སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།



ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ། 

ལུས་ཀྱི་མཚན་ཉིད་བསྟན་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་མ་ཡེངས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་པས་མཚམས་སྦྱར་བའོ། །དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་ནས་ལུས་ཀྱི་ལས་ཞེས་པ་དེ་ནི། སྤྱིར་ལུས་ཉིད་ཀྱི་ལས་དང༌། ལུས་ལས་བྱུང་བའི་ངག་གི་ལས་དང༌། ལུས་ལ་བརྟེན་ཅིང་གནས་པ་ཡིད་ཀྱི་ལས་དང་རྣམ་པ་གསུམ་དུ་ཡོད་ལ། གསུམ་པོ་དེ་ཡང་ཚངས་པར་སྤྱོད་པ་དང༌། སྦྱིན་པ་གཏོང་བ་སོགས་དགེ་བ་བཅུ་དང༌། དེ་ལས་ལྡོག་པ་སྲོག་གཅོད་པ་སོགས་མི་དགེ་བ་བཅུ་དང༌། གཉིས་ཀ་མ་ཡིན་པར་བཏང་སྙོམས་དང༌། གཉིད་ཉལ་བ་སོགས་ལུང་དུ་མ་བསྟན་པའི་རང་བཞིན་རྣམས་ལ་ལོངས་སྤྱོད་པ་ཡིན་ཞིང༌། བྱེ་བྲག་ཏུ་མིག་དང་རྣ་བ་ལ་སོགས་པའི་དབང་པོ་ལྔ་རྣམས་ཀྱིས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་དོན་དུ་འཛིན་ཅིང་ལོངས་སྤྱོད་པར་བྱེད་པ་ཡིན་ནོ།།

ལུས་ཀྱི་དབྱེ་བ་ཅུང་ཟད་བརྗོད་ན། རྟེན་ཐ་དད་པའི་སྒོ་ནས་དབྱེ་བ་དང༌། ན་ཚོད་ཀྱི་རིམ་པའི་སྒོ་ནས་དབྱེ་བ་དང༌། ཁམས་ཀྱི་རང་བཞིན་གྱི་སྒོ་ནས་དབྱེ་བ་དང༌། ནད་དང་ནད་མེད་ཀྱི་སྒོ་ནས་དབྱེ་བ་དང་རྣམ་པ་བཞི་ཡོད་དོ།།

ལུས་ལ་རྟེན་གྱི་སྒོ་ནས་དབྱེ་ན་སྐྱེས་པ་སྟེ་ཕོ་དང༌། བུད་མེད་དེ་མོ་དང༌། དེ་གཉིས་ཀར་མ་ངེས་པ་ནི་མ་ནིང་དང་གསུམ། དེ་ལ་དབྱེ་བ་ནང་གསེས་ནི་མ་ནིང་ལ་ཕོ་མོ་གཉིས་ཀའི་མཚན་མ་ཡོད་པའི་མཚན་གཉིས་པ་དང༌། གང་ཡང་མེད་པའི་མཚན་མེད་པ་དང༌། འགྱུར་བ་མ་ནིང་ཞེས་ཟླ་བའི་སྟོད་ལྟ་བུར་ཕོ་མཚན་དང་སྨད་དུ་མོ་མཚན་དུ་འགྱུར་བ་དང༌། ཟ་མ་མ་ནིང་ཞེས་ཕོ་མོ་གང་ཡང་འདོད་པ་ཚུལ་བཞིན་སྤྱོད་མི་ནུས་པ་དང༌། ཉམས་པ་མ་ནིང་ཞེས་ཕོ་ལ་བྱ་བཅད་པ་དང་ལྔ་ཙམ་དང༌། གཞན་ཡང་ཕྲག་དོག་མ་ནིང་སོགས་མཐའ་ཡས་སོ།།

ན་ཚོད་རྒན་གཞོན་གྱི་སྒོ་ནས་དབྱེ་བ་ན། སྐྱེས་པ་ནས་ལོ་བཅུ་དྲུག་གི་བར་ནི་བྱིས་པའམ་ཁྱེའུ་ཕྲུ་གུ་ཞེས་བྱ་ལ། དེ་ལས་འདས་ནས་ལུས་ཟུངས་དང་དབང་པོ་དང་གཟི་མདངས་དང་སྟོབས་ལ་སོགས་པ་འཕེལ་བར་འགྱུར་བ་ལོ་བདུན་ཅུའི་བར་དུ་དར་མ་ཞེས་བྱ་སྟེ། དེ་ལས་ཀྱང་འདས་ནས་ལུས་ཟུངས་ལ་སོགས་པ་ཟད་པའི་འགོ་རྩོམ་པ་ཕན་ཆད་ནི་རྒན་པོ་ཞེས་བྱ་བས་རྣམ་པ་གསུམ་ཡིན་ནོ། །འདི་ནི་ཚེ་ལོ་བརྒྱ་པའི་དུས་ལ་དགོངས་པ་ཡིན་ཡང༌། དོན་ལ་ལང་ཚོ་མ་རྫོགས་པར་བྱིས་པ་དང༌། སྟོབས་མདངས་བྲི་བའི་འགོ་མ་རྩོམ་ཚུན་དར་མ་དང༌། དེ་ནས་རྒན་པོ་ཞེས་བརྗོད་ན་དུས་ཀུན་ལ་སྦྱར་དུ་རུང་ངོ༌།།

ལུས་ལ་རང་བཞིན་གྱི་སྒོ་ནས་དབྱེ་ན། རླུང་རྐྱང་པ་དང༌། མཁྲིས་པ་རྐྱང་པ་དང༌། བད་ཀན་རྐྱང་པ་དང༌། རླུང་མཁྲིས་གཉིས་སུ་ལྡན་པ་དང༌། བད་རླུང་གཉིས་སུ་ལྡན་པ་དང༌། བད་མཁྲིས་གཉིས་སུ་ལྡན་པ་དང༌། གསུམ་ཀ་འདུས་པ་དང་རྣམ་པ་བདུན་ཡོད་པར་ཤེས་པར་བྱའོ། །ཁམས་ཀྱི་རང་བཞིན་གྱི་སྒོ་ནས་དབྱེ་བ་དེ་ལ་དང་པོ་རླུང་གིས་གཙོ་ཆེར་བསྐྱེད་པའི་མི་རྣམས་ནི་གཟུགས་དབྱིབས་སྒུར་ཞིང་ཤ་སྐེམ་ལ་མདོག་སྔོ་བ་དང༌། སྨྲ་བ་ཤིན་ཏུ་མང་ཞིང་བསེར་བུའི་ངད་ཀྱིས་གྲང་བ་དང་ལྷགས་པ་རྣམས་མི་བཟོད་ཅིང༌། འགྲོ་བའི་ཚེ་ཚིགས་པ་རྣམས་ལས་སྒྲ་དང་བཅས་པ་འབྱུང་བ་དང༌། རང་བཞིན་གྱིས་ནོར་ཆུང་ཞིང་ཚེ་ཐུང་ལ་གཉིད་ཤིན་ཏུ་སྲབ་པ་དང༌། ལུས་ཀྱི་བོངས་ཆུང་ཞིང་གླུ་དང་དགོད་པ་དང་འཐབ་མོ་དང་མདའ་ལ་དགའ་བྱས་ན་རླུང་འདོད་ཆགས་ཀྱི་རང་བཞིན་ཡིན་པས་འཐད་པར་མངོན་ཞིང་མདའ་ལ་སོགས་པའི་རྒྱུ་རྩལ་ལ་ཕུལ་དུ་བྱུང་བ་ནི་རླུང་གི་རང་བཞིན་ཅན་མིན་ཞིང༌། སེང་གེ་སོགས་ཀྱི་མཚན་ཉིད་ལྡན་པ་དེ་ཡིན་ལ། སྐབས་འདིར་ཟླ་ཟེར་ནས་རྔོན་པ་ལ་སོགས་པ་མཚོན་བྱེད་མདའ་ལ་དགའ་བར་བཤད་པ་དང༌། ཁ་ཟས་མངར་བ་དང༌། སྐྱུར་བ་དང༌། ཁ་བ་དང༌། ཚ་བའི་རོ་ལ་ལྷག་པར་དུ་སྲེད་པ་ཆེ་བ་སྟེ་དེ་ལྟ་བུའི་མི་དེ་ནི་བྱ་རྒོད་དང་ཁྭ་དང་ཁྱི་དང་ཝ་ལ་སོགས་པའི་མཚན་ཉིད་དང་སྤྱོད་པ་དང་ང་རོ་དང་ལྡན་པ་ཡིན་ནོ། །མི་གང་ཡང་མཁྲིས་པའི་རང་བཞིན་ཤས་ཆེ་བ་དེ་ནི་སྐོམ་དད་དང་བཀྲེས་ཤས་གཉིས་ཀ་ཆེ་ཞིང་སྐྲ་དང་ལུས་ཀུན་གྱི་མདོག་ཀྱང་སེར་ལ་བློ་རྣོ་ཞིང་ང་རྒྱལ་ཆེ་བ་དང༌། རྟག་ཏུ་རྔུལ་ཆེ་ཞིང་དྲི་ང་བ་སྟེ་མི་ཞིམ་པ་མནམ་པ་དང༌། ཚེ་རིང་ཐུང་དང༌། ནོར་ཆེ་ཆུང་དང༌། ལུས་བོངས་ཆེ་ཆུང་རྣམས་འབྲིང་པོ་ཙམ་དུ་ངེས་ལ། རོ་མངར་ཁ་བསྐ་ཞིང་ནུས་པ་བསིལ་བའི་ཁ་ཟས་ལ་ལྷག་པར་སྲེད་པ་སྟེ། དེ་འདྲ་བའི་མི་དེ་ནི་སྟག་དང་སྤྲེའུ་དང་གནོད་སྦྱིན་དང་བྱི་ལ་ལ་སོགས་པའི་མཚན་ཉིད་དང་ལྡན་ཞིང་ང་རོ་དང་སྤྱོད་པ་རྣམས་དང་ལྡན་པ་ཡིན་ནོ། །མི་གང་ཞིག་བད་ཀན་གྱི་རང་བཞིན་ཅན་ནི་ལུས་བསིལ་བ་སྟེ་དྲོད་མེད་ཅིང༌། རུས་ཚིགས་རྣམས་མི་མངོན་ཞིང༌། ཤ་རབ་ཏུ་རྒྱས་ལ་ཁ་དོག་ཀྱང་དཀར་བའི་རང་བཞིན་ཅན་དང༌། གཟུགས་ཀྱི་དབྱིབས་དགྱེ་ཞིང་བཀྲེས་སྐོམ་དང་ཉོན་མོངས་པ་དང་སྡུག་བསྔལ་དང་ཐན་པ་རྣམས་ལ་བཟོད་བསྲན་ཆེ་བ་དང༌། ལུས་ཀྱི་ཤ་འཚོ་བ་སྟེ་ཤ་ཆེ་བ་དང༌། ཚེ་རིང་ཞིང་ནོར་མང་བ་དང༌། གཉིད་འཐུག་ཅིང་ཞེ་སྡང་གི་ཚེའང་འདམ་རིང་བ་སྟེ་གཏིང་རིང་པོར་གཞག་སྟེ་འཕྲལ་གནོད་པ་ལ་མི་བརྩོན་པ་དང༌། རང་བཞིན་གྱི་ངང་རྒྱུད་བཟང་བ་སྟེ་གཞན་ལ་ཕན་པར་བརྩོན་ཞིང་ཚ་སྐྱུར་བསྐ་བ་དང༌། ནུས་པ་རྩུབ་པའི་ཁ་ཟས་ལ་ལྷག་པར་སྲེད་པ་སྟེ། དེ་འདྲ་བའི་མི་དེ་སེང་གེ་དང༌། མ་ཧེ་རྣམས་ཀྱི་ཁྱུའི་མཆོག་དང༌། གླང་པོ་ཆེ་ས་སྲུངས་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་བྱ་ཁྱུང་དང༌། ཚངས་པ་ལ་སོགས་པའི་སྤྱོད་པ་དང༌། སྐད་དང་མཚན་ཉིད་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །ལྡན་པ་གསུམ་ལའང་རླུང་མཁྲིས་གཉིས་དང་ལྡན་པ་ཅུང་ཟད་ཆུང་ཞིང༌། བད་རླུང་གཉིས་དང་ལྡན་པ་འབྲིང་ལ། བད་མཁྲིས་གཉིས་དང་ལྡན་པ་ནི་ཆེ་བ་ཡིན་ནོ། །དེ་བཞིན་དུ་སྤྱོད་པ་དང་སྐད་ཀྱི་ང་རོ་དང་བསམ་པ་ལ་སོགས་པ་རྣམས་ཀྱང་འདྲེས་པའི་རང་བཞིན་ཅན་དུ་བལྟ་དགོས་ཤིང༌། འདུས་པ་ནི་དེ་གསུམ་གའི་མཚན་ཉིད་སོགས་འདྲེས་པ་ལས་ཤེས་པར་བྱ་སྟེ་མི་གང་ཞིག་གཟུགས་ཧ་ཅང་ཆེས་པ་སོགས་མ་ཡིན་པར་འཚམ་ཞིང་ཁོ་ལག་རྫོགས་པ་དང༌། ནད་ཉུང་བ་སོགས་མཆོག་ཏུ་གྱུར་པའི་ཡོན་ཏན་རྣམས་དང་ལྡན་པ་ཡིན་ནོ། །བད་ཀན་ཅན་གྱི་རང་བཞིན་མཆོག་ཏུ་བཤད་པའི་རྐྱང་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། རང་བཞིན་བདུན་གའི་དབང་དུ་བྱས་ན། རིམ་པ་བཞིན་དུ་འདུས་པ་དང༌། བད་མཁྲིས་ལྡན་པ་དང༌། བད་རླུང་ལྡན་པ་དང༌། མཁྲིས་རླུང་ལྡན་པ་དང༌། བད་ཀན་དང༌། མཁྲིས་པ་དང༌། རླུང་རྣམས་སྔ་མ་སྔ་མ་མཆོག་ཡིན་ཞིང༌། ཕྱི་མ་ཕྱི་མ་རྣམས་ཡོན་ཏན་མཐའ་དག་གི་སྒོ་ནས་དམན་པ་ཡིན་ནོ། །འོན་ཀྱང་འདིར་བཤད་པ་ཀུན་ཀྱང་རགས་པའི་དབང་དུ་བྱས་པ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་ཏེ། རང་རང་གི་སྔོན་གྱི་ལས་ཀྱི་འབྲས་བུ་དང༌། བག་ཆགས་ཀྱི་ལྷག་མ་སོགས་དབང་བཙན་པ་ཡིན་ནོ།།

ལུས་ལ་ནད་ཀྱི་དབྱེ་བ་ཡོད་མེད་ཀྱི་དབང་གིས་རྣམ་པ་གཉིས་ཏེ། རྣམ་པར་མ་གྱུར་པ་ནད་མེད་པའི་ལུས་དང༌། རྣམ་པར་གྱུར་པ་ནད་ཀྱིས་གཙེས་པའི་ལུས་སོ། །དང་པོ་རྣམ་པར་མ་གྱུར་པ་ལུས་རང་བཞིན་དུ་བདེ་བར་གནས་པའི་ཐ་མལ་པ་དེ་ལ་རྟག་ཏུ་ནད་མེད་བཞིན་པའི་ངང་དུ་གནས་པ་དང༌། ཡུན་རིང་དུ་སྲོག་འཚོ་བར་བྱ་བའི་ཐབས་ཟས་དང་སྤྱོད་ལམ་འཁྲུལ་བ་མེད་ཅིང་བཅུད་ཀྱིས་ལེན་པ་ལ་སོགས་པའི་སྒོ་ནས་འབད་པར་བྱ་དགོས་ལ། གཉིས་པ་རྣམ་པར་གྱུར་པ་ནད་ཀྱིས་བཅོམ་པའི་ལུས་དེ་ནི་སྨན་དཔྱད་ཟས་སྤྱོད་དང་རིམ་གྲོ་ལ་སོགས་པའི་སྒོ་ནས་གསོ་བའི་ལས་ལ་འབད་པར་བྱའོ་ཞེས་གསུངས་པ་ཡིན་ཞེས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་ལས་དང་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།