སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་དྲུག་པ། མཇུག་བསྡུ་བ་དཔེ་དོན་རྣམ་གྲངས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.08.2011
རྩ་རྒྱུད། >> ལེའུ་དྲུག་པ། མཇུག་བསྡུ་བ་དཔེ་དོན་རྣམ་གྲངས་བསྟན་པ།
ལེའུ་དྲུག་པ། མཇུག་བསྡུ་བ་རྩིས་ཀྱི་དཔེ་དོན་བཤད་པ། བཞི་པ་མཇུག་བསྡུ་བ་རྩིས་ཀྱི་ལེའུ་བཤད་པ་ལ་བཞི། བཀའ་བསྒོ་བ། དོན་དངོས། མཇུག་བསྡུ་བ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། གསོ་ཐབས་ཀྱི་ལེའུ་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ཀུན་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་བཀའ་བསྩལ་པ་ཡིན་ནོ།། གཉིས་པ་དོན་དངོས་དྲུག་སྟེ། རྩ་བ། སྡོང་པོ། ཡལ་ག ལོ་མ། མེ་ཏོག འབྲས་བུའི་གྲངས་བསྡུ་བའོ། །དང་པོ་ནི། རྐང་པ་གཅིག་སྟེ། གོང་དུ་བཤད་པའི་རྩ་རྒྱུད་དངོས་ཀྱི་ལེའུ་གསུམ་པོ་དེ་རྣམས་ཀྱི་དོན་མ་ལུས་པ་བསྡུས་དོན་གྱི་ཚུལ་དུ་འདིར་བཤད་པར་བྱའོ། །དེ་ཡང་ལྗོན་ཤིང་གི་དཔེའི་སྒོ་ནས་བསྡུ་ན། གནས་ལུགས་ནད་གཞི། ངོས་འཛིན་རྟགས། གསོ་བྱེད་ཐབས་ཏེ་ཤིང་གི་རྩ་བ་ལ་གསུམ་མོ། །གཉིས་པ་སྡོང་པོའི་གྲང་བསྡུ་བ་ནི། རྣམ་འགྱུར་ཞེས་པ་ནས་དགུ་རུ་འདྲིལ་ཞེས་པའི་བར་གྱིས་བསྟན་ཏེ། རྩ་བ་དང་པོ་ལ་སྡོང་པོ་རྣམ་པར་གྱུར་པ་ནད་དང༌། རྣམ་པར་མ་གྱུར་པ་ལུས་གཉིས། ངོས་འཛིན་རྟགས་ཀྱི་རྩ་བ་ལ། བལྟ་བ། རེག་པ། དྲི་བའི་སྡོང་པོ་དང་གསུམ། གསོ་བྱེད་ཐབས་ཀྱི་རྩ་བ་ལ། སྨན། དཔྱད། ཟས། སྤྱོད་ལམ་གྱི་སྡོང་པོ་བཞི་སྟེ་དྲིལ་བས་སྡོང་པོ་དགུ་རུ་འདྲིལ་བ་ཡིན་ནོ། །གསུམ་པ་ཡལ་གའི་གྲངས་བསྡུ་བ་ནི། ཡལ་ག་ཞེས་པ་ནས་གྱེས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཡལ་ག་རྣམ་པར་མ་གྱུར་པའི་ལུས་ལ་ནད་དང་ལུས་ཟུངས་དྲི་མ་གསུམ། རྣམ་པར་གྱུར་པའི་ནད་ལ་རྒྱུ་རྐྱེན། འཇུག་སྒོ། གནས། ལམ། ལྡང་དུས། འབྲས་བུ། ལྡོག་རྒྱུ། མདོ་དོན་དང་དགུ། བལྟ་བ་ལ་ལྕེ་དང༌། ཆུ་གཉིས། རེག་པ་རྩ་ལ་རླུང་མཁྲིས་བད་ཀན་གསུམ། དྲི་བ་ལ་སློང་རྐྱེན་དང་ན་ལུགས་གོམས་པ་གསུམ། ཟས་ལ་ཟས་གསུམ་དང་སྐོམ་གསུམ་དང་དྲུག །སྤྱོད་ལམ་ལ་གསུམ། སྨན་ལ་རླུང་མཁྲིས་བད་ཀན་གསུམ་ལ་རོ་དང་ནུས་པ་གཉིས་གཉིས་ཏེ་དྲུག །རོ་ནུས་དེ་དྲུག་ལ་སྦྱར་བའི་ཞི་བྱེད་ཀྱང་དྲུག །སྦྱོང་བྱེད་རེ་རེ་སྟེ་གསུམ། དཔྱད་ཀྱང་རེ་རེ་སྟེ་གསུམ། དེ་ལྟར་ཡོངས་སུ་དྲིལ་བས་ཡལ་ག་ནི་བཞི་བཅུ་རྩ་བདུན་དུ་གྱེས་པ་ཡིན་ནོ། །བཞི་པ་ལོ་འདབ་ཀྱི་རྣམ་གྲངས་བསྡུ་བ་ནི། རྒྱས་པའི་ཞེས་པ་ནས་མིན་ཞེས་པའི་བར་གྱིས་བསྟན་ཏེ། ཡལ་ག་ཞེ་བདུན་པོ་དེ་ལས་རྒྱས་པའི་ལོ་འདབ་ནི། སྡོང་པོ་དང་པོ་རྣམ་པར་མ་གྱུར་པའི་རྩེ་ལ་ཉི་ཤུ་རྩ་ལྔ། སྡོང་པོ་གཉིས་པ་རྣམ་པར་གྱུར་པའི་རྩེ་ལ་ནད་ཀྱི་ཟིན་ཏིག་དྲུག་ཅུ་རྩ་གསུམ་དང༌། སྡོང་པོ་གསུམ་པ་བལྟ་བའི་རྩེ་ལ་དྲུག་དང༌། བཞི་པ་རེག་པའི་རྩེ་ལ་རྩ་རྒྱུད་གསུམ་དང༌། ལྔ་པ་དྲི་བའི་རྩེ་ལ་ཉེར་དགུ་དང༌། དྲུག་པ་ཟས་ཀྱི་སྡོང་པོ་ལས་རླུང་གི་ཟས་སྐོམ་ལ་བཅུ་བཞི་དང༌། མཁྲིས་པའི་ཟས་སྐོམ་ལ་བཅུ་གཉིས་དང༌། བད་ཀན་གྱི་ཟས་སྐོམ་ལ་དགུ་སྟེ་དྲིལ་བའི་ཟས་སྐོམ་སོ་ལྔ་དང༌། བདུན་པ་སྤྱོད་ལམ་གྱི་སྡོང་པོ་ལ་དྲུག་དང༌། བརྒྱད་པ་སྨན་གྱི་སྡོང་པོ་ལ་སྨན་གྱི་རོ་དགུ་དང་ནུས་པ་དགུ་སྟེ་བཅོ་བརྒྱད། ཁུ་བ་ལ་གསུམ། སྨན་མར་ལ་རྣམ་པ་ལྔ་དང༌། ཐང་དང་ཕྱེ་མ་ལ་བཞི་བཞི་སྟེ་བརྒྱད་དང༌། རིལ་བུ་རྣམ་པ་གཉིས་དང༌། ཏྲེས་སམ་ལྔ་དང༌། སྦྱོང་བྱེད་ལ་མི་འདའ་བའི་བཅོས་ཐབས་དགུ་སྟེ་དྲིལ་བས་སྨན་ལ་ལྔ་བཅུ་དང༌། དཔྱད་ལ་སྡེ་བདུན་ཏེ། དེ་ལྟར་བཤད་པ་དེ་རྣམས་ཀྱང་ཤིན་ཏུ་གསལ་བར་བསྡུ་ན། གནས་ལུགས་ནད་བཞིའི་རྩ་བ་ལ་ལོ་འདབ་བརྒྱད་ཅུ་རྩ་བརྒྱད། སུམ་ཅུ་རྩ་བརྒྱད་པོ་ནི་ངོས་བཟུང་བརྟག་པའི་ཐབས་ཀྱི་རྩ་བ་ལས་གྱེས། བཅོས་པའི་ཐབས་ཀྱི་རྩ་བ་ལ་ཟས་སྤྱོད་སོགས་དགུ་བཅུ་རྩ་བརྒྱད་དང༌། དེ་གསུམ་ག་སྤྱིར་བསྡོམས་པས་ལོ་འདབ་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིར་གྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྔ་པ་མེ་ཏོག་ནི། མེ་ཏོག་སོགས་རྐང་པ་གཅིག་སྟེ། རྣམ་པར་མ་གྱུར་པའི་ལུས་མི་ན་བར་གནས་ཤིང་རྣམ་པར་གྱུར་པའི་ལུས་ན་བ་ཡང་བརྟག་ཐབས་ཀྱིས་ལེགས་པར་བརྟགས་ཤིང༌། ཟས་སྤྱོད་སྨན་དཔྱད་བཞིས་ཚུལ་བཞིན་དུ་གསོས་པས་ཟུག་རྔུ་ལས་གྲོལ་བ་དེའི་ཚེ། མེ་ཏོག་ནད་མེད་པ་དང་ཚེ་རིང་བ་གཉིས་སུ་འབྱུང་ལ། དེ་ཡང་གསར་དུ་ཁ་བྱེ་བ་བཞིན་མ་རྙིངས་ལ། ཟེའུ་འབྲུ་དང་འདབ་མ་ཡོངས་སུ་རྒྱས་ཤིང་མདངས་རབ་ཏུ་གསལ་བར་ཆགས་པའོ། །དྲུག་པ་འབྲས་བུ་ནི། འབྲས་བུ་སོགས་རྐང་པ་གཅིག་སྟེ། རྣམ་པར་མ་གྱུར་པའི་ལུས་ལ་མེ་ཏོག་དེ་ལྟར་རྒྱས་པའི་འབྲས་བུ་ནི། ལྷ་དང་མིའི་ཆོས་ལུགས་ཀུན་ཤེས་པ་དང༌། ཟང་ཟིང་དང་འཕགས་པའི་ནོར་གྱིས་ཕྱུག་པ་དང༌། དེ་ཡང་འབྲས་བུ་ལ་ཚེ་འདི་དང་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། མཐོ་རིས་དང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་ཐོབ་འགྱུར་གྱི་དོན་ཡིན་པས། འབྲས་བུ་ཕྱི་མ་འདི་ནི་འབྲས་བུའི་ཡང་འབྲས་བུ་ཡིན་ནོ། །དེ་ལྟར་རྣམ་པ་གསུམ་དུ་སྨིན་པའི་འབྲས་བུ་འདི་ནི་དངོས་སུ་ནད་མེད་ཐ་མལ་དུ་གནས་པ་རྣམས་ལ་གསུངས་ཤིང༌། ཤུགས་བསྟན་དུ་ལུས་མི་ན་བར་ཡུན་རིང་དུ་གནས་པར་བྱེད་པ་པོའི་སྨན་པ་རྣམས་ལའང་གྲུབ་པ་ཡིན་ནོ། འདིའི་སྐབས་སུ་ཁ་ཅིག(སྔ་རབས་པ་འགའ་ཞིག་དང་དེང་སང་གི་བྱང་པ།)འབྲས་བུ་གསུམ་སྐྱེད་པར་བྱེད་པ་ལ་མེ་ཏོག་ཀྱང་གསུམ་དགོས་པས་གསལ་བའི་མེ་ཏོག་དང་གསུམ་ཟེར་བ་རྣམས་ནི་དཔེ་ལ་ཧ་ཅང་ཞེན་ཆེས་པས་གཞུང་དོན་སྟོར་བ་ཡིན་ཞིང༌། གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན། །ཞེས་པ་ཙམ་ཡང་མ་མཐོང་བར་ཟད་དོ། །གཞན་ཡང་སྔ་རབས་པ་ཀུན་གྱིས་མེ་ཏོག་དང་འབྲས་བུ་རྣམས་སྡོང་པོ་རེ་རེའི་རྩེ་མོར་འཆོལ་བར་འགོད་པ་ཞིག་འདུག་མོད། དེ་རྣམས་ལ་འདི་ཡིན་གྱི་བློ་རྩེ་གཏད་རྒྱུ་སྤུ་ཙམ་ཡང་མི་འདུག་ཅིང༌། དོན་གྱི་གནད་མ་རྟོགས་པས་ནོངས་པ་ཡིན་ཏེ། བརྟག་ཐབས་དང་སྨན་གྱི་སྡོང་པོའི་རྩེ་ལ་ནད་མེད་པ་དང་ཚེ་རིང་བ་སྨིན་པའི་སྐབས་མི་སྲིད་ཅིང༌། གལ་ཏེ་སྨིན་པ་ན་དེ་དག་གང་ཟག་ཏུ་ཐལ་བའི་ཕྱིར་རོ། དེས་ན། འབྲས་བུ་ཆོས་ནོར་བདེ་བ་གསུམ་དུ་སྨིན། །ཞེས་པའི་དོན་གྱིས་གང་ལ་སྨིན་པའི་གཞི་ནི་རྣམ་པར་མ་གྱུར་པའི་ལུས་ཀྱི་སྡོང་པོ་ཁོ་ན་ཡིན་ལ། དེ་ཡང་ནད་ལུས་ཟུངས་དྲི་མའི་ཡལ་ག་སོ་སོར་མ་གྱེས་ཙམ་དེར་སྨིན་དགོས་པ་ཡིན་ཏེ། འདིར་རྟོགས་པར་བྱ་བའི་དོན་དབང་བཙན་པའི་ཕྱིར་རོ། །དེ་ལྟ་བས་ན་ཁམས་དྲུག་ལྡན་གྱི་འགྲོ་བ་རང་རང་གི་ལུས་རྣམ་པར་མ་གྱུར་པ་དེ་ཉིད་ཟས་སྤྱོད་སྨན་དཔྱད་ཀྱི་སྒོ་ནས་མི་ན་བ་ཡུན་རིང་དུ་གནས་པར་བྱ་བས་ལུས་སྡོང་པོ་དང་འདྲ་བ་དེ་ལ་མེ་ཏོག་ནད་མེད་པ་དང་ཚེ་རིང་བ་གཉིས་མདངས་རབ་ཏུ་གསལ་བར་རྒྱས་པ་འབྱུང་ཞིང༌། དེའི་ཚེ་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཆོས་དང་ནོར་དང་བདེ་བ་ཕུན་སུམ་ཚོགས་པ་ངང་གིས་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་བླ་ན་མེད་པའོ། ། གསུམ་པ་མཇུག་བསྡུ་བ་ནི། དཔེ་དང་ཞེས་པ་ནས་ཐིམ་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ལྟར་ལྗོན་ཤིང་གི་དཔེ་དང་སྦྱར་ཏེ། རྩ་བ་དང་སྡོང་པོ་ལ་སོགས་པའི་རྣམ་གྲངས་ངེས་པ་ཅན་དུ་བཀོད་པའི་གཞུང༌། སྤྱིར་གསོ་བ་རིག་པའི་དོན་མཐའ་དག་དང་ཁྱད་པར་རྒྱུད་ཕྱི་མ་གསུམ་གྱི་སྙིང་པོ་ལྟ་བུ་ཤིན་ཏུ་ཉུང་བར་བསྡུས་པའི་རྩ་བའི་རྒྱུད་འདི་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པའམ། དོན་ལ་རྣམ་པར་དཔྱོད་ཅིང་བརྩོན་པས་འཇུག་པའི་བློ་དང་ལྡན་པའི་ལུས་ཅན་འགའ་ཞིག་ཙམ་གྱི་སྤྱོད་ཡུལ་ཡིན་ལ། དེ་ལས་གཞན་པ་སྟེ་ཤེས་རབ་མེད་ཅིང་བློ་གྲོས་རྨོངས་པའི་སྐྱེ་བོ་རྣམས་ཀྱིས་མི་འཇུག་ཅིང་ཞུགས་ཀྱང་རྟོགས་པར་མི་འགྱུར་བའི་ཕྱིར། གལ་ཏེ་བློ་རྨོངས་ཀྱང་གསོ་བ་རིག་པའི་ཚུལ་འདིར་འཇུག་པར་འདོད་པ་རྣམས་དང༌། ཚིག་དོན་གྱི་མཐའ་གཅོད་པའི་སླད་དུ་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་གསོ་དཔྱད་འབུམ་པ་དང་སྨན་གྱི་ལུང་དང༌། ཙ་ར་ཀ་སྡེ་བརྒྱད་དང༌། འབུམ་སྡེ་ལ་སོགས་པ་ཀུན་དང༌། འཆད་འགྱུར་གྱི་གཞུང་བཤད་རྒྱུད་དང་མན་ངག་རྒྱུད་སོགས་རྒྱ་ཆེན་པོའི་གཞུང་ལུགས་གཞན་རྣམས་སུ་ལྟ་བར་གྱིས་ཤིག་ཅེས་འཁོར་རྣམས་ལ་གོ་ཞིང་བརྡ་འཕྲོད་པར་གསུངས་ནས། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དེས་དཔལ་ལྡན་རྩ་བའི་རྒྱུད་ལྷག་མ་མ་ལུས་པར་བསྟན་ཟིན་ཏོ་ཞེས་པའི་བརྡར་རང་གི་སྦྲུལ་གཞི་སངས་རྒྱས་སྨན་བླའི་ཐུགས་ཀ་ཆོས་དབྱིངས་ཟག་པ་མེད་པའི་རྒྱ་མཚོ་ཆེན་པོར་འོད་ཀྱི་གོང་བུའི་ཚུལ་གྱིས་ཐིམ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཕུལ་དུ་བྱུང་བའོ། །དེ་ལྟར་གླེང་གཞི་གླེང་སློང་གཉིས་རྒྱུད་བཞི་ག་ལ་སྤྱི་འགྲོ་ཡིན་ཞེས་སླད་ནས་རྒྱས་པར་འཆད་པའི་སྐབས་མེད་པས་འདིར་རྒྱས་པར་བཤད་པ་ཡིན་ཞིང༌། ལེའུ་གཞན་བཞི་པོ་ནི་འདིར་ཤིན་ཏུ་བསྡུས་པར་གསུངས་པ་འདི་ཉིད་རྒྱུད་ཕྱི་མ་གསུམ་གྱིས་རྒྱས་པར་འཆད་པས་འདིར་རྒྱ་ཆེར་སྤྲོ་བའི་སྐབས་མིན་ལ། ཕལ་ཆེར་གྱི་རྩ་བ་སྡོང་པོ་ཡལ་ག་ལོ་མ་སོགས་ཀྱི་དོན་ཤིན་ཏུ་རྒྱས་པར་རྒྱུད་གཞན་གསུམ་ནས་མང་དུ་དྲངས་ཏེ་འགོད་པར་སྣང་ཡང༌། དེ་ནི་འཆད་ལུགས་ཙམ་ལའང་རྨོངས་པ་ཡིན་ཏེ། རྒྱས་བསྡུས་ཀྱི་སྐབས་མ་ཤེས་པའི་ཕྱིར་རོ། །འོན་ཀྱང་རྩ་བའི་རྒྱུད་ཁོ་ན་མ་གཏོགས་གཞན་གསུམ་ལ་འགྲེལ་པ་མི་བྱེད་པའི་ཚེ་ན་དེ་ལྟར་སྐྱོན་མེད་ལ། རྒྱུང་བཞི་གའམ་གསུམ་གྱི་འགྲེལ་བ་བྱེད་ན་རྒྱས་བསྡུས་སོ་སོའི་གཞུང་བཞིན་བྱེད་པ་ཉིད་ལེགས་པ་ཡིན་ནོ། །དེས་ན་འདིར་གཞུང་བསྡུས་པ་བཞིན་དུ་འགྲེལ་པ་ཡང་བསྡུས་ལ། གཞུང་རྒྱས་པ་ཕྱི་མ་རྣམས་སུ་འགྲེལ་པ་ཡང་རྒྱས་པ་ཞིག་བྱ་བར་འདོད་དེ་འདིའི་དོན་རྒྱས་པར་འཆད་པ་ལ། འོག་གསུམ་གསུངས་པའི་དབང་གིས་སོ། །བཞི་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་དཔེ་དོན་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་དྲུག་པའོ་ཞེས་བྱ་བའི་དོན་ཏེ་ལེའུ་ཐ་མའོ།། །། མཇུག་བསྡུ་བ་རྫོགས་ཚིག་བསྟན་པ། གསུམ་པ་རྫོགས་ཚིག་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ལེའུ་དྲུག་གི་བདག་ཉིད་ཅན་ཡང་དག་པར་བསྟན་པ་རྫོགས་སོ་ཞེས་ལྷག་མ་མ་ལུས་པར་གསུངས་ཤིང་དེ་ཇི་ལྟ་བར་འགྱུར་བའི་དོན་ཡིན་ནོ། །དེ་ལྟར་རྒྱུད་བཞི་ལས་དང་པོ་རྩ་བའི་རྒྱུད་ཀྱི་འགྲེལ་པ་ལྷག་མ་མེད་པར་བསྟན་ཟིན་ཏོ།། དམ་པའི་ཡོ་བྱད་མ་ཚང་མེད་པ་སྤྲིན་བཅུད་འབབ་པ་བཞིན། །རང་བཞིན་གསལ་བ་སྨྲ་བའི་འོད་ནི་འབད་པ་མེད་པར་གསལ། །དགེ་ལེགས་དེ་ཡང་ལན་ཅིག་མ་ཡིན་ངང་གིས་འབྱུང་བ་ཡི། །བཤེས་གཉེན་མཁས་དབང་རྫོགས་ལྡན་དེ་ནི་སྙིང་ལ་སིམ་པར་གྱུར།། རྣམ་དཔྱོད་སཱ་ལིས་དབེན་པར་མ་ཟད་སྦྱངས་པའི་སོ་ནམ་འབྲས་མི་སྟེར། །ཚངས་སྤྱོད་རང་འོད་ཉམས་པས་མི་ཆོག་གཟུར་གནས་ཉི་ཟླའི་མདངས་མི་གསལ། །དགེ་ཚོགས་སྨན་ནི་དོར་བས་མི་ངོམས་ཕྲག་དོག་འཁྲུགས་པའི་བྱ་བ་མཁས། །སྲོག་སོང་བསྒྲུབ་པའི་ལས་ལ་རབ་བརྩོན་མཁས་བསླབས་རྩོད་པའི་དུས་འདི་ཅི།། ཁེངས་པའི་གདེངས་ཀ་མཆོག་ཏུ་མཐོ་བ་ལས། །སྒྲོས་ངན་ཚིག་གི་ཕུད་སྒྲ་འབྲུག་ལས་ལྷག །རང་འདོད་སྣ་ཚོགས་སེམས་ཀྱི་རོ་སྨད་ནི། །ཤིན་ཏུ་རིང་བས་ནམ་ཡང་མཛེས་མ་ཡིན།། རང་གི་རྒྱུན་ཙམ་འཐུང་བ་མེད་པར་སྐྱུག་པར་རྩོམ། །དེས་ཀྱང་ཐིགས་པ་ཁོང་དུ་མ་སོང་ངོམ་པར་སྨྲ། །གཉིས་ཀས་བརྡ་དོན་འཕྲོད་པ་མེད་ཀྱང་རང་ཆེ་འབྱིན། །ཕལ་ཆེར་སྤྱོད་ཚུལ་དེ་འདྲས་ཕྱོགས་འདིར་སྐལ་ངན་འགྱུར།། དེ་ཕྱིར་ཉི་ཚེའི་ཐོས་པས་བརྒྱགས་གྱུར་ཏེ། །ལོག་པར་རྟོག་པའི་ཚིག་གི་ཁ་རྦད་ལ། །ཞེན་པའི་སྐྱེ་བོ་སྙིང་རྗེས་མ་བཟོད་ནས། །སྔོན་མེད་སྦས་དོན་འཁྲུལ་སེལ་འདི་བྱས་སོ།། ངལ་ཞིང་དུབ་པས་ཡུན་རིང་མ་འབད་ཀྱང༌། །སྔོན་རབས་རྒན་པོའི་སྒྲོས་ཀྱིས་མ་མགུ་བར། །རང་བློས་བརྟགས་པའི་རིག་པ་དྲི་མེད་དང༌། །མེས་པོའི་གསུང་ལ་ངོ་མཚར་ལས་གཞན་ཅི།། གཟུར་གནས་མགྲིན་པའི་རྔ་ནི་རྟག་ཏུ་སྙན། །ཐར་འདོད་གཤོག་པའི་རྩལ་ཡང་མི་དམན་ཞིང༌། །བྱམས་ལྡན་སྦྲང་རྩིའི་ཁུར་པོ་བཤད་བཟོད་པའི། །བློ་གསལ་རྐང་དྲུག་ལྡན་པའི་ལོངས་སྤྱོད་ཡིན། ། ཁ་ཟས་ཙམ་གྱི་དོན་དུ་གཞན་སྲོག་ལེན། །བག་མེད་སྤྱད་པའི་མི་གཙང་ཀུན་ལ་འཐོར། །ཚུལ་མིན་ལག་སྐྱོང་རྗེས་སུ་འབྲང་བ་ཡི། །ཅོལ་ཆུང་སྤྲེའུའི་ཚོགས་ལ་འདི་མི་འཆོལ།། འོན་ཀྱང་གཞུང་ལུགས་ཇི་བཞིན་རྟོགས་འདོད་ན། །ཚུལ་འདིར་མ་ཞུགས་དགོངས་དོན་ཏེ། །ཙུ་ཏའི་གེ་སར་རབ་ཏུ་རྒྱས་ན་ཡང༌། །སྦྲང་རྩིའི་བརྟུལ་ཞུགས་མིན་པ་སུ་ཡིས་རྙེད།། དེ་ཕྱིར་ལེགས་བཤད་དོན་དུ་གཉེར་བ་ཀུན། །མཐའ་དག་དྲེགས་པ་སྤོངས་ལ་འདིར་ཞུགས་དང༌། །གྲུབ་པའི་རིལ་བུ་ཁོང་དུ་སོང་བ་ན། །ལྷ་ཡུལ་ངོ་མཚར་བལྟ་བར་ཐོགས་པ་མེད།། དེ་ལྟར་གསོ་རིག་བསྟན་པའི་རཏྣ་ཀ །འདམ་གྱིས་ཚུལ་མིན་གྱུར་འདི་ཉེར་བླངས་ནས། །དག་པ་གསུམ་དུ་བྱི་དོར་བྱས་ཡོད་ཀྱི། །དངོས་གྲུབ་འདོད་ཀུན་གསོལ་བ་འདེབས་པར་གྱིས།། འདི་ལྟར་བགྱིས་པའི་དགེ་ལེགས་ཁྱབ་འཇུག་གི །ལྟེ་བའི་པདྨ་ལས་འཁྲུངས་ལྷ་ཆེན་པོ། །འདི་ཡི་རིག་བྱེད་རྟག་ཏུ་བསྒྲགས་པ་ལས། །སྲིད་པ་གསུམ་འདི་ཀུན་ནས་གསལ་གྱུར་ཅིག ། ཅེས་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་རྣམ་བཤད་འདི་ནི། དཔལ་ལྡན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་དངོས་སློབ་མཐར་ཕྱིན་གྱི་སློབ་མ་བཞི་ལས་ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ་ཞེས་བྱའི་བུ་འཚོ་བྱེད་ཚེ་དབང་རྒྱལ་པོ་སོགས་ཀྱིས་དག་པའི་འབུལ་ནོད་དང་བཅས་ཏེ་ལན་མང་དུ་བསྐུལ་བ་དང༌། །བླ་མ་དམ་པ་དག་གིས་ཀྱང་གྱིས་ཤིག་ཅེས་པའི་གནང་བ་ཐོབ་པ་ལ་བརྟེན་ནས། ཆོས་ཀྱི་རྗེ་ཟུར་མཁར་བའི་རིགས་རུས་ཆོ་འབྲང་དང་ཟབ་མོའི་ཆོས་ཀྱི་བྱིན་གྱིས་བརླབས་པ་དཔལ་དོན་གྲུབ་རྣམ་རྒྱལ་དབང་པོའི་སྡེ་འཇིགས་པ་མེད་པ་ཕྱོགས་ཀྱི་གོ་ཆའམ་མིང་གཞན་ལེགས་བཤད་འཚོལ་ཞེས་བྱ་བས་ཆུ་ཕོ་སྟག་གི་ལོ་མགོའི་ཟླ་བ་ལ། དགེ་བ་བཅུའི་ཁྲིམས་ལུགས་ཀྱིས་ས་ཆེན་པོ་སྐྱོང་བར་མཛད་པའི་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཡི་གེའི་རྐྱེན་ཅི་འདོད་པ་གནང་སྟེ་བྲིས་པ་འདིས་ཀྱང་གསོ་བ་རིག་པའི་བསྟན་པ་དང་ལུས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས།།

མཐའ་མའི་འདོན་ཐེངས་།: 20.08.2011 ཉིན། 2:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།