སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་བཅོས་པ།



ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་བཅོས་པ། 

དེ་མ་ཁད་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག་གློ་བའི་གཅོང་ཆེན་པོ་ཟད་བྱེད་ལ་རྒྱུ་དང་ནི་དབྱེ་བ་དང་རྟགས་དང་དེའི་བཅོས་ཐབས་དང་རྣམ་པ་བཞི།

རྒྱུ་ནི་བཤང་གཅི་དང་འཕྱེན་གྱིས་དབུགས་བཀག་པ་དང་དྭངས་མ་ཁུ་བ་ལ་སོགས་པ་ལུས་ཟུངས་ཀྱི་སྣུམ་ཟད་པ་དང་དྲག་ཤུལ་ཅན་གྱི་ལས་དང་ཟས་སྐོམ་མི་མཐུན་པ་བསྟེན་པ་ཡིས་རླུང་མཁྲིས་བད་ཀན་ཉེས་པ་གསུམ་ག་འཁྲུགས་པར་གྱུར་ཏེ་ལུས་ཀུན་ལ་ཁྱབ་ཅིང་རྒྱུ་ལམ་གྱི་བུ་ག་འཁྲུགས་པ་དང་ཕོ་བའི་མེ་དྲོད་ཉམས་པས་དྭངས་མ་གནས་སུ་མ་སྨིན་ཏེ་ཟས་གང་ཡང་དྲི་མར་གྱུར་པས་ལུས་ཟུངས་ཟད་པར་བྱེད་ཅེས་པ་ལྟར་རོ། །གཞན་ཡང་ཟླ་ཟེར་ལས། གློ་གཅོང་ཆེན་པོ་ཟད་བྱེད་ཅེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །ནད་གཞི་མང་པོ་རྗེས་འདྲངས་ཤིང༌། ནད་མང་སྔོན་དུ་འགྲོ་འགྱུར་ལ། །རྒྱལ་པོ་ཟ་བྱེད་སྐེམས་བྱེད་དང༌། །ནད་ཀྱི་རྒྱལ་པོ་ཞེས་བྱར་བཤད།།ཅེས་དང༌། ཡང༌། རྒྱུ་སྐར་རྣམས་དང་བྲམ་ཟེ་ཡིས། །རྒྱལ་པོའི་གཅོང་དུ་སྔོན་གྱུར་ཅིང༌།།གང་ཡང་ནད་ཀྱི་རྒྱལ་པོར་འགྱུར། །ཞེས་པ་ནད་ཀུན་གྱི་ནང་ནས་རགས་ཤིང་གསལ་ལ་ནུས་པ་ཆེ་བས་ནི་ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་བ་དང༌། དྲག་ཤུལ་བསྟེན་དང་ཤུགས་བཀག་དང༌། །ཁུ་ཆུ་དྭངས་མ་སྣུམ་ཟད་དང༌། །ཟས་སྐོམ་ཆོ་ག་དང་བྲལ་བསྟེན། །བཞི་པོ་འདི་དག་དེ་ཡི་རྒྱུ། །ཞེས་དང༌། དེ་ཡིས་རླུང་དང་མཁྲིས་པ་དང༌། །བད་ཀན་བསླང་ནད་ཐམས་ཅད་དུ། །ལུས་ཀྱི་ཚིགས་ཀུན་ལ་ཞུགས་ཏེ། །དེ་ཡིས་རྩ་རྣམས་ལ་གནོད་ཅིང༌། །བུ་གའི་སྒོ་ནི་བཀག་པ་འམ། །ཡང་ན་ཤིན་ཏུ་ཁ་བྱེར་འགྱུར། །སྟོད་སྨད་ཐད་ཀར་གནས་ནས་ནི།།རང་གི་ནད་ནི་ཇི་སྙེད་སྐྱེད། །ཅེས་གསུངས་ཤིང༌། དེ་ཡང་མེ་དྲོད་ཉམས་པས་དྭངས་མ་ལུས་ཟུངས་སུ་མ་སྨིན་པར་དྲི་མར་གྱུར་ནས་ཟུངས་ལ་ཟ་ཞིང་ཟད་པར་བྱེད་པས་སོ། །དེའི་ཕྱིར་ན་གཅོང་ཆེན་གྱི་ནད་ཟད་བྱེད་ཅེས་བྱ་བར་བཤད་ལ།

དབྱེ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་དང་རྣམ་པ་གསུམ་ཡིན་ཏེ། གཅོང་ཆེན་གྱི་ནད་ཀྱི་བླ་གཉན་ཀྱང་དྲུག་ཏུ་བཤད་དོ།།

དེའི་རྟགས་དེ་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་སུ་ཡོད་པ་ལས་སྤྱི་རྟགས་དེ་ལའང་དང་པོ་དང་བར་དང་ཐ་མ་གསུམ་མོ། །དང་པོ་ནི་སྔར་ཚུལ་ལ་ཆམ་པ་ཡང་ཡང་འདེབས་ལ་སྦྲིད་པ་མང་ཞིང་ཁ་མངལ་བ་སྟེ་ཟས་ཀྱི་རོ་མི་ཚོར་ཞིང་ཉམས་དང་སྟོབས་ཞན་ལ་ཕོ་བའི་མེ་དྲོད་ཆུང་བ་དང་གལ་ཏེ་ཟས་ཟོས་ཀྱང་ལུས་སྟོབས་མེད་ལ་སྙིང་འཕར་ཞིང་དང་ག་ཞན་པ་དང་སྐྱུག་པ་འདོད་ཅིང་རྐང་པའི་བོལ་དང་གདོང་སྐྲངས་ལ་མིག་མདངས་དཀར་ཞིང་བུད་མེད་དང་ཆང་དང་ཤ་སོགས་ལ་ཤིན་ཏུ་སྲེད་ཅིང་མགོ་དང་རྐང་པ་ལ་ཉི་མ་ཕོག་ན་མི་བཟོད་པར་གོས་སོགས་འགེབས་པར་བྱེད་པ་དང༌། ཟས་ཟོས་པ་དང་སྐོམ་བཏུང་བའི་དུས་ལུས་ལ་རྔུལ་འདུ་ལ་སྐྲ་དང་སེན་མོ་རིང་ཞིང་རྨི་ལམ་ངན་ཅིང་མི་བཟང་ལ་ཁྱད་པར་སྡིག་པ་སྦྲུལ་གཅན་གཟན་དང་སྤྲེའུ་དང་ཕྱེ་མ་ལེབ་སོགས་དང་ཆུ་ཀླུང་དང་གྲོང་ཁྱེར་ཚིག་པ་སྐར་མདའ་ལྷུང་བ། མེ་འབར་བ། རི་ཉིལ་བ་སོགས་སྣ་ཚོགས་པ་མཐོང་སྣང་འབྱུང་བར་འགྱུར་རོ། །དེ་རྗེས་བར་དུ་གཅོང་ཆེན་གྱི་ནད་ལུས་ཀྱི་སྟོད་ན་གནས་པའི་ཚེ་ཆམ་པས་འདེབས་ཤིང་ལུད་པ་མང་བ་ལ་དབུགས་ཀྱང་མི་བདེ་ཞིང་ཕྲག་པ་དང་མགོ་ན་ཞིང་སྐད་འགག་ལ་ཡི་ག་ཡང་འཆུ་བ་དང༌། ལུས་ཀྱི་སྨད་དུ་གནས་པའི་ཚེ་ན་ཕོ་བ་དང་རྒྱུ་ལོང་ལ་འབབ་པས་ཟས་སྐྱུག་ཅིང་ཡང་ན་འཁྲུའམ་ཡང་ན་རྟུག་པ་སྐམས་པའི་ནད་དུ་འགྱུར། ལུས་ཀྱི་བར་ན་གནས་ན་རྩིབ་ལོགས་ལ་གཟེར་དང་ཟུག་བྱེད་ཅིང་ཚིགས་གཞིར་གནས་པའི་ཚེ་ན་རིམས་ཀྱིས་འདེབས་པ་སྟེ་དེ་ལྟར་དུ་གཅོང་ཆེན་གྱི་ནད་ཀྱི་ཚུལ་བཅུ་གཅིག་དང་ལྡན་པའོ།།

བྱེ་བྲག་ཏུ་རླུང་ལས་གྱུར་ན་ཀླད་པ་དང་རྩིབ་ལོགས་ན་ཞིང་ཡན་ལག་རྣམས་ཀྱང་ན་བར་འགྱུར་ལ་སྐད་འགགས་ཤིང་མགུལ་པའང་སུབ་སྙམ་བྱེད། མཁྲིས་པ་ལས་གྱུར་ན་རྐང་པ་དང་ལག་པ་ཕྲག་པ་རྣམས་ཚ་བ་དང་ཚད་པས་འཁྲུ་བ་དང་ཁྲག་སོགས་སྐྱུག་ཅིང་དྲི་ཁ་ལ་སྣ་ཟ་བ་དང་ལུས་བྱིངས་རིམས་ཀྱིས་ཐེབས་པ་དང་འདྲ་བ་ན་ལ། བད་ཀན་ལས་གྱུར་ན་ལུས་ལྕི་ལ་སྐྱུག་ཅིང་ཡི་ག་ཡང་དུ་འཆུས་པ་དང་མཆིལ་མ་དང་སྣབས་མང་ལ་ཆམ་པས་འདེབས་ཤིང་ཕོ་བའི་མེ་དྲོད་ཉམས་སོ། །གཅོང་ཆེན་གྱི་གནོད་པ་ནི་མ་ཞུ་བ་དང་འཁྲུ་བ་དང་སྐྱུག་པ་དང་ཆམ་པ་དང་ལུད་པ་མང་བ་དང་སྐད་འགགས་པ་དང་ཡི་ག་འཆུས་པ་སོགས་ནས་མ་ཞུ་བ་སྤྱི་ཁྱབ་ཏུ་བཞག་པའི་དྲུག་པོ་དེ་དག་གཅོང་ཆེན་ཟད་བྱེད་ནད་ཀྱི་བླ་གཉན་ཡིན་པ་

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས་སྤྱི་བཅོས་ལ་དང་པོ་སྣུམ་འཆོས་དང་རུས་རྙིང་དང་གོང་དུ་བཤད་པའི་བདུད་རྩི་ལྔའི་དུགས་བྱས་ལ་པོ་སོ་ཆ་དང་འོ་མ་སྦྱར་བས་ཕོ་བའི་བད་ཀན་རློན་ཞེས་སྐྱུག་ཏུ་གཞུག་ཅིང༌། དུར་བྱིད་དང་དོང་ག་ཀ་ར་རྣམས་མར་དང་སྦྱར་བས་སྦྱངས་དེ་རྗེས་ལ་དྲོད་སྐྱེད་པའི་སྨན་སྦྱོར་གང་འོས་དང་ཟས་དང་སྐོམ་བཏང་བ་དང་ཡིད་དུ་འོང་བའི་སྤྱོད་ལམ་གྱི་རིགས་བྱ་ཞིང་རླུང་འཇོམས་པའི་ཟས་སྨན་དང་བད་ཀན་མི་སྐྱེ་བའི་ཡང་བ་བསྟེན་ཞིང༌། འབྲུ་རྙིང་པ་དང་རའི་འོ་མ་དང་ཤ་ཁུ་དང་མར་དང་སྤྱང་ཀི་དང་བྱ་རྒོད་དང་སྦྲུལ་དང་བོང་བུ་རྣམས་ཀྱི་ཤ་དང༌། གཞན་ཡང་རྩལ་མཐུས་ཤ་ཟ་བའི་ཤ་ཉིད་རྒྱུན་དུ་མི་ཟ་བའི་རིགས་གསང་ནས་བྱིན་ན་ཟུངས་འཕེལ་བའི་མཆོག་ཏུ་འགྱུར་ཞིང་དེ་དག་རྒྱུན་དུ་བསྟེན་པ་ཤེས་ན་སྐྱུག་ཅིང་མི་འདོད་པར་སྤོང་བས་སྟོབས་མི་སྐྱེ་ཞིང༌། རྒྱུད་ཕྱི་མ་ལྟར་གྱི་འཇམ་རྩི་སླེ་འཇམ་བཏང་ཞིང་ལུག་ཤ་དང་ཆང་དང་བུར་མར་བཅས་བསྟེན།

བྱེ་བྲག་ཏུ་རླུང་ལས་གྱུར་ན་གཅན་གཟན་དང་ཆུར་གནས་པའི་ཤ་མར་དུ་བརྔོས་པའི་ཁུ་བར་སྒ་གོ་སྙོད་སེ་འབྲུ་བཅས་ཀྱིས་སྤོད་བྲན་བཏང་བར་བྱ། རའི་ཤ་མར་དུ་བཙོས་པའི་ཁུ་བ་དེ་ལ་པི་པི་ལིང་ངམ་སྒ་འམ་ཡང་ན་སེ་འབྲུ་འམ་ནས་ཐུག་དང་སྦྱར་ནས་བཏང་བས་གོང་བཤད་བླ་གཉན་གྱི་གནོད་པ་དྲུག་སེལ་བར་བྱེད་དོ།། མཁྲིས་པ་ལས་གྱུར་ན་ཆང་བླུད་རྙིང་པ་ངོམས་པ་ལ་འུ་སུ་དང་སྒའི་ཐང་བཏང་ཞིང་ཤིང་མངར་དང་དུག་མོ་ཉུང་དང་བྱ་ཀྲི་སྟེ་ཀཎྚ་ཀ་རི་རྒུན་འབྲུམ་དང་མ་ནུ་ཟུར་པ་སྟེ་ཤུ་ཟུར་དང་ཨུཏྤལ་དང་བྱི་ཚེར་བ་གཟེ་མ་བ་ལ་ཞེས་ཁ་ཅིག་པ་ལ་ཟེར་བར་བཞེད་དོན་ཧ་ལོའི་རྩ་བ་གོ་སྙོད་པི་པི་ལིང་དང་ཀྱི་ལྕེ་དཀར་པོའི་སྨན་མར་གྱིས་གཅོང་ནད་སེལ་བར་བྱེད་དོ། །བད་ཀན་ལས་གྱུར་ན་སྒ་དང་པི་པི་ལིང་ཕོ་བ་རིས་ཙི་ཏྲ་ཀ་དབྱི་མོང་སྟེ་ཚ་བ་ལྔ་དང་ཡ་བཀྵ་ར་རྣམས་ལྡེ་གུ་དང་སྨན་མར་གང་རུང་དུ་བགྱིས་པས་གཅོང་ནད་དམུ་ཆུ་དང་སྐྲན་འཇོམས་ལ། ཁྱད་པར་དུ་ཆང་རྙིང་པའི་དྭངས་མས་བད་ཀན་གྱི་རྩ་སྦུབས་འགགས་པ་སྦྱོང་བས་མཆོག་ཏུ་བསྔགས་ཤིང་མདོར་ན་གཅོང་ཆེན་འདི་ལ་མེ་དྲོད་ཉམས་པས་ཡང་དུ་འཁྲུ་བ་ལུས་ཟུངས་འཇོམས་ཕྱིར་ཤིན་ཏུ་གནོད་པས་བསྲུང་བ་གཅེས། ཁྱད་པར་འདི་གསོ་བའི་དུས་ལ་བཤད་པ་དག་ལ་བརྟེན་པ་ཡིན་པས་ན་ཚ་འཁྲུའི་སྐབས་བཤད་པའི་སྨན་བསྟེན་དགོས་པས་དེའི་གསོ་བ་དང་སྦྱར་རོ་ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་ཟད་བྱེད་བཅོས་པའི་ལེའུ་སྟེ་བཅུ་གཅིག་པའོ།།

དེ་ལྟར་ལེའུ་དྲུག་གིས་ཁོང་ནད་གསོ་བ་སྟེ་སྐབས་གཉིས་པ་རྫོགས་སོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།