སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།




ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ། 

དེ་ནས་ཡང་ཁོང་ནད་ཟད་བྱེད་གསོ་བའི་ལེའུ་གསུངས་ཟིན་པའི་རྗེས་དེ་མ་ཐག་གསུང་སྤྲུལ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཚ་བའི་ནད་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱི། ཚ་བའི་ནད་ཅེས་པ་རྣམས་ལ་རྒྱུ་དང་རྐྱེན་གང་ལས་བྱུང་དང་ཚ་བའི་ངོ་བོ་དེ་ཇི་ལྟར་དུ་གནས་པ་ལགས་ཤིང༌། ཚ་བ་ཞེས་བྱ་བའི་མིང་དུ་རྒྱུ་མཚན་ཅིའི་ཕྱིར་ནས་བཏགས་དང༌། ཚ་བའི་ནད་ལ་གྲངས་ལྟ་བུར་དབྱེ་བའི་ཚེ་ན་དུ་ཞིག་མཆིས་ཤིང༌། ཚ་བའི་ནད་དེའི་རྟགས་དང་བཅོས་པའི་ཐབས་ཇི་ལྟར་དུ་ལགས་སོགས་ལུས་ཅན་གྱི་ཚེ་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་བདག་ལ་བཤད་དུ་གསོལ་ཞེས་ཞུས་པས། ཡོན་ཏན་ལས་སྤྲུལ་པའི་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ཚ་བ་གསོ་བའི་སྐབས་འདི་ལ་བསླབ་པར་བྱ་ན། ནད་གཞིའི་གྲངས་སམ་དབྱེ་བ་ལ་རྣམ་པ་དཔག་ཏུ་མེད་པ་ཀུན་ཀྱང་མདོ་རུ་བསྡུས་པས་ཚ་བ་དང་གྲང་བ་གཉིས་སུ་འདུས་པའི་ཚ་བའི་ནད་དར་བ་ནི་ནད་དེས་ཐེབས་པ་མང་བ་སྟེ་ཆོས་སྤྱོད་མཁན་མང་བ་ལ་ཆོས་དར་ཞེས་པ་ལྟ་བུ་དང༌། སྣ་མང་ནི་ནད་ཟུངས་དྲི་མ་ཐམས་ཅད་ལ་རིམ་པས་ཁྱབ་པས་དེའི་དབང་གི་ཚ་བའི་ནད་སྣ་མང་ཞིང་འཁྲུལ་སོ་ཆེ་བ་ནི་ངོ་བོ་མི་བརྟན་ཞིང་འདྲ་འདྲེས་མང་བའོ། །དེའི་ཕྱིར་ངོས་བཟུང་བ་དང་བཅོས་པར་དཀའ་ལ་རྒྱས་པ་སླ་བས་མྱུར་དུ་སྲོག་འཕྲོག་པས་འདི་ཐོག་མར་ཤེས་དགོས་ཤིང༌། དེའི་ལྡོག་ཕྱོགས་ལས་གྲང་བའི་ནད་བཅོས་པ་ལ་ཆེད་དུ་མ་བསླབས་ཀྱང་ཞར་ལ་ཤེས་པར་འགྱུར་བས་དེའི་ཕྱིར་ན་ཡིད་ལས་སྐྱེས་ཁྱོད་ཀྱིས་ང་ལ་ཞུས་པ་ཤིན་ཏུ་ལེགས་ལ་ད་དུང་ནན་གྱིས་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་གཞན་དུ་མ་ཡེངས་པར་གུས་པས་ཉོན་ཅིག

དང་པོ་ཚ་བའི་ནད་དེའི་རྒྱུ་བསྟན་པ་ལ་རིང་བའི་རྒྱུ་དང་ཉེ་རྒྱུ་རྣམ་པ་གཉིས་སུ་ཡོད་པ་ལས་དུས་རིང་མོ་ནས་ཡོད་པའི་ནད་ཀྱི་རྒྱུ་ནི་སྤྱིར་བདག་ཏུ་འཛིན་པའི་ཤེས་པ་དེ་ལ་མ་རིག་པ་ཞེས་བྱ། བདག་འཛིན་ཕྲ་མོ་དེས་ནང་དུ་བདག་དང་ཕྱི་རུ་གཞན་ཞེས་རིས་སུ་བཅད་པ་དང༌། ཡུལ་ལ་སོགས་པ་ཡིད་དུ་འོང་བ་ལ་རང་འདོད་ཅིང་ཆགས་ལ། ཡིད་དུ་མི་འོང་བ་གཞན་ལ་ཞེ་སྡང་བས་ཆགས་སྡང་ཞེས་བྱ་ལ། འདིར་ཞེ་སྡང་གི་ངོ་བོ་ནི་གཞན་ལ་གནོད་སེམས་དང་བཅས་རང་གི་རྒྱུད་འཁྲུགས་པ་སྟེ་དེ་སྐྱེད་ཚུལ་ནི་རང་མི་འདོད་པ་གཞན་གྱིས་བྱས་པ་དང་འདོད་པའི་གེགས་བྱས་པ་ལས་འབྱུང་སྟེ། སྤྱོད་འཇུག་ལས། མི་འདོད་བྱེད་དང་འདོད་པ་ཡི། །གེགས་བྱས་པ་ལས་བྱུང་གྱུར་པ། །ཞེས་པ་ལྟར། མདོར་ན་ཚད་པའི་རྒྱུ་ནི་མ་རིག་པ་བདག་འཛིན་ལས་བྱུང་བའི་གནོད་སེམས་ཞེ་སྡང་ཡིན་ཏེ། དེ་ཡང་མ་རིག་པའི་དབང་གིས་ཉོན་མོངས་པ་ཅན་གྱི་ཡིད་བྱུང་དེ་ལས་འདོད་ཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་དུག་ལྔར་སྨིན་པ་དེ་ལས་ཞེ་སྡང་གི་ཆ་ནི་ནད་གཞིའི་མཁྲིས་པ་འཕེལ་བའམ་སྐྱེད་པའི་རྒྱུ་ཡིན་ཏེ་ཐོག་མ་ནི་ཞེ་སྡང་གི་དབང་གིས་གནོད་པ་བྱས་པའི་ལས་འབྲས་དང༌། ད་ལྟའང་ཞེ་སྡང་གིས་ཁྲག་འཁྲུགས་ནས་མཁྲིས་ཚད་སྐྱེད་དོ། །རྒྱུ་མཚན་ཅིའི་ཕྱིར་ན། བདག་འཛིན་གྱི་མ་རིག་པ་མེད་ན་གཡོ་བྱེད་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་མེད་ཉོན་མོངས་ཀྱི་ཡིད་ཕྲ་མོ་དེ་མེད་པར་རགས་པ་ཞེ་སྡང་མི་འབྱུང་བ་སྟེ་གཞན་ལ་ཞེ་སྡང་བ་དེ་མེད་པར་ཚད་པའི་ནད་འབྱུང་མི་སྲིད་ཅེས་ཉོན་ཡིད་ནི་མདོ་ལས། ཉོན་ཡིད་ཀུན་གཞི་ལ་ང་ཡིར་འཛིན་པ་དེ་ལ་འདོད་པ་དང༌། སྔགས་ནས་སྲོག་གི་རླུང་ལ་འདོད་པ་སོགས་བཞེད་པ་མི་མཐུན་ཙམ་བཤད་ན་འང་འདིར་ཡིད་སེམས་བྱུང་གི་ཉེར་ལེན་གྱི་གནས་སྐབས་དུག་ལྔའི་རྣམ་པར་ཤར་བ་དེ་ལ་བྱ་དགོས་སོ། །དེས་ན་ཉོན་མོངས་ཅན་ལ་ནད་འབྱུང་བ་དང༌། ཉོན་མོངས་པ་དང་བྲལ་བ་ལ་ནད་མི་འབྱུང་བར་བསྟན་པ་ཡིན་ནོ། །དངོས་རྒྱུ་འམ་ཉེ་རྒྱུ་ནི་རྣམ་པར་མ་གྱུར་པའི་ནད་གཞིའི་མཁྲིས་པ་མཚན་ཉིད་བདུན་ལྡན་དེ་ཉིད་དོ། །དེ་ཡང་ཅིའི་ཕྱིར་ཉེ་རྒྱུ་ཡིན་ཞེ་ན་མཁྲིས་པའི་མཚན་ཉིད་རེག་བྱ་ཚ་བས་ཚ་བ་ལ་ལས་མྱུར་བས་རྣོ་བ་དང་ལྡན་པ་དེ་དང་པོའི་ཐང་ཞེས་པ་ཚད་ཀྱི་མིང་ཡིན་ཏེ་དཔེར་ན་ཚོང་པའི་གོང་ལྟ་བུ་ལ་བྱ་ཞིང་ཚད་དེ་ལས་ལྷག་པས་ལུས་ཟུངས་བདུན་དྲི་མ་གསུམ་སོགས་གནོད་བྱ་སྲེག་པར་བྱེད་པ་དེའི་ཕྱིར་ཚ་བ་ཀུན་གྱི་རྒྱུ་ནི་རྣམ་པར་མ་གྱུར་པའི་མཁྲིས་པ་ཡིན་ཏེ་མཁྲིས་པ་དེ་མེད་པར་ཚ་བའི་ནད་འབྱུང་མི་སྲིད་པས་དེས་ན་འདི་རྣམ་པར་གྱུར་ན་ནད་ཀྱི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་མ་གྱུར་པ་ནད་ཀྱི་རྒྱུར་བསྟན་ཏེ་ཤིང་ལ་གནས་པའི་མེ་ཁམས་ཀྱིས་ཤིང་རང་ཚིག་པའི་རྒྱུ་ཡིན་པ་ལྟར་རོ།།

དེ་ལྟར་རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་པའི་མཁྲིས་པ་དེ་འཕེལ་བར་བྱེད་པ་རྣམ་པར་གྱུར་པའི་རྐྱེན་ནི་རྣམ་པ་བཞི་སྟེ་གང་ཞེ་ན་དུས་དང་གདོན་དང་ཟས་དང་སྤྱོད་ལམ་མོ། །སྤྱི་རུ་སྟོན་དཔྱིད་དང་ཉིན་གུང་མཚན་གུང་བཅས་དུས་བཞི་ལ་བཤད་རྒྱུད་ནས་བཤད་པའི་བྱ་བ་དམན་པ་དང་ལྷག་པ་དང་ལོག་པ་དང་ཁྱད་པར་དུས་སྟོན་ཚད་དཔྱིད་ཚད་དེ་ཚ་བའི་ནད་རྐྱེན་གྱི་གདོན་ནི་དྲག་པོ་སྟེ་ལྷ་དབང་ཕྱུག་ཆེན་པོ་དྲག་པོ་མིག་གསུམ་པ་ཞེས་བྱ་ཞིང་དེ་ཁྲོས་པས་དཔྲལ་བའི་མིག་ལས་བྱུང་སྟེ། གསང་སྔགས་སྔ་འགྱུར་གྱི་རྒྱུད་བདུད་རྩི་མཆོག་ལུང་གི་འགྲེལ་པ་པཎ་ཆེན་བྰི་མ་ལ་མི་ཏྲས་མཛད་པའི་བདུད་རྩི་བམ་པོ་བཞི་པ་ལས། སྔོན་རྒྱལ་པོ་ཡུལ་འཁོར་སྲུང་གི་བུ་ཐུ་བོ་རྒྱལ་པོ་བཤེས་གཉེན་ཅན་གྱིས་ལྷའི་གཙོ་བོ་རྣམས་བསྙེན་བཀུར་ལ་བོས་པ་ལས་དབང་ཕྱུག་ཆེན་པོ་ཀུན་གྱི་རྗེས་སུ་བོས་པས་ཁོ་ཁྲོས་ཏེ་དཔྲལ་བའི་དཀྱིལ་དུ་མིག་སེར་ལ་འབུར་བ་ཞིག་བྱུང་བ་དེས་གང་བལྟས་སུ་ནད་བྱུང་ཞིང༌། དེའི་ཆུང་མ་ཨུ་མས་ཀྱང་རླུང་ལྷ་ལ་ནད་བསྐུར་ནས་བཏང་བས་ནད་ཡམས་བྱུང་བ་གཞན་སུས་ཀྱང་མ་ཤེས་པ་འཇམ་དཔལ་གྱིས་མཁྱེན་ནད་དེའི་གཉེན་པོ་མཛད་ཅེས་འབྱུང་བ་ལྟར་རོ། །དོན་གདོན་དྲག་པོའི་ཚད་དང་མ་མོ་མཁའ་འགྲོ་རྣམས་གཅིག་གིས་གཅིག་རྦད་ཅིང་འཁྲུགས་པའི་རྒྱུ་ལས་མཁྲིས་པ་དང་ཚད་ནད་འབྱུང་ལ་ཟས་ནི་ཚ་ཞིང་སྐྱུར་བ་དང་ལན་ཚྭ་བྲོ་བའི་རོ་ཡོད་པ་དང༌། ཤ་དང་ཆང་དང་བུ་རམ་ལ་སོགས་དྲོད་བཅུད་ཀྱི་རིགས་བསྟེན་དྲགས་པས་སློང༌། སྤྱོད་ལམ་ནི་དལ་བར་འདུག་པའི་རྗེས་དྲག་ཤུལ་གྱི་ལས་བྱས་ཤིང་ཚད་གུང་ལ་གཉིད་ལོག་པ་དང་བང་གཏོང་བ་སོགས་འགྲོས་ཀྱིས་ཉེན་པ་དང་མི་ཐེག་པ་ཁུར་བ་དང་ས་སྲན་བརྐོས་པ་དང་གཞུ་སྲན་བཀང་བ་དང་འཛིང་ག་བཀྱེ་བ་དང་རྟས་བརྡབས་པ་དང༌། གད་ཤིང་ཁང་པ་སོགས་ནས་གཡང་དུ་ལྷུང་བ་དང༌། ཁང་པ་དང་གད་པའི་ཐིབས་འོག་ཏུ་ཚུད་པ་དང༌། རྡོ་དང་དབྱུག་པས་བརྡུངས་པ་ལ་སོགས་ལར་ན་དྲག་ཤུལ་ཅན་གྱི་ལས་རྣམས་ཀྱིས་ཚ་བ་སྤྱི་སློང་བར་བྱེད་དོ།།

དེ་རྣམས་ནི་ཚ་བ་སྤྱིའི་རྐྱེན་དུ་གྱུར་ཀྱང་དུས་སྟོན་དཔྱིད་ཉིན་གུང་ཚད་པ་སོགས་དང་གདོན་གཉིས་ཀྱིས་མ་བསྐྱེད་པར་རིམས་མི་འབྱུང་ཞིང་ཟས་དང་སྤྱོད་ལམ་གཉིས་ཀྱིས་མ་བསྐྱེད་པར་འཁྲུགས་མི་འབྱུང་བ་དང༌། སྤྱོད་ལམ་ལོག་པ་དག་གིས་མ་བསྐྱེད་པར་འགྲམས་མི་འབྱུང་ལ། ཁ་ཟས་ལོག་པའི་རིགས་ནི་ཁྱད་པར་དུག་ཚད་བསྐྱེད་པའི་རྐྱེན་དུ་འགྱུར་རོ། །དེའི་དཔེ་ནི་དཔེར་ན་མེ་ལ་ཤིང་བསྣན་ནས་རླུང་གིས་བསྐྱོད་ན་ཆེས་ཆེར་འབར་བ་དང་འདྲ་བ་དེ་ལ་དུས་དང་གདོན་དང་ཟས་དང་སྤྱོད་ལམ་སྟེ་རྐྱེན་བཞིས་མཁྲིས་པའི་དྲོད་དམ་ཚད་པ་རྣམ་པར་མ་གྱུར་པའི་དུས་ཀྱི་མེས་བསྐྱོད་པ་ལྟ་བུས་ཚད་ལས་འཕེལ་བར་བྱས་པས་ཚ་བར་འགྱུར་རོ།།

དེ་ལ་ཚ་བ་ཞེས་བྱ་བའི་ངོ་བོ་ནི་མཁྲིས་པ་ལ་ནད་གཞིའི་མཁྲིས་པ་རིགས་ལྔ་མཚན་ཉིད་བདུན་ལྡན་ནི་དེའི་ནང་ཚན་མེ་དྲོད་མཁྲིས་པ་འཇུ་བྱེད་ཀྱི་དྲོད། སྣོད་ཀྱི་མཁྲིས་པ་མཆིན་འདབ་གསེར་རྐྱལ་བཀལ་བ་ལྟ་བུ་རྣམས་ལས་འདིར་གཙོ་བོ་ནད་གཞིའི་མཁྲིས་པ་མཚན་ཉིད་བདུན་ལྡན་ཡིན་ཀྱང་ཚ་བའི་མེ་དྲོད་དེ་ཐང་ལས་ལྷག་ཅེས་པ་རྣམ་པར་མ་གྱུར་པ་འདུ་བ་སྤྱི་སྙོམས་སུ་གནས་པ་ཐང་ཞེས་བྱ་སྟེ་སྡེ་ཐང་རིན་ཐང་རྒྱུག་ཐང་ཞེས་ཟོང་གི་གོང་ཐང་ལྟར་ཚད་ཀྱི་མིང་ངོ་འདིར་དེ་ལས་ལྷག་ཅེས་མེ་དྲོད་དམ་ཚད་པ་དེ་ལས་ཆེར་འཕེལ་བ་ནི་ཚད་པའི་ངོ་བོ་ཡིན་ནོ། །ཅིའི་ཕྱིར་མཁྲིས་པ་ཐང་ལས་ལྷག་པ་ཚ་བ་ཡིན་ཞེ་ན་རྟགས་ཅན་མཁྲིས་པའི་མཚན་ཉིད་རྟགས་ལས་དཔག་སྟེ་མཚན་ཉིད་སྣུམ་དང་བཅས་པ་རྣོ་ཞིང་ཚ་བ་དང་ཡང་ཞིང་དྲི་མ་མནམ་པ་ལ་འཁྲུ་ཞིང་གཤེར་བ་དེ་བདུན་པོ་ཐང་ངམ་ཚད་ལས་ལྷག་པས་ཚ་བའི་རྟགས་སུ་སྟོན་པ་འབྱུང་སྟེ་ཐང་ལས་ལྷག་པས་གདོང་སྣུམ་ལ་དེ་བཞིན་དུ་རྣོ་བས་མྱུར་དུ་སྨིན་པས་མེ་དང་འདྲ་བའི་དྲོད་ཆེ་ཡང་བས་གཉེན་པོས་ཟློག ཁ་ཡང་བའམ་རྐྱེན་གྱིས་བསྒྱུར་དཀའ་ལ་གཡོ་ཞིང་ཡང་བས་དྲི་མནམ་པས་དྲི་ཆེ་བ་ནི་བརྒྱད་པའི་རང་འགྲེལ་དུ་ཉ་རུལ་བའི་དྲི་མནམ་ཞེས་འབྱུང་བ་དང༌། འཁྲུ་བས་ཐུར་དུ་འབྱང་ཞིང་རླན་པའམ་གཤེར་བ་འཕེལ་བས་རྩ་གང་རུང་གཏར་བའི་ཁྲག་དང་ལུད་པ་སླ་བ་འབྱུང་སྟེ་འདི་རྣམས་ཀྱི་རྟགས་འབྱུང་བས་དེའི་ཕྱིར་རྟགས་ཅན་ཚ་བར་ཤེས་པར་བྱའོ།།

ཚ་བ་ཞེས་བྱ་བར་མིང་དུ་བཏགས་པའི་རྒྱུ་མཚན་ནི་མཁྲིས་པ་ཚད་དམ་ཐང་ལས་ལྷག་པར་འཕེལ་བ་གནོད་བྱ་རྣམས་ཚ་བའི་དྲོད་ཀྱིས་བསྲུལ་བས་བསྲེག་པ་སྟེ་གནོད་པར་བྱ་བའི་ཡུལ་ལུས་ཟུངས་དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་བདུན་དང་དྲི་མ་བཤང་གཅི་རྔུལ་གསུམ་སྟེ་བཅུ་པོ་འདི་དག་ཤིང་ཚིག་པ་ལྟར་ཐལ་བར་བསྲེགས་པ་མ་ཡིན་ཀྱང་ཚ་བའི་དྲོད་ཀྱིས་རྟེན་གནོད་བྱ་བསྲུལ་བས་བརྟེན་པ་སྲོག་འདོར་བར་བྱེད་པས་རྒྱུ་མཚན་དེའི་ཕྱིར་བསྲེག་ཅེས་བྱ་བར་བཤད་པ་ཡིན་ནོ།།

ཚ་བའི་དབྱེ་བ་ལ་རྟེན་དང་དུས་དང་ཉེས་པ་དང་གནས་པ་དང་རྒྱུ་དང་གནས་པའི་སྐབས་དང་རིགས་ཀྱིས་དབྱེ་བ་དང་བརྒྱད་ལས་རྟེན་གྱིས་དབྱེ་བ་དར་མ་དང་རྒན་པོ་སྟེ་གསུམ། ནད་རང་གི་དུས་ཀྱིས་དབྱེ་ན་གསར་པ་དང་རྙིང་པ་གཉིས། ཉེས་པའི་སྒོ་ནས་དབྱེ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་ཁྲག་དང་ཆུ་སེར་གྱི་ཚ་བ་དང་རྣམ་པ་ལྔ། གནས་ཀྱིས་དབྱེ་བ་ན་ཕྱི་དང་ནང་དང་བར་དང་གསུམ་སྟེ་ཕྱི་ཤ་ལྤགས་རྩ་དང་རུས་པ་དང་ནང་དོན་དང་སྣོད་ལ་གནས་པའོ། །རྒྱུད་ཀྱི་སྒོ་ནས་དབྱེ་ན་རང་རྒྱུད་ཅན་དང་གཞན་རྒྱུད་ཅན་གཉིས་ལས། རང་རྒྱུད་ཅན་དེ་ལའང་རྐྱང་པ་རང་རྟགས་གསལ་བ་དང༌། གཞན་རྒྱུད་ཅན་ལ་ཡང་ལྡན་ཚད་དང་འདུས་པའི་ཚད་པ་གཉིས་སོ། །གནས་སྐབས་ཀྱི་དབྱེ་བ་ལའང་རྣམ་པ་དྲུག་ཡིན་ཏེ། མ་སྨིན་པ་དང་རྒྱས་པ་དང་སྟོངས་པ་དང་གབ་པ་དང་རྙིངས་པ་དང་རྙོགས་པ་དྲུག་གོ །རིགས་ཀྱིས་དབྱེ་ན་འགྲམས་དང་འཁྲུགས་དང་རིམས་དང་དུག་དང་བཞིའོ།།

དེ་ཡང་ཚ་བའི་རྟགས་དེ་ལ་གཉིས་ཏེ་འགྱུར་བ་མེད་པར་ངོས་བཟུང་བ་དང་སྤང་བླང་མུ་བཞིའི་སྒོ་ནས་ཁ་དམར་གདགས་པའོ། །དེ་ལ་དང་པོ་ངོས་བཟུང་བ་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། སྤྱིའི་རྟགས་དེ་ལའང་ཕྱི་དང་ནང་དང་གསང་བ་གསུམ་ལས་ཕྱི་རྟགས་ལ་སློང་བ་རྒྱུ་དང་རྐྱེན་གྱི་སྒོ་ནས་བརྟག་པ་དང༌། ནང་རྟགས་དེ་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། གསང་རྟགས་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པའོ། །དང་པོ་ཕྱིའི་རྟགས་སློང་བ་རྒྱུ་དང་རྐྱེན་གྱི་སྒོ་ནས་བརྟག་པ་ནི་གོང་གི་རྐྱེན་གྱི་སྐབས་སུ་ཟས་དང་སྤྱོད་ལམ་བཤད་པ་ག་འདྲ་ཞིག་ལ་བརྟེན་པའི་རྗེས་སུ་ན་བ་ལས་ཤེས་པར་བྱའོ། །མཚན་ཉིད་ནད་རྟགས་ཀྱི་སྒོ་ནས་བརྟག་པ་ནི་ཚ་བའི་ནད་སྤྱིའི་རྩ་ནི་འཕར་མགྱོགས་པ་དང་ཤེད་རྒྱས་པ་གྲིམས་པ་ཡིན་ཞིང་ཆུ་མདོག་དམར་སེར་ལ་དྲི་མ་དུགས་ཤིང་རླངས་པ་ཆེ་བ་དང་མགོ་ན་བ་དང་ཤ་དྲོད་ཚ་ཞིང་ཁའི་རོ་སྐྱུར་ལ་ཁ་བ་དང་ལྕེ་སྟེང་ལ་བད་ཀན་ཆེ་ལ་སྣའི་སྒོ་སྐམ་ཞིང་མིག་སྤྲིན་མདོག་དམར་སེར་ལ་གཟེར་བ་གཅིག་ཏུ་འདྲིལ་བ་དང་ལུད་པ་དམར་སེར་རམ་ཚ་བྲོ་བ་ལ་སྐོམ་དད་ཆེ་ཞིང་ཁྲག་དང་མཁྲིས་པ་འཁྲུ་སྐྱུག་བྱེད་ཅིང་རྔུལ་ཆེ་ལ་དྲི་མ་མནམ་པ་དང༌། ནུབ་སྟེ་མཚན་གཉིད་ཆུང་ལ་ཉིན་བར་དུ་གཉིད་མི་ཐུབ་ཅིང་ཉིན་གུང་དང་མཚན་གུང་དང་ཟས་ཞུ་བའི་དུས་ན་ལྡང་བ། དེ་དག་ནི་མཁྲིས་པའི་མེ་དྲོད་འཕེལ་བའི་རྟགས་ཡིན་ནོ། །གསང་བའི་རྟགས་ཕན་པ་དང་གནོད་པ་བསྟེན་པའི་སྒོ་ནས་བརྟག་པ་ལ་ནི། ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་ཀྱི་ཆུ་བཞི་ནི། བཤད་རྒྱུད་དུ། ཁ་ཟས་ཡེན་ལ་གཏད་པ་ཟས་ཀྱི་ཆུ། །ཞེས་བསིལ་ཟས་ཕྱོགས་གཅིག་ཏུ་བསྟེན་པའོ། །ག་བུར་རྩེ་ཆུང་སྨན་དང་དཔྱད་ཀྱི་ཆུ། །ཞེས་ག་བུར་གྱི་སྨན་བསྟེན་པ་སྨན་གྱི་ཆུ། རྩེ་ཆུང་གཏར་བ་དཔྱད་ཀྱི་ཆུ། བསིལ་སར་སྡོད་པ་སྤྱོད་ལམ་གྱི་ཆུ་དང་བཞི་བསྟེན་པའི་སྒོ་ནས་བརྟགས་པས་འཕྲོད་ན་ཚ་བ་ཡིན་པར་ངེས་པ་དང་མི་འཕྲོད་ན་གྲང་བ་ཡིན་པར་ངེས་པ་སྟེ་འདྲིས་པ་དང་གོམས་པ་ཡུན་དུ་བསྟེན་པས་ངེས་པ་རྙེད་དོ།།

ཚ་བ་བྱེ་བྲག་ཏུ་སོ་སོའི་མི་འགྱུར་བའི་རྟགས་ནི་སྤྱིའི་རྟགས་དེ་དག་ཀུན་ལ་ཁྱབ་པའི་སྟེང་དུ་རྟེན་ཕོ་མོ་མ་ནིང་བཞིན་གྱི་ཚ་བ་དང་ན་སོ་བྱིས་པ་རྒན་པོ་དར་མའི་ཚ་བ་རིམ་པས་ཤེས། དུས་ཀྱི་གསར་པ་དང་རྙིངས་པའི་ཚ་བ་ནི་ཡུན་ཙམ་སོང་གིས་ཤེས་པར་འགྱུར། ཉེས་པའི་ཚ་བ་བསྡོངས་ཟླ་རླུང་དང་བད་ཀན་ཁྲག་དང་གསུམ་པོ་མཁྲིས་པར་བསྡོངས་པ་དེ་དཔེར་ན་ཏིལ་མར་རང་ཚིག་པའི་རྒྱུ་གོང་གི་ཁོང་སྣུམ་གྱིས་བྱེད་པ་ལྟར་དེ་གསུམ་ཡང་མཁྲིས་པ་དང་བསྡོངས་ཟླའི་རྟགས་ལས་དཔག་པར་བྱ་དགོས་ཏེ་གཡལ་བ་དང་འདར་བ་གཉིད་ཡེར་བ་ལུས་བརྩེ་བ་སོགས་བྱུང་བ་ན་རླུང་གི་ཚད་པ་ཡིན་ཏེ་ཞེས་པ་རིགས་མཐུན་འོག་མ་འདྲེན་ཚིག་སྟེ་ཁ་ཁ་བ་དང་མིག་ཆུ་སེར་བའི་ཚེ་ན་མཁྲིས་པའི་ཚད་པ་ཡིན། ལུས་ལྕི་བ་དང་ཤེས་པ་རྨོངས་ཤིང་ཟས་འཇུ་དཀའ་ན་བད་ཀན་གྱི་ཚ་བ་ཡིན་ལ་མིག་ཆུ་དམར་ལ་གཟེར་གང་ལ་ཡོད་ཀྱང་འདྲིལ་བ་ཁྲག་གི་ཚད་པ་ཡིན། གཡོ་ལ་སྐྲངས་ཤིང་ཟ་འཕྲུག་བྱེད་པ་ཤུ་ཐོར་འོང་བ་སོགས་ཆུ་སེར་གྱི་ཚ་བ་ཡིན། གནས་ཀྱི་ཚ་བ་ནི་འཇུག་སྒོ་དྲུག་གར་གནས་ཀྱིས་གསལ་རང་རྒྱུད་ཅན་དེ་ལ་རང་རྟགས་ཀྱིས་གསལ་བས་ཤེས་པར་སླའོ། །ལྡན་ཚད་ནི་རླུང་དང་ལྡན་ན་གཅིག་གི་གྲོགས་གཅིག་གིས་བྱེད་དེ་དཔེར་ན་གཉེན་བཤེས་དང་མཐུན་པའི་ལས་བྱེད་དང་འདྲ་བད་ཀན་དང་ཚ་བར་ལྡན་པས་མཚན་ཉིད་འཁྲུག་ཅིང་འཐབ་པར་འགྱུར་ཏེ་མི་མཐུན་པའི་མི་གཉིས་ས་གཅིག་ཏུ་འཚོགས་པ་དང་མཚུངས་སོ། །ཉེས་གསུམ་འདུས་པའི་ཚ་བ་ནི་ཉམས་དམའ་བ་རྔུལ་འོང་བ་མིག་སེར་བ་ཁ་སྐམས་པ་གྲང་ཤུམ་བྱེད་པ་ལུས་བརྩེ་བ་རྩ་བྱིང་ལ་གྲིམས་པ་ལུས་ལྕི་བ་སྒལ་ཚིགས་གཟེར་བ་སོགས་དུས་ངན་ཤར་པོ་དང་འདྲ་སྟེ་ཁོ་བས་ང་དྲག་ཟེར་བ་བཞིན་གཅིག་འོག་ཏུ་གཅིག་མི་ཚུད་པས་སོ་སོར་བཟོ། །དེ་དག་འདྲེས་པར་བསིལ་བ་དང་དྲོད་གཉིས་གཉན་པོ་གང་འོས་རིག་པས་དཔྱད་དེ་བསྟེན་པས་འཕྲལ་དུ་ཕན་སྙམ་བྱེད་ཀྱང་བསྟུད་པའི་ཚེ་ན་གནོད་པས་ཤེས་ཏེ་དཔེར་ན་བད་ཀན་ཚ་བར་ལྡན་པ་ལ་ཟས་སྨན་དྲོ་བ་བསྟེན་ན་དང་པོ་བད་ཀན་ལ་འཕྲོད་པས་ཕན་སྙམ་བྱེད། བསྟུད་ན་གཏིང་གི་ཚ་བ་ལ་ཕོག་པས་གནོད་པར་ཚོར་བ་ལྟར་ཡིན་པས་ལྡན་ཚད་ཀུན་ལ་འགྲེའོ། །ཚ་བ་མ་སྨིན་ན་ཕྲུམ་སེར་ཏེ་གྲང་ཤུམ་བྱེད་ཅིང་ཚིགས་གཞི་སྲོད་ཀྱི་དུས་སུ་ན་རྒྱས་པའི་ཚ་བ་ལ་ཚད་པའི་རྟགས་མཐའ་དག་རྫོགས་པར་འབྱུང༌། སྟོངས་པའི་ཚད་པ་ནི་བསིལ་གྱི་ཚད་པའི་གཉེན་པོ་བསྟེན་པ་ཙམ་གྱི་ན་འཕེལ་ལ། གབ་ཚད་ལ་དྲོད་བཅུད་རིམ་པས་བསྲིངས་ཀྱིན་གནོད་པར་ཚོར་རོ། །རྙིངས་པའི་ཚ་བ་ལོ་དང་ཟླ་བ་ཙམ་ཡུན་ལན་པར་གྱུར་པས་ཤེས། རྙོགས་པའི་ཚད་པ་ནི་རྔུལ་མང་ལ་བ་སྤུ་བརྩེ་ཞིང་སྣ་ཁྲག་འབྱུང་བ་དང་གདོང་གཡོ་ལས་གསལ། རིམས་ཀྱི་ཚད་པ་ནི་མགོ་ན་ལ་ཟ་ཟི་དང་གྲང་ཤུམ་བྱེད། འཁྲུགས་ཚད་ནི་ཟེར་དང་ལུད་པ་འབྱུང་ཞིང་དབུགས་མི་བདེ་བ་གསུམ་ལ་གསལ། འགྲམས་ཀྱི་ཚ་བ་ནི་སྤྱོད་ལམ་དྲག་པོ་གང་བྱས་ཀྱི་རྗེས་ལ་ན་བ་དང༌། དུག་ཚད་ནི་ནད་རྟགས་མ་ངེས་པར་ཁོལ་བུར་ནད་ཀྱི་སྣ་མང༌། འདི་དག་ནི་མི་འཁྲུལ་བར་སོ་སོའི་ངོས་འཛིན་བྱེ་བྲག་པ་ཡིན་པར་དགོངས་སྐབས་འདིར་སོ་སོའི་ས་བཅད་སྐྱ་ཆོད་ན་ཡམ་ཙམ་དུ་གསུངས་ལ། ཞིབ་པ་འོག་ཏུ་སོ་སོ་རང་གི་དུས་གསུངས་སོ།།

སྤང་བླང་མུ་བཞིར་ཕྱེ་བའི་འཚོ་འཆི་སོགས་ཁ་དམར་གདགས་པ་ནི་རྩ་རྒྱུད་དེ་སྦོམ་ཞིང་མཁྲང་བ་ལ་འགྱུར་ལྡོག་ཆུང་བ་དང་ཆུ་མདོག་དྭངས་ལ་གདོང་གསལ་ཞིང་ལྕེ་རློན་པ་རྩ་གང་ཡང་གཏར་བའི་ཁྲག་ཕྱེད་པ་དང་ལུད་པ་འགོགས་ཀྱང་སླ་ལ་གཟེར་ཆུང་ཞིང་དབུགས་ཕྱི་ནང་དུ་རྔུབ་རུང་ངམ་རྔམ་པ་བདེ་བ་དང་ཟས་ལེན་ཅིང་ཤེད་ཆེ་ལ་སྨན་དང་དཔྱད་གང་བྱས་ངོ་ལེན་ན་གོང་གི་ནད་རིགས་གང་ཡིན་ཡང་གསོ་བ་སླ་བར་བཤད་དོ། །འཆི་བའི་ལྟས་མེད་ཀྱང་ཚད་པའི་ནད་ཀྱི་སྟོབས་ཆེ་ལ་ནད་ཐོར་བུའི་བླ་གཉན་དང་གཅིག་ནས་གཅིག་ཏུ་འགྱུར་ལྡོག་མང་ན་གསོ་བ་དཀའོ། །འཆི་བའི་རྟགས་ལ་རྩ་དང་ཆུ་དང་ལུད་པ་དང་ཁྲག་དང་དབུགས་དང་ནད་ཀྱི་སྟོབས་དང་གཟེར་བའི་ས་དང་ལུས་ཀྱི་སྟོབས་དང་དབང་པོར་བརྟག་དགོས་ཏེ། རྩ་རྒྱུད་ནི་འདར་བ་དང་སྤུན་པ་དང་སྡོད་པ་དང་འཚུབ་པ་ན་འཆི། ཆུ་ནི་མཁལ་ནད་མེད་པར་ཁོང་ནས་ལོག་གམ་སྲི་བ་སྟེ་འཚག་དཀའ་ལ་ཡང་ན་འཆོར་བ་དང་དྲི་དང་མེ་ཏོག་ཀུ་ཡ་སོགས་གསང་ན་འཆི། ལུད་པ་ལ་བརྟག་པ་ནི་དུད་ཁུའམ་ཤའི་སྐྱོ་མ་འདྲ་བ་ལ་ཡང་ཡང་མང་དུ་འབྱུང་ཞིང་དེ་ག་གྲེ་བར་གསོག་ན་འཆི། གཏར་ན་ཁྲག་མེད་པའམ་མཚལ་འདྲ་བའམ་ཆད་པོ་ནག་པོའི་རྩིགས་བྱུང་ན་འཆི། དབུགས་ནི་ལུས་མ་བསྐྱོད་པ་དང་གཉིད་དུ་སོང་གྱུར་ཀྱང་རྔམ་པ་མི་བདེ་ཞིང་ཐུང་ལ་རྩེག་བའི་ཚེ་ན་འཆི་ནད་ཀྱི་སྟོབས་ཁོང་དུ་ཐེམས་ནས་ཕྱིར་མི་འཐོན་ལ་གཉེན་པོ་གང་ཡང་མི་ལེན་ཅིང་ནད་ལྡོག་པ་དང་འགྱུར་བ་མང་ལ་འདྲེ་ཁ་རྒོད་པ་སྟེ་གནོད་པ་མང་ན་འཆི། གཟེར་བའི་ས་དེ་ཐོག་མ་ཁོ་ནར་སྙིང་ག་གཟེར་ཞིང་གཞན་དུ་མི་འཕོ་བར་ཕུར་པ་བཙུགས་པ་འདྲ་ན་འཆི། ལུས་ཀྱི་ཤེད་ཆད་ནས་ངལ་བའི་སྟན་ལ་འབྱར་ན་འཆི། དབང་པོ་སྟེ་མིག་འབྲས་གྱེན་དུ་ལྡོག་པ་དང་རླིག་པའི་འབྲས་བུ་ཁོང་དུ་བྲོས་པ་དང་རྣ་བ་རྒྱབ་ཏུ་སྙེ་བ་སྟེ་འབྱར་ལ་སྣ་སྦུག་སྐམ་ཞིང་བ་མོ་ལྟ་བུ་སྐྱ་ཚོགས་ཤིང་ཡས་མས་ཀྱི་མཆུ་བརྫེས་པ་དང་སོ་ནག་པ་དང་ལྕེ་སྐམས་ཤིང་རྐན་ཕུགས་སུ་བྲོས་པ་དང་གདོང་ལ་ས་རྡུལ་ཆགས་པ་དང་སྨྲ་བ་མང་ལ་ཉོག་ཉོག་གི་གསལ་ཆ་ཆུང་བ་དང་ཟས་དང་སྐོམ་གྱིས་བོར་བ་སྟེ་བཟའ་བཏུང་མི་འདོད་ན་ངེས་པར་འཆི། དེ་ཡང་འདྲ་སྣང་གི་ནད་དང་འཆི་རྟགས་མང་ཡང་ཕྱོགས་མཐུན་པའི་གཉེན་པོས་བཅོས་སྐྱེད་བྱུང་ངམ་མ་བྱུང་བལྟ། འགའ་ནི་འཆི་བའི་ལྟས་སྣང་ཡང་བཅོས་ཀྱི་གཉེན་པོ་ལེན་འགྱུར་ན་དེ་ནི་མ་ངེས་པའི་འདྲ་སྣང་ཙམ་ཡིན་སྲིད་ཀྱི། གསོ་བར་ཙམ་དུ་བསྟན། །འཆི་བའི་རྟགས་ཐམས་ཅད་གཅིག་པར་ནད་ཀུན་ལ་འདྲ་བར་མི་འབྱུང་ལ། ཡང་ནད་གཅིག་ལ་ནི་འཆི་བའི་རྟགས་ཀུན་ཚང་བ་མི་འབྱུང་དེ་ཕྱིར་འཆི་བའི་ལྟས་མང་ལ་གཉེན་པོ་མི་ལེན་ན་སྔོན་ལས་ཀྱི་དབང་ཡིན་ཏེ་འཆི་བདག་གི་ཞགས་པས་ཟིན་པ་སྟེ་གསོ་དཀའ་སླའི་སྒོ་ནས་སྤང༌། ཚ་བ་དེ་དག་རྣམས་ཀྱི་བཅོས་པའི་ཐབས་བསྟན་པ་ལ་སྤྱིར་བཅོས་པ་དང་བྱེ་བྲག་ཏུ་བཅོས་པ་རྣམ་པ་གཉིས་སུ་འདོད་ཅིང་སྤྱི་ལ་བཅོས་པའི་ཐབས་ལ་འང་རྣམ་པ་གསུམ་ཡིན་ཏེ་ནད་དང་གཉེན་པོ་གཉིས་སུ་སྤྲོད་པའི་བཅོས་ཚུལ་དང་ཚ་བ་དུས་ལས་མི་འདའ་བར་གནད་ཀྱི་གདམས་པ་དང༌། ཚ་བའི་ནད་དེའི་དངོས་པོ་གཞོམ་པའི་གཉེན་པོའོ།།

ཐོག་མ་ནས་བཅོས་པའི་ཚུལ་ཇི་བཞིན་མེད་པར་ནོར་ན་གཉེན་པོ་རྣམས་ཀྱང་མི་ལེན་པས་གང་ལ་གང་འཚམ་གྱི་སྒོ་ནས་བཅོས་པར་བྱ་དགོས་ཤིང༌། དེ་བཞིན་ཚ་བ་དང་གྲང་བ་འདྲེས་ནའང་སྨན་གྱི་གཉེན་པོ་མི་ལེན་པས་འདྲེས་པ་དེ་དབྱེ་བ་ཕྱེ་ལ་གང་གཙོ་བོའི་ནད་དང་གཉེན་པོ་སྤྲད་དགོས། ཡང་བྱེར་ཞིང་འགྲམས་པའི་ཚེ་ན་གཉེན་པོ་མི་ལེན་པས་བྱེར་བ་རྣམས་བསྡུས་ལ་ནད་ཀྱི་ངོ་བོ་གང་ཡིན་གཞོམ་པ་དང་གསུམ། དང་པོ་ལ་ནད་དང་གང་ལ་གང་འཚམས་སུ་བཅོས་དགོས་པས་ལུས་ཟུངས་དང་ན་ཚོད་དང་སྦྱར་ལ་བཅོས་དགོས་པ་ནི་ཟུངས་འབྲིང་བ་དང་བྱིས་པའི་ཚ་བ་སྨན་དཔྱད་ཟས་སྤྱོད་རྣམས་བསིལ་གྱི་སྒོ་ནས་ཐབས་མཁས་ཀྱི་གཉེན་ལྟར་བསྟེན། ཟུངས་བཟང་ལ་ན་ཚོད་དར་མའི་ཚ་བ་ཟས་སྤྱོད་སྨན་དཔྱད་ཆུ་བཞིས་དགྲ་ལྟར་བསད། ཟུངས་ངན་ཅིང་ན་སོ་རྒས་པའི་ཚ་བ་བུ་ལྟར་དུ་ངང་གིས་འཇམ་པོའི་སྒོ་ནས་གསོ། ནད་སྟོབས་དང་ལྡན་མི་ལྡན་དུས་དང་སྦྱར་ལ་བཅོས་པ་ནི་ལུས་སྟོབས་དང་ལྡན་ལ་གསར་པའི་དུས་ཀྱི་ཚ་བ་ཐོག་བབས་སུ་བསད། ལུས་སྟོབས་ཆུང་ཞིང་ཡུན་རིང་རྙིངས་པའི་ཚ་བ་ངང་གིས་གདོན། ཉེས་པ་གསུམ་གྱི་སྒོ་ནས་བཅོས་པར་བྱ་བ་ནི། རླུང་གི་ཚ་བ་དཔེ་དགྲ་ཐབས་ལ་མཁས་པས་རེས་འབྲོས་ཤིང་འདྲིད་རེས་འདེད་པའི་ཚུལ་ལམ་ཡང་ན་དྲོད་བཅུད་ཀྱིས་རླུང་སྣ་གླན་པ་ནི་ཚད་པ་ལ་འབྲོས་པ་ཡིན་ལ། བསིལ་གྱི་གཉེན་པོ་བསྟེན་པ་ནི་ཚད་པ་འདེད་པའི་ཚུལ་དུ་བཅོས། མཁྲིས་པའི་ཚ་བ་དཔེ་ཟགས་ཆུ་ཡུར་བར་དྲངས་ནས་བཅད་པ་ལྟར་སྦྱོངས་ཀྱིས་སྦྱངས་བསིལ་གྱིས་བཅད་པ་སྟེ་འཁྲུ་གཤེར་བཅད་པའི་ཚུལ་དུ་བཅོས་སོ། །བད་ཀན་གྱི་ཚ་བ་མགོ་སྤུར་གྱི་ཚུལ་དུ་སྟོབས་མ་རྒྱས་གོང་ནས་བཅོས་ཏེ་དམག་མ་བཏེག་གོང་གདོང་བསུ་བྱེད་པ་དང་འདྲ་བར་བཅོས། །ཁྲག་གི་ཚ་བ་ཐང་གིས་དབྱེ་གང་བབས་གཏར་བས་ཤེད་དམད་དེ་ཆུ་ལ་རགས་བརྒྱག་པ་ལྟར་གྱི་ཚུལ་དུ་བཅོས། ཆུ་སེར་གྱི་ཚ་བ་ལ་དང་པོ་བཤལ་གྱིས་སྦྱངས་པ་ཐ་མར་སྐེམས་པའི་ཚུལ་དུ་བཅོས། འབབས་གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་ལ་ནི་ཤ་ལྤགས་ལ་བབས་པའི་ཚ་བ་རྔུལ་དབྱུང་བ་དང་ཆུའི་འཕྲུལ་འཁོར་གྱིས་བཅོས། རྩའི་ནང་གི་ཚ་བ་ནང་རྩ་ཁྲུས་ཏེ་སྦྱོང་དང་ཕྱི་རྩ་གང་ཡིན་གཏར་གྱིས་བཅོས། །རུས་པའི་ཚ་བ་ལ་དུགས་ཀྱི་རིགས་དང་ལུམས་ཀྱིས་བཅོས། དོན་ལྔའི་ཚ་བ་ལ་ཕྱེ་མ་དང་རང་རང་རྩ་སྙིང་ལ་སྣོད་ཀ གློ་བར་དྲུག་འགོ། མཆིན་པར་རུ་ཐུང༌། མཆེར་པར་རྟ་མཐུར། མཁལ་མར་བྱིན་གཞུག་རྣམས་གང་བབས་གཏར་གྱིས་བཅོས། སྣོད་དྲུག་གི་ཚ་བ་སྦྱོངས་ཀྱིས་བཅོས་པར་བྱ། ཉེས་པ་གཙོ་བོའི་སྒོ་ནས་བཅོས་པར་བྱ་བ་ལ་ནི་རང་རྒྱུད་ཅན་དེ་ཁོ་རང་རྐྱང་པ་འདེད་པའི་ཚུལ་དུ་བཅོས། གཞན་རྒྱུད་ཅན་དེ་གང་མཐོ་བ་དེའི་གཉའ་བ་ནས་མནན་ལ་བཅོས། གནས་སྐབས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། མ་སྨིན་པའི་ཚ་བ་སྨིན་པར་བྱས་ལ་ལམ་དུ་གཞུག རྒྱས་པའི་ཚ་བ་འབར་བའི་མེ་དཔུང་དང་འདྲ་བ་དེ་སྨན་ག་བུར་སོགས་ཀྱིས་བསད། སྟོངས་པའི་ཚ་བ་རླུང་འབུད་པ་ལྟ་བུ་དེ་ནུས་པ་བསིལ་ལ་བཅུད་ཡོད་ཀྱིས་གསོ། གབ་པའི་ཚད་པར། སེ་འབྲུ་བཞི་པ་སོགས་ཀྱིས་གྲང་བས་མགོ་སྤུར་གཡོགས་པ་བཤུས་ལ་ཚ་བའི་སྨན་དང་ནད་ངོ་སྤྲད་པ་དང༌། རྙིངས་པའི་ཚ་བ་ལུས་ཟུངས་ལ་ཞེན་པ་ཤིང་ལ་སྲ་རྩི་བཏང་བ་ལྟ་བུ་དེའི་རྩི་དང་དབྲལ་བ་དང༌། རྙོགས་པའི་ཚ་བ་གཡོས་པའི་ཆུ་སེར་རང་སར་སྐེམ་པའོ། །ཚ་བ་རིགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ལ་ནི་འགྲམས་ཀྱི་ཚ་བ་ནད་དང་ཕྲལ་ལ་ལུས་ཀྱི་ཟུངས་རང་སོར་སྔར་མལ་དུ་གཞུག འཁྲུགས་ཀྱི་ཚ་བ་དང་པོ་ཐང་གིས་དབྱེ། བར་དུ་ཕྱེ་མས་བསད། མཐར་སྦྱོངས་ཀྱིས་ཕྱིར་དབྱུང་བ་རྣམས་ཀྱིས་མཉམ་པོར་བཅོས། རིམས་ཀྱི་ཚ་བ་ནི་རྩ་ལ་མཐུས་ཟ་བའི་བྱའི་རིགས་སྲོག་ཆགས་སོགས་ཁ་ཆེད་དུ་གཏད་དེ་ལག་པས་བཟུང་ནས་བཏང་བ་ལྟར་སྤུར་བ་སྟེ་ཞ་ལུ་ལོ་ཆེན་གྱི་ཟ་མ་ཏོག་སོགས་སུ་མཁའ་ལ་བྱ་སྤུར་ཞེས་ཕུར་དུ་བཅུག་པ་བཞིན་བསིལ་བའི་ཟས་སྤྱོད་དང་སྨན་གཤམ་དུ་བཤད་པའི་བྱ་སྤུར་བརྒྱད་པ་དང་དཔྱད་སོགས་ཀྱིས་སྐད་ཅིག་ཉིད་ལ་གདོན་དགོས་ཤིང༌། དུག་ཚད་ལ་འདུ་བ་གསུམ་ཆ་མཉམ་པའི་གཉེན་པོས་བསད་དོ།།

ཚ་བ་དང་གྲང་བ་འདྲེས་པ་དབྱེ་བའི་བཅོས་ཀྱི་ཚུལ་ནི་མ་སྨིན་པར་ནད་འདྲེས་པ་ཐང་གིས་ཕྱེ་ལ་ཚ་བ་ལམ་དུ་གཞུག་དགོས་ཏེ་འདི་དུས་ཐོག་མ་ནས་ནད་དེ་ཚ་བའི་གཉེན་པོ་བསྟེན་ན་གྲོགས་བད་རླུང་གི་ཐོག་ཏུ་འབབ་ཅིང་གྲོགས་དེ་འཕེལ་བས་ནི་ཚ་བ་ཉིད་ཀྱང་སླར་འཕེལ་བར་བྱེད་དེ། དཔེར་ན་མ་སྨིན་པའི་ཆང་ལྟ་བུ་བསླང་ན་ཡང་ཆང་དུ་མི་རུང་ལྟར་དུ་ལམ་དུ་མི་ཚུད་པར་འཆི་བའམ་ཡང་ན་གསོ་བ་དཀའ་བར་འགྱུར་བས་དེའི་ཕྱིར་ན་བད་ཀན་དང་རླུང་གཉིས་ཀྱི་གྲོགས་བཅིལ་ལ་མཁྲིས་པའི་ཚད་པ་མི་འཕེལ་ཙམ་གྱི་ལམ་དུ་གཞུག་པ་གཅེས། སྨིན་པར་བྱས་ལ་ཟླ་བ་གཅིག་ཙམ་གྱི་ཡུན་ལོན་ནས་རྙིངས་པའི་ཚ་བ་དང་འདྲེས་པ་རྣམས་བཅོས་ཚུལ་ལ་གཉིས་ཏེ། ཡང་ན་བསིལ་ཕྱོགས་གཅིག་ཡང་ན་དྲོད་ཕྱོགས་གཅིག་བསྟེན་པ་དཔེར་ན་ཆུ་བོའི་གཞུང་བཞིན་དུ་སྲང་གཅིག་ལ་འབབ་པར་བྱས་ལ་ཚ་གྲང་དབྱེའོ། །དེ་ལ་གཉེན་པོ་ཕྱོགས་གཅིག་ཏུ་བསྟེན་པ་དེ་ལ་སྐྱོན་དང་ཡོན་ཏན་རྣམ་པ་གཉིས་སུ་ཡོད་དེ། གང་ཞེ་ན་སྣ་ལ་བསིལ་ཕྱོགས་གཅིག་བསྟེན་ནས་ཚ་བ་བཅོས་རྗེས་གྲང་བར་ཕུལ་ན་སྐྱོན་དང་ཡོན་ཏན་གཉིས་ཡོད་པ་ལ་ཡུན་རིང་དུ་སྦྱངས་ཏེ་ཡོན་ཏན་སྲོག་ལ་རྒོལ་མི་འགྱུར་ལ། ཡང་ན་དྲོད་ཕྱོགས་གཅིག་བསྟེན་ནས་གྲང་བ་བཅོས་རྗེས་ཚ་བར་ཕུལ་ན་སྐྱོན་དང་ཡོན་ཏན་གཉིས་ལས་ཡོན་ཏན་གསོ་བ་སླ་སྟེ་སྐྱོན་དུས་འདས་སྲོག་ལ་འབབ་ཉེན་ཡོད་དོ་ཞེས་རྒྱུ་མཚན་དེའི་ཕྱིར་སྣ་འམ་སྔོན་ལ་ཚ་བ་རྒྱས་སྨིན་བསིལ་གྱིས་བཅོས་པས་ཚད་པ་ཞི་སླར་ཡང་གྲང་བར་ཕུལ་བས་སངས་པར་མ་གྱུར་ན་རི་ཐང་མཚམས་དང་སྟོངས་ཚད་བཅོས་པ་ལྟར་བྱ་སྟེ་གསོ་དཔྱད་ཀྱི་སྲུང་བ་ཁོ་ནའོ། །གབ་ཚད་ལ་སེ་འབྲུ་བཞི་པས་གྲང་བའི་མགོ་སྤུར་མ་བཤུས་ན་ཚ་བའི་གཉེན་པོ་ཚ་བའི་ནད་ཀྱི་ཐོག་ཏུ་མི་འབབ་པར་གྲང་བར་འབབ་པས་གྲང་བའི་མགོ་སྤུར་བཤུས་ལ་ཚ་བའི་ནད་དང་ཚ་བའི་གཉེན་པོའི་སྨན་སྤྲད། སྟོངས་ཚད་འདྲེས་པའི་རླུང་ལ་ཟས་ཀྱིས་བརྔན་པ་མ་བྱིན་ན་རླུང་གིས་ཚ་བ་བུས་ནས་ཚ་བ་དེ་ལ་ཆེན་འདའ་བས་དེ་ཕྱིར་རླུང་དེ་ཟས་ཀྱིས་བྲིད་པ་སྟེ་མནན་ལ་ཚད་པའི་གཞུག་ཕྱེ་མས་གདོན། གྲང་བས་རྙོགས་པ་ལ་དང་པོ་ཕོ་བའི་མེ་དྲོད་སེ་འབྲུས་གསོ་དགོས་ཏེ་ཕོ་བའི་གཞི་འཛིན་པ་མ་ཤེས་ན་མེ་ཤི་ནས་ཚ་བའི་རོ་མ་ལུས་པ་སྲིད་ཚ་རྙོགས་དེ་འདྲེས་པ་ལ་སྦྱང་བ་འཇམ་པོས་དབྱེ་དགོས་ཀྱང་འདྲེས་པའི་ནད་ཀུན་གཅིག་བཅོས་གཅིག་ལ་ཕོག་པས་གཉེན་པོ་བསྟེན་པ་དཀའ་བ་ཡིན་པས་བཅོས་ཀྱི་ངོ་གང་ལེན་པའི་ནད་དེ་གདོང་ལ་སྔོན་དུ་བཅོས་དགོས་ཤིང་བསིལ་བ་དང་དྲོད་གཉིས་ཀའི་གཉེན་པོ་སོ་སོར་མི་ལེན་ན་ཕྱིང་དྲིལ་དུ་ཞེས་ཚ་གྲང་བསྲེས་པར་བཅོས་སམ་ཡང་ན་ནང་པར་ཚ་བ་ནུབ་གྲང་བ་ལྟག་སྤྲོད་བྱའོ། །དེ་དག་གང་ཡང་བྱས་ཀྱང་ངོ་མི་ལེན་པ་ནི་སྔོན་གྱི་ལས་ཀྱི་ནད་ཡིན་པས་ཚོགས་གསོག་པའི་རིམ་གྲོ་སོགས་དང་འཆི་བསླུ་བྱས་པས་འཚོ་བ་ཡང་རེས་འགའ་འབྱུང་བ་ཙམ་སྲིད་དོ། །དེ་ལྟར་དུ་འདྲེས་པའི་དབྱེ་འབྱེད་ཀྱི་ཐབས་མ་ཤེས་པར་ཚ་བ་དང་བད་རླུང་ཁྱོན་གཅིག་ཏུ་བསྲེས་ནས་བཅོས་བྱས་པས་ནད་འཁྲུགས་ནས་གང་དུ་འང་ངོས་མི་ཟིན་ཅིང་སྐྱེད་མེད་པར་འགྱུར་བས་དེའི་ཕྱིར་ན་ནད་འདྲེས་པའི་དབྱེ་བའི་ཐབས་ཤེས་པ་གཅེས་སོ།།

བྱེར་བའི་ཚ་བ་ལ་ཡང་རྣམ་པ་གསུམ་ཡིན་ཏེ། དང་པོ་རང་བཞིན་བྱེར་བ་དང་ཟས་སྤྱོད་སོགས་རྐྱེན་གྱིས་བྱེར་བ་དང་ཡུན་སོང་བ་དུས་ལས་འདས་པའི་བྱེར་བ་དང་རྣམ་པ་གསུམ་ལས་དུག་ནད་དང་བད་ཀན་སྨུག་པོ་གཉིས་རང་བཞིན་དུ་བྱེར་བ་ཡིན་ཏེ་ཞེས་པ་རིགས་མཐུན་འདྲེན་ཚིག་གིས་ཚ་བ་མ་སྨིན་པར་རི་ཐང་མཚམས་ཀྱི་དུས་སུ་བཅོས་ཉེས་པའི་རྐྱེན་གྱིས་ཚ་བ་བྱེར་ཏེ་རྙོགས་པ་ཞེས་བྱ་བར་འགྱུར་རོ། །གསུམ་པ་ནད་འདུས་ནས་ཀྱང་དུས་སུ་མ་སྦྱངས་པས་དུས་ལས་འདས་ཏེ་ནད་རྩ་མིག་ཀུན་དུ་བྱེར་བའོ། །དེ་ལྟར་བྱེར་བ་ཀུན་གྱི་སྣ་ཁྲིད་རླུང་གིས་བྱས་ནས་བྱེར་ཏེ་རྩའི་མིག་ཀུན་དུ་རིམ་གྱིས་ཞུགས་ནས་ལུས་ཀུན་ལ་ཁྱབ་ཅིང་བྱེར་བ་དེ་མ་བསྡུས་པར་གཉེན་པོ་བསྟེན་པར་བྱས་ཀྱང་དཔེར་ན་རི་དྭགས་ཐང་ལ་དེད་པ་དང་འདྲ་སྟེ་གང་འགྲོ་མེད་པས་གསོད་པར་མི་འགྱུར་བས་འདི་ལ་ཐང་དང་ཕྱེ་མ་དང་ཟས་དང་སྤྱོད་ལམ་གྱིས་རླུང་གཞིལ་བ་དང་ནད་དེ་ཁོང་དུ་བསྡུས་བྱས་ནས་ནད་རང་གི་གཉེན་པོ་བསྟེན་པའི་ཚེ་ན་མེ་སྟེང་ཆུ་བླུགས་འདྲའོ། །གལ་ཏེ་འདུས་པར་དཀའ་ན་རྩ་སྦྱོང་དང་རྒྱུན་སྦྱོང་དང་ཆུ་ལུམས་རྣམས་བསྔགས་ཏེ་དེས་མ་འདུས་པར་བྱེར་བ་རྣམས་རང་སར་འདོན།

དུས་ལས་མི་འདའ་བར་གནད་ཀྱི་གདམས་པ་ལ་ནི་ཚ་བ་དེ་དུས་ལས་འདའ་བའི་ནད་བཞི་ཡོད་དེ་ངོ་བོའི་ནད་དེ་ཉིད་ཀྱིས་གཉེན་པོ་མ་བྱུང་བར་དུས་ལས་འདའ་བ་དང༌། སྦྱོར་བ་དམན་པ་དང་ལྷག་པ་དང་ལོག་པས་དུས་ལས་འདའ་བ་དང་བཞིའི་དང་པོ་རང་གི་གནད་དུ་བབས་པའི་ཚ་བ་ཡིན་ཏེ་ཐོག་མའི་དུས་རང་ནས་སྲོག་ལ་ངེས་པར་རྒོལ་བས་དེ་ལ་ནད་ཀྱི་ཚོད་བླངས་པའི་སྨིན་དུས་བསྒུགས་ན་དུས་ལས་འདའ་བས་དེ་ཕྱིར་མ་སྨིན་པར་གོང་དུ་བཤད་པའི་ཆུ་བཞིས་ནད་དང་ནད་པའི་སྲོག་ལ་ཐོབ་ཤ་བྱའོ། །དམན་པ་ནི་བཅོས་ཀྱིས་ནད་ཀྱི་མགོ་མནན་པས་འཕྲལ་དུ་བདེ་བ་བཞིན་བྱེད་ཀྱང་གཏིང་གི་ཚད་པ་མ་ཐོན་པས་ཚ་བས་ཟུངས་ཟད་ནས་དུས་ལས་འདས་པའི་ཕྱིར་གཉེན་པོ་མི་བཅད་པར་ཆེ་རུ་སྟོབས་བསྐྱེད་ལ་མ་ཐོན་པར་བསྲིངས་ལ་བཏང་ངོ༌། །ལོག་པས་དུས་འདའ་བས་ནི་གབ་ཚད་ལ་སྨན་དཔྱད་དང་ཟས་སྤྱོད་ཀྱིས་གྲང་བར་འཁྲུལ་བས། བཤད་རྒྱུད་དུ་བཤད་པའི་མེ་བཞི་བསྟེན་པས་ཚ་བ་དུས་ལས་འདའ་བའོ། །ལྷག་པ་ནི་ནད་ཆུང་ངུར་གཉེན་པོ་སྨན་དཔྱད་ཟས་སྤྱོད་བསིལ་དྲགས་པས་བད་རླུང་ལ་ཕོག་པས་དེ་གཉིས་དགྲར་ལངས་ཏེ་གྲང་བས་སྲོག་ལ་རྒོལ་བར་བྱེད་ཅིང་འདི་གཉིས་པོ་ནོར་ས་ཡོད་པས་ལྟར་སྣང་གི་རྟགས་དང་ངོ་བོའི་རྟགས་གཉིས་ངོས་འཛིན་ཤིན་ཏུ་ཤེས་པ་གཅེས་པས་དོགས་པ་དང་བཅས་པའི་བརྟག་པ་ལྟ་རྟོག་མ་ཡེངས་པར་བསྒྲིམས་ཏེ་བྱ་རས་གང་ཡིན་ངོས་ཟིན་ནམ་ཚོར་བའི་དུས་ན་བརྩོན་པས་བཟློག་དགོས་ཤིང་དེ་དག་ཤེས་པ་ན་དུས་ལས་འདའ་བ་མི་སྲིད་དོ།།

ཚ་བའི་ནད་ཀྱི་དངོས་པོ་ཀུན་གཞོམ་པའི་གཉེན་པོ་ནི་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་དང་རྣམ་པ་བཞིས་བཅོས་དགོས་ཏེ།

དང་པོ་ཟས་ལ་ཕན་པ་བསྟེན་ཞིང་གནོད་པ་སྤང་བ་ལས་ཕན་པའི་ཟས་དང་སྐོམ་བསྟེན་པའི་ཐབས་ལ་བཅུ་གཅིག་སྟེ། མ་སྨིན་པའི་ཚ་བ་ལ་མར་གསར་རན་ཙམ་བཏབ་པའི་ཕྱེ་ཐུག་ཆག་ཚེ་འབྲས་ཐུག་སོགས་མདོར་ན་བཅུད་མེད་འཇུ་སླ་བསིལ་ཡང་སོགས་བསྟེན་པ་ལམ་དུ་གཞུག་པའི་ཟས་ཡིན་ནོ། །རྒྱས་པའི་ཚད་པ་ཆུ་གྲོག་ཅེས་བསྐོལ་གྲངས་སམ་ཆུ་གྲང་ལ་རྩམ་པ་བཏབ་པ་མདོག་འགྱུར་ཙམ་ཁ་ནང་དུ་དཀྲོགས་པ་ལ་བཞེད་པ་དེ་དང་ཕྱེ་ཐུག་པའི་ཞོ་དར་ཁུར་ཚོད་སོགས་བསིལ་ཡང་བསྟེན་པ་ནི་ཡེན་ལ་གཏད་པའི་ཟས་ཡིན་ནོ། །ཐོར་བུའི་རླུང་ལ་རུས་ཐང་སྐོམ་ཤ་གསར་པ་སྒོག་ཆབ་བ་ཞོ་རྣམས་ནི་བརྔན་པ་བྱིན་པའི་ཟས་ཡིན་ལ། ཐེ་ཚོམ་ངེས་པ་བསྐྱེད་པ་ལ་སྲེ་ལོང་བུ་རམ་ཞོ་སོགས་རི་ཐང་མཚམས་ཀྱི་སད་མདའི་ཟས་ཡིན་ལ། གཞན་ཡང་བསིལ་དྲོད་རན་པར་བསྟེན་ལ་བརྟག་གོ །སྟོངས་པའི་ཚད་པ་སྐོམ་ཤ་རི་དྭགས་ཤ་བ་ཞོ་མར་དཀར་སྲེ་ལོང་དང་སྒོག་ཆབ་རྣམས་ཀྱི་བཅུད་ཀྱིས་དགང་བའི་ཟས་ཡིན། ཚད་རླུང་འདྲེས་པ་ལ་རླུང་ཁ་མཐོ་ན་བསིལ་བཅུད་ཚ་བ་མཐོ་ན་བསིལ་ཡང་བཏང་བ་ཁ་ཡེན་དགུག་པའི་ཟས་ཡིན། གབ་པའི་ཚ་བ་ལ་གསེར་མཆན་དུ་དྲོད་ཕྱོགས་མེད་དུ་བཏང་ཞེས་དང༌། ལག་ལེན་རིན་ཆེན་གཏེར་སྤུངས་སུ་ལུག་ཤ་དང་གསར་འཇམ་ཞེས་འབྱུང་བ་ནི་མགོ་སྤུར་བཤུ་བའི་ཟས་ཡིན་ནོ། རྙིངས་པའི་ཚད་པ་ལ་བསིལ་ཆགས་ཡུན་དུ་བསྟེན་པ་ནི་ལུས་ཟུངས་ལ་ཞེན་པ་དབྲལ་བའི་ཟས་ཡིན་ནོ། །གྲང་བ་ཁ་ཐལ་ལ་ལུག་གཡག་གོང་མོའི་ཤ་ཞུན་མར་ཆང་འཇམ་པོ་རྣམས་ནི་མེ་དྲོད་གསོ་བའི་ཟས། རླུང་འཕྱོས་ཁ་ཐལ་བ་ལ་ལོ་ལོན་པའི་ཤ་མར་དང་བུ་རམ་ཆང་རྙིང་པ་སོགས་ནི་བཅུད་ཀྱིས་གནོན་པའི་ཟས་ཡིན་ནོ། ཟུངས་ཟད་ཚད་པ་ལ་ཤ་གསར་མར་གསར་བུར་དཀར་ཆང་གསར་འཇམ་སོགས་ལུས་ཀྱི་སྟོབས་སྐྱེད་པའི་ཟས་ཡིན་པས་དེ་ལྟར་འཕྲོད་པའི་ཟས་བཅུ་གཅིག་སྐབས་དང་སྦྱར་ལ་བསྟེན་ཤེས་དགོས་སོ། །གནོད་པའི་ཟས་ལ་ཞོ་དར་ཆུ་གྲང་རྗེན་པ་འཁྱགས་པོ་རྣམས་ཀྱིས་མ་སྨིན་པ་སྨིན་དུ་མི་སྟེར་བ་དང༌། རྒྱས་པའི་ཚ་བ་ཤ་ཆང་མར་རྙིང་བུ་རམ་སྒོག་པ་ལན་ཚྭ་རྣམས་ཀྱིས་མེ་དབལ་བསྐྱེད་པ་དང༌། རླུང་ཚད་འབུད་པ་བ་རའི་ཞོ་དར་དང་ཇ་བསིལ་པོས་བྱེད་ཅིང་ཆུ་གྲང་ལོ་ཤུར་སྐྱུར་སོགས་ཀྱིས་ཚ་བ་བྱེར་བ་དང༌། གབ་རྙོགས་ཚ་བ་ལ་རྗེན་པའི་ཟས་དང་བསིལ་བ་ཚིག་པོ་རྣམས་ཀྱིས་མེ་དྲོད་འཇོམས་པར་བྱེད་པ་དང༌། རྙིངས་པའི་ཚ་བ་སྟོད་ལ་གནོན་པ་དྲོད་ཤོར་བ་དང་ངོ་བོ་ཉིད་ཀྱི་མེ་འཕྲོད་པའི་ཟས་རྒྱུ་གཟེར་གཉན་གཟེར། གག་ལྷོག་བཅས་ལ་དཀར་མངར་འབྲུམ་པ་ལ་བཅུད་རིམས་ཕོ་བར་བབས་པ་ལ་ཞོ། དུག་ཚད་ལ་ཉ་དང་ཕག་པའི་ཤ་དང་ཁྲག་རྣམས་ཏེ་དེ་ལྟར་དྲུག་སྐབས་དང་སྦྱར་ལ་མི་འཕྲོད་པའི་ཟས་དེ་རྣམས་དུག་དང་འདྲ་བས་སྤང་བར་བྱའོ།།

སྤྱོད་ལམ་གྱིས་བཅོས་པ་དང་མཐུན་པ་དང་མི་མཐུན་པ་གཉིས་ལས་ལྡན་པའི་ཚད་པ་རྣམས་ལ་བསིལ་བ་དང་དྲོད་གཉིས་སྙོམས་པའི་སྤྱོད་པ་དང་མཐུན་པར་བཅོས་པ་དང༌། མ་འདྲེས་པའི་རྐྱང་པ་རྣམས་ལ་བསིལ་བའི་བཅོས་ཁོ་ན་བསྔགས་ཏེ། དེ་ཡང་སྡོད་པའི་གནས་དང་གྱོན་པའི་གོས་དང་བགྱིད་པའི་བྱ་བའི་སྤྱོད་ལམ་དང་གསུམ་ལས་བསིལ་དྲོད་སྙོམས་པའི་སྡོད་གནས་ནི་ཉི་གྲིབ་མཚམས་ཡིན་པ་ལ་རླན་སྟེང་དང་ཁ་ཡེང་མ་ཡིན་པར་དབེན་པར་འདུག་པ་དང༌། གོས་ནི་མ་འཁྱགས་པ་དང་མ་རྔུལ་བ་དྲོ་ཞིང་ཡང་བ་བགོ་བ་དང༌། ལས་ནི་དྲག་ཤུལ་དང་དལ་ཆེས་མ་ཡིན་པར་མི་རྔུལ་ཙམ་བཅག་གོ། །བསིལ་བའི་གནས་ནི་ནེའུ་གསིང་སྟེ་ན་ཁའི་སྟེང་དང་ཆུའི་འགྲམ་དང་ཤིང་ནུས་ཚ་བ་མ་ཡིན་པའི་གྲིབ་མ་དང་བསེར་བུ་སྟེ་རླུང་ཕོག་ས་ཁང་པའི་སྟེང་བསིལ་བའི་ཁང་པ་ལ་གནས་ཤིང་རས་ཀྱི་གོས་ལ་སོགས་པ་ཡང་ཞིང་བསིལ་བ་བགོ་བ་དང༌། ལུས་ཀྱི་དྲག་ཤུལ་དང་ངག་གི་ཁོང་ཁྲོ་བའི་བྱ་བ་མ་ཡིན་པའི་སྒོ་ནས་ཉིན་གཉིད་བསྲུང་བ་དང་ཡིད་དུ་འོང་བའི་གྲོགས་དང་སེམས་སྤྲོ་བ་ཀུན་ལ་ཤིས་ཤིང་དེ་ལས་བཟློག་པ་ཡིད་ལ་མི་མཐུན་པའི་རིགས་སྤང་བར་བྱའོ།།

སྨན་གྱི་སྒོ་ནས་བཅོས་པ་ལའང་ཞི་བ་དང་སྦྱང་བ་གཉིས་སོ། །དེ་ནང་ནས་ཞི་བྱེད་ཀྱི་སྨན་ལའང་ཐང་དང་ཕྱེ་མ་དང་སྨན་མར་དང་གསུམ་ལས་ཐང་དེ་ལ་ཡང་སྨིན་ཐང་དང་དབྱེ་ཐང་དང་སྡུད་པའི་ཐང་དང་གསོད་པའི་ཐང་དང་སད་པའི་ཐང་དང་དགུག་པའི་ཐང་དང་སྐམ་པའི་ཐང་དང་བདུན་ལས་ཐོག་མར་སྨིན་པར་བྱེད་པའི་ཐང་ལ་ཡང་རྣམ་པ་གསུམ་སྟེ། ཕྱི་རྒྱུད་ལྟར་གྱི་མ་ནུ་བཞི་པའི་ཐང་གིས་བད་རླུང་གཉིས་སྨིན་པར་བྱེད། ཏིག་ཏ་གསུམ་པས་མཁྲིས་པ་དང་ཚད་པ་སྨིན་པར་བྱེད། འབྲས་བུ་གསུམ་ཐང་གིས་ཁྲག་དང་ཚད་པ་སྨིན་པར་བྱེད་དོ། །དབྱེ་བའི་ཐང་ལའང་རྣམ་པ་གསུམ་ཡིན་ཏེ། སླེ་ཏྲེས་ཆིག་ཐང་གིས་རླུང་དང་ཚད་གསར་དབྱེ་བ་འབྱེད་པར་བྱེད། སྐྱུ་རུའི་ཆིག་ཐང་གིས་ཁྲག་གི་ནད་འབྱེད་པར་བྱེད་པ་རྣམས་རྒྱུད་ཕྱི་མ་ལྟར་དང༌། སེ་འབྲུ་དང་མ་ནུ་པ་ཏྲ་དང་སྒ་སྐྱ་གསུམ་གྱི་ཐང་གིས་བད་ཀན་དང་ཚ་བ་འབྱེད། སྡུད་པའི་ཐང་ལ་ཕྱི་རྒྱུད་ཀྱི་མ་ནུ་བཞི་ཐང་དང་འབྲས་བུ་ཨ་བར་སྐྱུར་གསུམ་བསྲེས་པའི་ནོར་བུ་བདུན་ཐང་དུ་གྲགས་པ་དང༌། ག་བྲ་སྟེ་ཀཎྚ་ཀ་རི་དང་བཙོད་དང་བ་ཤ་ཀ་གསུམ་པོའི་ཐང་ལ་བུ་རམ་བཏབ་པས་ཚད་པ་རླུང་གིས་བྱེར་བ་རྣམས་སྡུད་པར་བྱེད། གསོད་པའི་ཐང་ལ་ཚ་བ་གསར་པ་དང་རྙིང་པ་གཉིས་ལས། ཚ་བ་གསར་པ་གསོད་པའི་ཐང་ལ་རྣམ་པ་གསུམ་ཡོད་དེ། སྔོ་དེ་བ་དང་གསེར་གྱི་མེ་ཏོག་དང་པར་པ་ཏ་དང་ལི་ག་དུར་དང་ཨ་རུ་ར་སྟེ་ལྔ་ཐང་གིས་རིམས་ནད་རྒྱས་པ་འཇོམས། ཧོང་ལེན་དང་བ་ཤ་ཀ་དང་རྩི་དམར་ཏེ་རེ་སྐོན་པ་དང་སྤང་རྩི་དང་སྐྱུ་རུ་བཅས་ལྔ་ཐང་གིས་འགྲམས་དང་འཁྲུགས་ཀྱི་རིགས་རྒྱས་པ་སོགས་འཇོམས། འོམ་བུ་དང་ལྡུམ་བུ་རེ་རལ་རྣམ་པར་ཏེ་ཡུ་གུ་ཤིང་དང་ཁྱུང་སྡེར་དང་བྲག་སྐྱ་ཧ་བོ་དང་གང་ག་ཆུང་དང་སྲོལ་གོང་པ་དང་སྤང་རྒྱན་དཀར་པོ་དང་བོང་ང་དཀར་པོ་དང་སྤང་རྩི་དོ་བོ་བྱི་ཚེར་དང་སེ་རྒོད་དང་སྐྱེར་པ་དང་སྐྲ་བཟང་དང་སོ་མ་ར་ཛ་སྟེ་འོམ་ཐང་བཅོ་ལྔ་པས་དུག་ཚད་རྒྱས་པ་འཇོམས་སོ། །ཐང་ཆེན་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་སླེ་ཏྲེས་དང་བ་ལེ་ཀ་དང་བ་ཤ་ཀ་དང་ཧོང་ལེན་དང་ཏིག་ཏ་དང་བོང་དཀར་དང་ག་དུར་ཏེ་བཅུ་པས་རྙིངས་ཚད་རོལ་དུ་གསོད། སད་ཐང་ལ་སྲེ་ལོང་པའི་ཆིག་ཐང་དང་སོག་ཡུ་མཇུག་ཐུང་སྲེ་ལོང་སྟེ་རུས་བཅུད་གསུམ་དང་གོ་སྙོད་སྒ་སྐྱ་ཛཱ་ཏི་སྟེ་གསུམ་པོའི་ཐང་གིས་ཚད་པ་རི་ཐང་མཚམས་ཀྱི་དུས་ཀྱི་ངེས་པ་སྟེར་བར་བྱེད་དོ། དགུག་ཐང་ཤ་མར་བུར་ཆང་བཞི་རྙིང་པ་ལ་བཅུད་བཞི་སྟེ་དེའི་ཐང་གིས་རླུང་འཕྱོས་པ་འགུགས། སྐམ་ཐང་སེང་ལྡེང་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་སླེ་ཏྲེས་དང་སྐྱེར་པ་དང་སྤོས་དཀར་སོ་མ་ར་ཛ་ཐལ་ཀ་རྡོ་རྗེ་སྟེ་ཆུ་སེར་སྨན་གསུམ་བཅས་པ་དགུ་པོས་རྙོགས་ཚད་སྐེམས་པ་སོགས་དེ་རྣམས་ནི་ཚ་བ་འཇོམས་པར་བྱེད་པའི་ཐང་སྦྱོར་ཡིན་ནོ།།

ཕྱེ་མ་སྔོ་སྦྱོར་དང་རྩི་སྦྱོར་དང་དེ་གཉིས་འདྲེས་པར་སྦྱོར་བ་དང་གསུམ་ལས། སྔོ་སྦྱོར་གྱི་རྒྱལ་པོ་གཡའ་ཀྱི་བཙུན་མོ་རེ་སྐོན་པ་སྲས་སྲོ་ལོ་དཀར་པོ་དང་ནི་བློན་པོ་པྲི་ཡང་ཀུ་འབངས་པར་པ་ཏ་དམག་དཔོན་རིམས་ལ་ཀྱི་ལྕེ་དཀར་པོ་དང་འཁྲུགས་ལ་སྤང་རྩི་དོ་བོ་ཁྲག་ལ་ཧོང་ལེན་མཁྲིས་པར་ཏིག་ཏ་སོགས་ཤས་གང་ཆེ་ལ་ལོག་པོ་བཏང་བ་དང༌། དམག་མི་སུམ་ཅུ་ཏིག་དང་ཡུ་གུ་ཤིང་དང་གང་ཆུང་དང་དར་ཡ་ཀན་དང་ཚེར་སྔོན་དང་ཁྲག་རྐང་སྟེ་མྱང་རྩི་སྤྲས་དང་སྤང་རྒྱན་དང་སྒོང་ཐོག་པ་དང་ཁུར་རྩ་དང་འོམ་བུ་དང་སྤྱི་ཞུར་དང་བྱི་ཚེར་དང་བྱ་རྒོད་སྤོས་དང་བཅུ་གསུམ་ཆིབས་པ་གངས་ཆུ་ལ་བསྡུས་གྲང་ངམ་ཁཎྜར་བཅས་པས་ཚ་བ་ཀུན་ལ་མེ་ཐོག་ཏུ་ཆུ་བླུགས་པ་དང་འདྲའོ། །རྩི་སྦྱོར་ལ་ཚ་བ་རབ་དང་འབྲིང་ཐ་མ་གསུམ་དང་འདུ་བ་སྦྱར་ཏེ་བྱེ་བྲག་གིས་བཅོས་དགོས་ཏེ། རབ་ལ་ག་བུར་དང་འབྲིང་ལ་ཙནྡན་དང་ཐ་མར་གི་ཝཾ་གིས་གཙོ་བོ་བྱས་ལ་མེ་ལྟ་བུར་འབར་བའི་ཚད་པའི་སྟོབས་བསད་པའི་ཕྱེ་མ་དང༌། ལྡན་ཚད་རྣམས་དུས་གཅིག་ལ་འཇོམས་པའི་ཕྱེ་མ་དང༌། རྙིངས་ཚད་ཀྱི་རྩ་བ་རྩད་ནས་འདོན་པའི་ཕྱེ་མ་དང༌། འདུ་བ་འཁྲུགས་པ་ཁ་སྙོམས་པར་བྱེད་པའི་ཕྱེ་མའོ། །དེ་ཡང་འབར་བའི་ཚད་པའི་སྟོབས་བསད་པའི་ཕྱེ་མ་ལ་ནི་ཚ་བ་རབ་ལ་ག་བུར་དང་ཙནྡན་དཀར་པོ་ཅུ་གང་བཅས་རྒྱལ་བློན་གསུམ་དང༌། དེ་སྟེང་ཙནྡན་དམར་པོ་གི་ཝཾ་ཧོང་ལེན་རྒྱ་ཏིག་སོགས་བསྣན་ཏེ་བདུན་པ་དང༌། དེ་སྟེང་བ་ཤ་ཀ་དང་བོང་དཀར་བཅས་བསྣན་ཏེ་དགུ་པ་གསུམ་གྱིས་བསད་པ་གཅེས་སོ། ཚ་བ་འབྲིང་ལ་ཙནྡན་དཀར་དམར་ཅུ་གང་གུར་ཀུམ་ཨུཏྤལ་ཧོང་ལེན་གི་ཝཾ་ག་བུར་རྒྱ་ཏིག་བ་ཤ་ཀ་བཅས་བཅུ་པ་དང༌། སྟེ་ཞེས་འོག་མ་འདྲེན་ཚིག་སྟེ་ཐ་མ་གི་ཝཾ་ཅུ་གང་གུར་ཀུམ་ཨུཏྤལ་བ་ཤ་བ་ལེ་ཧོང་ལེན་རྒྱ་ཏིག་ག་དུར་བོང་དཀར་ཏེ་བཅུ་པོས་འཇོམས་པར་འགྱུར་རོ། །ལྡན་པའི་ཚད་པ་དུས་གཅིག་ལ་འཇོམས་པའི་ཕྱེ་མ་ནི་ཚ་བ་རླུང་ལྡན་ཨ་གར་དང་ཅུ་གང་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་གུར་ཀུམ་སྟེ་བཟང་དྲུག རུ་རྟ་སླེ་ཏྲེས་སྒོག་ཐལ་ཀ་ར་སྟེ་བཅུ་པོས་འཇོམས། བད་ཀན་དང་ལྡན་པ་ལ་ཕྱི་རྒྱུད་ལྟར་གྱི་ཅུ་གང་བདེ་བྱེད་ཆེན་མོ་སྦྱར་རོ། །རྙིངས་པའི་ཚད་པ་རྩད་ནས་འདོན་པའི་ཕྱེ་མ་ལ་རབ་ལ་ཕྱི་རྒྱུད་ལྟར་གྱི་ག་བུར་ཉི་ཤུ་རྩ་ལྔ་སྟེ་དེ་དང༌། འབྲིང་ལ་ཙནྡན་ནི་ཙནྡན་དཀར་དམར་བཤད་མ་ཐག་པའི་བཟང་དྲུག་བ་ལེ་ཀ་རྒྱ་ཏིག་ཧོང་ལེན་ག་དུར་ཨུཏྤལ་འབུ་སུ་ཧང་གི་ཝཾ་ནཱ་ག་པུཥྤ་པདྨ་སྟེ་གེ་སར་གསུམ་ཤིང་མངར་རུ་རྟ་ཨ་བར་སྐྱུར་གསུམ་རྣམས་ཏེ་ཙནྡན་གྱི་སྦྱོར་བ་དང༌། ཐ་མ་གི་ཝཾ་གི་སྦྱོར་བ་ནི་གོང་གི་ཙནྡན་དཀར་དམར་གྱི་ཚབ་ཏུ་ཡང་གི་ཝཾ་བསྣན་གཞན་རྣམས་གོང་དང་འདྲ་བ་ལ་སླར་བྲག་ཞུན་དང་གསེར་གྱི་མེ་ཏོག་སྡེབས་པའམ་ཡང་ན་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་ཨ་ག་རུ་བྲག་ཞུན་ཀྱི་ལྕེ་དཀར་པོ་སྤང་རྩི་དོ་བོ་བོང་དཀར་རྒྱ་ཏིག་པར་པ་ཏ་རྣམས་སྦྱར་རོ། །འདུ་བ་ཁོང་སྙོམས་བྱེད་པའི་ཕྱེ་མ་ནི་སྔོ་རྩི་འདྲེས་པའི་སྦྱོར་བ་ལ་ཕྱི་རྒྱུད་ལྟར་གྱི་གཙོ་བོ་བརྒྱད་པ་གཞིར་བཞག་པའི་འཁྲུགས་ལ་ཙནྡན་དམར་པོ་ཤིང་མངར་རུ་རྟ་སྐྱུ་རུ་རིམས་ལ་གསེར་མེ་པར་པ་ཏ་ག་དུར་དེ་བ་སྤང་རྩི་བོང་དཀར་བབས་སྒོ་མདེ་ཁ་གཉན་ལ་གླ་རྩི་གུ་གུལ། སྙིང་ལ་ཛཱ་ཏི་ཨ་གར། གློ་ལ་ཨ་ཀྲོང་ཤིང་མངར། མཆིན་པར་ཨུཏྤལ་གུར་ཀུམ། མཆེར་པར་ཀ་ཀོ་ལ། མཁལ་མར་སུག་སྨེལ། ཕོ་བར་བྲག་ཞུན། མཁྲིས་པར་གསེར་མེ། ཆུ་སོ་གླ་རྩིས་བསྒྱུར་ལ་སྦྱར་བས་ཚ་བའི་ནད་རྣམས་མི་སེལ་བ་གང་ཡང་མེད་དོ།།

སྨན་མར་གྱིས་ཚ་བའི་ནད་རྗེས་བཅད་པར་བྱ་དགོས་ཏེ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་གྱིས་སྟོངས་པའི་ཚད་རྗེས་གཅོད། ཏིག་ཏའི་སྨན་མར་གྱིས་ཚད་པ་རྙིང་པ་རླུང་དང་ལྡན་པ་གདོན། རྒྱུད་ཕྱི་མའི་བའི་རྣམ་ལྔ་དང་སེང་ལྡེང་གི་སྨན་མར་གྱིས་ཚད་པ་རྙོགས་པ་དང་ཕྱི་རྗེས་ཆུ་སེར་རྣམས་སྐེམས་པར་བྱེད་དོ།།

ཞི་བྱེད་ཀྱི་ཐང་དང་ཕྱེ་མས་ཚ་བ་མ་སེལ་ན་སྦྱོང་བྱེད་ཀྱི་བཤལ་གྱིས་མཁྲིས་པའི་ཚད་པ་འོར་དུ་བསྐྱུར་དགོས་ཤིང་དེར་མ་ཟད་ཚ་བ་ཀུན་ལ་སྨིན་པའི་དུས་སུ་འཁྲུས་པ་མཆོག་ཡིན་པ་དང༌། དེའི་ནང་ནས་སྣོད་ལ་བབས་ན་བཅོས་ཐམས་ཅད་ཀྱི་གཙོ་བོ་སྦྱང་བ་ཡིན་པས་བཅོས་ཀྱིས་བརྡུགས་ན་ལོག་གནོན་སྦྱོང་ཡིན་པ་གཞན་ན་ཐབས་དེ་འདྲ་བ་མེད་ལ། ཅི་ཕྱིར་ཞེ་ན་ཚ་བའི་རྒྱུ་ཉིད་མཁྲིས་པ་ཡིན་པས་རྩ་བ་རྩད་ནས་འབྱིན་པས་སོ། །དེ་ཡང་སྦྱང་རུང་བ་དང་མི་རུང་བ་ནད་གཞི་ལ་བརྟག་པ་དང་རན་པ་དང་མི་རན་པ་སྨིན་མ་སྨིན་གྱི་དུས་ཚོད་བརྟག་པ་དང་ཐུབ་དང་མི་ཐུབ་ནི་ལུས་ཤེད་ལེགས་པར་བརྟག་དགོས་ཏེ་གང་ཞེ་ན། མཁྲིས་པའི་ནད་ལ་སྦྱོང་བྱེད་པ་ལས་མི་འདའ་ཡང༌། མ་སྨིན་པའི་ཚ་བ་ལ་མི་སྦྱང་སྟེ་སྦྱངས་ན་བྱེར་ཏེ་འགྲོ་བ་དང༌། གཞན་ཡང་རླུང་གིས་འབུད་པ་ཆེ་བ་དེ་རླུང་མཐོ་བ་དང་འདྲེ་ཁ་རྒོད་པ་སྟེ་གདོན་ཅན་ལ་བྱ་བ་མིན་ནོ། །རུང་བ་ནི་སྨིན་པའི་དུས་དང་སྣོད་ལ་བབས་པ་བཅོས་གཞན་བརྡུགས་པ་སྦྱང་བའི་དུས་ཚོད་དུ་སླེབས་པ་དང་རྩ་ཤེད་མ་ཤོར་བའི་ཤེད་ཀྱིས་ཐུབ་པའི་དུས་ལ་སྦྱང་དགོས་ཏེ་དེ་ལའང་སྔོན་འགྲོ་དང་དངོས་གཞི་དང་ཕྱི་རྗེས་དང་གསུམ་ལས། སྔོན་འགྲོ་ལ་མ་སྨིན་པ་སྨིན་པར་བྱ་བ་དང་བྱེར་བ་ན་བསྡུ་ཞིང་རླུང་གི་ཁ་གནོན་པ་དང༌། ནད་གབ་པའི་ཚ་བ་མགོ་སྤུར་བཤུ་ཤིང་ངོ་བོ་བླང་བ་དང་མེ་དྲོད་ཉམས་པ་ན་གསོ་བ་དང་ནད་ཀྱི་རྩེ་བཅག་པའམ་བཅིལ་ལ་རྒྱས་པའི་ཚད་པ་མ་ཡིན་པའི་ནད་རྙིང་པ་རྣམས་ལ་སྔོན་འགྲོ་ཁྲུས་དང་བསྐུ་མཉེ་བྱ་བ་དང༌། དངོས་གཞི་ལ་སྦྱོང་སྨན་གྱི་རྒྱལ་པོ་ལྟ་བུ་ཐར་ནུ་དང་བཙུན་མོ་ཁྲོན་བུ་དང་སྲས་ཧོང་ལེན་དང་བློན་ལྕུམ་རྩ་དང་གསེར་མེ་ཏོག་མཚོན་ཆ་པ་ཏོ་ལ་སྟེ་རྒྱ་ཁུར་རྣམས་ཆིབས་སུ་ཀ་ར་བཅས་པས་ནད་ཡུལ་ནས་འདོན་དགོས་ལ། དེ་ཡང་ཚ་བ་སྨིན་པའི་དུས་ལ་ག་བུར་གི་ཝཾ་བསྣན། སྣོད་དུ་བབས་ན་བྲག་ཞུན་དང་དུག་མོ་ཉུང༌། བཅོས་བརྡུགས་པ་ལ་ཚ་ལ་དང་གུར་ཀུམ་གྱི་མདེ་ཁ་བསྒྱུར་བ་སོགས་བྱའོ། །དེ་ལྟར་སྦྱངས་པའི་འཁྲུ་མདོག་དྲི་ཆེ་བ་ལ་ཁ་དོག་དམར་སེར་དུ་བྱུང་ན་ནད་ཐོན་པའི་རྟགས་ཡིན་པས་བསྐོལ་ཚ་དང་བསྐོལ་གྲང་སོགས་ཆུ་ལྕག་གང་འོས་བྲབས་ལ་དག་པར་སྦྱང༌། སྦྱངས་པས་མ་དག་ན་བསྐྱར་ལ་སྦྱང་བར་བྱ་བ་གཅེས་ཏེ་མ་འབྱོངས་པའི་ཚེ་ན་ནད་བསླང་ཞིང་ཚ་བ་སླར་འཕེལ་བར་འགྱུར་བས་སོ། །འབྱོངས་རྗེས་ལ་གོང་དུ་བཤད་པའི་ཆུ་གྲོག་དང་འབྲས་སམ་ཕྱེ་ཐུག་གམ་ཞོ་ཕྲུམ་བཤད་རྒྱུད་ཟས་ལེར་བཤད་པ་ལ་སོགས་པའི་བསིལ་བའི་ཟས་ཀྱིས་བཤལ་བའི་རྗེས་བཅད་དགོས་ཤིང་དེ་ལྟར་མ་ཡིན་པར་རྗེས་ལ་དྲོད་བསྟེན་ན་བཀྲུ་བའི་ཆོ་ག་བཤལ་བྱས་པའི་རྗེས་ལ་སྣོད་དུ་དུག་གཡོས་པ་དང་འདྲའོ། །དེ་ཡང་རྙིངས་པའི་ཚད་པ་རྣམས་ལ་ཨ་རུ་མཆུ་སྙུང་སྐྱུ་རུ་ལྕུམ་རྩ་དུར་བྱིད་སྤོས་དཀར་སོགས་པ་ཆུར་བསྡུས་པའི་རྒྱུན་སྦྱོང་གཏོང་པ་བསྔགས་པ་ཡིན།

དཔྱད་ཀྱིས་བཅོས་པའི་ཐབས་ལ་རྣམ་པ་དྲུག་ཡིན་ཏེ། དེ་ཡང་གཏར་གའི་རིགས་ཀྱིས་ཁྲག་ངན་རྩ་ལམ་ནས་སྦྱང་བ་དང༌། རྔུལ་བཏོན་པས་ཚད་པའི་རླངས་བ་སྤུར་དབྱུང་བ་དང༌། དུགས་ཀྱི་རིགས་བརྒྱབ་པས་འཕྲལ་གྱི་ཟུག་དང་གཟེར་བཅག་པ་དང༌། ལུམས་ཀྱི་རིགས་ཀྱིས་ཚ་བ་བྱེར་བ་གདོན་པ་དང༌། ཆུའི་ལྕག་བརྒྱབ་པས་ཕྱི་ཚད་མེ་དབལ་བཅག་པ་དང༌། གསང་དུ་མེ་ཡིས་ཚ་བ་འབྲོས་འཕྲང་བསྡམས་པའོ།།

དང་པོ་གཏར་གའི་རིགས་ཀྱིས་རྩ་ལམ་གྱི་ཁྲག་སྦྱང་བ་ལ་རུང་བ་དང་མི་རུང་བ་ནད་གཞི་ལ་བརྟག་པ་གཅེས་ཏེ་དེ་ཡང་སྤྱིར་ཁྲག་མཁྲིས་ཀྱི་ནད་ལ་གཏར་བར་གསུངས་ན་ཡང་ཚ་བ་ལ་ཡང་གཏར་དུ་མི་རུང་བ་རྣམ་པ་བདུན་ཡོད་དེ་གང་ཞེ་ན་མ་སྨིན་པའི་ཚད་པ་དེ་གཏར་བའི་ཚེ་ན་རྙོགས་པར་འགྱུར་ཞིང་ཁྱད་པར་དུ་རིམས་ལ་གང་གཏར་ཀྱང་དོན་ལ་འབབ་པ་དང་འཁྲུགས་ལ་སོགས་པར་ངན་ཁྲག་དང་ཟུངས་ཁྲག་མ་ཕྱེ་བར་གཏར་བས་ཟུངས་ཀྱི་ཁྲག་ཤོར་བས་རླུང་སྐྱེ་ལ་ཚ་བའང་བྱེར་ཏེ་ནད་ཁྲག་ལུས་པས་ཚ་བའི་ནད་ཀྱི་རོ་མི་ཐོན། སྟོངས་ཚད་ལ་གཏར་ན་རླུང་འཕྱོ་ལ་ཟུག་གཟེར་སྐྱེ་བ་དང༌། གཉན་ཚད་ལ་གཏར་ན་ཁྲག་གི་ཤུལ་སྲོག་རྩར་འཇུག་ཅིང༌། དུག་ཚད་ལ་གཏར་ན་བྱེར་ཏེ་དུག་རོ་མི་ཐོན། ཟུངས་ངན་གྱི་ཚད་པ་གཏར་བ་ན་སྲོག་གི་རྟེན་ཆད་ཡིན་པས་མི་རུང་ལ། གཏར་དུ་རུང་བ་ནི་ཚད་པ་སྨིན་ཞིང་རྒྱས་པའི་དུས་སྤྱི་དང་ཁྱད་པར་དུ་འགྲམས་དང་འཁྲུགས་དང་ཁྲག་གི་གཟེར་རྣམས་ལ་གཏར་བ་ཤིས་ཤིང༌། སྨིན་ལོང་མེད་པའི་ཚ་བ་ལ་གཏར་ན་ལག་ལ་དངོས་པོ་གཏོད་པ་ལྟར་འཆི་བ་ཡིན་ནའང་རྒྱས་པའི་ཚ་བ་ལ་ཁྲག་དང་སྲོག་ལ་ཐོབ་ཤ་བྱས་ཞེས་གང་རུང་གཏར་བ་དང༌། སྟོངས་པའི་ཚ་བ་ལ་བསིལ་དང་བཅུད་ཀྱིས་གསོ་ཞིང་གཏར་བ་དང་གབ་པའི་ཚད་པ་གང་གབ་པའི་རྩ་ལ་གཏར་ལ་ནད་ངོ་བོ་བསླང་ཞིང༌། རྙིངས་པའི་ཚད་པ་ཕངས་པ་བཞིན་དུ་རྩ་ལམ་གང་རིགས་ནས་ཉུང་དུ་དབྱུང་བར་བྱ་བ་དང༌། རིམས་དང་དུག་དང་གཉན་གཟེར་རྣམས་རྩར་བབས་ན་རླངས་པ་ཐོན་ཙམ་གཏར་རོ། །ནད་ཀྱི་བབས་ནས་གཏར་བའི་དུས་ཚོད་ལ་རན་པ་དང་མི་རན་པ་དང་སྔོན་དུ་འགྲོ་བ་དང་བསྙལ་བའི་ཐབས་དང་གདབ་ཐབས་དང་རྩ་དམིགས་དང་ཁྲག་གི་པྲ་དང་དབྱུང་ཚད་དང་ལོག་གནོན་ལ་སོགས་པ་ཐམས་ཅད་ཕྱི་མ་རྒྱུད་ཀྱི་གཏར་གའི་ལེ་འུར་བཤད་པ་ལྟར་དུ་ཤེས་པར་གྱིས་ཞེས་གསུངས་པ་ལྟར་བྱ་དགོས་ཤིང༌།

རྔུལ་བཏོན་གྱིས་ཚ་བ་བ་སྤུ་ནས་ཕྱིར་དབྱུང་བའི་སྤང་བླང་གི་བགྱི་བ་ནི་མ་སྨིན་པ་སྟོབས་ཆེན་གྱི་ནད་ལ་རྔུལ་མི་དབྱུང་ཞིང་གལ་ཏེ་དབྱུང་བའམ་ཕྱིར་ཕྱུང་ཀྱང་རྔུལ་མེད་ལ་ནད་འཁྲུགས་ཤིང་སླར་ཡང་འབྱེད་པར་བྱེད་ཅིང་ཟུངས་ཟད་པའི་ནད་ལ་རྔུལ་བཏོན་ན་རླུང་སྐྱེས་པའི་ལུས་ཀྱི་སྟོབས་འཇོམས་པས་སྤང་ངོ༌། །མ་སྨིན་པའི་ནད་སྟོབས་ཆུང་རྣམས་ལམ་ནས་བཟློག་པ་དང༌། རྒྱས་པའི་ཚ་བ་ནི་རླངས་པར་འདོན་པ་དང༌། སྟོངས་པའི་རླུང་ཚད་ནི་དུས་གཅིག་ཏུ་དབྱུང་བ་དང༌། རྙིངས་པའི་ཚ་བ་ཤིང་ལ་སྲ་རྩི་ལྟར་ཞེན་པ་རྩིབ་མའི་ཤ་བཀོག་ན་སྒལ་པ་ཉམས་པ་ལྟར་རྔུལ་བཏོན་ན་རྙིངས་ཚད་ཀྱི་རྟེན་དེ་ཕྲལ་བ་བཞིན་དབྱེ་བའི་དོན་ཏེ་དབྲལ་བ་དང༌། ཁྱད་པར་དུ་རིམས་ཀྱི་ཚ་བ་བྱ་རྩལ་མཐུས་ཟ་བ་རྣམས་སྲོག་ཆགས་སོགས་ལ་ཆེད་དུ་གཉེར་ཏེ་གཏོང་བ་ལྟར་གཤམ་བཤད་ཀྱི་སྨན་གྱི་སྤུར་བ་དང་ཤ་ལྤགས་དང་རུས་ལ་བབས་པའི་ཚད་པ་རྔུལ་དུ་དབྱུང་བས་བཅོས་དགོས་པས་དབྱུང་བའི་དུས་རན་པ་ཕལ་ཆེར་ལ་རྔུལ་གྱི་དྲི་ཐོན་པའི་དུས་ཡིན་ཅིང༌། སྦྱོར་བས་ཕུལ་བ་ནི་ཚ་བ་མ་སྨིན་པའི་སྟབས་ཀྱིས་སྨན་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་རྒྱ་གར་ཏིག་ཏ་ལི་ག་དུར་བ་ལེ་ཀ་དང་ཨུཏྤལ་དཀར་པོ་སླེ་ཏྲེས་རྣམས་ལ་བྱ་སྤུར་བརྒྱད་པ་ཞེས་པ་བཏང་བ་དང་འདྲེན་པ་ནི་སྔོ་སྣའི་རླངས་དུགས་བྱེད་པ་གཉིས་སུ་ཤེས་པར་བྱའོ།།

དུགས་བྱས་ཀྱིས་འཕྲལ་གྱི་ཟུག་གཟེར་གཅོག་པ་ལ་བསིལ་དུགས་དང་དྲོད་དུགས་གཉིས་ལས་ཆུ་ནང་གི་རྡོ་དང་རྨོས་ཀྱི་ལྕགས་ཏེ་ཐོང་ལྕགས་གཡའ་གངས་སྤང་གསུམ་གྱི་ཚན་ཞོ་དང་སྦྱར་བ་དང་བསིལ་བའི་སྔོ་སྤུ་ཤེལ་ཙེ་ཏིག་ཏ་ཧོང་ལེན་སོགས་གྲང་མོས་རྒྱས་ཚད་ལ་གསོར་གྱིན་བདུགས་པས་ཁྲག་གཟེར་གྱི་ཟུག་གཅོག་པའི་མཆོག་དང༌། གྲོད་པར་ཆུ་བླུགས་པའི་དུགས་ཀྱིས་གྲེ་བའི་ཚ་བ་དང་རྒྱུ་གཟེར་དང་མིག་གི་ཚད་པ་འཇོམས་པ་ཡིན་ཀྱང་བསིལ་དུགས་དེ་ནི་མ་སྨིན་པའི་རླུང་དེ་དང་ལྡན་པ་ལ་སྤང་ངོ༌། །དྲོད་ཀྱི་དུགས་བྱ་བ་ནི་རྒྱས་པའི་ཚད་པ་རྐྱང་པ་ལ་མི་རུང་བ་སྟེ་འཁར་གོང་ལ་ཆང་བྲན་པ་བསྲོས་པས་རླུང་གི་གཟེར་གཅོག་ཅིང་ཧོར་གྱི་མེ་བཙའ་སྟེ་ཕྱིང་པ་མར་གྱིས་བཙོས་པའི་སྣུམ་དྲོད་དང་ལྡན་པ་དེ་ལ་གོ་སྙོད་བཏབ་པ་གླན་པས་ཀོ་ལེར་གཟེར་ཞིང་འཁྱུག་པ་འཇོམས། ས་བཟང་པོ་ལ་སོ་བཏང་བའི་ཕག་བསྲོས་པས་ཕོ་བར་དུགས་བྱས་ནས་མ་སྨིན་པ་དང༌། གབ་པ་རྙོགས་པ་ཕོ་བའི་མེ་དྲོད་རྣམས་གསོའོ།།

ལུམས་ནི་བདུད་རྩི་ལྔ་ཤུག་པ་བ་ལུ་མཁན་པ་མཚེ་སྟེ་བཞི། དེ་སྟེང་ཚ་རྙོགས་ལ་སྲོ་ལོ་སྨུག་པོ། དུག་ལ་འོམ་བུ། རྙིངས་ཚད་ལ་སྤང་སྤོས་སོགས་ཁ་བསྒྱུར་བའི་ཆུ་ལུམས་སམ་གང་ན་སར་བཅིངས་པས་ལུམས་དང་དེ་བསྐོལ་བའི་རླངས་ལུམས་སོགས་དང་འབྱུང་བའི་ཆུ་ལུམས་ཀྱིས་ཚ་བ་ཤ་དང་པགས་པ་དང་རྩ་དང་རུས་པར་བྱེར་བ་འཇོམས་སོ།།

ཆུ་ཡི་འཁོར་ལོ་ནི་ཆུ་ལ་བསིལ་སྨན་བླུགས་པས་ཕྱི་ཚད་བཅག་པ་ནི་མ་སྨིན་པ་དང་ལྡན་ཚད་རྣམས་ལ་དེ་བྱར་མི་རུང་ཞིང་སྟོབས་ཆུང་བའི་རིགས་ལ་ཨ་བར་སྐྱུར་ཏེ་འབྲས་གསུམ་རྒྱ་ཏིག་ལི་ག་དུར་བ་ལེ་ཀ་ཨུཏྤལ་དཀར་པོ་སླེ་ཏྲེས་ཏེ་སྤུར་བྱེད་བརྒྱད་པ་དང་རྔུལ་དབྱུང་རྗེས་ཆུ་བྲན་པས་ཚ་བ་ལམ་ནས་བཟློག་པ་དང༌། བྱེར་བའི་ཚ་བ་བིག་པན་ཆང་དང་སྦྱར་ཕུལ་གང་ཁོང་དུ་བཏང༌། ཉྭ་གཞི་དང་དཔྱི་དང་དཔུང་པའི་མཐའ་ནས་རིམ་གྱིས་ཆུ་བྲན་པས་ཁོང་དུ་བསྡུ་བ་དང༌། རྒྱས་པའི་ཚ་བ་མེ་དབལ་བསད་པ་ལ་སྐར་ཆུ་ཁོང་དུ་བཏང་ལུས་ཀུན་ཆུས་བྲན་པ་དང་ཆུ་རྒྱུན་བཅུག་གོ། །རྙིངས་པའི་ཚ་བ་རླུང་མེད་རྒྱས་ཚད་དང་འདྲ་རླུང་ལྡན་ལ་ཐོ་རངས་ཆང་བཏང་ཉི་དྲོས་ལ་ཆུས་བྲན་པའི་ཞེན་པ་གདོན་པར་བྱའོ།།

རླུང་གསང་ལ་སོགས་པར་མེའི་ཚ་བའི་འབྲོས་འཕྲང་བསྡམས་པ་ལ་ནི་སྤྱིར་ཚ་བའི་ཀུན་ལ་བསྲེག་པར་མ་བཤད་ཀྱང་ཚ་བ་ལ་བསྲེག་པའི་ནད་ཀྱི་རིགས་རྣམ་པ་དྲུག་ཏུ་ཡོད་དེ་མཁྲིས་པ་རྩར་རྒྱུག་པའི་ནད་ལ་འབྲོས་པའི་འཕྲང་བསྡམས་པ་དང་རྩ་སྟོངས་ཚ་བའི་ལམ་འཕྲང་གི་ཁ་སོ་པས་བཅད་པ་ལྟར་བྱ། ཚད་པའི་གཞུག་ལ་ཐོར་བུའི་རླུང་གིས་འབུད་པ་དེ་མེས་མནན་པ་དང༌། རླུང་གི་རིམས་འདར་བུ་དང་ཡེར་བུ་བྱེད་པ་གཉིས་མལ་དུ་གཞུག་པ་དང༌། ལྷོག་པའི་ཚ་བ་ལ་གཉན་ཐོག་ཏུ་གཉན་དབབ་ཅིང་ཚ་བའི་རྗེས་གྲང་བར་ལོག་པའི་ཚེ་ན་ཕོ་བའི་མེ་དྲོད་གསོ་བ་ལ་སོགས་པ་དེ་དག་ནི་ཚ་བས་ཚ་བ་བཅོས་པ་ཞེས་བྱ་བའོ།།

དེ་ནས་ཚ་བ་བྱེ་བྲག་ཏུ་བཅོས་པའི་ཐབས་ལ་བླ་གཉན་གྱི་ཐོར་བུའི་ནད་ཀྱི་ཉེར་བཞིའི་སྣ་བསལ་བ་ནི། སྨྱོ་བ་དང་ལྐུགས་པ་དང་ཡེར་བ་དང་འཐིབས་པ་དང་མགོ་གཟེར་དང་འཁྱོམས་པ་རྣམས་དང་མིག་ཚག་པ་དང་རྣ་བ་འོན་པ་དང་སྣ་ཁྲག་འཛག་པ་དང་ལྕེ་སྐམས་པ་དང་ཁ་སྐོམ་དད་ཆེ་བ་དང་དང་ག་འགགས་པ་དང་སྐྱིགས་བུ་འབྱམས་པ་དང་གཟེར་ཆེ་བ་དང་གློ་མང་བ་དང་མི་ཁོགས་པ་དང་འཁྲུ་བ་དང་སྐྱུག་པ་བྱེད་དམ་དྲི་ཆུ་འགགས་པ་དང་ཡང་ན་ཁྲག་ཏུ་འཛག་པ་དང་རྔུལ་འབྱམས་པ་དང་ལུས་ཀྱི་དྲོད་ཕྱི་རུ་ཤོར་བ་དང་རྐང་ལག་ན་བ་དང་འཁུམས་པ་དང་ཕོལ་མིག་དང་འབྲས་ལ་སོགས་པ་ངོ་མཚར་ལ་ཚེགས་མེད་པའི་ནད་ཀྱི་སྒོས་ཀྱི་བཅོས་བསྟན།

སྨྱོ་བ་ལ་ལ་ཆལ་ཆོལ་དུ་སྨྲ་ཞིང་ཁོང་པ་ཁྲོ་བའི་ཚུལ་སྟོན། ལྐུགས་པ་ནི་དྲན་པ་ཉམས་ནས་ལབ་སྨྲ་བར་མི་འདོད། ཡེར་བ་ལ་ནི་ཉིན་དང་མཚན་གཉིས་ཀ་ལ་གཉིད་མི་འབྱུང་དེ་ལ་སྨྱོ་བ་ལ་ཡང་ཚ་བས་སྨྱོ་བ་དང་གྲང་བས་སྨྱོ་བ་གཉིས་སུ་ཡོད་པ་དང༌། དེ་བཞིན་དུ་ལྐུགས་པ་ལ་ཡང་ཚ་བས་ལྐུགས་པ་དང་གྲང་བས་ལྐུགས་པ་གཉིས་སུ་དབྱེ་བ་དང་ཡེར་བ་ལ་ཚ་ཡེར་དང་རླུང་ཡེར་རྣམ་པ་གཉིས་སུ་ཡོད་པས་དེ་རྣམས་ངོས་བཟུང་བ་རྩ་གྲིམས་པ་ཚ་བ་སྟོངས་པ་རླུང༌། ཆུ་རྙོག་པ་ཚད་པ། དྭངས་པ་རླུང༌། ལྕེ་སེར་ནག་ཚད་པ། དམར་རྩུབ་རླུང་དང་སྔར་གྱི་རྗེས་བཅད་པ་ནི། གཏར་བཤལ་ག་བུར་བཏང་རྗེས་བྱུང་ན་རླུང༌། མ་བཏང་བར་བྱུང་ན་ཚད་པ་སྟེ་བསིལ་ཐལ་མ་ཐལ་གོམས་པས་བསྟེན་ལ་བསིལ་ལེན་དྲོད་གནོད་ན། ཚད་པ་དང་དེ་བཞིན་གོ་ལྡོག་གིས་རླུང་ཡིན་མིན་ལ་ཤན་དབྱེ། ཚད་སྨྱོའི་དུས་གཞུག་ཆུང་ལྔའམ་ཡང་ན་བདུན་ཆང་དུ་བསྡུས་པའི་ཁུ་བར་ག་བུར་རྒྱལ་པོ་དང་བློན་པོ་ཅུ་གང་སྦྱར་བ་བཏང་ལ་རྔུལ་མང་དུ་དབྱུང༌། ཡང་ན་ག་བུར་ཆང་དང་སྦྱར་ལ་བཏང་ཞིང་ཚིགས་པ་དྲུག་པ་དང་ཨན་སྟོང་མེས་བསྲེག དེ་རྗེས་ལུག་སྐྱེས་ནས་ལོ་གཉིས་སོང་བ་ཕོ་ལ་ཐོང་པ་དང་མོ་ལ་ཚེར་མོ་ཞེས་པའི་དང་ག་སྟེ་བྲང་གི་བལ་འདབ་གཅིག་སྟེ་སྤར་བ་གང༌། སྲེ་ལོང་མཇུག་ཐུང་སོག་ཡུ་སྟེ་རུས་བཅུད་གསུམ་གྱི་ཁུ་བས་བལ་གྱི་ཚི་བཙིར་ནས་ཚ་ལ་གླ་རྩིས་དུག་འདོན་པ་དང་རྡོ་དྲེག་གིས་ངར་བཏགས་སྲོད་དང་ཐོ་རངས་རླུང་གི་དུས་སུ་གཏང་བར་བྱ། ཡང་ན་བལ་གྱི་ཚིར་ཛཱ་ཏི་དང་ཀ་ཀོ་ལ་རུས་བཅུད་ཀྱི་ཁུ་བ་སྦྱར་བ་བཏང་ལ་མ་མཆུའི་དཀྱིལ་དུ་བསྲེག གྲང་བས་སྨྱོ་བའི་ཚེ་ན་བུར་དཀར་དང་ཆང་སྦྱར་བ་བཏང༌། དེས་མ་ནོན་ན་ཤ་མར་བུ་རམ་ཆང་རྙིང་པ་སྟེ་བཅུད་བཞིའི་ཐང་ལ་ཛཱ་ཏི་དང་ཤིང་ཀུན་དང་བིག་པན་ལ་དེང་སང་ལྷ་རྗེ་རྣམས་སྒོག་པ་བསྲེགས་པར་བྱེད་པ་ནུས་པའི་ཆ་ནས་མི་འགལ་ཀྱང༌། ཕྱི་རྒྱུད་ཐལ་སྨན་དུ། བིག་པན་སྲད་དཀར་སྙ་ལོ་ཀྱི་ལྕེ་བཞི། །དུ་བ་མ་ཤོར་བསྲེགས་ཐལ་རླུང་རིམས་སེལ། །ཞེས་དང༌། སྒོག་སྐྱ་བཙན་དུག་ཕག་རིལ་སྒྲོ་ལ་སོགས། །ཞེས་སོ་སོར་གསུངས་པ་དང༌། སྟོད་འཁྲུགས་སོགས་ལ་བིག་པན་ཐལ་བ་ཞེས་པར་སྒོག་བསྲེགས་ཡིན་ན་བསྲེག་ཐེངས་གཉིས་བྱེད་དགོས་པ་ཐལ་བའི་ཐལ་བ་མི་སྲིད་པ་ལྟ་བུ་དང༌། བཤད་རྒྱུད་རྐྱང་སེལ་དུས་སྨན་སྡེབས་སུ་བཤད་པ་བཅས་ནི་ལ་ཐོ་ཐ་རང་འཐད་ལ། དེ་མཚུར་གྱི་རིགས་ཏེ་རླུང་ཚད་ལ་མི་ཕན་སྙམ་ན་ཚད་པར་མན་ངག་གི་སྨན་ཁ་ལ་རྒྱས་འདེབས་སོགས་སུ་མཚུར་གཉིས་བཤད་པ་དང༌། རླུང་ལ་རོ་སྐྱུར་བས་ཕན་པ་བཅས་རྒྱུད་ཀྱི་དགོངས་པ་བིག་པན་ངོ་བོ་རང་འཐད་པ་དང༌། ཁ་རུ་ཚ་རྣམས་བཏབ་པ་བཏང་བ་དང༌། ཨན་སྟོང་དང་ཚིགས་པ་དྲུག་བདུན་དཀར་ནག་མཚམས་རྣམས་སུ་བསྲེག་ཅིང་ཤ་རྙིང་དང་མར་རྙིང་རུས་ཆེན་སྟེ་མི་རུས་ཀྱི་ཁུ་བ་བཏང་ངོ༌། །ཚ་བས་ལྐུགས་པ་ན་ག་བུར་དང་ཅུ་གང་ཙནྡན་དཀར་པོ་སོགས་རྒྱལ་བློན་གསུམ་བཏང་ལ་རྔུལ་དབྱུང་ཞིང་དེའི་རྗེས་ལ་ཆུ་ལྕག་བྱས་ལ་ལྕེ་འོག་གི་སྒབ་རྩ་དང་ཐོང་རྩ་རུ་ཐུང་སོགས་ཀྱི་རྩ་ལ་གཏར། དེ་ལ་ཡང་སྐྱེད་མེད་ན་སྤྱི་གཙུག་དང་མཚོག་ཀ་བསྲེག་གོ །གྲང་བས་ལྐུགས་པ་ན་སྲོག་རྩ་མྱོས་བྱེད་ནུ་མ་ནས་ཚོན་གང་མཆན་འོག་ཏུ་བཅལ་བ་དང་སྤྱི་གཙུག་ཨན་སྟོང་སོར་མོ་ཉི་ཤུའི་མདུན་ནེའུ་ལེ་བསྲེག་ཅིང༌། ཤ་འདོན་ཞེས་ལུག་ཐོང་ཚེར་གྱི་ཤ་ཁུ་འདོན་བཞིའི་སྐབས་དམར་འདོན་དུ་བཤད་པ་ལྟར་དང་ལ་སོགས་ཞེས་པ་ནས་སྐྱུར་འདོན་ཞེས་ཆང་གི་གླུམ་བཙིར་བའི་ཉེ་འུར་རྒྱ་ཚྭ་བཏབ་པས་མཚོན་བཅུད་ཀྱིས་བཅོས་པར་བྱའོ། །ཚ་བས་གཉིད་ཡེར་བ་ལ་གླ་རྩི་དང་མར་དཀར་བྱུག་ཅིང་གླ་རྩི་འོ་མར་བསྡུས་པ་དང་སྒོག་པའི་ཐལ་བ་རྣམས་བཏང༌། རླུང་ཡེར་ལ་ཤ་དང་ཆང་དང་བུ་རམ་སྒོག་པའི་ཚོད་མ་བྱིན་ཞིང་དྲོད་སྨན་པི་པི་ལིང་འོ་མའམ་བུ་རམ་རྙིང་པ་དང་སྦྱར་བའི་འཇམ་རྩི་བྱ། གཉིད་ཀྱིས་མྱོས་པ་ན་བ་ལུ་དང་རྡོ་དྲེག་དང་ཤུག་པའི་འབྲུམ་གྱི་ཐང་བཏང་ལ་སྤྱང་ཀིའི་སྙིང་དང་སྡིག་པའི་མགོ་གི་ཝཾ་བུ་མོ་སྟག་ལོ་མའི་སྲིན་ལག་སེན་མོ་ཆུར་སྦྱངས་ཀྱི་སྦྱོར་བ་བྱ་བ་དང༌། བྱི་བ་དང་ཉའི་མིག་གང་རྙེད་པ་མིག་ལ་བྱུག མགོ་གཟེར་ལ་གསེར་ཕུད་དང་གཡའ་ཀྱི་མ་རི་ཤོའི་རྩ་བ་སྐྱི་བའི་འབྲས་བུ་དང་བོང་ང་དཀར་པོ་བཅས་པའི་སྐྱུགས་ཀྱིས་དྲངས་དེས་ཟུག་མཆོག་ན་དེ་རྗེས་ལ་ཐར་ནུ་གསེར་གྱི་མེ་ཏོག་ཆུ་རྩ་ཚ་བཤལ་གྱིས་སྦྱངས་ཤིང་དཔྲལ་བའི་རྩ་དང་མཚོག་མའི་གསང་གཉིས་གཏར་ལ་ཆུ་ལྕག་བྱ་བ་དང༌། མུར་གོང་འཕར་རྩ་གཉིས་དང་ལྟག་པའི་སྡུད་སྒོ་བསྲེག་ཅིང་དོམ་མཁྲིས་དང་རྒྱ་གར་ཏིག་ཏ་དང་གུར་ཀུམ་དང་བོང་ང་དཀར་པོ་ཨ་བྱག་དང་གངས་ཐིགས་དང་གསེར་གྱི་མེ་ཏོག་དང་ཀ་ར་རྣམས་སྦྱར་ལ་བཏང་ངོ༌། །མགོ་བོ་འཁྱོམས་པ་ལ་ལུག་མགོ་ལོ་གསུམ་ལོན་པ་བསྲེགས་པ་ཚོས་པར་བཙོས་པའི་མགོ་ཁྲོལ་གྱི་སྦྱོར་བ་ལ་ཤིང་ཀུན་དང་སྒ་སྐྱ་བཏབ་པ་བྱིན་ཞིང་མར་གསར་དང་རྒྱམ་ཚྭ་གཉིས་སྦྱར་བའི་སྣ་སྨན་བཏང་ངོ༌། མིག་ཚག་པ་ལ་ག་བུར་དང་དོམ་མཁྲིས་དང་སྐྱེར་པའི་ཁཎྜ་སོགས་བྱུག་པ་དང་གླ་རྩི་དང་སྐྱེར་པའི་བར་ཤུན་གྱི་ཐང་དུ་བཏང༌། རྣ་བ་འོན་པའི་ཚེ་ན་ཚིགས་པ་བཅུ་བཞི་པ་བསྲེག་ཅིང་རྗེས་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང་རྒྱུད་ཕྱི་མའི་རྩ་བ་ལྔའི་སྨན་མར་སྦྱར་རོ། །སྣ་ཁྲག་འོང་བའི་ཚེ་ན་མཁན་སྐྱ་དང་སྐྱེར་པའི་ཁུ་བ་བསྡུས་ལ་རྡོ་དྲེག་དང་གུར་ཀུམ་དང་དོམ་མཁྲིས་རྣམས་སྦྱར་ལ་བཏང༌། ཡང་ན་གུར་ཀུམ་དང་དོམ་མཁྲིས་དང་སྔོ་མཚེའི་ཐལ་བ་དང་རྡོ་དྲེག་དང་སྙ་ལོ་དང་སྲད་དཀར་བ་དང་ཀྱི་ལྕེ་བ་དང་ཀ་ར་རྣམས་སྦྱར་ལ་བཏང་ལ་མགོ་དང་རོ་སྟོད་ཆུས་བསྒྲང་བ་སྟེ་ཆུ་ཐེར། ཁ་དང་ལྕེ་སྐམ་པ་ལ་སྟར་བུ་དང་ཉི་དགའ་སྟེ་ལྕམ་པ་དང་ཆུ་རུག་པ་དང་ཀ་ར་དང་སྦྲང་རྣམས་སྦྱར་བ་མུར། ཁ་སྐོམ་དད་ཆེ་བ་ན་ཉི་དགའ་སྟེ་ལྕམ་པ་དང་ཀ་ར་སྦྱར་བའམ་འུ་སུ་བསྐོལ་བའི་ཁུ་བར་ཀ་ར་དང་སྦྲང་བཏབ་པ་བྱིན་ཞིང་ཡང་ན་སོ་ཕག་རྙིང་པ་བསྡུས་པའི་ཁུ་བས་དབུལ། དང་ག་འགགས་པ་ལ་ཀ་ར་དང་རྒུན་འབྲུམ་རྣམས་སྦྱར་བའམ་ཡང་ན་སྐྱུ་རུ་ར་དང་ཀ་ར་བཅས་སྦྲང་དང་སྦྱར་བའི་མཁུར་བཀང་བཏང་ཞིང་རྒྱ་གར་ཏིག་ཏ་དང་སྐྱུ་རུ་ར་དང་རྒྱམ་ཚྭ་རྣམས་ཀྱི་གྲང་ཐང་བཏང་ལ་དེ་རྗེས་ལ་སྣོད་ཀ་དང་ཐོང་རྩ་དང་མཁྲིས་རྩ་གཤའ་རིངས་གསུམ་གའམ་གང་རིགས་གཏར། གྲང་ན་རྒྱུད་ཕྱི་མ་ལྟར་གྱི་སེ་འབྲུ་བཞི་པ་དང་ཅུ་གང་བདེ་བྱེད་ཆུང་བ་གཉིས་སྦྱར་བ་དེ་སྙིང་ལ་གང་འདོད་པའི་ཟས་དང་སྦྱར་ལ་བཏང༌། སྐྱིགས་བུ་འབྱམས་པ་ལ་ཚ་བ་དང་གྲང་བ་གཉིས་ཀ་ལ་སྦྲིད་པ་བཏོན་ན་ཤིན་ཏུ་ཕན་ཞིང་ཚ་བས་སྐྱིགས་པ་ན་མགོ་དང་ལུས་ལ་ཆུ་ལྕག་བྱ་ཞིང༌། དེ་རྗེས་ལ་ཚིགས་པ་དྲུག་པ་དང་བདུན་པ་མཚོག་ཁ་སྟེ་མཚོག་གསང་བསྲེག་ཅིང་ཙནྡན་དཀར་པོ་དང་མིའི་ནུ་ཞོ་སྦྱར་བ་སྣ་རུ་བླུགས་པ་དང༌། ཡང་ན་ག་བུར་རྒྱལ་པོ་དང་ཅུ་གང་བློན་པོ་བཅས་སྦྱར་བ་བཏང་བའི་རྗེས་ལ་མཐེབ་ཆེན་དང་སྲིན་ལག་གི་སེན་མོ་སྤྲ་བས་བསྲེག གྲང་བས་སྐྱིགས་པ་ན་རྐྱང་སེལ་གྱི་ཚྭ་སྣ་རྣམས་ཆང་དང་སྦྱར་བ་བཏང་ཞིང་ཟན་དྲོན་གྱི་ཞྭ་མོ་བྱས་ལ་མགོ་ལ་བསྐོན་པ་དང༌། མཚོག་སྲུབས་ཏེ་མཚོག་གསང་སྐེ་སྟོང་ཕོ་བའི་དཀྱིལ་དུ་ཞེས་ཕོ་གསང་དབུས་མ་བསྲེག གཟེར་ལ་ཁྲག་གཟེར་དང་གཉན་གཟེར་དང་རླུང་གཟེར་གསུམ་གྱི་ཁྲག་གཟེར་གྱི་རྩ་འབུར་འདྲིལ་ཆུ་དམར་དུགས་གཟེར་མི་འཕོ་བ་ལ་མ་ནུ་པ་ཏྲ་དང་རུ་རྟ་ཞིབ་བཏགས་ལ་ཀ་ར་དང་སྦྱར་བ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་བ་དང༌། གཉན་གཟེར་ལ་གུ་གུལ་ནག་པོའི་དྲུངས་ཞེས་དྭངས་པའི་ཐང་བླུད། རླུང་གཟེར་བྱེད་ཅིང་རྩ་སྟོངས་ཆུ་དྭངས་གཟེར་འཕོ་བ་ལ་སྤྲུ་མའི་རྩ་བ་དང་གླ་རྩི་དང་བདུད་རྩི་སྨན་སྒྲུབ་ཀྱི་ཆོས་སྨན་ནམ་མ་བྱུང་ཚེ། མཁས་བཙུན་བཟང་འཛོམ་གྱི་དྲི་ཆེན་གང་རུང་དང་གུར་ཀུམ་རྣམས་སྦྱར་བ་སྲེ་ལོང་ཐང་གིས་དབུལ་ཡང་ན་ཛཱ་ཏི་དང་སུག་སྨེལ་དང་པི་པི་ལིང་པུ་ཤེལ་ཙེ་དང་སླེ་ཏྲེས་དང་ཤིང་ཚ་དང་ཀ་ར་རྣམས་སྦྱར་བ་སྲེ་ལོང་གི་ཐང་གིས་དབུལ། གློ་མང་ན་ཅུ་གང་དང་ཤིང་མངར་དང་ཀ་ར་སྦྱར་བ་དང་རའམ་ཡང་ན་བའི་འོ་མ་དྲོན་མོས་ཕུལ་ལ་བཏང༌། །ཡང་ན་ཕོ་རོག་མིག་སྟེ་ཕོ་རོག་ཉུང་མའི་རྩ་བ་དང་ཅུ་གང་དང་ཀ་ར་སྦྱར་ལ་དེའི་རྟ་བའི་འོ་མས་ཕུལ། ཡང་ན་ཅུ་གང་དང་ཤིང་ཚ་དང་པི་པི་ལིང་དང་ཀ་ར་རྣམས་སྦྲང་དང་མར་ལ་སྦྱར་བའི་ལྡེ་གུ་བཏང༌། ཡང་ན་ཅུ་གང་དང་ཨ་ཀྲོང་དང་རུ་རྟ་དང་པི་པི་ལིང་དང་ཀ་ར་རྣམས་སྦྱར་ལ་བཏང༌། གློ་དེ་འགོགས་པ་དཀའ་ན་སྟར་བུ་དང་རུ་རྟ་དང་པི་པི་ལིང་ཤིང་ཚ་དང་སྐྱུ་རུ་ར་སྟེ་སྨན་ལྔ་པོ་འདིར་སྟར་བུ་པཉྩའང་ཟེར་བ་དང་སྦྲང་རྣམས་སྦྱར་ལ་བཏང༌། འཁྲུ་བ་ལ་ཚ་འཁྲུ་དང་གྲང་འཁྲུ་རྣམ་པ་གཉིས་ལས་མདོག་དུད་ཁུ་ལྟ་བུའམ་དམར་སེར་ལ་དྲི་ཆེ་ཞིང་ཆུ་ལ་གཏིང་དུ་འབྱིང་བ་ན་ཚ་འཁྲུ་ཡིན་པས་རྒྱུད་ཕྱི་མ་ལྟར་གྱི་མཁྲིས་ཕྱེ་བདུན་པ་སྦྱར་བ་དང༌། ཨིནྡྲ་བཞི་ཐང་ལ་བིལ་བ་བཏབ་པ་བཏང་བས་གཅོད། རྩམ་པའི་མདོག་འདྲ་བ་དང་ལྦུ་བ་ཅན་ཆུ་ལྟ་བུར་འཁྲུ་བ་ན་གྲང་བ་སྟེ་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པ་དང་འཁྲུ་གཅོད་བཞི་པ་གཉིས་སྦྱར་ལ་བཏང་བ་དང༌། ལྟེ་འོག་ཚོན་གང་དབུས་དང་ཚོན་དོ་བཅལ་བ་དབུས་མར་བསྲེག །སྐྱུག་པའི་ནད་ལ་ཚ་བ་དང་གྲང་བ་གཉིས་ལས་ཁྲག་དང་མཁྲིས་པ་གཉིས་སྐྱུག་པ་ནི་ཚ་བ་ཡིན་ཏེ་ཁྲག་ཏུ་སྐྱུག་པ་ན་རྒྱ་སྐྱེགས་ཀྱི་ཁུ་བ་ལ་དོམ་མཁྲིས་དང་གུར་ཀུམ་དང་ཀ་ར་རྣམས་སྦྱར་ལ་བཏང༌། མཁྲིས་པར་སྐྱུག་པ་ན་རྟ་སྦངས་ཆང་དང་སྦྱར་བ་བཏང༌། ཡང་ན་འབྲས་བཀྲུས་པའི་ཁུ་བར་པུ་ཤེལ་ཙེ་དང་སྦྲང་རྩི་བཏབ་སྟེ། ལྡེ་གུར་བཏང་བས་གཅོད་དོ། །ཆུ་འདྲ་བ་དང་རྩམ་པ་འདྲ་བ་སྐྱུག་པ་གྲང་བ་ཡིན་ཏེ་འབྲས་ཡོས་ཁྱོར་གང་ལ་སེ་འབྲུ་པི་པི་ལིང་བཅའ་སྒ་དང་སྦྲང་རྩི་སྦྱར་བ་བཏང་ལ་ལྷེན་གསང་བསྲེག་ཅིང་སྟོངས་སྐྱུགས་བྱེད་པ་ལ་སྲེ་ལོང་བའི་ཐང་བཏང་ལ་ཚིགས་པ་དྲུག་པ་བསྲེག ཚ་བས་ཆུ་འགགས་ན་སོ་བྱའི་སྒྲོ་མེར་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་དང་བོང་བུ་ཐོར་པོ་ནག་པོའི་ལག་པའི་རྨིག་པ་གཡས་ཀྱི་རྩི་བཞུར་ལ་ཆུ་སྦུར་ཏེ་ཆུ་དཀྱིལ་གྱི་སྦུར་ཆུང་མྱུར་བར་འགྲོ་བ་དེ་དང་ཉི་དགའ་ཞེས་ལྕམ་པ་དང་ཀ་ར་རྣམས་སྦྱར་ལ་བཏང༌། ཡང་ན་མཁལ་མ་ཞོ་ཤ་དང་སྐྱེར་ཞུན་དང་རྒྱ་ཚ་བཅས་པའི་ཐང་བཏང༌། དེས་ཀྱང་མ་སེལ་ན་ལོང་རྩ་གཉིས་ལ་གཏར། ཟེ་ཚྭ་དང་སྡིག་སྲིན་དང་གཟེ་མ་རྣམས་ཆང་དང་སྦྱར་ལ་བཏང་བས་ཁྱད་པར་དུ་རིམས་ཚད་ཀྱི་ཆུ་འགགས་སེལ་བར་བྱེད་ལ། དྲི་ཆུ་ཁྲག་ཏུ་འཛག་པའི་ཚེ་ན་བྲག་ཞུན་དང་གུར་ཀུམ་དང་དོམ་མཁྲིས་སྦྱར་བ་བཏང་ལ་བྱིན་གཞུག་དང་ལོང་རྩ་གཏར། དྲི་མ་འགགས་པ་ན་ལ་ཕུག་གི་ཐལ་བ་དང་ཨུག་ཆོས་ཀྱི་འབྲས་བུ་དང་ཨ་རུ་མཆུ་སྙུང་སོགས་པ་དང་འོ་མ་སྦྱར་ལ་ལྟོར་གཏང་ཞིང་ལག་ལེན་ཕྱི་རྒྱུད་ལྟར་གྱི་ནི་རུ་ཧས་བསུ་བ་དང༌། ཀྱི་ལྕེའི་ཁུ་བ་བསྡུས་པའི་ཐང་དེར་མར་དཀར་བཏབ་ལ་བྱིན། ཡང་ན་སྣེ་རྒོད་ཀྱི་འབྲུ་དང་བུལ་ཏོག་ཐང་དུ་བཏང་ངོ༌། །རྔུལ་འབྱམས་ན་ད་ལིས་ཏེ་བ་ལུའི་མེ་ཏོག་དང་ལུག་མིག་གི་ཐང་བཏང་ལ་དེའི་རྗེས་ལ་སྒ་སྐྱ་ཆང་དང་སྦྱར་བའམ་ཧོང་ལེན་དང་ཙནྡན་དམར་པོ་དང་བོང་ང་དཀར་པོ་མར་གསར་པར་སྦྱར་བ་བྱུག་གོ། །ལུས་ཀྱི་དྲོད་ཕྱིར་ཤོར་ན་ཆུ་ལྕག་བྱས་པའི་རྗེས་ལ་སྐྱུ་རུ་ར་དང་ཨུཏྤལ་མར་དཀར་པོ་དང་སྦྱར་བ་དང་སེ་རྒོད་དང་སྐྱེར་ཤུན་དང་སོ་མ་ར་ཛ་བཅས་བྱུག་གོ། །ཚ་བའི་རྗེས་ལ་རྐང་པ་དང་ལག་པ་ཞ་བའམ་རེངས་ཤིང་ན་བ་དང༌། ཁ་མིག་ཡོ་ན་ཕྱི་རྒྱུད་ལྟར་གྱི་རྩ་སྦྱངས་དང་རང་བྱུང་ཆུ་ཚན་གྱི་ལུམས་སུ་བྱ། འབྲས་དང་ཕོལ་མིག་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཐང་གིས་ཁྲག་གི་དབྱེ་བ་ཕྱེ་ལ་གང་ཉེ་བའི་རྩ་གཏར་རོ། །དེ་ལྟར་བླ་གཉན་གོང་དུ་སོགས་ཁོངས་དང་འདིར་སྣ་ཚོགས་ཞེས་པ་མང་ཚིག་གསུངས་པའི་བླ་གཉན་དངོས་བསྟན་ཉེར་དྲུག་ལས་གཞན་ཡང་མང་དུ་འབྱུང་སྲིད་པས་རང་རང་སོ་སོའི་གཉེན་པོ་གང་དང་གང་དགོས་ཀྱི་གསོ་བ་རིག་པའི་མདས་བསྣུན་ལ་བཅོས་དགོས་པའི་ཐོར་བུའི་ནད་སྣ་ཚོགས་པ་ཚ་བ་ཀུན་ལ་ཕལ་ཆེ་བར་འབྱུང་འགྱུར་ཏེ་ཁྱད་པར་དུ་བལ་ནད་ཀྱི་རིམས་ལ་མང་བ་ཡིན་པས་དེའི་ཕྱིར་ན་ཁ་འཐོར་རྣམས་རང་རང་གི་གཉེན་པོས་ནད་ཀྱི་སྣ་གང་བྱུང་བསལ་བར་བྱའོ་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་སྤྱི་བཅོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:42 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།