ཀྱིས་རྗེས་བསིལ་གྱིས་བཅད་པ་སྟེ། འཁྲུ་གཤེར་བཅད་པའི་ཚུལ་ལོ། །བད་ཀན་ཚ་བ་མགོ་ཕུར་ཚུལ་དུ་བཅོས་པ་ནི། དཔེ་བྱ་བབ་འཕྲལ་དུ་སྐྲོག་པ་དང་དམག་སྣ་ནས་གཞོམ་པ་ལ་སྣ་ཕུར་བཏང་ཞེས་པ་ལྟར། སྟོབས་རྫོགས་ལོང་མེད་པར་སྐྲོག་པ་སྟེ་འཕྲལ་དུ་གཞོམ་པའི་ཚུལ་ལོ། །ཁྲག་གི་ཚ་བ་ཤེད་སྨད་ཚུལ་དུ་བཅོས་པ་ནི། དཔེར་ན་སྟོབས་ཅན་གྱི་ཤེད་ཆ་ནས་སྨད་པའམ་ཕྲི་བ་ལྟར་རིམ་གྱིས་གཞོམ་པ་སྟེ། ཐབས་དུ་མས་སྨད་པའི་ཚུལ་ལོ། །ཆུ་སེར་ཚ་བ་སྦྱངས་སྐེམས་ཚུལ་དུ་བཅོས་པ་ནི། དང་པོ་སྦྱངས་མཇུག་ཏུ་སྐེམ་པའི་ཚུལ་ལོ། །དོན་ནི་ཉེས་པ་དེ་དག་གི་རང་བཞིན་འགྲོ་ལྡོག་ལ་བལྟོས་པའི་བཅོས་ཚུལ་ལོ། །བཞི་པ་གནས་དང་སྦྱར་ནས་བཅོས་པ་ནི། །གནས་ཀྱི་ཞེས་རྐང་པ་དྲུག་གིས་བསྟན་ནོ། །ལྔ་པ་མཆོག་དམན་གཙོ་བོ་དང་སྦྱར་ནས་བཅོས་པ་ནི། གཙོ་བོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དྲུག་པ་སྐབས་དང་སྦྱར་བ་ནི་གནས་སྐབས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གབ་ཚད་ཀྱི་མགོ་ཕུར་བཤུ་བ་ནི་གྲང་བས་མགོ་བཏུམས་པ་དེ་བཤུ་བའོ། །རྙིངས་ཚད་ཀྱི་རྩི་ནི་ཤིང་ལ་སྲ་རྩི་བཏང་བ་ལྟར་ཟུངས་ལ་ཞེན་པ་དེའོ། །བདུན་པ་ངོ་བོ་རིགས་དང་སྦྱར་ནས་བཅོས་པ་ནི། རིགས་ཀྱིས་ཞེས་རྐང་པ་ལྔས་བསྟན་ཏེ། རིགས་ཚད་བྱ་ལྟར་སྤུར་བ་ནི། འཕྲལ་དུ་བསིལ་ཕྱེ་བསིལ་ཐང་རྔུལ་འདོན་སོགས་ཀྱིས་སྣ་དཀྲོག་པའོ། །འགྲམས་ཚད་ལུས་ཟུངས་རང་སོར་གཞུག་པ་ནི། སྔར་མལ་དུ་འཇུག་པའོ། །འཁྲུགས་ཚད་དབྱེ་བསད་དབྱུང་བས་མཉམ་པ་ནི། དང་པོ་ཐང་སོགས་ཀྱིས་དབྱེ། བར་དུ་གཉེན་པོས་བསད། ཐ་མར་ནད་རོ་བཤལ་གྱིས་དབྱུང་ནས་ནད་མེད་ལྟར་ཉེས་པ་བསྡེབས་པའོ། །དུག་ཚད་འདུ་བ་རླུང་མཁྲིས་བད་ཀན་ཆ་སྙོམས་པའི་གཉེན་པོས་བསད་ཅེས་སོ།།

        གཉིས་པ་འདྲེས་པ་ཕྱེ་བའི་བཅོས་ཚུལ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། གཅེས་པར་གདམས་པ་དང་གསུམ་ལས། དང་པོ་ནི། ཚ་གྲང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་སོ་སོའི་བཅོས་ཚུལ་བྱེ་བྲག་ཏུ་བསྟན་པ། སྤྱིའི་བཅོས་ཚུལ་དོན་ལ་སྦྱོར་བའོ། །དང་པོ་སོ་སོའི་བཅོས་ཚུལ་བྱེ་བྲག་ཏུ་བཤད་པ་ལ་ལྔ། མ་སྨིན་པ་གྲོགས་དང་ཕྲལ་བ། སྨིན་ནས་བྱེ་བྲག་ཏུ་དབྱེ་བ། གབ་ཚད་མགོ་ཕུར་བཤུ་བ། སྟོང་ཚད་རླུང་སྣ་བསླན་པ། གྲང་སྙོགས་མེ་དྲོད་གསོ་ཞིང་ཚ་སྙོགས་སྦྱང་བས་བསལ་བའོ། །དང་པོ་མ་སྨིན་གྲོགས་དང་ཕྲལ་བ་ནི། མ་སྨིན་ཞེས་རྐང་པ་བདུན་གྱི་བསྟན་ཏེ། མ་སྨིན་པ་ལ་ཐོག་མ་ནས་ཚད་པའི་གཉེན་པོ་བསིལ་བསྟེན་ན་གྲོགས་བད་རླུང་གི་སྟེང་དུ་བབས་ཏེ་འཕེལ་ན་དེ་འཕེལ་བར་འགྱུར་བས་བད་རླུང་གཉིས་གཞིལ་ཞིང་མཁྲིས་ཚད་མི་འཕེལ་ཙམ་བྱའོ། །གཉིས་པ་སྨིན་ནས་བྱེ་བྲག་ཏུ་དབྱེ་བ་བཤད་པ་ལ་གསུམ། བཅོས་པའི་ཚུལ་དང༌། སྐྱོན་ཡོན་གྱི་བྱེ་བྲག་དང༌། དེའི་དོན་རྗེས་སུ་གདམས་པའོ། །དང་པོ་བཅོས་ཚུལ་ནི། སྨིན་བྱས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྨིན་པར་བྱས་པ་ཡུན་ལོན་རྙིངས་པའི་ཚ་བ་དང་འདྲེས་པ་རྣམས་བཅོས་ཚུལ་ལ་གཉིས་ཏེ། ཡང་ན་བསིལ་ཕྱོགས་གཅིག་ཡང་ན་དྲོད་ཕྱོགས་གཅིག་བསྟེན་པ་དཔེར་ན་ཆུ་བོའི་གཞུང་བཞིན་དུ་སྲང་གཅིག་ལ་འབབ་པར་བྱས་ལ་ཚ་གྲང་དབྱེའོ། །གཉིས་པ་སྐྱོན་ཡོན་གྱི་བྱེ་བྲག་རྗེས་སུ་གདམས་པ་ནི། དེ་ལ་ཞེས་རྐང་པ་ལྔས་བསྟན་ཏེ། གཉེན་པོ་ཕྱོགས་གཅིག་ཏུ་བསྟེན་པ་དེ་ལ་སྐྱོན་དང་ཡོན་ཏན་ཏེ། གང་ཞེ་ན། སྣ་ལ་བསིལ་ཕྱོགས་གཅིག་བསྟེན་ནས་ཚ་བ་བཅོས་རྗེས་གྲང་བར་འཕུལ་ན་སྐྱོན་ཡུན་དུ་སྦྱོང་སྟེ་ཡོན་ཏན་སྲོག་ལ་རྒོལ་མི་འགྱུར་ལ། ཡང་ན་དྲོད་ཕྱོགས་གཅིག་བསྟེན་ནས་གྲང་བ་བཅོས་རྗེས་ཚ་བར་ཕུལ་ན། ཡོན་ཏན་གསོ་སླ་སྟེ་སྐྱོན་དུས་འདས་སྲོག་ལ་འབབ་བོ། །གསུམ་པ་དེ་དོན་རྗེས་སུ་གདམས་པ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ཞེས་རྒྱུ་མཚན་དེའི་ཕྱིར་སྣའང་སྔོན་ལ་ཚ་བ་རྒྱས་སྨིན་བསིལ་གྱིས་བཅོས་པས་ཚད་པ་ཞི་སླར་གྲང་བ་སངས་པར་གྱུར་ན་རི་ཐང་མཚམས་དང་སྟོང་ཚད་བཅོས་པ་ལྟར་བྱ་སྟེ། གསོ་དཔྱད་ཀྱིས་བསྲུང་བ་ཁོ་ནའོ། །གསུམ་པ་གབ་ཚད་མགོ་ཕུར་བཤུ་བ་ནི། གབ་ཚད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་སྟོང་ཚད་རླུང་སྣ་བསླན་པ་བསྟན་པ་ནི། སྟོང་ཚད་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་གྲང་སྙོགས་མེ་དྲོད་གསོ་ཞིང་ཚ་སྙོགས་སྦྱང་བ་བསྟན་པ་ནི། གྲང་སྙོགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་སྤྱིའི་བཅོས་ཚུལ་དོན་ལ་སྦྱོར་བ་བཤད་པ་ལ་གཉིས། སྔ་ཕྱིའི་བྱ་བ་དང༌། ལྷན་ཅིག་གཞོམ་པའོ། །དང་པོ་སྔ་ཕྱིའི་བྱ་བ་ནི། འདྲིས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལྷན་ཅིག་ཏུ་གཞོམ་པ་ནི། བསིལ་དྲོད་ཅེས་རྐང་པ་བཞིས་བསྟན་ཏེ། ཕྱིང་དྲིལ་དཔེ་ཕྱིང་པ་དྲིལ་བ་བཞིན་ཐམས་ཅད་ལྷན་དུ་དྲིལ་བ་ལྟར། ཚ་གྲང་གི་གཉེན་པོ་ལྷན་ཅིག་ཏུ་གཏོང་བའོ། །ལྟག་སྤྲོད་བྱ་བ་ནི་གཉིས་རྒྱབ་བསྣོལ་བ་སྟེ། ཉིན་ཞག་གཅིག་ལ་བསིལ་དྲོད་སྔ་ཕྱི་བསྟེན་པའོ། །གསུམ་པ་གཅེས་པར་གདམས་པ་ནི། དེ་ལྟར་ཞེས་རྐང་པ་བཞིས་བསྟན། སྲ་བསྲེས་ཞེས་འདྲ་འདྲེས་དང་དོན་མཐུན་ལ་ཚ་གྲང་རླུང་གསུམ་མ་ཕྱེས་པར་བསྲེས་པའི་བཅོས་བྱས་ཀྱང༌། ནད་འཁྲུགས་པས་གང་དུའང་ངོས་མི་ཟིན་ཞིང་བཅོས་བསྐྱེད་མི་འབྱུང་བའོ། །གསུམ་པ་བྱེར་བ་འགྲམས་པ་བསྡུ་ཚུལ་བཤད་པ་ལ་གསུམ། བྱེར་བ་གསུམ་གྱི་དབྱེ་བ་དང༌། ཇི་ལྟར་བྱེར་བའི་དཔེ་དོན་དང༌། དེའི་གཉེན་པོ་བསྟེན་ཚུལ་ལོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེར་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། རང་བཞིན་གྱིས་བྱེར་བ་དང༌། རྐྱེན་གྱིས་བྱེར་བ། དུས་འདས་ཀྱིས་བྱེར་བའོ། །དང་པོ་རང་བཞིན་གྱིས་བྱེར་བ་ནི། དུག་དང་ཞེས་རྐང་པ་གཅིག་གིས་བསྟན་ནོ།

        གཉིས་པ་རྐྱེན་གྱིས་བྱེར་བ་ནི། མ་སྨིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་དུས་འདས་ཀྱི་དབྱེ་བ་ནི། གསུམ་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ཇི་ལྟར་བྱེར་བའི་དཔེ་དོན་བཤད་པ་ནི། དེ་ལྟར་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་དེའི་གཉེན་པོ་བསྟེན་ཚུལ་བཤད་པ་ལ་གཉིས། བསྡུས་ནས་བསད་པ་དང༌། རང་སར་བསད་པའོ། །དང་པོ་བསྡུས་ནས་བསད་པ་བཤད་པ་ནི། འདི་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རང་སར་བསད་པ་ནི། འདུས་དཀའ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དུས་ལས་མི་འདའ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དུས་ལས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་བཞི། ངོ་བོ་ཉིད་ཀྱིས་དུས་ལས་འདའ་བ་དང༌། བཅོས་ཀྱིས་སྦྱོར་བ་དམན་པས་འདའ་བ་དང༌། ལོག་པས་འདའ་བ་དང༌། ལྷག་པས་འདའ་བའོ། །དང་པོ་ངོ་བོ་ཉིད་ཀྱིས་དུས་འདའ་བཤད་པ་ནི། དང་པོ་ཞེས་རྐང་པ་བཞིས་བསྟན་ཏེ། ནད་རྙིང་ལྟ་བུ་ལ་ཕོག་པའོ། །ཚོད་བླངས་པ་ནི། སྨིན་དུས་དགུག་པའོ། །དུས་ལས་འདའ་བ་ལ་འདས་པའོ། །གཉིས་པ་བཅོས་ཀྱི་སྦྱོར་བ་དམན་ལྷག་ལོག་པས་འདའ་བ་བཤད་པ་ནི། དམན་པ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ལོག་པས་འདའ་བ་བཤད་པ་ནི། ལོག་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ལྷག་འདའ་བསྟན་པ་ནི། ལྷག་པ་ཞེས་རྐང་པ་བཞིས་བསྟན་ཏེ། ལྷག་པ་དང་ལོག་པ་འདི་གཉིས་ལ་འདྲ་མིན་ལྟར་སྣང་གི་རྟགས་དང༌། ཡིན་ངེས་སོ་སོའི་རྟགས་གཉིས་ཀྱི་ངོས་འཛིན་ཤེས་པ་གཅེས་ཏེ་བྱ་རས་ཞེས་པ་བྱ་ར་བས་ཏེ། དོགས་པ་དང་བཅས་པའི་བརྟག་པ་ལྟ་རྟོག་མ་ཡེངས་པ་དེ་ལ་བྱ་ར་བ་ཞེས་བྱ་ལ། དེ་ནམ་ཚོར་དུས་སུ་བཟློག་གོ། གསུམ་པ་ནི། དེ་དག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ཚ་བའི་ངོ་བོ་གཞོམ་པའི་གཉེན་པོ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ།།

        གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཚ་བའི་ངོ་བོ་འཇོམས་པའི་གཉེན་པོ་དེ་ལ་ནི། ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་དང་བཞི་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། ཕན་ཟས་བསྟེན་པ་དང༌། གནོད་ཟས་སྤང་བ་གཉིས་ལས། དང་པོ་ཕན་ཟས་བསྟེན་ཐབས་ནི། ཕན་པའི་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། མ་སྨིན་ཚ་བ་ལམ་དུ་གཞུག་པའི་ཟས་ནི། མར་གསར་རན་ཙམ་བཏབ་པའི་ཕྱེ་ཐུག་ཆག་རྩེ་འབྲས་ཐུག་སོགས་མདོར་ན་བཅུད་མེད་འཇུ་སླ་བསིལ་ཡང་བསྟེན་ནོ། །རྒྱས་ཚད་ཡེན་ལ་གཏད་པའི་ཟས་ནི་ཆུ་གྲོགས་ཕྱེ་ཐུག་པའི་ཞོ་དར་ཁུར་ཚོད་སོག་བསིལ་ཡང་ངོ༌། །ཐོར་བུའི་རླུང་ལ་བརྔན་པ་བྱིན་པའི་ཟས་ནི། རུས་ཐང་སྐོམ་ཤ་གསར་པ་སྒོག་ཆབ་བ་ཞོའོ། །ཐེ་ཚོམ་ངེས་པ་བསྐྱེད་པའི་སད་མདའི་ཟས་ནི། སྲེ་ལོང་བུར་ཞོས་རི་ཐང་མཚམས་སུ་ངེས་པ་བསྐྱེད་དོ། །གཞན་ཡང་བསིལ་དྲོད་རན་པར་བསྟེན་ལ་བརྟག་གོ་ །སྟོང་ཚད་བཅུད་ཀྱིས་གང་བའི་ཟས་ནི། སྐོམ་ཤ་རི་དྭགས་ཤ་བ་ཞོ་མར་དཀར་སྲེ་ལོང་སྒོག་ཆབ་བོ། །ཚད་རླུང་འདྲེས་པ་ཁ་ཡེ་ན་དགུག་པའི་ཟས་ནི། རླུང་ཁ་མཐོ་ན་བསིལ་བཅུད་ཚ་བ་མཐོ་ན་བསིལ་ཡང་བཏང་ངོ༌། །གབ་ཚད་ཀྱི་ཟས་ལ་གསེར་མཆན་དུ་དྲོད་ཕྱོགས་མེད་དུ་བཏང༌། བསིལ་ཡང་ཞེས་འབྱུང་ལ་ལག་ལེན་རིན་ཅེན་གཏེར་སྤུངས་སུ། ལུག་ཤ་དང་གསར་འཇམ་ཞེས་འབྱུང་ངོ༌། །རྙིང་ཚད་ལ་བསིལ་ཆགས་ཡུན་དུ་བསྟེན་ནོ། །གྲང་བ་ཁ་ཐལ་ལ་ལུག་གཡག་གོང་མོའི་ཤ། ཞུན་མར་ཆང་འཇམ་པོ། རླུང་འཕྱོ་ཁ་ཐལ་ལ་ཤ་མར་བུར་རྙིང་ཆང་ངོ༌། །ཟུངས་ཟད་གསོ་ལ་ཤ་གསར་མར་གསར་བུར་དཀར་ཆང་ངོ༌། །དེ་ལྟར་བཅུ་གཅིག་སྐབས་དང་སྦྱར་བ་བསྟེན་ནོ། །གཉིས་པ་གནོད་ཟས་བཤད་པ་ནི། གནོད་ཟས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གནོད་ཟས་ལ་མ་སྨིན་པ་སྨིན་དུ་མི་སྟེར་བ། ཞོ་དར་ཆུ་གྲང་རྗེན་འཁྱགས་སོ། །རྒྱས་ཚད་མེ་དབལ་བསྐྱེད་པ་ཤ་ཆང་མར་རྙིང་བུ་རམ་སྒོག་པ་ཚའོ། །རླུང་ཚད་འབུད་པ་བ་རའི་ཞོ་དར་ཇ་སེར་པོ། ཚ་བ་བྱེར་བ་ཆུ་གྲང༌། ལོ་ཤུར་སྐྱུར་པོའོ། །གབ་རྙིང་མེ་དྲོད་འཇོམས་པ་རྗེན་ཟས་དང་བསིལ་ཆིག་ཚུགས་སོ། །རྙིང་ཚད་སྟོད་ལ་མནན་པ་དྲོད་ཤོར་བའོ། །ངོ་བོ་ཉིད་ཀྱི་མི་འཕྲོད་པའི་ཟས་ནི། རྒྱུ་གཟེར་གཉན་གཟེར་གག་ལྷོག་ལ་དཀར་དམར། འབྲུམ་པ་ལ་བཅུད། །རིམས་ཕོ་བར་འབབ་པ་ལ་ཞོ། དུག་ཚད་ལ་ཉ་ཕག་ཤ་ཁྲག་རྣམས་སོ། །དེ་ལྟར་དྲུག་སྐབས་དང་སྦྱར་ལ་དུག་དང་འདྲ་བས་སྤང་ངོ༌། །གཉིས་པ་སྤྱོད་ལམ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱོད་ལམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་གཉིས། མཐུན་མི་མཐུན་གཉིས་སོ། །དང་པོ་མཐུན་པའི་སྤྱོད་ལམ་ལ་གཉིས་མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ལྡན་ཚད་ཅེས་རྐང་པ་གཉིས་ཀྱིས་བསྟན་པའི་ལྡན་ཚད་ལ་བསིལ་དྲོད་སྙོམས་པར་མཐུན་པ་དང༌། རྐྱང་པ་རྣམས་ལའང་བསིལ་བ་ཁོ་ན་བསྔགས་སོ། །གཉིས་པ་རྒྱས་བཤད་ལ་ལྡན་པ་དང༌། རྐྱང་པའི་སྤྱོད་ལམ་གཉིས་ལས། དང་པོ་ལྡན་པའི་སྤྱོད་ལམ་བཤད་པ་ལ། མདོར་རྒྱས་སོ། །དང་པོ་ནི། གནས་དང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་གསུམ། གནས་དང༌། གོས་དང༌། ལུས་ཀྱི་ལས་བྱ་བའི་སྤྱོད་ལམ་མོ།།

        དང་པོ་གནས་ནི། བསིལ་དྲོད་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གོས་ནི། མ་ཁྱགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ལུས་ཀྱི་བྱ་བ་ནི། དྲག་ཤུལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྐྱང་པའི་སྤྱོད་ལམ་ལའང་གསུམ། གནས། གོས། བྱ་བ་དང་གསུམ་མོ། །དང་པོ་རྐྱང་པའི་གནས་སྤྱོད་ནི། བསིལ་གནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྐྱང་པའི་གོས་སྤྱོད་ནི། རས་གོས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་རྐྱང་པའི་ལུས་སྤྱོད་ནི། ལུས་ངག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་མི་མཐུན་པའི་སྤྱོད་ལམ་ནི། དེ་ལས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་སྨན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་གྱི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས་ཞི་བ་དང་སྦྱང་བའོ། །དང་པོ་ཞི་བྱེད་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཞི་བྱེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། གཉིས་པ་རྒྱས་བཤད་ལའང་གསུམ། ཐང་ལ་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་བདུན། སྨིན་ཐང་དང༌། དབྱེ་ཐང༌། སྡུད་ཐང༌། གསོད་ཐང༌། སད་ཐང༌། འགུག་ཐང༌། སྐམ་ཐང་བཤད་པའོ།།

        དང་པོ་སྨིན་ཐང་ནི། སྨིན་པར་ཞེས་རྐང་པ་བཞིས་བསྟན་ཏེ། ཏིག་ཏ་གསུམ་པ་ནི་ཏིག་ཏ་སླེ་ཏྲེས་གསེར་མེ་གསུམ་མོ། །གཉིས་པ་དབྱེ་ཐང་ནི། དབྱེ་བའི་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་སྡུད་ཐང་ནི། སྡུད་ཐང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ག་བྲ་ནི་ཀནྜ་ཀ་རི་སྨུག་པོའོ། །བཞི་པ་གསོད་ཐང་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསོད་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། ཚ་བ་གསར་པའི་ཐང་དང༌། རྙིང་པའི་ཐང་གཉིས་ལས། དང་པོ་ཚ་བ་གསར་པའི་ཐང་ནི། ཚ་བ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་བ་ལྔ་ཐང་གི་དེ་བ་ནི་སྔོ་དེ་བ་སྟེ་མེ་ཏོག་སྔོན་པོ་ཆུང་ལ་རོ་ཤིན་ཏུ་ཁ་བའོ། །གཉིས་པ་ཚ་བ་རྙིང་པའི་ཐང་ནི། ཐང་ཆེན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ཉམས་སད་པའམ་སད་མདའི་ཐང་ནི། སད་ཐང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རུས་བཅུད་གསུམ་ནི། སྲེ་ལོང་སོག་ཡུ་མཇུག་ཐུང་ངོ༌། །བྱ་བའི་ལུགས་ལ་མཇུག་ཐུང་ཚབ་ཏུ་ཝ་གདོང་འདུག་གོ།  གོ་སྙོད་གསུམ་ཐང་ནི། གོ་སྙོད་སྒ་སྐྱ་ཛཱ་ཏི་གསུམ་མོ། །ལ་ལར་ཛཱ་ཏིའི་ཚབ་ཏུ་བུ་རམ་ཟེར་བའང་འདུག་གོ དྲུག་པ་དགུག་ཐང་ནི། དགུག་ཐང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དགུག་པ་ནི་འགུགས་པའི་ཐང་ངོ༌། །བཅུད་བཞི་ནི། ཤ་རྙིང་མར་རྙིང་བུར་རྙིང་ཆང་དང་བཞིའོ། །བདུན་པ་སྐམ་ཐང་ནི། སྐམ་ཐང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ཕྱེ་མའི་སྦྱོར་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱེ་མ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། སྔོ་སྦྱོར། རྩི་སྦྱོར། སྔོ་རྩི་འདྲེས་པ་དང་གསུམ་མོ།།

དང་པོ་སྔོ་སྦྱོར་ནི། སྔོ་སྦྱོར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རྩི་སྦྱོར་བཤད་པ་ལ་གསུམ། ནད་སྟོབས་ལ་བལྟོས་པའི་གཙོ་བོ་རབ་འབྲིང་ཐའི་དབྱེ་བ་བསྟན་པ་དང༌། སྦྱོར་བའི་རྣམ་གྲངས་འགོད་པ་དང༌། དེ་དོན་རྒྱས་པར་བཤད་པའོ། །དང་པོ་ནད་སྟོབས་ལ་བལྟོས་པའི་གཙོ་བོ་རབ་འབྲིང་ཐའི་དབྱེ་བ་བསྟན་པ་ནི། རྩི་སྦྱོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚ་བ་རབ་ལ་ག་བུར་འབྲིང་ལ་ཙན་དན་ཐ་མ་ལ་གྷི་ཝང་གི་གཙོ་བོ་བྱའོ། །གཉིས་པ་སྦྱོར་བའི་རྣམ་གྲངས་འགོད་པ་ནི། འབར་བའི་ཞེས་རྐང་པ་བཞིས་བསྟན་ཏེ། འབར་ཚད་ཀྱི་ཕྱེ་མ། ལྡན་ཚད་ཕྱེ་མ། རྙིང་ཚད་ཕྱེ་མ། འདུ་བ་ཆ་སྙོམས་ཀྱི་ཕྱེ་མ་སྟེ་བཞི་ལས། དང་པོ་འབར་ཚད་ཀྱི་ཕྱེ་མ་ནི། འབར་བའི་ཞེས་རྐང་པ་ལྔས་བསྟན་ཏེ། ཚ་བ་རབ་ཀྱི་ག་བུར་རྒྱལ་བློན་གསུམ་ནི། ག་པུར་ཅུ་གང་ཙན་དན་དཀར་པོ་དང་གསུམ་མོ། །དེ་སྟེང་གི་ཁ་སྒྱུར་གྱི་ཙན་དན་ནི་དམར་པོ་ཡིན་ནོ། །གཉིས་པ་ལྡན་ཚད་ཀྱི་ཕྱེ་མ་ནི། ལྡན་ཚད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ཅུ་གང་བདེ་བྱེད་ནི་ཕྱི་རྒྱུད་ཀྱི་བདེ་བྱེད་ཆེན་པོའོ། །གསུམ་པ་རྙིང་ཚད་ཀྱི་ཕྱེ་མ་ནི། རྙིང་ཚད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། རྙིང་ཚད་རབ་ཀྱི་ག་བུར་ཉེར་ལྔ་ནི་ཕྱི་རྒྱུད་ལྟར་རོ། །འབྲིང་གི་ཙན་དན་ནི་ཙན་དན་དཀར་དམར་བཟང་དྲུག་བ་ལེ་ཀ་ཏིག་ཏ་ཧོང་ལེན་ག་བུར་ཨུཏྤལ་འབུ་སུ་ཧང་གྷི་ཝང་གེ་སར་གསུམ་ཤིང་མངར་རུ་རྟ་ཨ་བར་སྐྱུར་གསུམ་རྣམས་ཏེ་ཙན་དན་གྱི་སྦྱོར་བའོ། །ཐ་མ་གྷི་ཝང་གི་སྦྱོར་བ་ནི་གོང་གི་འདིའི་ཙན་དན་དཀར་དམར་གྱི་ཚབ་ཏུ་ཡང་གྷི་ཝང་བསྣན་གཞན་རྣམས་གོང་དང་འདྲ་བ་ལ་སླར་བྲག་ཞུན་དང་གསེར་གྱི་མེ་ཏོག་བསྡེབས་པའམ་ཡང་ན་བསིལ་གསུམ་ཨ་ཀ་རུ་བྲག་ཞུན་ཀྱི་ལྕེ་སྤང་རྩི་བོང་དཀར་ཏིག་ཏ་པརྤ་ཏ་སྦྱར་རོ། །བཞི་པ་འདུ་བ་ཆ་སྙོམས་ནི་སྦྱར་དུག་གསོ་བར་བསྟན་པ་དང༌། གསུམ་པ་སྔོ་རྩི་འདྲེས་པར་བཤད་པ་ནི། སྔོ་རྩི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གཙོ་བོ་བརྒྱད་པ་ནི་ཕྱི་རྒྱུད་ལྟར་རོ། །གསུམ་པ་སྨན་མར་བཤད་པ་ནི། སྨན་མར་ཞེས་རྐང་པ་ལྔས་བསྟན་ཏེ། སྦྱོར་བ་རྣམས་ནི་ཕྱི་རྒྱུད་དུ་གསལ་ལོ། །གཉིས་པ་སྦྱང་བ་བཤད་པ་ལ་གསུམ། རྒྱུ་མཚན་དང་བཅས་ཏེ་དགོས་པ་བརྗོད་པ་དང༌། རུང་མི་རུང་གི་ཝང་སྤང་བླང་བསྟན་པ་དང༌། ཇི་ལྟར་བྱ་བ་ཆོ་གའི་རིམ་པ་བཤད་པའོ། །དང་པོ་རྒྱུ་མཚན་དང་བཅས་དགོས་པ་བརྗོད་པ་ནི། ཞི་བྱེད་ཅེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ནི། རུང་མི་རུང་གི་སྤང་བླང་བསྟན་པ་ནི། དེ་ཡང་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གསུམ་པ་ཇི་ལྟར་བྱ་བ་ཆོ་གའི་རིམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། གཉིས་པ་རྒྱས་བཤད་ལ་གསུམ། སྔོན་འགྲོ། དངོས་གཞི། ཕྱི་རྗེས་དང་གསུམ་མོ། །དང་པོ་སྔོན་འགྲོ་ནི། སྔོན་འགྲོ་ཞེས་རྐང་པ་ལྔས་བསྟན་ནོ། གཉིས་པ་དངོས་གཞི་ནི། དངོས་གཞི་ཞེས་རྐང་པ་དགུས་བསྟན་ཏེ། འདིའི་ཕུལ་རྟ་ནི་དྲི་ཆུའོ། །གསུམ་པ་ཕྱི་རྗེས་བཅད་པ་ནི། འབྱོངས་རྗེས་ཞེས་རྐང་པ་ལྔས་བསྟན་ཏེ། ཞོ་ཕྲུལ་ནི་མར་ཕྱུང་བའི་ཤུལ་དུ་ཞོ་བྱས་པ་སྟེ་ཞོ་ཏོའམ་ཞོ་སྐྱ་ཞེས་ཀྱང་བྱའོ། །རྙིང་ཚད་ཀྱི་རྒྱུན་སྦྱོང་ནི་ཨ་རུ་མཆུ་རིང་བར་སྐྱུར་ལྕུམ་རྩ་དུར་བྱིད་སྤོས་དཀར་བཅས་པ་ཆུར་བསྡུས་པའི་རྒྱུན་སྦྱོང་ངམ། །ཡང་ན་རྩ་སྦྱངས་ཀྱི་རྒྱུན་སྦྱོང་བྱའོ། བཞི་པ་དཔྱད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དཔྱད་ཀྱི་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ། གཏར་བ། རྔུལ་དབྱུང༌། དུགས། ལུམས། ཆུ་བཅག མེ་བཙའ་སྟེ་དྲུག་ལས།

        དང་པོ་གཏར་བ་བཤད་པ་ལ་གསུམ། མདོར་བསྟན། རྒྱས་བཤད། ཆོ་ག་གཞན་དུ་བསྟན་ཚུལ་ལོ། །དང་པོ་མདོར་བསྟན་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་གཉིས། མི་རུང་བའི་ནད་གཞི་དང༌། རུང་བའི་ནད་གཞི་བཤད་པའོ། །དང་པོ་མི་རུང་བའི་ནད་གཞི་ནི། ཁྲག་མཁྲིས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །གཉིས་པ་གཏར་དུ་རུང་བའི་ནད་གཞི་ནི། གཏར་དུ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གསུམ་པ་ཆོ་ག་གཞན་དུ་བསྟན་ཚུལ་ནི། གཏར་བའི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་རྔུལ་དབྱུང་ཐབས་ལ་བཞི། རུང་བ་དང༌། མི་རུང་བ་དང༌། དུས་དང༌། སྦྱོར་བ་དང་བཞིའོ། །དང་པོ་རུང་བ་ནི། རྔུལ་གྱི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་མི་རུང་བ་ནི། མ་སྨིན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རྩིབ་ཤ་དགག་པ་ནི། རྩིབ་སྟེང་གི་ཤ་ལྐོག་པ་ན་སྒལ་པ་ཉམས་པ་ལྟར་རོ། །རྔུལ་བཏོན་ན་རྙིངས་ཚད་ཀྱི་རྟེན་ཉམས་པའི་དོན་ནོ། །རིམས་ཀྱི་ཚ་བ་བྱ་ལྟར་སྤུར་བ་ནི། ཨ་བར་སྐྱུར་གསུམ་དང་ལི་ག་དུར་ཏིག་ཏ་བ་ལེ་ཀ་ཨུཏྤལ་སླེ་ཏྲེས་རྣམས་བསྡུས་ཁུ་ཕུལ་ཕྱེད་ཁོང་དུ་བཏང་གོས་ཀྱིས་བྱིབས་རྔུལ་དབྱུང་བ་དང་བལ་དང་ཕྱེས་ཕྱིས་དེ་ནས་ཆུ་བཅག་བྱའོ། །གསུམ་པ་དུས་ནི། དབྱུང་དུས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་སྦྱོར་བ་ནི། སྦྱོར་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཕུལ་བ་ནི་འོག་ཏུ་ཚ་བ་མ་སྨིན་པའི་སྟོབས་ཀྱི་སྨན་བྱ་སྤུར་བརྒྱད་པོ་བཏང་ངོ༌། །འདྲེན་པ་ནི་སྔོ་སྣེའུ་དུགས་བྱས་པའོ།།

        གསུམ་པ་དུགས་ཀྱི་བྱ་ཐབས་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། དུགས་ཀྱི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། བསིལ་བ་དང༌། དྲོ་བ་གཉིས་སོ། །དང་པོ་བསིལ་བ་ནི། ཆུ་རྡོ་ཞེས་རྐང་པ་ལྔས་བསྟན་ཏེ། རྨོན་ལྕགས་ནི་ཞིང་རྨོ་བའི་ཐོང་རྩེའི་ལྕགས་བྱང་མ་དེའོ། །ཚན་ཞོ་ནི་ཚན་སྲོ་ལོ་སྨུག་པོ་དང༌། བསིལ་བའི་སྔོ་ནི་ཏིག་ཏ་ཧོང་ལེན་བོང་དཀར་སོགས་སོ། །ཆུ་དུགས་ནི་གྲོད་པར་ཆུ་གྲང་བླུག་པའི་དུགས་སོ། །གཉིས་པ་དྲོད་དུགས་ནི། མཁར་གོང་ཞེས་རྐང་པ་བཞིས་བསྟན། ཧོར་གྱི་མེ་བཙའ་ནི། ཕྱིང་པ་མར་དུ་བཙོས་པའི་སྣུམ་དྲོད་དང་ལྡན་པ་དེའམ། ཡང་ན་གོ་སྙོད་སྣུམ་ལྡན་གང་རིགས་སོ། །སོ་ཕག་ནི་ས་བཟང་པོ་ལ་སོ་བཏང་བའི་ཕ་གུ་ཡིན་ལ་རྫ་གསར་པས་ཀྱང་ཚབ་རུང་ཟེར་རོ། །བཞི་པ་ལུམས་བཤད་པ་ནི། ལུམས་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བདུད་རྩི་ལྔ་ནི། ཤུག་པ་བ་ལུ་མཁན་པ་མཚེ་སྟེ་བཞི། དེ་སྟེང་ཚ་རྙོགས་ལ་སྲོ་ལོ་སྨུག་པོ་དུག་ལ་འོམ་བུ་རྙིངས་ཚད་ལ་སྤང་སྤོས་སོགས་གང་དགོས་ཁ་བསྒྱུར་རོ། །དེ་རྣམས་བཙོས་པའི་ཆུ་ལམས་སམ། ན་སར་བཅིངས་པ་བཅིང་ལུམས་སོ། །དེའི་རླངས་པ་བདུགས་པ་རླང་ལུམས་སོ། །ཆུ་ལུམས་ནི་ཆུ་ཚན་བསྟན་པ་རྣམས་སྐབས་དང་སྦྱར་རོ། །ལྔ་པ་ཆུ་ལྕག་ལ་གསུམ། མཚམས་སྦྱོར་དང༌། སྤང་བྱ་དང༌། བསྟན་པའོ། །དང་པོ་མཚམས་སྦྱོར་ནི། ཆུ་ཡི་ཞེས་རྐང་པ་གཅིག་སྟེ། ཆུ་ཡི་འཁོར་ལོ་ནི། བསིལ་བླུག་པའོ། །གཉིས་པ་སྤང་བྱ་ནི། མ་སྨིན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་བསྟེན་ཐབས་ནི། སྟོབས་ཆུང་ཞེས་རྐང་པ་བཞིས་བསྟན་ཏེ། རིམས་སྟོབས་ཆུང་ལམ་བཟློག་ལ་སྤུར་བྱེད་བརྒྱད་པ་བཏང༌། རྔུལ་དབྱུང་རྗེས་ཆུས་བྲན་ནོ། །བྱེར་བ་སྡུད་པ་ལ་བིག་པན་ཆང་སྦྱར་ཕུལ་གང་བཏང་རྗེས་ཉྭ་བཞི་དཔྱི་དཔུང་མཐའ་ནས་རིམ་གྱིས་བྲན་ནོ། །རྒྱས་ཚད་མེ་དབལ་བསད་པ་ལ་སྐར་ཆུ་ཁོང་དུ་བཏང༌། ལུས་ཀུན་ཆུས་བྲན་ལ་ཆུ་རྒྱུན་བཙུག་གོ། རྙིངས་ཚད་རླུང་མེད་ལ་རྒྱས་ཚད་འདྲ་ལ་རླུང་ལྡན་ལ་ཐོ་རེངས་ཆང་བཏང་ཉི་དྲོས་ལ་ཆུས་བྲན་ནོ། །དྲུག་པ་མེ་བཙའ་གདབ་པ་ནི། མེ་ཡིས་ཞེས་རྐང་པ་བཅུས་བསྟན་ཏེ། ལར་ལྡན་འདུས་གང་ཤས་ཆེ་བའི་གཉེན་པོ་བསྟེན་དགོས་ཏེ། ཁྲག་ཤས་ཆེ་ན་གཏར། མཁྲིས་ཤས་ཆེ་ན་སྦྱངས། བད་རླུང་ཤས་ཆེ་ན་བསྲེག །སྲོག་ཟུངས་ལ་མ་གནོད་པ་བྱའོ།།

        གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་གསུམ། མདོར་རྒྱས་མཇུག་གོ དང་པོ་མདོར་བསྟན་ནི། དེ་ནས་ཞེས་རྐང་པ་བཅུས་བསྟན་ནོ། གཉིས་པ་རྒྱས་པར་བཤད་པ་ལ་ཉེར་གསུམ་སྟེ། དེ་ཡང་བླ་གཉན་ཐོར་བུའི་ནད་སྨྱོ་བ། ལྐུགས་པ། ཡེར་བ། འཐིབས་པ། མགོ་གཟེར། འཁྱོམས་པ། མིག་ཚག རྣ་བ་འོན་པ། སྣ་ཁྲག ལྕེ་སྐམས་པ། སྐོམ་དད་ཆེ་བ། དང་ག་འགགས་པ། སྐྱིགས་བུ་འབྱམས་པ། གཟེར་བ། གློ་མི་ཁོགས་པ། འཁྲུ་བ། སྐྱུག་པ། དྲི་ཆུ་འགགས་པ། ཁྲག་འཛག རྔུལ་འབྱམས། ལུས་དྲོད་ཤོར་བ། རྐང་ལག་འཁུམས་པ། ཕོལ་འབྲས་ཏེ་ཉེར་གསུམ་ལས། དང་པོ་སྨྱོ་ལྐུགས་ཡེར་གསུམ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨྱོ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་ནི། སྨྱོ་བ་ཞེས་རྐང་པ་ལྔས་བསྟན་ཏེ། ངོས་འཛིན་གྱི་ལ་ཤན་དབྱེ་བ་ནི། རྩ་གྲིམས་པ་ཚ་བ་སྟོང་པ་རླུང་སྟེ་རྩ་གྲིམས་སྟོང་གི་ལ་ཤན་དབྱེའོ། །ཆུ་རྙོག་པ་ཚད་པ་དྭངས་པ་རླུང་སྟེ་རྙོག་དྭངས་ཀྱི་དབྱེའོ། །ལྕེ་སེར་ནག་ཚད་པ་དམར་རྩུབ་རླུང་སྟེ་ནག་དམར་གྱི་དབྱེའོ། །སྔར་རྗེས་བཅད་པ་སྔར་གཏར་བཤལ་ག་བུར་བཏང་རྗེས་བྱུང་ན་རླུང༌། མ་བཏང་བར་བྱུང་ན་ཚད་པ་སྟེ་བསིལ་ཐལ་མ་ཐལ་གྱི་དབྱེ། གོམས་པ་བསྟན་པ་བསིལ་ལེན་དྲོད་གནོད་པ་ཚད་པ། དྲོད་ལེན་བསིལ་གནོད་པ་རླུང་སྟེ་བསིལ་དྲོད་ལེན་མི་ལེན་གྱི་ཚད་རླུང་ལ་ཤན་དབྱེའོ། །འདི་བཞི་བའོ། །འདི་ནས་ཉེར་གསུམ་གྱི་བར་ཤེས་པར་བྱའོ། གཉིས་པ་ནི། ཚད་སྨྱོ་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། ཚད་སྨྱོའི་ཐོང་ཚེར་ནི་ལུག་སྐྱེས་ནས་ལོ་གཉིས་སོང་བ་སྟེ་དེ་ཡང་ཕོ་ལ་ཐོང་དང་མོ་ལ་ཚེར་ཞེས་བྱ་བ་དེའི་སོག་བལ་སྤར་བ་སྡིགས་པ་གང་ངོ༌། །བལ་ཚིའི་དུག་འདོན་ངར་འདོགས་ནི་རྒྱུད་ལ་གསལ་ལོ། །རླུང་དུས་ནི་དགོང་དང་ཐོ་རངས་སོ། །གསུམ་པ་ནི། ཚ་བས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། སྒབ་རྩ་ནི་ལྕེ་འོག་གི་རྩའོ། །སྲོག་རྩ་མྱོས་བྱེད་ནི་ནུ་མ་ནས་མཆན་འོག་ཏུ་མཚོན་གང་བཅལ་བ་དེའོ། །ཉི་ཤུ་བསྲེག་ཅེས་སོར་མོ་ཉི་ཤུའི་སྙིང་ནེའུ་ལེ་སེར་ཙམ་བསྲེག་གོ བཞི་པ་འཐིབས་པ་ནི། གཉིད་ཀྱི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བལ་བུ་ལ་གཙང་ལྷུན་སྡིངས་པའི་ཕང་མར་བ་ལུ་ཟེར་བ་དང༌། བླ་རྟའི་འགྲེལ་བར་བལ་བུ་ནི་བལ་ལུའམ། ད་ལིའི་ཐའུ་འོ། །ལྔ་པ་མགོ་གཟེར་ནི། མགོ་གཟེར་ཞེས་རྐང་པ་བདུན་དང་འབྲུ་བཞིས་བསྟན་ཏེ། སྐྱི་འབྲས་ནི་སྐྱི་བའམ་ཚེར་སྐྱའི་འབྲུའོ། །བཤལ་ནི་གསེར་གྱི་མེ་ཏོག་ཐར་ཆུང་པ་ཚ་ལ་རྣམས་ཀྱི་བཤལ་ལོ། །དྲུག་པ་འཁྱོམས་པ་ནི། མགོ་བོ་ཞེས་འབྲུ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། མགོ་ཁྲོལ་ནི་ལུག་མགོ་ལོ་གསུམ་ལོན་པ་ཚོས་པར་བཙོས་པའི་ཤ་རུས་ཀླད་པའོ། །བདུན་པ་མིག་ཚག་ནི། མིག་ཚག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བརྒྱད་པ་རྣ་བ་ནི། རྣ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དགུ་པ་སྣ་ཁྲག་ནི། སྣ་ཁྲག་ཅེས་རྐང་པ་ལྔས་བསྟན་ནོ། །བཅུ་པ་ལྕེ་སྐམས་ནི། ཁ་ལྕེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཅུ་གཅིག་པ་སྐོམ་དད་ནི། སྐོམ་དད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བཅུ་གཉིས་པ། དང་ག་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བཅུ་གསུམ་པ་སྐྱིགས་བུ་ནི། སྐྱིགས་བུ་ཞེས་རྐང་པ་དགུས་བསྟན་ནོ། །བཅུ་བཞི་པ་གཟེར་ནད་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཟེར་ལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། ཁྲག་གཟེར། གཉན་གཟེར། རླུང་གཟེར་དང་གསུམ་མོ།།

        དང་པོ་ཁྲག་གཟེར་ནི། ཁྲག་གཟེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཉན་གཟེར་ནི། གཉན་གཟེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་རླུང་གཟེར་ནི། རླུང་གཟེར་ཞེས་རྐང་པ་ལྔས་བསྟན་ནོ། །བཅོ་ལྔ་པ་ནི། གློ་མང་ཞེས་རྐང་པ་བཅུས་བསྟན་ཏེ། ཕོ་རོག་མིག་གི་རྩ་བ་ནི། པ་ཡག་གོ། འགོགས་དཀའི་ལྟར་བུ་ལྔ་པ་འདི་ལ། འོག་རྣམས་སུ་སྟར་བུ། པཉྫ་ཟེར་བའི་སྦྱོར་བ་ཐམས་ཅད་འདི་ཉིད་ཡིན་ནོ། །བཅུ་དྲུག་པ་འཁྲུ་བ་ནི། འཁྲུ་བ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བཅུ་བདུན་པ་སྐྱུག་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། སྐྱུག་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། སྐྱུག་པ་ཚ་བ་དང༌། གྲང་བ་གཉིས་ལས། དང་པོ་ཚ་བ་ནི། ཁྲག་དང་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ནི། ཆུ་དང་ཞེས་རྐང་པ་བཞིས་བསྟན་ནོ། །བཅོ་བརྒྱད་པ་ནི། ཚ་བས་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བོང་ཐོར་ནི་བོང་བུའི་ཕྲུག་གུ་སྐྱེས་ནས་ལོ་གཅིག་ལོན་པ་ཕོ་ནག་པོའི་ལག་པའི་རྨིག་པ་གཡས་ཀྱི་རྩེའོ། །ཆུ་རྦུར་ནི་རྦུར་མགྱོགས་སོ། །ཞོ་ཤ་ནི་མཁལ་ཞོའོ། །བཅུ་དགུ་པ་ནི། དྲི་ཆུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། བྱིན་ལོང་གཏར་བ་ནི། བྱིན་གཞུག་དང་ལོང་རྩ་ལ་གཏར་བའོ། །ཉི་ཤུ་པ་ནི། རྔུལ་འབྱམས་ཞེས་རྐང་པ་གསུམ་གྱིས་བསྟན་པའི་ལུག་མིག་ནི། ལུག་མིག་ལ་རིགས། ལུག་ཆུང་ལུག་ངལ། ལུག་མིག་གསུམ་ལས་འདིར་ཕྱི་མ་ཨ་ཞང་བཅའ་སྒ་ཞེས་ཀྱང་བྱའོ། །ཉེར་གཅིག་པ་ནི། ལུས་དྲོད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། ཉེར་གཉིས་པ་ནི། ཚ་རྗེས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ཉེར་གསུམ་པ་ནི། འབྲས་ཕོལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲག་ཐང་གི་དབྱེ་ལ་གང་ཉེའི་རྩ་ལ་གཏར་བའོ།།

        གསུམ་པ་མཇུག་བསྡུ་ནི། དེ་ལྟར་ཞེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་བླ་གཞན་ཞེས་གོང་དུ་སོགས་ཁོངས་དང་འདིར་སྣ་ཚོགས་ཞེས་མང་ཚིག་གསུངས་པས་བླ་གཉན་དངོས་བསྟན་ཉེར་གསུམ་ལས་གཞན་ཡང་མང་དུ་འབྱུང་སྲིད་པས་རང་རང་སོ་སོའི་གཉེན་པོ་གང་དང་གང་འོས་རིག་པའི་མདངས་བསྣུན་ལ་བཅོས་དགོས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་སོགས་ཏེ་བཅུ་གཉིས་པའོ།།

 

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 11:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།