སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ།



ལེའུ་བཅུ་གཉིས་པ། ནད་ཀྱི་དབྱེ་བ་བསྟན་པ། 

ནད་ཀྱི་མཚན་ཉིད་བཤད་ཟིན་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ནད་ཀྱི་དབྱེ་བ་འཆད་པའི་སྐབས་འདིར་ཡང་དག་པར་ནད་རྒྱུའི་སྒོ་ནས་དབྱེ་བ་དང༌། རྟེན་གྱི་སྒོ་ནས་དབྱེ་བ་དང༌། རྣམ་པའི་སྒོ་ནས་དབྱེ་བ་སྟེ་རྣམ་པ་གསུམ་དུ་ཡོད་ཅེས་པའོ།།

ནད་ལ་དབྱེ་བའི་གཞི་རྣམ་པ་གསུམ་གྱི་ནང་ནས་དང་པོ་རྒྱུའི་སྒོ་ནས་དབྱེ་བའི་ཚུལ་ནི་ཚེ་འདིའི་ཉེས་པ་རླུང་མཁྲིས་བད་ཀན་ཁོ་ན་ལས་བྱུང་བའི་ནད་དང༌། སྔོན་གྱི་ལས་ངན་པ་སད་པ་ལས་བྱུང་བའི་ནད་དང༌། དེ་གཉིས་ཕན་ཚུན་འདྲེས་པ་ལས་བྱུང་བའི་ནད་དང་རྣམ་པ་གསུམ་དུ་ཡོད་པ་ལས། དང་པོ་ཚེ་འདིའི་ཉེས་པ་ལས་བྱུང་བའི་ནད་ནིགོང་དུ་རྒྱས་པར་བཤད་པའི་ནད་ཀྱི་རྒྱུ་རླུང་མཁྲིས་བད་ཀན་དང་རྐྱེན་དུས་གདོན་ཟས་སྤྱོད་འཛོམ་པ་ལས་ངེས་པར་འབྱུང་བ་སྟེ། ཡོངས་གྲུབ་ཚེ་འདིའི་ནད་དང་ལྟར་སྣང་འཕྲལ་གྱི་ནད་དང་ཀུན་བརྟགས་གདོན་གྱི་ནད་ཕལ་ཆེ་བ་རྣམས་སོ། །དེ་དག་ནི་སྨན་དཔྱད་ཟས་སྤྱོད་བགེགས་བསྐྲད་ཡས་གླུད་གསུང་བསྒྲགས་སོགས་རིམ་གྲོས་བཅོས་པར་བྱ་ལ། གཉིས་པ་སྔོན་གྱི་ལས་ངན་པ་སད་པ་ལས་བྱུང་བ་ནིཚེ་སྔ་མ་གཞན་ལ་བརྡེག་འཚོག་དང་སྲོག་གཅོད་པ་ལ་སོགས་ཏེ་མི་དགེ་བ་བཅུ་སྤྱད་པའི་ལས་ངན་པའི་འབྲས་བུ་རྣམས་སད་ཅིང་རྣམ་པར་སྨིན་པ་ལས་སྐྱེས་པས་ན་གོང་དུ་བཤད་པའི་རྒྱུ་རྐྱེན་འཛོམ་པ་མེད་པ་ལ་ཡང་ནད་ཀྱི་དཀྱེལ་ཆེ་བ་སྟེ་ཟུག་རྔུ་སྟོབས་དང་ལྡན་པས་ངེས་པར་སྲོག་འཕྲོག་པར་འགྱུར་བ་སྟེ་གཞན་དབང་སྔོན་གྱི་ལས་ཞེས་བྱ་བ་དག་ཡིན་ནོ། །འདི་ནི་སྦྱིན་པ་རྣམ་པ་བཞི་ལ་སོགས་ཚོགས་གསོག་པ་དགེ་བ་བཅུའི་དཀར་ཆོས་འབའ་ཞིག་གིས་བཅོས་པར་བྱའོ། །གསུམ་པ་ཉེས་པ་དང་ལས་འདྲེས་པ་ནི། རྒྱུ་རྐྱེན་ཆུང་ངུ་ཙམ་ལས་མེད་དུ་ཟིན་ཀྱང་ནད་སྟོབས་དཀྱེལ་ཆེན་པོར་གྱུར་པ་གང་ཡིན་པ་དེ་རྣམས་ནི་ཚེ་འདིའི་ཉེས་པ་རླུང་མཁྲིས་བད་ཀན་དང་སྔ་མའི་ལས་ངན་པའི་རྣམ་སྨིན་གཉིས་ཀ་འདྲེས་པ་ལས་བྱུང་བ་ཡིན་ཏེ། མཚན་བཞི་དང་བཅོས་ཐབས་ཀྱང་འདྲེས་པ་ལས་ཤེས་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་བཤད་པ་རྣམ་པ་གསུམ་གྱི་ནང་ནས་ཀྱང་དང་པོ་ཚེ་འདིའི་ཉེས་པ་ལས་བྱུང་བའི་ནད་ལའང་རྣམ་པ་གཉིས་ཏེ། ལུས་ལ་རང་བཞིན་གྱིས་གནས་པ་ཁོང་གི་ཉེས་པ་ཞེས་བྱ་བ་དང༌། ཕྱིའི་རྐྱེན་འགའ་ཞིག་ལས་བྱུང་བ་གློ་བུར་བའི་ཉེས་པ་གཉིས་སོ། །དེ་ཡང་གང་ཞེ་ན། དང་པོ་ནི་རླུང་དང་མཁྲིས་པ་བད་ཀན་གསུམ་ཡིན་ཏེ། དེ་གསུམ་ནི་ཐོག་མར་འཁྲུགས་ནས་ནད་ཀྱི་ཟུག་རྔུ་སྐྱེད་པར་བྱེད་ལ། གཉིས་པ་ནི་སྦྱར་བ་ལ་སོགས་པའི་དུག་དང༌། མདའ་རྡོ་ལ་སོགས་པའི་མཚོན་དང༌། འབྱུང་པོ་ལ་སོགས་པའི་གདོན་དང་རྣམ་པ་གསུམ་སྟེ། དེ་ནི་ཐོག་མར་ཟུག་རྔུ་སྐྱེས་ནས་སླར་འབྱུང་བ་འཁྲུག་པར་བྱེད་པ་ཡིན་ནོ།།

ནད་ལ་རྟེན་གྱི་སྒོ་ནས་དབྱེ་ན་སྐྱེས་པ་ཁོ་ན་ལ་འབྱུང་བ་དང༌། བུད་མེད་ཁོ་ན་ལ་འབྱུང་བ་དང༌། བྱིས་པ་ཁོ་ན་ལ་འབྱུང་བ་དང༌། རྒས་པ་ཁོ་ན་ལ་འབྱུང་བ་སྟེ། ཐུན་མོང་མ་ཡིན་པའི་ནད་རིགས་བཞི་དང༌། དེ་བཞི་ག་ལ་ཀུན་ཏུ་ཁྱབ་པ་ཐུན་མོང་གི་ནད་ཅེས་བྱ་བ་དང་རྣམ་པ་ལྔ་ཡོད་དོ། །རྟེན་གྱི་སྒོ་ནས་དབྱེ་བའི་ནང་ཚན་སོ་སོ་བ་གང་ཞེ་ན། སྐྱེས་པའི་ནད་ལ་ཁུ་བ་ཟད་པ་དང༌། ཧ་ཅང་མང་བས་རླུགས་པ་གཉིས། རླིག་རླུགས་ཀྱི་ནད་རླུང་མཁྲིས་བད་ཀན་ཚིལ་གཅིན་དང་རྒྱུ་མ་ལས་བྱུང་བ་དང༌། ཕོ་མཚན་གྱི་ནད་འབྲུམ་པ་ཅན་དང་མདུད་པ་འདྲ་བ་དང༌། སྦུབས་འབྱར་དང༌། གྲ་མ་ཅན་དང༌། རླུང་མཁྲིས་ཁྲག་དང་བད་ཀན་འདུས་པ་ལས་གྱུར་བ་སྟེ། འདི་གཉིས་ལ་རིམ་པ་བཞིན་དུ་སྔ་མ་དྲུག་དང་ཕྱི་མ་དགུ་ཁུ་བའི་ནད་གཉིས་དང་བཅས་པས་རྣམ་པ་བཅུ་བདུན་དུ་བཤད་དོ། །བུད་མེད་ཀྱི་ནད་ལ་མངལ་གྱི་ནད་རླུང་དང་མཁྲིས་པ་བད་ཀན་ཁྲག་འདུས་པ་སྟེ་ལྔ་དང༌། ཆུ་བུར་ཅན། ཧྲེམ་པོ། བེམ་པོ། རྨེན་སྐྲན། ཕོ་སྐྲན། སྐྲན་རོ་ནག་པོ། རྩ་སྐྲན། ས་བོན་གྱི་སྐྲན། ཟ་ཁུ་སྟེ་མངལ་སྐྲན་དགུ། མངལ་གྱི་སྲིན་བུ་མ་རུ་ཙེ་དང༌། ཨ་སོ་ལངས་ཁྲོས་རྣམ་པ་གཉིས་དང༌། གློ་སྙིང་མཆིན་མཆེར་མཁྲིས་མཁལ་རྒྱུ་མ་འོ་མ་ནུ་མ་གོར་པ་སྟེ་ཁྲག་ཚབས་བཅུ་དང༌། མགོ་རུས་པ་སྙིང་མཁལ་མ་ཕོ་བ་རྒྱུ་མ་སྟེ་རླུང་ཚབས་དྲུག་བསྣན་པས་རྩ་ནད་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །བྱིས་པའི་ནད་ལ་ཕྲ་རགས་ཞིབ་ཚེགས་བརྒྱད། །ཅེས་པའི་བརྒྱད་ནི། །མཐའི་གསལ་བྱེད་དེ། བྱིས་པའི་ནད་ལ་མགོ་སྐྲངས་པ། གྲེ་བ་འགགས་པ། མཆེར་མཁྲིས་ཕོ་ལོང་ས་ཟོས་ཞོ་རས་ཀྱི་ནད་དེ་ཕྲ་བ་བརྒྱད། བྲང༌། གློ་བ། མཆིན་པ། འཁྲུ་སྐྱུགས་རིམས་དང༌། ལྟེ་བའི་ནད་དང༌། རྡེའུ་ནད་དེ་རགས་པ་བརྒྱད། མིག རྣ་བ། ཁ། རྨེན་བུ། སྲོག་རྩ། སྲིན། ཕོལ། ཤ་ནད་དེ་ཞིབ་ཚེགས་བརྒྱད་དང་བཅས་པས་ཉི་ཤུ་རྩ་བཞིའོ། །རྒས་པ་ལས་བྱུང་བའི་ནད་ནི་འབྱུང་བ་ལྔ་ལས་གྲུབ་པའི་ལུས་ཀྱི་སྟོབས་རྣམས་འགྲིབ་པ་སྟེ་གཅིག་པུ་ཉིད་ཡིན་ནོ་ཞེས་པའོ། །སྐྱེས་པ་དང༌། བུད་མེད་དང༌། བྱིས་པ་དང༌། རྒས་པ་སྟེ་རྟེན་བཞི་པོ་ཀུན་ལ་ཁྱབ་པ་ཐུན་མོང་བའི་ནད་རིགས་ལའང་རྣམ་པ་བཞི་སྟེ་ཉེས་པའི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་དང༌། གཙོ་བོའི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་དང༌། གནས་ཀྱི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་དང༌། རིགས་ཀྱི་སྒོ་ནས་དབྱེ་བ་བརྒྱ་རྩ་གཅིག་ཏུ་ཡོད་པའོ།།

ཁོང་དུ་རང་བཞིན་གྱིས་གནས་པ་ཉེས་པའི་སྒོ་ནས་དབྱེ་བ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་དུ་ཡོད་ལ། ཉེས་པ་གསུམ་ལས་རླུང་གི་ནད་ལ་དབྱེ་ན་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ཡིན་ལ། དང་པོ་སྤྱིའི་སྒོ་ནས་དབྱེ་བ་ལའང་རིགས་ཀྱི་སྒོ་ནས་དབྱེ་བ་དང་གནས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་རླུང་ནད་ཉི་ཤུ་ཡོད་དེ། མན་ངག་རྒྱུད་ལས། རླུང་ནད་ཨ་ཝ་རྟ་དང་ད་རྒན་གཉིས། །འགྲམ་པ་ཉམས་དང་ལྕེ་ལྡིབ་ཕྱོགས་གཅིག་གུག །རྩ་འཛིན་གཞོགས་ཕྱེད་སྐམ་དང་ལུས་ཀུན་སྐམས།  །ཤིང་རེངས་དཔུང་འཇའ་བི་ཤ་རྩེ་དང་ནི། །སྲ་འཐེངས་དང་ནི་བརླ་རེངས་ཅེ་སྤྱང་མགོ །ཚེར་མ་གཟུགས་འཁུམས་ཁ་ལི་རྐང་བརྩེ་དང༌། །རྐང་པ་ཚ་བ་ཞེས་བྱ་ཉི་ཤུར་བཤད། །ཅེས་པ་རྣམས་སོ། །གནས་ཀྱི་སྒོ་ནས་དབྱེ་ན་འཇུག་སྒོ་རྣམ་པ་དྲུག་སྟེ། ལྤགས་གྲམས་ཤར་རྒྱས་རྩ་རུ་རྒྱུ་བ་དང༌། །རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང༌། །ཞེས་པ་རྣམས་སོ། །དེའི་སྟེང་དུ་དབང་པོ་ལྔ་ལ་མེ་ཏོག་ཤར་བ་དང་བདུན་ནོ། །རླུང་བྱེ་བྲག་གི་སྒོ་ནས་དབྱེ་ན། སྲོག་འཛིན་དང་ལ་སོགས་ཀྱི་ཁོངས་ནས་གྱེན་རྒྱུ་དང་ཁྱབ་བྱེད་དང་མེ་མཉམ་དང་ཐུར་སེལ་རྣམ་པར་གྱུར་པའི་རྐྱང་པ་ལྔ། དེ་ལྔ་པོ་བད་ཀན་དང་འདྲེས་པ་ལྔ་དང༌། མཁྲིས་པ་དང་འདྲེས་པས་ལྔ་སྟེ་བཅུ་རུ་འདོད་དོ། །དེ་ལྟར་ནད་དབྱེ་བ་བཞི་བཅུ་རྩ་གཉིས་ནི་རླུང་གི་ནད་ལས་བྱུང་བའོ། །མཁྲིས་པའི་ནད་ཀྱི་དབྱེ་བ་ལ་སྤྱིའི་སྒོ་ནས་དབྱེ་བ་དང༌། བྱེ་བྲག་གི་སྒོ་ནས་དབྱེ་བ་གཉིས། སྤྱི་ལ་ཡང་རིགས་ཀྱི་སྒོ་ནས་དབྱེ་བ་དང༌། གནས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་བ་ནི། མཁྲིས་པ་རང་གི་མཚན་ཉིད་ཐང་ལ་ལྷགས་པ་གཅིག་དང༌། གནས་གྱུར་དང༌། ཁ་ལུད་དང༌། རྩར་རྒྱུག་དང་རྣམ་པ་གསུམ་སྟེ། རིགས་ཀྱི་སྒོ་ནས་བཞི། གནས་ཀྱི་སྒོ་ནས་དབྱེ་ན་འཇུག་སྒོ་དྲུག་ལ་ཞུགས་པ་དང༌། དབང་པོ་ལྔ་ལ་མེ་ཏོག་ཤར་བ་དང་བདུན། བྱེ་བྲག་གི་སྒོ་ནས་དབྱེ་ན་མཁྲིས་པ་འཇུ་བྱེད་ལ་སོགས་པ་རྐྱང་པ་རྣམ་པར་གྱུར་པ་ལྔ། དེ་དག་རླུང་དང་འདྲེས་པ་ལྔ། བད་ཀན་དང་འདྲེས་པ་ལྔ་སྟེ་ལྡན་པ་བཅུ་རུ་འདོད་ལ། དེ་ལྟར་ཡོངས་སུ་བསྡོམས་པས་དབྱེ་བ་ཉི་ཤུ་རྩ་དྲུག་འབྱུང་བ་ནི་མཁྲིས་པའི་ནད་ཡིན་ནོ། །བད་ཀན་གྱི་ནད་ལ་དབྱེ་ན། རང་རྒྱུད་ཅན་གྱི་སྒོ་ནས་དབྱེ་བ་དང༌། གཞན་རྒྱུད་ཅན་གྱི་སྒོ་ནས་དབྱེ་བ་གཉིས། རང་རྒྱུད་ཅན་ལའང་སྤྱི་དང་བྱེ་བྲག་གི་སྒོ་ནས་དབྱེ་བ་གཉིས། སྤྱིའི་སྒོ་ནས་དབྱེ་བ་ལའང་རིགས་དང་གནས་ཀྱི་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་ལྷེན་དང༌། །སོགས་པའི་སྒྲས་ལྕགས་དྲེག་དང་མེ་ཉམས་དང་མགུལ་འགགས་དང་གྲུམ་བུ་དཀར་པོ་དང་འཇུ་སྐེམ་སྟེ་དྲུག གནས་ཀྱི་སྒོ་ནས་དབྱེ་ན་འཇུག་སྒོ་དྲུག་ལ་ཞུགས་པ་དང་དབང་པོ་ལྔ་ལ་མེ་ཏོག་ཤར་བ་སྟེ་བདུན། བྱེ་བྲག་གི་སྒོ་ནས་དབྱེ་ན་བད་ཀན་རྟེན་བྱེད་ལ་སོགས་རྐྱང་པ་རྣམ་པར་གྱུར་པ་ལྔ། དེ་དག་རླུང་དང་འདྲེས་པ་ལྔ། མཁྲིས་པ་དང་འདྲེས་པ་ལྔ་སྟེ་ལྡན་པ་བཅུ་རུ་འདོད་ལ། གཞན་རྒྱུད་ཅན་གྱི་སྒོ་ནས་དབྱེ་བ་ལ་བད་ཀན་སེར་པོ་དང་སྨུག་པོ་གཉིས་ལས་སེར་པོ་ལ་དབྱེ་བ་མེད་ལ། སྨུག་པོ་ལ་བྱེར་བ་དང་རྒྱས་པ་དང་རྡོལ་བ་དང་འགྱིངས་པ་བཞི་སྟེ་བསྒྲིལ་བས་དབྱེ་བ་སུམ་ཅུ་རྩ་གསུམ་འབྱུང་བ་ནི་བད་ཀན་གྱི་ནད་ཡིན་པ་དེ་ལྟར་ན་གསུམ་ཀ་བསྡོམས་པས་བརྒྱ་དང་རྩ་གཅིག་ནི་ཉེས་པའི་དབྱེ་བ་ཡིན་པར་འདོད་པ་ཡིན་ནོ།།

ནད་ལ་གཙོ་བོའི་སྒོ་ནས་དབྱེ་ན། རང་རྒྱུད་ཅན་རྐྱང་པའི་ནད་དང༌། གཞན་རྒྱུད་ཅན་འདྲེས་པའི་ནད་དང་རྣམ་པ་གཉིས་སུ་ཡོད་དོ། །ནད་ལ་རང་རྒྱུད་ཅན་ཞེས་པ་དང༌། གཞན་རྒྱུད་ཅན་ཞེས་པས་ཟླས་ཕྱེ་བའི་རང་རྒྱུད་ཅན་ནི་རླུང་མཁྲིས་བད་ཀན་གསུམ་པོ་རང་ཉིད་རྐྱང་པ་ཁོ་ནའི་ནད་དེ་རང་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་ནད་རྟགས་རྣམས་གསལ་པོ་སྟོན་པར་འགྱུར་ལ། རྐྱང་པ་གསུམ་པོ་དེ་ལ་ཡང་འཕེལ་ཟད་ཀྱི་དབྱེ་བས་འདི་ལྟར་འགྱུར་ཏེ། འཕེལ་བ་དང་རབ་ཏུ་འཕེལ་བ་དང་མཆོག་ཏུ་འཕེལ་བ་གསུམ་དང༌། དེ་བཞིན་དུ་ཟད་པ་དང་རབ་ཏུ་ཟད་པ་དང་མཆོག་ཏུ་ཟད་པ་གསུམ་སྟེ། དྲུག་པོ་དེ་ཉིད་རླུང་མཁྲིས་བད་ཀན་རྐྱང་པ་རེ་རེ་ལ་སྦྱར་བས་རྣམ་པ་བཅོ་བརྒྱད་འབྱུང་བ་ཡིན་ནོ། །ནད་ཟུངས་དྲི་མ་རྣམས་ཕན་ཚུན་འདྲེས་པ་ལས་བྱུང་བའི་ནད་གཞན་རྒྱུད་ཅན་ལའང་ནང་གསེས་ཀྱི་དབྱེ་བས་ལྡན་པ་དང་འདུས་པ་དང་བླ་གཉན་ཅན་ཞེས་བྱ་བ་སྟེ་རྣམ་པ་གསུམ་དུ་ཡོད་པ་ལས། ཉེས་པ་ཕན་ཚུན་གཉིས་སུ་ལྡན་པའི་ནད་ལ་མཉམ་དུ་འཕེལ་བ་གསུམ་དང་གང་ཡང་རུང་བ་ཅིག་ལྷག་པར་འཕེལ་བའི་དབྱེ་བ་དྲུག་སྟེ་དགུ་ཡོད་པ་ནི་འདི་བཞིན་ཏེ། རླུང་མཁྲིས་ཆ་མཉམ་དུ་འཕེལ་བ་དང༌། བད་མཁྲིས་ཆ་མཉམ་དུ་འཕེལ་བ་དང༌། བད་རླུང་གཉིས་ཆ་མཉམ་དུ་འཕེལ་བ་སྟེ་གསུམ། རླུང་རབ་ཏུ་འཕེལ་ཞིང་མཁྲིས་པ་ལྷག་པར་དུ་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་ཞིང་མཁྲིས་པ་ལྷག་པར་འཕེལ་བ་དང༌། རླུང་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་སྟེ་དྲུག་བསྡོམས་པས་ལྡན་པའི་འཕེལ་བ་དགུ དེ་བཞིན་དུ་འོག་ནས་གོ་ལྡོག་ཟད་ཅེས་གསུངས་པས་སེང་གེའི་ལྟ་སྟངས་ཀྱི་རིགས་པས་རླུང་མཁྲིས་ཆ་མཉམ་དུ་ཟད་པ། བད་མཁྲིས་ཆ་མཉམ་དུ་ཟད་པ། བད་རླུང་ཆ་མཉམ་དུ་ཟད་པ་གསུམ། རླུང་རབ་ཏུ་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ། མཁྲིས་པ་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་པ། བད་ཀན་རབ་ཏུ་ཟད་ཅིང་རླུང་ལྷག་པར་ཟད་པ། མཁྲིས་པ་རབ་ཏུ་ཟད་ཅིང་རླུང་ལྷག་པར་ཟད་པ། བད་ཀན་རབ་ཏུ་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ། རླུང་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་པ་དང་དྲུག་སྟེ་བསྒྲིལ་བས་ལྡན་པའི་ཟད་པ་དགུ་དང་བཅས་པས་ལྡན་པ་ལའང་འཕེལ་ཟད་བཅོ་བརྒྱད་དོ། །ཉེས་པ་གསུམ་ག་འདུས་པའི་འཕེལ་བ་ལ་དེ་གསུམ་ག་སྟོབས་ཆེ་ཆུང་མཚུངས་པར་འཕེལ་བ་གཅིག་དང༌། སྟོབས་མི་མཚུངས་པར་རབ་འབྲིང་ཐ་མ་གསུམ་གྱི་འཕེལ་ཚུལ་སྦྱར་བ་དྲུག་དང༌། དེ་གསུམ་གྱི་ནང་ནས་གང་ཡང་རུང་བ་གཉིས་ལྷག་པ་དང་གཅིག་ལྷག་པའི་དབྱེ་བ་ལ་དྲུག་སྟེ་བསྒྲིལ་བས་འདུས་པའི་འཕེལ་བ་བཅུ་གསུམ་ལས་རིམ་པ་བཞིན་དུ་རླུང་མཁྲིས་བད་ཀན་ཆ་མཉམ་དུ་འཕེལ་བ་གཅིག་དང༌། རླུང་རབ་ཏུ་འཕེལ་མཁྲིས་པ་འབྲིང་དུ་འཕེལ་བད་ཀན་ཐ་མར་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་རླུང་ཐ་མར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་རླུང་འབྲིང་དུ་འཕེལ་མཁྲིས་པ་ཐ་མར་འཕེལ་བ་དང༌། རླུང་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་མཁྲིས་པ་ཐ་མར་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་རླུང་འབྲིང་དུ་འཕེལ་བད་ཀན་ཐ་མར་འཕེལ་བ་དང༌། བད་ཀན་རབ་ཏུ་འཕེལ་མཁྲིས་པ་འབྲིང་དུ་འཕེལ་རླུང་ཐ་མར་འཕེལ་བ་དང་དྲུག །རླུང་འཕེལ་ཞིང་བད་མཁྲིས་ལྷག་པར་འཕེལ་བ་དང༌། མཁྲིས་པ་འཕེལ་ཞིང་བད་རླུང་ལྷག་པར་འཕེལ་བ་དང༌། བད་ཀན་འཕེལ་ཞིང་མཁྲིས་རླུང་ལྷག་པར་འཕེལ་བ་དང༌། རླུང་མཁྲིས་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང༌། བད་མཁྲིས་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང༌། བད་རླུང་འཕེལ་ཞིང་མཁྲིས་པ་ལྷག་པར་འཕེལ་བ་སྟེ་དྲུག བསྡོམས་པས་འཕེལ་བ་བཅུ་གསུམ། དེ་བཞིན་དུ་གོ་ལྡོག་ཟད་པ་ལ་ཡང་སྦྱར་བར་བྱ་སྟེ། ཉེས་པ་གསུམ་སྟོབས་ཆེ་ཆུང་མཚུངས་པར་ཟད་པ་གཅིག་དང་རླུང་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་བད་ཀན་རབ་ཏུ་ཟད་པ་དང༌། མཁྲིས་པ་ཐ་མར་ཟད་བད་ཀན་འབྲིང་དུ་ཟད་རླུང་རབ་ཏུ་ཟད་པ་དང༌། བད་ཀན་ཐ་མར་ཟད་རླུང་འབྲིང་དུ་ཟད་མཁྲིས་པ་རབ་ཏུ་ཟད་པ་དང༌། བད་ཀན་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་རླུང་རབ་ཏུ་ཟད་པ་དང༌། མཁྲིས་པ་ཐ་མར་ཟད་རླུང་འབྲིང་དུ་ཟད་བད་ཀན་རབ་ཏུ་ཟད་པ་དང༌། རླུང་ཐ་མར་ཟད་བད་ཀན་འབྲིང་དུ་ཟད་མཁྲིས་པ་རབ་ཏུ་ཟད་པ་དང་དྲུག རླུང་ཟད་ཅིང་བད་མཁྲིས་ལྷག་པར་ཟད་པ་དང༌། མཁྲིས་པ་ཟད་ཅིང་བད་རླུང་ལྷག་པར་ཟད་པ་དང༌། བད་ཀན་ཟད་ཅིང་མཁྲིས་རླུང་ལྷག་པར་ཟད་པ་དང༌། རླུང་མཁྲིས་ཟད་ཅིང་བད་ཀན་ལྷག་པར་ཟད་པ་དང༌། བད་མཁྲིས་ཟད་ཅིང་རླུང་ལྷག་པར་ཟད་པ་དང༌། བད་རླུང་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ་དྲུག་སྟེ། བཅུ་གསུམ་བསྡོམས་པས་འདུས་པའི་འཕེལ་ཟད་ཉི་ཤུ་རྩ་དྲུག་གོ །དེ་ཡན་གྱི་འཕེལ་ཟད་སོ་སོར་བཤད་ལ། ཉེས་པ་གསུམ་པོ་འཕེལ་ཟད་འདྲེས་པ་ལའང་དེ་གསུམ་གང་ཡང་རུང་བ་གཅིག་མཉམ་ཞིང་གཅིག་འཕེལ་ལ་གཅིག་ཟད་པར་སྦྱར་བའི་དབང་གིས་དྲུག་དང༌། དེ་བཞིན་དུ་གཅིག་ཟད་ཅིང་གཉིས་འཕེལ་བར་སྦྱར་བ་དང༌། དེ་གོ་ལྡོག་པ་གཉིས་ཟད་ཅིང་གཅིག་འཕེལ་བར་སྦྱར་བའི་དབྱེ་བས་གསུམ་གསུམ་སྟེ་དྲུག་བསྡོམས་པས་བཅུ་གཉིས་འབྱུང་བ་ནི་རླུང་མཉམ་ཞིང་མཁྲིས་པ་འཕེལ་ལ་བད་ཀན་ཟད་པ་དང༌། མཁྲིས་པ་མཉམ་ཞིང་བད་ཀན་འཕེལ་ལ་རླུང་ཟད་པ་དང༌། བད་ཀན་མཉམ་ཞིང་རླུང་འཕེལ་ལ་མཁྲིས་པ་ཟད་པ་དང༌། བད་ཀན་མཉམ་ཞིང་མཁྲིས་པ་འཕེལ་ལ་རླུང་ཟད་པ་དང༌། མཁྲིས་པ་མཉམ་ཞིང་རླུང་འཕེལ་ལ་བད་ཀན་ཟད་པ་དང༌། རླུང་མཉམ་ཞིང་བད་ཀན་འཕེལ་ལ་མཁྲིས་པ་ཟད་པ་སྟེ་དྲུག རླུང་ཟད་ཅིང་བད་མཁྲིས་གཉིས་འཕེལ་བ་དང༌། མཁྲིས་པ་ཟད་ཅིང་བད་རླུང་གཉིས་འཕེལ་བ་དང༌། བད་ཀན་ཟད་ཅིང་རླུང་མཁྲིས་གཉིས་འཕེལ་བ་དང༌། དེ་བཞིན་དུ་རླུང་མཁྲིས་གཉིས་ཟད་ཅིང་བད་ཀན་འཕེལ་བ་དང༌། བད་མཁྲིས་གཉིས་ཟད་ཅིང་རླུང་འཕེལ་བ་དང༌། བད་རླུང་གཉིས་ཟད་ཅིང་མཁྲིས་པ་འཕེལ་བ་དང་བཅས་པས་དྲུག་འདྲེས་པའི་འཕེལ་ཟད་བཅུ་གཉིས་ཏེ། ཡོངས་སུ་བསྒྲིལ་བས་འཕེལ་ཟད་ཀྱི་དབྱེ་བ་བདུན་ཅུ་རྩ་བཞིའོ། །གཞན་རྒྱུད་ཅན་གྱི་ནང་ཚན་བླ་གཉན་ཞེས་བྱ་བའི་ནད་ནི་བརྡ་རྙིང་པ་སྟེ་བསྣན་པའི་དོན་སྔར་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་ཡོད་བཞིན་གྱི་སྟེང་དུ་སླར་ཡང་དེ་ལས་གཞན་པའི་ནད་གང་ཞིག་བྱུང་བ་དེ་ཉིད་ལ་བྱ་སྟེ། དེ་ལ་ཡང་ནང་ཚེགས་ཀྱི་དབྱེ་བས་གསུམ་དུ་འགྱུར་ཏེ། ཞུགས་པ་དང་ལོག་པ་དང་འདོམས་པ་ཞེས་སུ་བཤད་པས་སོ། །རླུང་ལྟ་བུ་གཅིག་གི་གནས་སུ་མཁྲིས་པ་སོགས་ནད་གཞན་ཞུགས་པ་སྟེ། དེ་ཡང་རླུང་གི་གནས་སུ་མཁྲིས་པ་ཞུགས་པ། བད་ཀན་ཞུགས་པ་དེ་གསུམ་ག་ཞུགས་པ་དང་གསུམ། མཁྲིས་པའི་གནས་སུ་རླུང་ཞུགས་པ་བད་ཀན་ཞུགས་པ་དེ་གསུམ་ག་ཞུགས་པ་དང་གསུམ། བད་ཀན་གྱི་གནས་སུ་རླུང་ཞུགས་པ་མཁྲིས་པ་ཞུགས་པ་དེ་གསུམ་ག་ཞུགས་པ་དང་གསུམ་སྟེ་གཅིག་གི་གནས་སུ་གཞན་ཞུགས་པ་དགུའོ། །རླུང་ལ་སོགས་པའི་ནད་སྔ་མ་རང་ཉིད་མ་ཞི་བར་གཞན་དུ་ལོག་པ་ཞེས་བྱ་བ་སྟེ། དེ་ཡང་རླུང་མ་ཞི་བར་མཁྲིས་པར་ལོག་པ་དང་བད་ཀན་དུ་ལོག་པ་དང་དེ་གཉིས་ཀར་ལོག་པ་དང་གསུམ། མཁྲིས་པ་མ་ཞི་བར་རླུང་དུ་ལོག་པ་དང་བད་ཀན་དུ་ལོག་པ་དང་དེ་གཉིས་ཀར་ལོག་པ་དང་གསུམ། བད་ཀན་མ་ཞི་བར་རླུང་དུ་ལོག་པ་དང་མཁྲིས་པར་ལོག་པ་དང་དེ་གཉིས་ཀར་ལོག་པ་དང་གསུམ་སྟེ་རང་མ་ཞི་བར་གཞན་དུ་ལོག་པ་དགུ། རླུང་ལྟ་བུ་སྔར་ན་བའི་ནད་དེ་ཉིད་ཕྱིས་གཞན་དང་འདོམས་ནས་ནད་སྣ་གཉིས་སུ་འཐབ་པ་ལ་ཡང་དགུ་སྟེ། རླུང་གིས་རང་གནས་བཟུང་ནས་བད་མཁྲིས་གཉིས་དང་འཐབ་པ་དང༌། རླུང་གིས་མཁྲིས་གནས་ཕྲོགས་ནས་བད་ཀན་དང་འཐབ་པ་དང༌། རླུང་གིས་བད་ཀན་གྱི་གནས་ཕྲོགས་ནས་མཁྲིས་པ་དང་འཐབ་པ་གསུམ། མཁྲིས་པས་རང་གནས་བཟུང་ནས་བད་རླུང་གཉིས་ཀ་དང་འཐབ་པ། མཁྲིས་པས་རླུང་གནས་ཕྲོགས་ནས་བད་ཀན་དང་འཐབ་པ། མཁྲིས་པས་བད་ཀན་གྱི་གནས་ཕྲོགས་ནས་རླུང་དང་འཐབ་པ་གསུམ། བད་ཀན་གྱིས་རང་གནས་བཟུང་ནས་རླུང་མཁྲིས་གཉིས་ཀ་དང་འཐབ་པ། བད་ཀན་གྱི་རླུང་གནས་ཕྲོགས་ནས་མཁྲིས་པ་དང་འཐབ་པ། བད་ཀན་གྱིས་མཁྲིས་པའི་གནས་ཕྲོགས་ནས་རླུང་དང་འཐབ་པ་གསུམ་སྟེ། འདོམས་པའི་དགུ་དང་བཅས་པས་བླ་གཉན་གྱི་ནད་དགུ་ཚན་གསུམ་ལ་ཉི་ཤུ་རྩ་བདུན། ཡོངས་སུ་བསྒྲིལ་པས་བརྒྱ་དང་རྩ་གཅིག་འབྱུང་བ་ནི་ནད་ཀྱི་གཙོ་བོའི་སྒོ་ནས་དབྱེ་བར་འདོད་པ་ཡིན་ནོ།།

ནད་ཀུན་ཀྱང་རང་རང་གི་གནས་ཀྱི་སྒོ་ནས་དབྱེ་ན། གཙོ་བོར་ལུས་ལ་གནས་པ་དང་སེམས་ལ་གནས་པའི་དབྱེ་བ་རྣམ་པ་གཉིས་སོ། །ནད་གང་ཞིག་སེམས་ལ་གཙོ་ཆེར་གནས་པའི་སྨྱོ་བར་བྱེད་པའི་ནད་དང་རྗེད་པར་བྱེད་པའི་ནད་དེ་རྣམ་པ་གཉིས་ཡིན་ནོ། །ནད་གང་ཞིག་ལུས་ལ་གནས་པ་དེ་ཡང་ལུས་ཀྱི་སྟོད་དང་སྨད་དང་ཕྱི་དང་ནང་གི་དབྱེ་བས་བཞི། སྟོད་སྨད་ཕྱི་ནང་ཀུན་ལ་སྤྱིར་ཁྱབ་པའི་ནད་དང་རྣམ་པ་ལྔར་ཡོད་དོ། །མི་རྣམས་ཀྱི་ལུས་ཀྱི་སྟོད་དེ་དབང་པོ་རྣམས་དང་མགོ་བོ་ལ་སོགས་པར་ཉེ་བར་གནས་པའི་ནད་ཀྱི་རྣམ་གྲངས་ནི་མགོ་བོ་སྤྱིར་གནས་པའི་ནད་དང༌། དེ་བཞིན་དུ་མིག་དང་རྣ་བ་དང༌། སྣ་དང༌། མཆུ་དང༌། སོ་དང་ལྕེ་དང༌། རྐན་དང་ལྦ་བའི་ནད་དེ་དགུ། དེའི་སྟེང་དུ་གྲེ་བ་དང་ནམ་ཚོང་གི་ནད་གཉིས་ལས། དང་པོ་གྲེ་བར་གནས་པ་ལ་ཡང་གྲེ་བ་སྤྱིར་ན་བ་དང༌། གག་པ་དང་འགུལ་འགགས་ཀྱི་ནད་དང༌། སྐད་འགགས་ཀྱི་ནད་དེ་རྣམ་པ་བཞི། གཉིས་པ་ནམ་ཚོང་ལ་གནས་པ་ལ་ཡང་ནམ་ཚོང་སྤྱིར་གནས་པའི་ནད་ལ་སྐོམ་དད་དང་སྐྱིགས་བུ་དང་དབུགས་མི་བདེ་བ་དང༌། ཡི་ག་འཆུས་པའི་ནད་དེ་ཆམ་པ་ལྔ་དང་བཅས་པ་སྤྱི་རུ་བསྡོམས་པས་དབྱེ་བ་བཅོ་བརྒྱད་དུ་བཤད་པ་ཡིན་ནོ། །སྙིང་ལ་སོགས་པའི་དོན་སྣོད་དེ་ལུས་ཀྱི་ནང་ལ་གནས་བའི་ནད་ཀྱི་རྣམ་གྲངས་བསྟན་པ་ནི་སྙིང་དང་གློ་བ་དང་མཆིན་པ་དང་མཆེར་པ་དང་མཁལ་མ་སྟེ་དོན་ལྔ་དང༌། ཕོ་བ་དང་མཁྲིས་པ་དང༌། རྒྱུ་མ་དང་ལོང་དང༌། ལྒང་པ་དང་བསམ་སེ་སྟེ་སྣོད་དྲུག་དོན་ལྔ་སོ་སོར་གནས་པའི་ནད་དང་བཅས་རིགས་ཀྱི་རྣམ་པ་བཅུ་གཅིག་གོ། །དོན་སྣོད་ལ་སྤྱིར་གནས་པའི་ནད་མ་ཞུ་བ་དང་གླང་ཐབས་དང་སྐྲན་དང་སུརྱ་དང་ཚད་འཁྲུ་དང༌། རྒྱུ་གཟེར་དང་རྣམ་པ་དྲུག ཁྱད་པར་སྣོད་སྤྱིར་གནས་པ་ལ་འཁྲུ་བ་དང་སྐྱུགས་པ་དང་རྣམ་པ་གཉིས་ཏེ། སྤྱི་རུ་བསྡོམས་པས་ལུས་ཀྱི་ནང་ལ་གནས་པའི་ནད་རིགས་བཅུ་དགུའོ། །ལུས་ཀྱི་སྨད་ཀྱི་ཆ་ལ་གནས་པའི་ནད་ལ་གཞང་འབྲུམ་དང༌། མཚན་བར་རྡོལ་བ་དང༌། རྟུག་འགགས་དང༌། གཅིན་འགགས་དང༌། གཅིན་སྙི་བ་སྟེ་རྣམ་པ་ལྔའོ། །ལུས་ཀྱི་ཕྱི་ལ་གནས་པའི་ནད་ལ་པགས་པ་དང་ཤ་དང་རྩ་དང་རུས་པ་སྟེ་རྣམ་པ་བཞིའི་སྒོ་ནས་དབྱེ་དགོས་པ་ལས། དང་པོ་པགས་པའི་ནད་ལ་ཤ་བཀྲ་དང་བས་ལྡག་དང་གཡན་པ་དང་གླང་ཤུ་དང་ཟ་ཀོང་དང་ཤུ་བ་དང་རེག་པའི་དུག་དང་མཛེར་པ་དང་ངོ་ཁེབས་དང་ནད་གཞན་པགས་པ་ལ་གྲམས་པ་དང་རྣམ་པ་བཅུ་རུ་བཤད་ཅིང༌། གཉིས་པ་ཤའི་ནད་ལ་ལྦ་བ་དང་རྨེན་བུ་གཉིས་ནད་གཞན་ཤ་ལ་རྒྱས་པ་དང་རྣམ་པ་གསུམ་ཡིན་ལ། གསུམ་པ་རྩའི་ནད་ལ་རྩ་དཀར་དང་རྩ་ནག་གཉིས་ནད་གཞན་རྩ་རུ་རྒྱུག་པ་དང་རྣམ་པ་གསུམ། བཞི་པ་རུས་པའི་ནད་ལ་དྲེག་དང་རྐང་འབམ་གཉིས་ནད་གཞན་རུས་ལ་ཞེན་པ་དང་རྣམ་པ་གསུམ་ཤ་རུས་རྩ་ལྤགས་ཀུན་ལ་གནས་པ་གྲུམ་བུའི་ནད་དང་སྤྱི་རུ་བསྡོམས་པས་ལུས་ཕྱིའི་ནད་ཉི་ཤུ་ཐམ་པའོ། །ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ཏུ་ཁྱབ་པའི་ནད་རིགས་ལ་དབྱེ་ན། མཁྲིས་པའི་ནད་དང་བད་ཀན་སྨུག་པོ་དང་དམུ་ཆུ་དང་འོར་དང་སྐྱ་རྦབ་དང་གཅོང་ཆེན་ཟད་བྱེད་དང༌། མ་སྨིན་པ་དང༌། རྒྱས་པ་དང༌། སྟོངས་པ་དང༌། གབ་པ་དང༌། རྙིངས་པ་དང༌། རྙོགས་པ་སྟེ་ཚ་བ་སྡེ་དྲུག་དང༌། འགྲམས་པ་དང༌། འཁྲུགས་པ་དང༌། རིམས་ནད་དང་འབྲུམ་བུ་དང༌། ལྷོག་པ་དང༌། སྦྱར་དུག་དང་རླུང་གི་རྫི་དུག་དང་ཉི་ཟེར་གྱི་དུག་དང་རླངས་དུག་དང་ཤ་དུག་དང་མི་འཕྲོད་པའི་དུག་དང་བཙན་དུག་དང་ཁྱི་དུག་དང་སྲིན་བུའི་དུག་དང་སྦྲུལ་གྱི་དུག་དང༌། འབྱུང་པོའི་གདོན་དང་གཟའི་གདོན་དང་མཛེ་དང་འབྲས་དང་མེ་དབལ་དང་སྲིན་དང༌། མགོ་བོའི་རྨ་དང་བྱང་ཁོག་གི་རྨ་དང་ཡན་ལག་གི་རྨ་དང་སྐེའི་རྨ་སྟེ་སྤྱི་རུ་བསྡོམས་པས་ཕྱི་ནང་ཀུན་ཁྱབ་ཀྱི་ནད་སུམ་ཅུ་རྩ་བདུན་ཏེ་ཡོངས་སུ་བསྒྲིལ་བས་བརྒྱ་དང་རྩ་གཅིག་འབྱུང་བ་འདི་ནི་གནས་ཀྱི་སྒོ་ནས་དབྱེ་བར་འདོད་པ་ཡིན་ནོ།།

ནད་ལ་རིགས་ཀྱི་སྒོ་ནས་དབྱེ་ན་ཁོང་ནད་དང་རྨ་དང་ཚད་པ་དང་ཐོར་བུ་སྟེ་ནད་རིགས་མི་འདྲ་བ་བཞིའི་སྒོ་ནས་དབྱེ་བར་བྱ་སྟེ། དེ་ཡང་དང་པོ་ཁོང་ནད་ཀྱི་སྒོ་ནས་དབྱེ་བ་ལ་མ་ཞུ་བ་གཅོང་གི་རྒྱུ་དང༌། འབྲས་བུ་གཅོང་ནད་དངོས་གཉིས། དེ་ལ་གཅོང་ནད་ཀུན་གྱི་རྒྱུ་མ་ཞུ་བ་ལ་དབྱེ་ན། མ་ཞུ་རང་གི་ངོ་བོ་དང་རིགས་དང་གྲོགས་དང་དུས་ཀྱི་སྒོ་ནས་མི་འདྲ་བ་བཞིའོ། །མ་ཞུ་བའི་འབྲས་བུ་གཅོང་གི་ནད་ལ་དབྱེ་བ་ན་གཅོང་ནད་གསར་པ་དང་གཅོང་ནད་རྙིང་པ་ཞེས་བྱ་སྟེ་རྣམ་པ་གཉིས་སུ་བཞེད་པའི་གཅོང་ནད་གསར་པ་ལ་དབྱེ་ན། བད་ཀན་སྐྱ་བོ་དང་སྨུག་པོ་དང་མཁྲིས་པའི་ནད་དང་དུག་གི་གཅོང་ཞེས་བྱ་བ་སྟེ་རྣམ་པ་བཞིའི་སྒོ་ནས་བཤད་ལ་དེ་ཡང་བད་ཀན་སྐྱ་བོའི་གཅོང་ལ་དབྱེ་ན། ལྷེན་དང༌། ལྕགས་དྲེག་དང༌། མེ་ཉམས་དང༌། མགུལ་འགགས་དང༌། གྲུམ་བུ་དཀར་པོ་དང༌། འཇུ་སྐེམས་ཏེ་རྣམ་པ་དྲུག་ཏུ་ཡོད། བད་ཀན་སྨུག་པོའི་གཅོང་ལ་དབྱེ་ན། བྱེར་བ་དང་རྒྱས་པ་དང་བརྡོལ་བ་དང་རལ་བ་དང་འགྱིངས་པ་དང་འདྲིལ་བ་དང་གབ་པ་དང་འཐབ་པ་དང་འོར་དུ་ལྷུང་བ་དང་གྲང་བ་ལྷིང་ཆད་པ་སྟེ་བཅུ་ཡོད་དོ། །མ་ཞུ་བས་བསྐྱེད་པའི་མཁྲིས་པའི་གཅོང་ལ་དབྱེ་ན་ཁ་ལུད་དང་རྩར་རྒྱུག་དང་སྣོད་གྱུར་གསུམ་དུ་ཡོད་དོ། །མ་ཞུ་བའི་འབྲས་བུ་དུག་གིས་གཅོང་ལ་དབྱེ་ན། ཚ་སྦྱོར་དང་གྲང་སྦྱོར་ལས་གྱུར་པ་རྣམ་པ་གཉིས་ཡིན་ནོ། །གཅོང་ནད་རྙིང་པ་ལ་དབྱེ་ན། སྐྲན་ནད་དང་དམུ་ཆུ་དང་འོར་དང་སྐྱ་རྦབ་དང་བཞི། དེའི་སྟེང་དུ་གཅོང་ཆེན་ཟད་བྱེད་ཅེས་བྱ་བའི་ནད་དང་རྣམ་པ་ལྔའི་སྒོ་ནས་སོ། །དེ་ཡང་གཅོང་ཆེན་སྐྲན་གྱི་ནད་ལ་དབྱེ་ན། ཁྲག་སྐྲན། མཁྲིས་སྐྲན། ལྷེན་སྐྲན་དང༌། རྡོའི་སྐྲན། རླུང་སྐྲན། སྲིན་སྐྲན། རྩ་སྐྲན། ཆུའི་སྐྲན་དང་བརྒྱད་དུ་བཤད་པའོ། །དམུ་ཆུའི་གཅོང་ལ་དབྱེ་ན། བྱེར་ཆུ་དང་ཟགས་ཆུ་དང་འཁྱིམས་ཆུ་དང་བརྡོལ་ཆུ་སྟེ་བཞིའོ། །གཅོང་ཆེན་འོར་ཞེས་བྱ་བ་ལ་དབྱེ་ན། ཚ་བའི་འོར་དང་གྲང་བའི་འོར་ཞེས་བྱ་བ་རྣམ་པ་གཉིས་སོ། །གཅོང་ཆེན་སྐྱ་རྦབ་ལ་དབྱེ་ན། གློ་བ་སྐྱ་རྦབ་དང་སྙིང་སྐྱ་རྦབ་དང་མཆིན་པ་སྐྱ་རྦབ་དང་མཆེར་པ་སྐྱ་རྦབ་དང་ཆུ་སེར་སྐྱ་རྦབ་སྟེ་ལྔ་ཡོད་དོ། །གཅོང་ཆེན་པོ་ཟད་བྱེད་ལ་དབྱེ་ན། རླུང་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པ་དང་བད་ཀན་ལས་གྱུར་པ་དང་གཅོང་ཆེན་གྱི་བླ་གཉན་ཏེ་རྣམ་པ་བཞིའོ། །དེ་ལྟར་ཁོང་ནད་ཀྱི་དབྱེ་བ་རྣམས་སྤྱི་རུ་བསྡོམས་པས་བཞི་བཅུ་རྩ་བརྒྱད་ཡོད་དོ། །རང་གི་ལུས་ལ་རྨའི་དབྱེ་བ་ལ་ལྷན་ཅིག་ཏུ་སྐྱེས་པའི་རྨ་དང་གློ་བུར་བའི་རྨ་གཉིས་ལས་ལྷན་ཅིག་སྐྱེས་པའི་རྨ་ལ་འབྲས་དང་རྨེན་བུ་དང་སུརྱ་དང་མེ་དབལ་དང༌། གཞང་འབྲུམ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་སྟེ་འདི་སྐབས་རླིག་རླུགས་གྲངས་སུ་མ་བྱས་པས་རྣམ་པ་བདུན་ནོ། །ཕྱི་རྐྱེན་གློ་བུར་ལས་བྱུང་བའི་རྨ་ལ་གནས་དང་རིགས་ཀྱི་སྒོ་ནས་དབྱེ་ན། གནས་ནི་མགོ་དང་སྐེ་དང་བྱང་ཁོག་དང་ཡན་ལག་བཞི་པོ་གང་ཡང་རུང་བ་ལ་ངེས་པར་འབྱུང་བའི་རྨའི་རིགས་ཀྱི་དབྱེ་བ་ནི་བཤུས་པ་དང་བཅད་པ་དང༌། རྣམ་པར་བཅད་པ་དང་འཕྱང་བ་དང་ལྷུང་བ་དང་ཕུག་པ་དང་གཤགས་པ་དང་གྲུམས་པ་སྟེ་རྣམ་པ་བརྒྱད་དང་བཅས་པ་སྤྱི་རུ་བསྡོམས་པས་རྨའི་དབྱེ་བ་སྐབས་སུ་བབས་པ་ནི་བཅོ་ལྔའོ། །ནད་ཀྱི་རྣམ་གྲངས་ཚ་བ་ཞེས་བྱ་བ་ལ་རིགས་ཀྱི་སྒོ་ནས་དབྱེ་ན། མ་སྨིན་པ་དང་རྒྱས་པ་དང་སྟོངས་པ་དང་གབ་པ་དང་རྙིངས་པ་དང་རྙོགས་པ་སྟེ་དྲུག འགྲམས་པ་དང་འཁྲུགས་པ་དང་རིམས་ནད་དང་དུག་ཚད་རྣམ་པ་བཞི་ལས། དང་པོ་འགྲམས་པ་ལ་ཕྱི་འགྲམས་དང་ནང་འགྲམས་ཞེས་བྱ་བ་རྣམ་པ་གཉིས། གཉིས་པ་འཁྲུགས་པ་ལ་རྒྱས་འཁྲུགས་དང་སྟོང་འཁྲུགས་འཇམ་འཁྲུགས་ཞེས་པ་གསུམ། གསུམ་པ་རིམས་ལ་བལ་ནད་དང་རྒྱུ་གཟེར་དང་འབྲུམ་པ་དང་གག་ལྷོག་དང་ཆམ་པའི་ནད་དང་རྣམ་པ་ལྔ། བཞི་པ་དུག་ཚད་ལ་སྦྱར་དུག་དང་གྱུར་པ་དང་དངོས་ཀྱི་དུག་དང་གསུམ་སྟེ་བསྒྲིལ་བས་བཅུ་དགུའོ། །ནད་རིགས་གཅིག་ཏུ་མ་ངེས་པ་ཐོར་བུའི་སྒོ་ནས་དབྱེ་ན་སྐད་འགགས་པ་དང་སྐྱིགས་བུ་དང་ཡི་ག་འཆུས་པ་དང་སྐོམ་དད་དང་དབུགས་མི་བདེ་བ་དང་གླང་ཐབས་དང་སྲིན་དང་འཁྲུ་བ་དང་སྐྱུགས་པ་དང་དྲི་མ་འགགས་པ་དང་གཅིན་འགགས་པ་དང་གཅིན་སྙི་བ་དང་ཚད་པས་འཁྲུ་བ་དང་དྲེག་དང་གྲུམ་བུ་དང་ཆུ་སེར་གྱི་ནད་དང་རྩ་དཀར་གྱི་ནད་དང་པགས་པའི་ནད་དང་ཕྲན་བུའི་ནད་བཅས་ཐོར་བུའི་ནད་བཅུ་དགུའོ། །དེ་ལྟར་ཡོངས་སུ་བསྒྲིལ་བས་བརྒྱ་དང་རྩ་གཅིག་འབྱུང་བ་འདི་ནི་ནད་ཀྱི་རིགས་ཀྱི་རྣམ་པ་མ་ལུས་པ་ལས་དབྱེ་བ་ཡིན་པར་འདོད་དོ།།

དེས་ན་ཉེས་པ་དང་གཙོ་བོ་དང་གནས་དང་རིགས་ཀྱི་སྒོ་ནས་དབྱེ་བའི་ནད་བཞི་བརྒྱ་རྩ་བཞི་སོ་སོར་བཤད་ཟིན་ནས། བཤད་མ་ཐག་པ་དེ་ལྟར་ནད་ལ་ཉེས་པ་དང་གཙོ་བོ་དང་རིགས་དང་གནས་ཏེ་རྣམ་པ་བཞིའི་སྒོ་ནས་དབྱེ་བ་བཞི་བརྒྱ་རྩ་བཞིའི་ནད་ཀྱི་རྣམ་གྲངས་ཡོད་པ་སྟེ། དེ་ལ་ཡང་སྔོན་ལས་ཀྱི་གཞན་དབང་འབའ་ཞིག་ཏུ་གྱུར་པས་བཅོས་ཀྱང་འཆི་བའི་ནད་དང༌། མེད་བཞིན་དུ་ཀུན་ཏུ་རྟོག་པས་བརྟགས་པའི་གདོན་གྱི་ནད་རིམ་གྲོས་གྲོལ་བར་འགྱུར་བ་དང༌། ཚེ་འདིའི་ཉེས་པ་ལས་ཡོངས་སུ་གྲུབ་པའི་ནད་སྨན་པས་མ་བཅོས་ན་འཆི་ལ་བཅོས་ན་འཚོ་བ་དང༌། དེ་གསུམ་གའི་མཚན་ཉིད་དང་མི་ལྡན་པའི་ནད་ལྟར་སྣང་བ་སྨན་དཔྱད་རིམ་གྲོས་མ་བཅོས་ཀྱང་རང་བཞིན་གྱིས་འཚོ་བ་དང་བཅས་པའི་རྣམ་པ་བཞི་ལས། གོང་གི་བཞི་བརྒྱ་རྩ་བཞིའི་ནང་ནས་བརྒྱ་རྩ་གང་ཡང་རུང་བ་ཅིག་ལའང་གཞན་དབང་གི་ནད་སོགས་བཞི་པོ་སྦྱར་བས་བཞི་བརྒྱ་རྩ་བཞི་ཡོད་དེ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བ་བསྡོམས་པས་ནད་ཀྱི་རྣམ་གྲངས་སྟོང་དང་དྲུག་བརྒྱ་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ།།

གོང་དུ་ནད་ལ་ཉེས་པ་གཙོ་བོ་རིགས་གནས་བཞིའི་སྒོ་ནས་དབྱེ་བ་རྣམས་ལ་གྲངས་དང་མིང་སོ་སོའི་ངེས་པ་གསལ་པོར་རེ་རེ་ནས་བསྟན་པ་ཡིན་མོད་དུ་ཟིན་ཀྱང་ནད་ཀྱི་རྣམ་པའི་སྒོ་ནས་དབྱེ་ན་སྟོང་དང་དྲུག་བརྒྱ་སོགས་ལས་ཤིན་ཏུ་མང་བ་དཔག་ཏུ་མེད་པ་ལྟར་དབྱེར་ཡོད་དེ། དེ་ཡང་ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་པོ་ལ་རྐྱང་པ་དང་ལྡན་འདུས་དང་བླ་གཉན་སོགས་རེ་རེ་ནས་སྦྱར་ཞིང་དབྱེ་ན་དུ་མ་ཞིག་གི་ནད་ཀྱི་རིགས་འབྱུང་བས་ན་གྲངས་སུ་བཅད་པ་འདི་ཙམ་ཞེས་པ་དང༌། དེ་རེ་རེ་བཞིན་དུ་མིང་གི་ངེས་པ་འདི་དང་འདི་ཞེས་བྱ་བ་སུས་ཀྱང་བསྟན་དུ་ཡོད་པ་མ་ཡིན་ནོ། །དེ་ཡང་ཅུང་ཟད་ཙམ་དཔེར་མཚོན་ན། ཉེས་པ་དང་གནོད་བྱའི་ནད་རྐྱང་པ་ཉི་ཤུ་རྩ་ལྔ་པོ་གསུམ་ནས་ཉེར་ལྔའི་བར་དུ་འདུས་པ་རྣམས་ལ་བདུན་སྟོང་དང་བརྒྱད་བརྒྱ། དེ་རེ་རེ་ལའང་འཕེལ་བ་རབ་འཕེལ་མཆོག་འཕེལ་གསུམ། ཟད་པ་རབ་ཟད་མཆོག་ཟད་གསུམ། འཁྲུགས་པ་རབ་འཁྲུགས་མཆོག་འཁྲུགས་གསུམ་སྟེ། དགུ་པོ་སྦྱར་བས་བདུན་ཁྲི་དང་ཉིས་བརྒྱ། དེ་ཡང་གསུམ་དུ་འདུས་པ་ལ་གཅིག་གསུམ་གཉིས་འཕེལ་གྱི་འཕེལ་བ་རབ་འཕེལ་མཆོག་འཕེལ་གསུམ། དེ་བཞིན་དུ་ཟད་པ་གསུམ། འཁྲུགས་པ་གསུམ་སྟེ་དགུ དེ་ལས་ལོག་པ་གཉིས་ཟད་གཅིག་འཕེལ་གྱི་དགུ་སྟེ་བཅོ་བརྒྱད་པོ་སྦྱར་བས་ས་ཡ་གཅིག་དང་འབུམ་ཕྲག་གཉིས་དྲུག་ཁྲི་སུམ་སྟོང་དྲུག་བརྒྱ། གཅིག་ཟད་གཉིས་འཕེལ་གྱི་རིགས་པས་སྣ་བཞིར་འདུས་པ་ལའང་གཅིག་ཟད་གསུམ་འཕེལ་ལ་འཕེལ་ཟད་འཁྲུགས་པ་གསུམ་གསུམ་སྟེ་དགུ། དེ་བཞིན་དུ་གཉིས་ཟད་གཅིག་འཕེལ་ལ་དགུ གསུམ་ཟད་གཅིག་འཕེལ་ལ་དགུ་སྟེ་ཉེར་བདུན། དེ་ལས་ལྡོག་པ་ལ་ཉེར་བདུན་ཏེ་ལྔ་བཅུ་ང་བཞི་པོ་སྦྱར་བས་བྱེ་བ་དྲུག་དང་ས་ཡ་བརྒྱད་ཉིས་འབུམ་སུམ་ཁྲི་བཞི་སྟོང་བཞི་བརྒྱ་འབྱུང༌། དེའི་སྟེང་དུ་གཉིས་ལྡན་གྱི་ནད་སུམ་བརྒྱ་ཉེར་ལྔ། དེ་རེ་རེ་ལ་འཕེལ་བ་སོགས་དགུ་སྦྱར་བས་ཉིས་སྟོང་དགུ་བརྒྱ་ཉེར་ལྔ། དེ་ལའང་གཅིག་ཟད་གཅིག་འཕེལ་སོགས་དགུ་དང་ལྡོག་པ་དགུ་སྟེ་བཅོ་བརྒྱད་སྦྱར་བས་ལྔ་ཁྲི་ཉིས་སྟོང་དྲུག་བརྒྱ་ལྔ་བཅུ་འབྱུང་བ་བསྣན་པས་བྱེ་བ་དྲུག་དང་ས་ཡ་བརྒྱད། འབུམ་ཕྲག་གཉིས་དང་བརྒྱད་ཁྲི་བདུན་སྟོང་ལྔ་བཅུ། དེའི་སྟེང་དུ་རྐྱང་པ་ཉི་ཤུ་རྩ་ལྔ་ལ་འཕེལ་བ་སོགས་དགུ་སྦྱར་བའི་ཉིས་བརྒྱ་ཉེར་ལྔ་འབྱུང་བ་བསྣན་པས་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་ཕྲག་གཉིས་བརྒྱད་ཁྲི་བདུན་སྟོང་ཉིས་བརྒྱ་དོན་ལྔ། དེ་ལའང་བླ་གཉན་ཞུགས་པ་དང་ལོག་པ་དང༌། འདོམས་པ་གསུམ་གསུམ་སྦྱར་བས་དུང་ཕྱུར་གཉིས་དང་ས་ཡ་བཞི་འབུམ་ཕྲག་བརྒྱད་དྲུག་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཉེར་ལྔ། དེ་རེ་རེ་ཡང་ནད་ཀྱི་མཚན་ཉིད་ཉི་ཤུ་དང་ལྡན་པས་ན་ཐེར་འབུམ་བཞི་དང་བྱེ་བ་དགུ་ས་ཡ་བདུན་ཉིས་འབུམ་སུམ་ཁྲི་དྲུག་སྟོང་ལྔ་བརྒྱ་འབྱུང་ལ་གོང་གིས་གཅིག་ཟད་གཉིས་འཕེལ་སོགས་ཀྱི་རིགས་པས་ནད་ལྔར་འདུས་པ་ལའང་གཅིག་ཟད་བཞིར་འཕེལ་དང༌། གཉིས་ཟད་གསུམ་འཕེལ། གསུམ་ཟད་གཉིས་འཕེལ། བཞི་ཟད་གཅིག་འཕེལ་དང༌། དེ་བཞིན་དུ་ཟད་པ་དང་འཁྲུགས་པ་ལའང་སྦྱར་ཞིང་གོ་ལྡོག་དང་བཅས་པ་ཇི་ལྟ་བ་བཞིན་ཉི་ཤུ་རྩ་ལྔའི་བར་དུ་སོ་སོ་ལ་སྦྱར་ན་གྲངས་མེད་ཙམ་དུ་འགྱུར་བ་ཡང་ཡོད་དོ། །གྲངས་མེད་ཅེས་བྱ་བ་དེ་ཡང་བགྲང་བའི་ཡུལ་ལས་རབ་ཏུ་འདས་པའི་གྲངས་མེད་ནི་མ་ཡིན་ཏེ། གྲངས་ཀྱི་རྣམ་གཞག་རྒྱས་པ་ནི་བཻ་ཌཱུར་དཀར་པོ་ལས་ཤེས་པར་བྱའོ། །དེ་ལྟར་གྲངས་དང་མིང་གི་ངེས་བསྟན་ཡོད་པ་དང་མེད་པའི་ནད་ཀྱི་རྣམ་གྲངས་མང་དུ་དབྱེ་བ་བྱས་མོད། འོན་དུ་ཟིན་ཀྱང་དེ་དག་ཐམས་ཅད་གནོད་བྱེད་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལས་ནད་གཞན་དུ་མི་འདའ་ཞིང༌། གནོད་བྱ་བཅུ་པོ་ལས་ནད་ཀྱི་གནས་ཀྱང་གཞན་དུ་མི་འདའ་སྟེ། དེ་འདྲ་བའི་གནོད་བྱ་དང་གནོད་བྱེད་ཀྱི་རྣམ་པ་མི་འདྲ་བ་ཀུན་བསྡུས་པ་ཡིན་ནོ། །དེ་ཡང་དཔེར་མཚོན་ན་འདབ་ཆགས་ཀྱི་བྱ་ཡིས་རང་འདོད་པའི་གནས་དང་གནས་མ་ཡིན་པ་གར་འཕུར་ཡང་ནམ་མཁའི་མཐོངས་འབའ་ཞིག་ལས་གཞན་དུ་འཕུར་ས་མེད་པ་བཞིན་དུ་འདིར་ཡང་བད་ཀན་དང་རླུང་དུ་གཏོགས་པ་ཀུན་གྲང་ལ། ཁྲག་དང་མཁྲིས་པར་གཏོགས་པ་མཐའ་དག་ཚ་བ་ཡིན་པས་ན་གོང་དུ་གྲངས་སུ་དབྱེ་བ་དུ་མར་ལེགས་པར་ཕྱེ་ཞིང་རྒྱས་པར་ཡང་བཤད་པ་དེ་དག་ཐམས་ཅད་ཚ་གྲང་གཉིས་སུ་མ་འདུས་པ་སྤུ་རྩེ་ཙམ་ཡང་ཡོད་པ་མ་ཡིན་ནོ།།

ནད་ཀྱི་རྣམ་གྲངས་བཞི་བརྒྱ་རྩ་བཞི་དང༌། སྟོང་དྲུག་བརྒྱ་སོགས་སུ་དབྱེ་བ་བྱས་པ་དེ་དག་སོ་སོའི་དོན་ལའང་རྒྱུ་དང་སྔར་གྱི་ཚུལ་དང༌། ཚུལ་ཕྱེད་པ་དང༌། དཀྱེལ་དུ་གྱུར་པ་ཞེས་བྱ་བ་བཞིའི་སྒོ་ནས་འཆད་པར་འགྱུར་རོ། །ནད་ཀྱི་དབྱེ་བ་དེ་འདྲ་བ་འབྱུང་བའི་རྒྱུ་ནི་རེ་རེ་ནས་རང་རང་སོ་སོ་སྐྱེད་པར་བྱེད་པའི་རྒྱུའི་རྐྱེན་ཚ་བ་ལ་སོགས་པའི་དུས་གདོན་ཟས་སྤྱོད་ནད་དང་མི་མཐུན་པ་བསྟེན་པ་ཁོ་ན་ལས་བྱུང་བ་ཡིན་ཏེ། རྒྱས་པར་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ། །ནད་ཀྱི་རྣམ་གྲངས་དེ་རྣམས་ཀྱི་སྔར་ཚུལ་ཞེས་བྱ་བ་ནི་ནད་པ་དེ་ཉིད་ནད་གང་ཡང་རུང་བས་ན་བ་ནི་མངོན་པར་ཤེས་ལ། བྱེ་བྲག་ཏུ་འདི་ལྟ་བུ་ཞིག་གོ་སྙམ་དུ་མི་རྟོགས་ཤིང་གསལ་པོ་མ་ཡིན་པ་གང་ཡིན་པ་དེ་རྣམས་སོ། །རླུང་ལ་སོགས་པའི་ནད་ཀྱི་རྣམ་པ་གང་ཡང་རུང་བས་ན་བར་མངོན་པ་དེ་ཉིད་ལ་བློས་ཞིབ་ཏུ་བརྟགས་ཤིང་དཔྱད་པའི་ཚེ་ནད་ཀྱི་བྱེ་བྲག་རང་རང་གི་རྟགས་རྣམས་མ་འདྲེས་པ་གསལ་བར་གྱུར་པས་རྟོགས་པ་དེ་འདྲ་བ་ལ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་བ་ཡིན་ནོ། །ནད་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱང་རང་གི་གནས་སུ་ནུས་པ་དང་སྟོབས་མཐར་ཕྱིན་ཞིང་ཤུགས་ཡོངས་སུ་རྫོགས་པ་དེ་ལ་ནད་དཀྱེལ་དུ་གྱུར་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་རྣམ་གྲངས་ཇི་ཙམ་ཡོད་བརྟག་པ་ནི་གལ་ཆེ་བའི་དབང་གིས་ན་གཙོ་བོའི་སྟོབས་ཡིན་ལ། དེ་ཡང་ནད་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ནད་ཀྱི་རིགས་མི་འདྲ་བ་མང་དུ་བཤད་པ་དེ་རྣམས་ཀྱི་ནང་ཚེགས་སུའང་དབྱེ་བ་ཕྲ་ཞིབ་ཏུ་བྱེད་པ་སྟེ་མ་འདྲེས་པར་སོ་སོར་དབྱེ་བ་འབྱེད་ཤེས་པ་དེའོ། །ནད་བརྟག་པ་ཞེས་བྱ་བ་ནི་ནད་ཀྱི་རྣམ་གྲངས་རྒྱས་པར་དབྱེ་བ་བྱས་པ་དེ་རྣམས་སོ་སོར་མ་འདྲེས་པར་ཕྲ་ཞིབ་བྱེད་པ་སྟེ། འདི་ནི་ནད་འདིའི་བྱེ་བྲག་འདི་ཞེས་བྱའོ་ཞེས་ངེས་པ་དེ་ཡིན་ནོ། །ནད་ཀྱི་གཙོ་བོ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ནད་རིགས་ཐམས་ཅད་ཀྱང་ཕན་ཚུན་གཉིས་ལ་སོགས་པ་མ་འདྲེས་ཤིང་རྐྱང་པར་གནས་པ་རང་རྒྱུད་ཅན་དང༌། ནད་སྣ་གཉིས་གསུམ་ཙམ་ཚོགས་པ་གཞན་རྒྱུད་ཅན་ཞེས་བྱ་བ་རྣམ་པ་གཉིས་ཡིན་ཞིང༌། དེ་ཡང་སྔ་མ་ལ་ནི་གཙོ་བོ་ཞེས་པ་དང༌། ཕྱི་མ་ལ་གཙོ་བོ་ལས་ལྡོག་པ་ཞེས་བྱ་ལ། དེ་གཉིས་ཀྱི་སྔ་མ་ལ་སྔར་སྐྱེས་ཀྱི་ནད་དང་ཕྱི་མ་ལ་བླ་གཉན་དང་བཅས་པའི་ནད་ཅེས་ཀྱང་མིང་གི་རྣམ་གྲངས་ཡིན་ནོ། །ནད་ཀྱི་སྟོབས་ཞེས་བྱ་བ་ནི་སྐམ་པ་ལ་སོགས་པའི་ཡུལ་དང༌། དཔྱིད་ལ་སོགས་པའི་དུས་དང༌། རླུང་ལ་སོགས་པའི་རང་བཞིན་དང༌། རྒན་པོ་ལ་སོགས་པའི་ན་ཚོད་དང༌། མཁྲིས་པ་ལ་སོགས་པའི་ནད་ཁམས་དང༌། ཕན་གནོད་དྲག་དལ་ལ་སོགས་པའི་ཟས་སྤྱོད་རྣམས་ཀྱི་དབང་གིས་ནད་སྟོབས་ཆེ་བ་དང་ཆུང་བ་རྣམ་པ་གཉིས་སུ་འགྱུར་རོ་ཞེས་གསུངས་སོ། །འདིར་དོགས་པ་འདི་ལྟ་བུ་ཞིག་འཇུག་སྟེ། རྡོ་རྗེའི་ལུས་འདི་ཉིད་འབྱུང་བ་ཆེན་པོ་བཞི་ལས་གྲུབ་ཅིང༌། རླུང་ལ་སོགས་པའི་ནད་རྣམས་ཀྱང་འབྱུང་བ་བཞི་དང༌། དེའི་གཉེན་པོ་སྨན་རྣམས་ཀྱང་འབྱུང་བཞིའི་རང་བཞིན་ཅན་ཡིན་པའི་ཕྱིར། དེ་རྣམས་ཕན་ཚུན་གཅིག་ཏུ་ཚོགས་པའི་ཚེ་གཅིག་གྲོགས་གཅིག་གིས་བྱས་ནས་རི་རབ་ལ་སོགས་པ་རགས་པ་རྩོམ་པ་ལྟར་ཆེས་ཆེར་འཕེལ་བར་འགྱུར་ལ། ཡང་ན་གནོད་བྱ་དང་གནོད་བྱེད་དང་གཉེན་པོ་ཀུན་ལྟ་ཅི་སྨོས། འབྱུང་བཞི་ཙམ་པོ་ཡང་གཅིག་ཏུ་ཚོགས་པར་མི་འགྱུར་ཏེ། དཔེར་ན་མེ་དང་ཆུ་ཕྲད་པ་བཞིན་ཕན་ཚུན་སྟོབས་མཉམ་ན་ནི་གཉིས་ཀ་ནུས་མེད་དུ་འགྱུར་ཞིང༌། མི་མཉམ་ན་སྟོབས་ཆེ་བས་ཆུང་བ་ལྷག་མེད་དུ་འཇོམས་པའི་ཕྱིར་ལུས་ལ་ནད་འཇུག་པ་དང༌། དེ་ལ་གཉེན་པོ་བཏང་བས་ཕན་གནོད་དུ་གྱུར་པའི་རྒྱུ་མཚན་ཅི་ཡིན་སྙམ་པ་དག་འབྱུང་བར་དོགས་ནས། ཁ་ཆེ་ཟླ་བ་ལ་མངོན་པར་དགའ་བས་འདི་ལྟར་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནུས་པ་མི་མཐུན་པ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱིས་ནང་གི་མི་དགེ་བ་ལ་སོགས་པའི་དབང་གིས་གནོད་པ་བསྐྱེད་ཅིང་འདུས་པའི་ནད་བྱེད་ཀྱི། གཅིག་ལ་གཅིག་ཉེ་བར་ཞི་བར་ཅིའི་ཕྱིར་མི་བྱེད་ཅེས་བརྟག་པར་མི་བྱ་སྟེ། འདི་དག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་དང༌། འབྱུང་བ་ཆེན་པོ་ལྟར་གཅིག་གིས་གཅིག་ཟིལ་གྱིས་གནོན་པ་ཡིན་ཡང་རྫས་དང་རོ་ལ་སོགས་པའི་བྱ་བ་ལྷན་ཅིག་རྩོམ་པ་དང་འདྲའོ། །དེ་བས་ན་འདི་དག་གི་རང་བཞིན་ནི་མི་འགྱུར་བ་ཉིད་ཡིན་ནོ་ཞེས་བཤད་པ་ལྟར་རྟོགས་པར་བྱའོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 10:06 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།