སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དྲུག་པ། ལྡེ་གུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་དྲུག་པ། ལྡེ་གུའི་སྡེ་ཚན་བསྟན་པ།



 ལེའུ་དྲུག་པ།  ལྡེ་ཁུའི་སྡེ་ཚན་བསྟན་པ།

ཞི་བྱེད་གསུམ་པ་རིལ་བུའི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་གདམས་ཏེ། ཞི་བྱེད་བཞི་པ་ལྡེ་གུའི་སྦྱོར་བ་འདི་ལ། དཔའ་བོའི་ཡན་ལག་བརྒྱད་པར། མར་ནི་ལྦུ་བ་དྭངས་མ་དང༌། །ཏིལ་མར་ལྦུ་བ་ཕྱུང་བ་དང༌། །ལྡེ་གུ་ནལ་ནལ་པོར་གྱུར་ཞིང༌། །ཆུ་ནང་བྱིང་ཞིང་གྱེས་མི་འགྱུར། །ཞེས་ལྡེ་གུའི་བསྐོལ་ལུགས་གསུངས་པ་དང་མཐུན་པར། ལེའུ་འདི་ཉིད་ལས། དེ་སོགས་ལྡེ་གུའི་སྦྱར་ཐབས་སྦྲང་ཆུ་བཅད། །བུ་རམ་ཆུར་གདུས་མར་གྱི་ལྦུ་སྙིགས་ཕྱུངས། །ཞེས་དང༌། ཀ་ར་ལ་སྦྱོར་ཞིབ་ཏུ་བཏགས་ལ་གདབ། །ཅེས་གསུངས་པའི་ཀ་ར་དང་བུ་རམ་སྦྲང་མར་བཅས་ལས་བྱེད་པ་དེ་ལ་སྡེ་ཚན་ཚ་སེལ་དང་གྲང་སེལ་གཉིས་ལས།

            ཚ་སེལ་ཁ་བསྒྱུར་དང་བཅས་སྦྱོར་བ་བཅོ་ལྔའི་ཐོག་མ་སོ་མ་ར་ཛ་དང་ཨ་རུ་ར། ཅུ་གུར་ལི་སྟེ་བསིལ་གསུམ་དང༌། འདམ་བུ་ཀ་ར་ཤིང་མངར་དང༌། ལྕགས་ཀྱི་ཕྱེ་མའམ་ལྕགས་དྲེག་རྣམས་ཀ་རའམ་མར་གསར་ལ་ལྡེ་གུ་བྱས་པའི་ལྕགས་ཕྱེ་བརྒྱད་པས་གློ་མཆིན་གྱི་ཚ་བ་རྙིངས་པ་དང་རྙོགས་པ་སེལ་བར་བྱེད། ཏིག་ཏ་དང༌། གསེར་གྱི་མེ་ཏོག་དང༌། བོང་ང་དཀར་པོ། མ་ནུ་པ་ཏྲ་དང༌། པི་པི་ལིང་དང་བ་ལེ་ཀ་རྣམས་སྦྲང་རྩི་ལ་སྦྱར་བ་ཏིག་ཏ་དྲུག་པའི་ལྡེ་གུས་མཁྲིས་པའི་གློ་ནད་ཀྱི་རིགས་དང༌། ཆང་ནད་ཀྱིས་མཁྲིས་པར་སྐྱུགས་པ་དང་མགོའི་ནད་རྣམས་སེལ། གུར་ཀུམ་དང་མཚལ་དང་མི་དོམ་སོགས་ཀྱི་མཁྲིས་པ་སྣ་ཚོགས་དང༌། ནཱ་ག་པུཥྤ་པདྨ་སྟེ་གེ་སར་གསུམ་དང་བཅས་པ་མར་གསར་པའམ་སྦྲང་ལ་སྦྱར་བའི་མཁྲིས་སྣའི་ལྡེ་གུས་གློ་བ་དང་མཆིན་པའི་ནད་དང་ཟླ་མཚན་མ་ཆད་པར་འབྱམས་པ་དང༌། རྨ་རྙིང་གི་ཁྲག་དང་སྣ་ཁྲག་འཛག་པ་རྣམས་གཅོད། བྲག་ཞུན་དང་ཨ་རུ་ར་དང་བ་ཤ་ཀ་དང་གུར་ཀུམ་རྣམས་སྦྲང་རྩི་ལ་སྦྱར་བའི་བྲག་ཞུན་བཞི་པའི་ལྡེ་གུས་མཆིན་ཁྲག་དང་དྲེག་ནད་སེལ། ཙན་དན་དཀར་པོ། ཨུཏྤལ་སྔོན་པོ། གུར་ཀུམ་དང༌། སྐྱུ་རུ་ར་རྣམས་ཀ་ར་དང་སྦྲང་གང་རུང་ལ་སྦྱར་བ་ཙན་དན་བཞི་པའི་ལྡེ་གུས་མཁྲིས་པ་སྐྱུག་པ་དང་གློ་ནད་རྣམས་སེལ་བ་ཡིན་ཀྱང༌། དེ་ལ་རླུང་དང་ལྡན་ན་མར་གསར་པ་སྦྱར་བ་དང༌། བད་ཀན་ལྡན་ན་ག་དུར་བསྡེབས་དགོས་སོ། །ཨ་རུ་ར་དང༌། རྒྱ་སྐྱེགས་དང༌། བཙོད་དང༌། འབྲི་མོག་ཕྲ་ཞིང་རྩི་མཐུག་པ་བཟང་བ་དང༌། ཅུ་གུར་ལི་ཤི་སྟེ་བསིལ་གསུམ། འདམ་བུ་ཀ་ར་ཤིང་མངར་དང་ལི་ག་དུར་རྣམས་ཀ་ར་དང་མར་གསར་སྦྲང་གང་རུང་གིས་སྦྱར་བ་དམར་གསུམ་ལྡེ་གུས་ལུད་པ་ཤེ་རུལ་ལྟ་བུ་དང༌། རྣག་དང་ཁྲག་གློ་ནས་བརྡོལ་བ་སེལ། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང༌། རྩ་ཨ་བ་དང༌། ལྕགས་ཀྱི་ཕྱེ་མ་དང༌། གོ་སྙོད་དང༌། ཤིང་མངར་རྣམས་མར་གསར་དང་ཀ་ར་སྦྲང་གང་རུང་ལ་སྦྱར་བ་གསལ་བྱེད་བདུན་པའི་ལྡེ་གུས་མིག་གི་ནད་དམར་ཚག་དང་རབ་རིབ་རྣམས་འཇོམས་པར་བྱེད། བསེ་རུ་དཀར་པོ་དོམ་དང་མི་སོགས་ཀྱི་མཁྲིས་པ་སྣ་ཚོགས་བཅས་པ་ཀ་ར་བུ་རམ་མར་གསར་གང་འོས་སྦྱར་བ་བསེ་རུའི་ལྡེ་གུའི་གློ་བའི་རྣག་སྐེམ། ཙན་དན་དམར་པོ་དང༌། སྐྱེར་པ་དང་ཨ་རུ་ར་རྣམས་ཀ་ར་བུ་རམ་མར་གསར་གང་རིགས་སྦྱར་བའི་ཙན་དན་ལྡེ་གུས་ཚད་པ་རྙིང་པ་ཆུ་སེར་དང་ལྡན་པ་སེལ། མཚལ་དང་རྒྱ་སྐྱེགས་དང་དོམ་མཁྲིས་རྣམས་ཀ་ར་བུ་རམ་མར་གསར་གང་འོས་དང་སྦྱར་བའི་ལྡེ་གུས་རྟག་ཏུ་ཟླ་མཚན་འབྱམས་ནས་འཛག་པ་གཅོད་པར་བྱེད། ཅུ་གང་དང་གུར་ཀུམ་དང་ལི་ཤི་དང་ཨ་རུ་ར་དང་སུག་སྨེལ་རྣམས་མར་གསར་ལ་སྦྱར་བའི་ཅུ་གང་ལྔ་པའི་ལྡེ་གུ་ཞེས་པས་རབ་རིབ་རྣམས་སེལ་ཞིང༌། ཚད་པའི་ནད་རྙིང་པ་དང་རྙོགས་པ་དང་དུག་ནད་རྣམས་ཞི་བར་བྱེད། ཅུ་གུར་ལི་ཤི་སུག་སྨེལ་ཏེ་བསིལ་བཞི་དང་ཙན་དན་དཀར་དམར་དང་རུ་རྟ་རྣམས་སྦྲང་ངམ་མར་གསར་སྦྱར་བ་བསིལ་བཞིའི་ལྡེ་གུས་བུ་ཆུང་གློ་ནད་སེལ། དུག་གིས་ཤི་བ་དང་རི་བོང་གི་མ་གཏོགས་མི་ལ་སོགས་པའི་མཆིན་པ་སྣ་ཚོགས་མ་རུལ་བ་གུར་ཀུམ་དང་བཅས་མར་གསར་པའམ་སྦྲང་ལ་སྦྱར་བ་མཆིན་སྣའི་ལྡེ་གུས་མིག་ནད་མཆིན་ནད་བཅས་སེལ་བ་སྟེ་ལྡེ་གུ་ཚ་སེལ་གྱི་སྦྱོར་བ་བཅོ་ལྔ་ཡོད་དོ། །

            གྲང་སེལ་གྱི་ལྡེ་གུའི་སྦྱོར་བ་ནི། སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ། ཙི་ཏྲ་ཀ་དང་བྱི་ཏང་ག་དང་ལི་ག་དུར་ཐོག་མ་ནས་རིམ་པས་ཆ་བསྐྱེད་ལ། ལྕགས་ཕྱེ་དང་སྤོས་དཀར་གཉིས་སྒྲིལ་བ་ཕྱི་མ་དེའི་བརྒྱད་རེ་རྣམས་སྦྲང་དང་སྦྱར་བ་ཆ་བསྐྱེད་ལྡེ་གུའམ་ལྕགས་ཕྱེའི་ལྡེ་གུས་མིག་སེར་དང་སྐྱ་རྦབ་དང་གཞང་འབྲུམ་རྣམས་འཇོམས། རྒྱ་ཚྭ་དང༌། གླ་རྩི་དང༌། སྡིག་སྲིན་དང༌། སྒ་པི་ཕོ་སྟེ་ཚ་བ་གསུམ། ཚོན་མཐིང་གི་བར་ཤུན་དང་བུད་མེད་ཀྱི་ལྟོ་བ་ལས་ཐོན་པའི་མོ་རྡེའམ། དེ་མིན་ཆུ་དཀྱིལ་གྱི་རྡེའུ་དང༌། ཉི་དགའ་སྟེ་ལྕམ་པ་དང༌། ཨ་འབྲས་སྲ་འབྲས་འཇམ་འབྲས་ཏེ་འབྲས་སྣ་གསུམ་བུ་རམ་དང་མར་གང་རུང་ལ་སྦྱར་བ་མཐིང་ཤུན་ལྡེ་གུས་མཁལ་ནད་དང་ཆུ་སྲི་བ་སེལ། ཤིང་ཚ་དང་སུག་སྨེལ་དང་དྲོད་སྨན་ཏེ་པི་པི་ལིང་དང་ཅུ་གང་དང་ཀ་ར་རྣམས་རིམ་པར་བསྐྱེད་ལ་མར་གསར་པ་དང་སྦྲང་གང་རུང་ལ་སྦྱར་བ་ཤིང་ཚ་བཞི་པའི་ལྡེ་གུས་བད་ཀན་དང་གློ་ནད་ཀྱི་འཇབ་འཇིབ་ལུ་བ་ལ་བསྔགས། མ་ནུ་པ་ཏྲ་དང༌། རུ་རྟ་དང༌། སྒེ་གཤེར་ཏེ་སྒ་སྐྱ་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ག་དུར་དང༌། པི་པི་ལིང་དང་སྦྲང་རྩི་རྣམས་སྦྱར་བའི་མ་ནུ་བརྒྱད་པའི་ལྡེ་གུས་དབུགས་མི་བདེ་བ་དང་བད་རླུང་དང་གློ་ནད་རྣམས་སེལ། སེ་འབྲུ་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། ཚ་བ་སྒ་པི་ཕོ་གསུམ་དང༌། ཁ་རུ་ཚྭ་དང༌། རུ་རྟ་དང༌། ཙི་ཏྲ་ཀ་དང༌། གཟེ་མ་རྣམས་བུ་རམ་ལ་སྦྱར་བའི་སེ་འབྲུ་བཅུ་པར་གྲགས་པའི་ལྡེ་གུས་སྐྱ་རྦབ་རླུང་ཚབས་དང་མཁལ་མ་དང་ཕོ་བ་དང་རྒྱུ་ལོང་གི་ཡུལ་གྱི་གྲང་བ་སེལ་བ་སོགས་གྲང་སེལ་གྱི་སྦྱོར་བ་ལྔ་པོ་དེ་དག་དང༌།

            གོང་དུ་སྨོས་པའི་ཚ་སེལ་བཅོ་ལྔ་བསྡོམས་པས་ལྡེ་གུའི་སྦྱོར་བ་ཉི་ཤུ་པོ་དེ་ལ་སོགས་པ་ལྡེ་གུ་མཐའ་དག་སྦྱར་བའི་ཐབས་ནི་སྦྲང་ལ་སྦྱོར་ན་ཆུ་བཅད། བུ་རམ་ནི་ཆུར་གདུས་ལ་མར་གྱི་ལྦུ་བ་དང་སྙིགས་མ་རྣམས་ཕྱིར་ཕྱུངས་སྨན་ཀུན་ཞིབ་པར་བཏགས་ལ། བུར་སྦྲང་མར་གྱི་ཁུ་བ་ཚ་མོའི་ངད་ཡལ་བ་ན་བསྲེས་ལ་འདྲེས་པར་དཀྲུག་ཅིང༌། ཀ་ར་ལ་སྦྱོར་ན་དེ་ཉིད་ཞིབ་ཏུ་བཏགས་ལ་ཚ་བ་ལ་བ་ར་གྲང་བ་ལ་འབྲི་འདྲེས་པར་མཛོའི་འོ་མར་གདབ་པ་དང༌། འཇུ་བའི་ཚོད་ལོན་ཙམ་གྱི་ཆེ་ཆུང་ཁྱེའུ་སུས་ཞེས་པ་འདུལ་བ་རྒྱ་ཆེར་འགྲེལ་པ་དང་ལུང་རྣམ་འབྱེད་སོགས་དང་རྒྱ་རོལ་ནས་ཟས་ཀྱི་བཀྲེས་པ་མི་མྱོང་བའི་དོན་དུ་བཤད་པ་ལས་དུས་སུ་སྦྱར་ནས་བཤད་པ་མེད་ཀྱང༌། དཔའ་བོའི་ཡན་ལག་བརྒྱད་པའི་སྨན་གཏོང་ཚུལ་བཅུའི་སྐབས་བཤད་པ་བཞིན་ནད་པར་ཐོ་རངས་ཀྱི་དུས་ཕོ་བའི་བད་ཀན་བྱང་ཞིང་ཟས་མ་ཟོས་པའི་རྩ་སྒོ་རྣམས་ཀྱང་མ་འགགས་པ་དྲོད་དང་སྨན་གྱི་ནུས་པ་མཐུ་ཆེ་བའི་དུས་བསྟེན་པར་བྱའོ་ཞེས་གསུངས་སོ། །

            བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་སྦྱོར་བ་བཞི་པ་ལྡེ་གུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།



 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།