སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།

 སྐབས་དོན་གཉིས་པ་ཁོང་ནད་གསོ་བ་ལ་གཉིས་ཏེ། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བར་རོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་འབྲུ་བཞི་དང་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ཁོང་ནད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཁོང་ནད་གཅོང་གི་སྡེ་བཞིའི་རྩ་བ་མ་ཞུ་བ་དང༌། དེ་ལས་བྱུང་བའི་འབྲས་བུ་གཅོང་གི་ནད་གསར་པ་དང་རྙིང་པ་གཉིས་སོ། །དེ་རྒྱས་པར་བཤད་པའི་དང་པོ་མ་ཞུ་བ་བཅོས་པ་ལ་གཉིས། གཞུང་གི་དོན་དང་ལེའུའི་མཚན་ནོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མ་ཞུ་གཅོང་གི་རྒྱུ་ལ་སྤྱི་དོན་དྲུག རྒྱུ་དང་རྐྱེན་དང་གྱུར་ཚུལ་བསྟན་པ་དང༌། དབྱེ་བ་རྟགས་དང་དེ་ཡི་བཅོས་ཐབས་སོ་ཞེས་པས། རྒྱུ་དང༌། དེ་བསྐྱེད་པའི་རྐྱེན་དང༌། གྱུར་པའི་ཚུལ་དང༌། དེའི་དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་དྲུག་གོ །དང་པོ་ནི། རྒྱུ་ནི་བད་ཀན་ལྕི་ཞིང་བསིལ་བ་ལ། ཞེས་པས་མ་ཞུ་བའི་རྒྱུ་ནི། མཚན་ཉིད་ལྕི་ཞིང་བསིལ་བ་གཙོ་བོར་གྱུར་པ་བདུན་ལྡན་དེ་ལ། བད་ཀན་ཞེས་བྱ་བ་སྟེ་ལུས་ལ་རང་བཞིན་གྱིས་གནས་པའོ། །གཉིས་པ་དེ་བསྐྱེད་པར་བྱེད་པའི་རྐྱེན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་རྐྱེན་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྟེན་མི་འཇུ་བ། མ་གོམས་པས་མི་འཇུ་བ། མི་འཕྲོད་པས་མི་འཇུ་བ། ངོ་བོས་མི་འཇུ་བའི་རྐྱེན་དང་བཞི་ལས། དང་པོ་ནི། རྟེན་གྱིས་ཞེས་རྐང་པ་བཞིས་བསྟན་པའི་སྦེད་པ་ནི་སྐེམ་པའམ་ཤ་རྫུད་པའི་དོན་ནོ། །སྐུ་བ་ནི་བྲ་བོ་དང་སྲན་མ་ལ་སོགས་སོ། །ཟས་ཀྱི་མནར་ཤུལ་ནི། མུ་གེས་བརྡུང་བའམ། དཀའ་ཐུབ་བམ། མྱུང་བར་གནས་པའི་རྗེས་སོ། །གཉིས་པ་ནི། མ་གོམས་ཞེས་རྐང་པ་གཅིག་གོ་ །གསུམ་པ་ནི། མི་འཕྲོད་ཅེས་རྐང་པ་གསུམ་གྱིས་བསྟན་པའོ། །བཞི་པ་ནི། ཟས་ཀྱི་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་སེར་ཅན་ནི་རློན་པའོ། །ཤ་རིད་ནི་རྗུད་པའོ། །ཚིལ་བུ་ནི་གོ་སླའོ། །འོ་རློན་ནི་བཞོས་ཐོག་དང་སྐོལ་བ་མ་ཡིན་པའི་གྲང་མོའོ། །རྗེན་ཟས་ནི་བཙོ་བསྲེགས་མ་ཡིན་པའི་རིགས་མཐའ་དག་གོ །ཁེངས་པོ་ནི་ཇ་ཐུག་སོགས་ཆུ་བསྲེས་ནས་མ་ཁོལ་བ་དང་ཤ་ལ་སོགས་བཙོས་པ་དུས་འདས་པ་སོགས་སོ། གསུམ་པ་ལ་གསུམ། མ་ཞུ་བའི་རྒྱུ་མཚན་དང༌། ངེས་ཚིག་སྤྱིར་བསྟན་པ། གཅོང་ནད་དུ་འགྲོ་ཚུལ་བྱེ་བྲག་ཏུ་བཤད་པ། མ་ཞུ་བ་མི་འབྱུང་བའི་རིགས་བསྟན་པའོ། །དང་པོ་ནི། གྱུར་ཚུལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ལ་སྤྱིར་རྫས་གང་ཞིག་ཕོ་བར་སླེབས་པ་ནས་བཟུང༌། ལུས་ཟུངས་ཀྱི་ཆ་ཤས་ཐམས་ཅད་དུ་ཡོད་པའི་མེ་དྲོད་གསུམ་གྱིས་ལེགས་པར་སྨིན་ཏེ་ནད་ཟུངས་དྲི་མ་སྙོམས་པར་གནས་ཤིང་འཕེལ་བའི་ལས་བྱེད་པ་ནི་ཞུ་བ་ཞེས་བྱ་བ་ཡིན་ལ། དེ་ཡང་མེ་དྲོད་གསུམ་གྱི་ངོ་བོ་ནི་གནས་སྐབས་ཀྱི་གཙོ་ཆེ་ཆུང་བྱེད་པ་དང་བཅས་པ་ཡོད་མོད་ཀྱི་སྤྱི་ཙམ་དུ་ལུས་ཀྱི་ཁམས་རྫས་རྣམས་འདག་པ་ལྟར་བཤིག་ཅིང༌། ནལ་ནལ་མོར་བྱེད་ཅིང་གྱུར་པ་དེ་ལ་བད་ཀན་མྱག་བྱེད་དུ་བཏགས། འཇུ་བའི་དྲོད་དེ་ལ་མཁྲིས་པ་འཇུ་བྱེད་དུ་བཏགས། དྭངས་མ་དང་སྙིགས་མ་འབྱེད་པའི་ཤུགས་དེ་ལ་རླུང་མེ་མཉམ་སུ་བཏགས། དེ་མཐུན་གྱི་ཕན་གནོད་ལས་མེ་དྲོད་འཕེལ་འགྲིབ་ཏུ་གྱུར་ཅིང༌། དེ་ཡང་དཔེར་ན་སྨན་མར་སྐོལ་བ་བརླན་གྱིས་འཁྱགས། དྲོད་ཀྱིས་བཞུ། རླུང་གིས་དྭངས་སྙིགས་འབྱེད་པ་ལྟར་རོ། །འདི་གཙོ་ཆེ་བ་ནི་ཕོ་ལོང་དང་རྒྱུ་མར་གནས་ལ། ཆ་ཤས་ཀྱི་ནི་ཀུན་ཁྱབ་པ་སྟེ། བཤད་རྒྱུད་ལས།

        གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་སྟེ། །འབྲི་དང་འབར་བས་འཕེལ་དང་ཟད་པར་འགྱུར། །དང་པོས་ཕྱི་མ་རྒྱས་དང་འགྲིབ་བྱེད་ཡིན། །ཞེས་པའི་དོན་ཏེ། འདིར་དེ་ལས་གོ་ལྡོག་པ་མ་ཞུ་བའི་རྒྱུར་གྱུར་ཚུལ་བྱེ་བྲག་ནི། གོང་གི་ལྕི་བསིལ་རྒྱུ་དང་དེ་བསྐྱེད་བྱེད་ཀྱི་རྐྱེན་དུ་ལྡང་བ་ཡིས། ཟས་སྐོམ་སྨན་སོགས་མེ་དྲོད་ཀྱི་ཐ་སྙད་ཅན་དེ་བད་ཀན་མྱག་བྱེད་དང༌། མཁྲིས་པ་འཇུ་བྱེད་དང༌། རླུང་མེ་ཉམས་གསུམ་གྱིས་སྨིན་ཅིང་འཇུ་བའི་མཐུ་དང་ནུས་པ་ཉམས་ཏེ། དེ་ཡང་དང་པོ་ཕོ་བར་བད་ཀན་མྱག་བྱེད་ཀྱིས་མྱགས་ཞེས་འདག་པ་ལྟར་རུལ་མྱག་བྱེད་མ་ནུས་པས་རང་སོར་ལུས། དེ་བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུ་བར་མ་ནུས་པས་མ་སྨིན། དེ་ཐ་མར་རླུང་མེ་མཉམ་གྱིས་དྭངས་མ་དང་སྙིགས་མ་འབྱེད་མ་ནུས་པར་འདྲེས་མར་གནས་པའམ། ལམ་ལོག་པར་ཞུགས་པའི་རྒྱུ་དེ་ལ་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་མ་ཞུ་བ་ཞེས་སུ་བརྗོད་པ་ཡིན་ནོ། །ཞེས་སོ། གཉིས་པ་ནི། མ་ཞུ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་སོ་མ་རཱ་ཛ་ལས། བད་ཀན་མཁྲིས་པ་རླུང་དག་གི །སྨིན་མ་ནུས་ཏེ་ལྷག་ཆད་ནད། །ཅེས་སོ། །གསུམ་པ་ནི། དར་ལ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་མི་འཕྲོད་ཟས་ལ་བྲིད་ནས་སློབ་པ་ནི། དང་པོ་ཆུང་ངུར་བསྟེན། དེ་ནས་ཆེར་བསྐྱེད་པའོ། །བཞི་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྫས་དང༌། ངོ་བོ་དང༌། རིགས་དང༌། གྲོགས་དང༌། དུས་ཏེ་ལྔའོ། །དང་པོའི་མདོར་རྒྱས་ཆེ་ཆུང་ཁྱད་པར་རོ། །དང་པོ་ནི། རྫས་ཀྱི་དབྱེ་བ་གྱོང་བརླན་སྣུམ་དང་གསུམ། ཞེས་པས། གྱོང་བ་དང༌། རླན་པ་དང༌། སྣུམ་པ་གསུམ་མོ། །དང་པོ་ནི། གྱོང་ནི་ཞེས་རྐང་པ་གཅིག་སྟེ། གྱོང་བ་ནི་ཡུལ་གཙང་ཤོད་གཞུང་གསུམ་སོགས་ས་ལྕི་བའི་ནས་ཀྱི་རྩམ་པ་དང༌། སྔོ་ངད་སོགས་ནར་སོན་པ་དང༌། སེམས་ཅན་བཅོལ་ལས་ཀྱིས་དུབ་པའི་མཐར་རྒས་ནས་ཤི་བའམ། ཡང་ན་ཤེད་ངན་དུས་བསད་པའི་ཤ་བཙོས་པ་སོགས་མ་བྱས་པར་རྗེན་པར་ཟོས་པའོ། །གཉིས་པ་ནི། རླན་ནི་ཞེས་རྐང་པ་གཅིག་གིས་བསྟན་ནོ། གསུམ་པ་ནི། སྣུམ་ནི་ཞེས་རྐང་པ་གཅིག་སྟེ། ཞག་ནི་ཤ་རྙིང་རུས་རྙིང་སོགས་བཙོས་པའི་ཞག་སྟེ་དེ་ཡང་རླུང་གི་ལེའུར། དེ་ཡི་ཞག་གིས་ལུས་ཀུན་བསྐུ་ཞིང་མཉེ། ཞེས་པ་དེ་ལྟ་བུའོ། །བཞི་པ་ནི། བརླན་སྣུམ་ཞེས་རྐང་པ་གཅིག་སྟེ། དེ་ཡང་རླན་པ་དང་སྣུམ་པ་གཉིས་མ་ཞུ་བ་ཕལ་ཆེར་ཉེས་པ་ཆེ་བ་ཡིན་ལ་དེ་ཡང་ཕལ་ཆེར་ཞེས་པའི་སྒྲས་ཐམས་ཅད་ནི་དེ་ལྟར་མ་ཡིན་ནོ། །གཉིས་པ་ངོ་བོའི་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ལ་གཉིས། གསར་དུས་དྭངས་མ་མ་ཞུ་བའི་རྒྱུ་རྐྱེན་སྤྱིར་བསྟན་པ། རྙིང་ནས་གཅོང་སྡེ་བཞི་བསྐྱེད་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མཉམ་གནས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ་མདོར་རྒྱས་མཇུག་གོ །དང་པོ་ནི། རྙིང་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིང་བཞི། ཞེས་པས་གཅོང་སྡེ་བཞི་ལ། འདྲིལ་བའི་གཅོང་གི་སྡེ། ཟགས་པའི་གཅོང་གི་སྡེ། བྱེད་པའི་གཅོང་གི་སྡེ། འགྱིང་བའི་གཅོང་གི་སྡེའོ། །དང་པོ་ནི། འདྲིལ་བས་སྐྲན་རྣམས་བསྐྱེད་པར་བྱེད་པ་སྟེ། ཞེས་སོ། །གཉིས་པ་ནི། །ཟགས་པས་སྐྱ་རྦབ་དམུ་ཆུ་བསྐྱེད་པར་བྱེད། ཅེས་སོ། །གསུམ་པ་ནི། བྱེར་བས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། འགྱིངས་པ་ཞེས་རྐང་པ་གཅིག་གོ །གསུམ་པ་ནི། ནད་རྣམས་ཞེས་རྐང་པ་གཅིག་སྟེ། དེ་ཡང་ཁོང་ནད་ཀྱི་གཅོང་སྡེ་བཞིའི་ངོས་འཛིན་ཚུལ་རྒྱུད་ཀྱི་དགོངས་པ་དངོས་འདི་ཡིན་ནོ། །གསུམ་པ་ནི། རིགས་ཀྱི་ཞེས་རྐང་པ་གཉིས་ཏེ། དེ་ཡང་བེ་སྣབས་དང༌། བསུད་ནད་དང༌། ཤིང་འདྲ་དང༌། དུག་འདྲ་བཞིའོ།།

        བཞི་པ་གྲོགས་ཀྱི་དབྱེ་བ་ནི། རླུང་དང་འགྲོགས་པ་དང༌། མཁྲིས་པ་དང་འགྲོགས་པ་དང༌། བད་ཀན་དང་འགྲོགས་པ་གསུམ་མོ། །དེ་ཡང་འོག་ཏུ། ལྡན་ཚད་རླུང་ལྡན་གཅིག་གྲོགས་གཅིག་གིས་བྱེད། །དཔེར་ན་གཉེན་བཤེས་མཐུན་པ་ལས་བྱེད་འདྲ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ནི། དུས་ཀྱི་ཞེས་རྐང་པ་གཅིག་སྟེ། དེ་ཡང་གསར་པ་དང་རྙིང་པ་གཉིས་སོ། །དེ་ལྟར་རྫས་ཀྱི་ངོ་བོ་སྙིགས་མ་མ་ཞུ་བའི་ཟས་ཀྱི་སྐྲན་གཅིག དྭངས་མ་འདྲིལ་བ། ཟགས་པ། བྱེར་བ། འགྱིང་བ་བཞི། རིགས་ཀྱི་དབྱེ་བ་བེ་སྣབས། བསུད་ནད། ཤིང་འདྲ། དུག་འདྲ་སྟེ་བཞི། གྲོགས་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་གསུམ། དུས་གསར་དུས་དང་རྙིང་པའི་དུས་གཉིས་ཏེ་དྲིལ་བས་བཅུ་དྲུག་གོ །ལྔ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ངོས་འཛིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། ཞེས་པས་སྤྱི་དང་བྱེ་བྲག་གོ །དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་ཞག་ཅན་ནི་བཤང་བ་དང་གཅིན་གཉིས་ཀ་ཞག་དང་བཅས་ནས་འཁྲུ་བའོ། །གཉིས་པ་བྱེ་བྲག་རྟགས་ལ་བཞི། ངོ་བོ་དང་རིགས་དང་གྲོགས་དང་དུས་སོ། །དང་པོ་ལ་གཉིས། སྙིགས་མ་དང་དྭངས་མའོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་ལྔས་བསྟན་ནོ། འདི་རྟགས་རྣམས་ཕོ་བར་གནས་དུས་ཀྱི་རྟགས་སོ། །གཉིས་པ་ནི། དྭངས་མ་ཞེས་རྐང་པ་གཉིས་ཏེ། དེ་ཡང་ཁོང་སྙོམ་པ་ནི། ཟླ་ཟེར་དུ་སྤྲོ་བ་ཆུང་ལ་སྒྱིད་ལུག་ཅེས་དང༌། བླ་རྟ་ལྟར་ན་ཁོང་ཆ་མེད་དུ་མི་བདེ་ཞེས་དང༌། ཡི་ག་འགགས་པ་ནི་ཁ་ཟས་འདོད་པའི་སྣང་པ་མེད་པའོ། །འདི་རྣམས་མཆིན་པར་གནས་པའི་དུས་ཀྱི་རྟགས་སོ། །གཉིས་པ་ལ་བཞི། བེ་སྣབས་དང༌། བསུད་ནད་དང༌། ཤིང་འདྲ་དང༌། དུག་འདྲ་བཞིའོ། །དང་པོ་ནི། མ་ཞུ་བེ་སྣབས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་འདི་ལ་མ་ཞུ་ཐམས་ཅད་ཀྱི་རྒྱུའོ། །གཉིས་པ་ནི། མ་ཞུ་བསུད་ནད་ཅེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནི། མ་ཞུ་ཤིང་འདྲ་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་ནི། དུག་འདྲ་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ལ་གསུམ། རླུང་མཁྲིས་བད་ཀན་གསུམ་མོ། །དང་པོ་ནི། མ་ཞུའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་ལྡན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་དུས་ཀྱིས་ཞེས་རྐང་པ་གཅིག་སྟེ། གསར་པ་དང་རྙིང་པ་གཉིས་སོ། །དང་པོ་ནི་གསར་པའི་ཞེས་རྐང་པ་གཅིག་སྟེ། དེ་ཡང་མིང་གི་ཐ་སྙད་དུ་བརྗོད་པའོ། །གཉིས་པ་ནི་རྙིང་ནས་ཞེས་རྐང་པ་གཅིག་སྟེ། གཅོང་ནད་དུ་འགྱུར་ཚུལ་བསྟན་པའོ། །དྲུག་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་བཅོས་པའི་ཐབས་ལ་གསར་རྙིང་རྣམ་པ་གཉིས་ཞེས་པས། དངོས་བསྟན་གསར་དུས་མ་ཞུ་བ་བཅོས་པ་དང༌། ཤུགས་བསྟན་རྙིངས་ནས་གཞན་གྱུར་བཅོས་ཐབས་སོ། །དང་པོ་ལ་གཉིས་མདོར་རྒྱས་སོ། །དང་བོ་ནི་གསར་དུས་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས་ཞེས་པས་སྤྱི་དང་བྱེ་བྲག་གོ །དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི་སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མ་ཞུ་ཆུང་ངུ་ཟས་སྤྱོད་ཀྱིས་བཅོས་པ། འབྲིང་པོ་སྨན་དང་དུགས་ཀྱིས་བཅོས་པ། ཆེན་པོ་སྦྱོངས་དང་དཔྱད་ཀྱིས་བཅོས་པའོ། །དང་པོ་ལ་གཉིས་ཟས་དང་སྤྱོད་ལམ་གཉིས་སོ། །དང་པོ་ནི་མ་ཞུ་ཆུང་ངུ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་བཀྲེས་སྐོམས་བྱ་ཞེས་བྱ་བ་ནི་ཟས་སྐོམ་ཅུང་ཟད་ཙམ་བསྟེན། གཞན་བཀྲེས་པ་དང་སྐོམས་པར་གནས་པའོ། །ཆེས་པ་ནི་ཆེན་པོའམ་མང་བའོ།།

        རྒྱུ་བསྲུང་བ་ནི། རྒྱུ་མ་བརྟེན་ཙམ་ཟ་བའི་དོན་ནོ། །གཉིས་པ་ལ་གསུམ་སྤྱིའི་སྤྱོད་ལམ་སྤང་བླང་བསྟན་པ་དང༌། བྱེ་བྲག་འགྲོ་དམིགས་སོ་སོར་བསྟན་པ་དང༌། དེའི་རྒྱུ་རྐྱེན་བཀོད་པའོ། །དང་པོ་ནི་སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་འོན་ཀྱང་ཞེས་རྐང་པ་ལྔས་བསྟན་པའི་རྨོངས་པའི་མུན་ཚིག་ནི་མ་གོ་མ་རིག་པའི་ངག་རྒྱུན་ནོ། །གསུམ་པ་ནི་ཅི་ཕྱིར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་མ་ཞུ་ཞེས་རྐང་པ་དགུས་བསྟན་པའི་རྒྱམ་ཚྭ་བཞི་ཐང་ནི་ཕྱི་རྒྱུད་ཐང་ལེ་ལྟར་རོ། །རྒོད་མ་ཁ་ནི་ཕྱི་རྒྱུད་ཕྱེ་མའི་ལེའུར་གསལ། ཚ་བ་ལྔ་ནི་སྒ་པི་པི་ལིང་ཕོ་བ་རིས་ཙི་ཏྲ་ཀ་དབྱི་མོང་ལྔའོ། །ཚྭ་སྣ་གསུམ་ནི་རྒྱམ་ཚྭ་ཁ་རུ་ཚྭ་རྒྱ་ཚྭ་གསུམ་མོ། །གསུམ་པ་ནི། མ་ཞུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ཡང་སྨན་གྱིས་བཞུས་པ་འབྲིང་པོའི་སྨན་རྣམས་སྤྲུག་པ་ནི་སྨན་སྦྱོངས་དང་མེ་ཐུར་སྦྲགས་པའོ། །གཉིས་པ་ལ་གསུམ་ངོ་བོ་དང་རིགས་དང་གྲོགས་གསུམ་མོ། །དང་པོ་ལ་གཉིས་སྙིགས་མ་དང་དྭངས་མའོ། །དང་པོ་ལ་གསུམ། གཙོ་བོ་དང༌། དེ་ལ་ཁ་བསྒྱུར་དང༌། སྦྱང་བ་དང་གསུམ། དང་པོ་ནི་བྱེ་བྲག་ཅེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི་རྩམ་པ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་པའི། དེ་ཡང་སོ་བྱ་ཞེས་པ་ཆུ་ལ་གནས་པའི་བྱ་ནག་པོ་ཉ་ཁྲའི་རིགས་ཡུལ་སྐད་ཁ་ཅིག་ཏུ་སོ་ལྟོ་ཟེར་བའོ། །རྒོད་ནི་བྱ་རྒོད་དོ། །སོག་པའམ་སོག་ཡུ་ནི་ཤ་གང་མ་ཞུ་བ་དེ་ཉིད་ཀྱི་སོག་ཡུའི་ཐང་ངོ༌། །སོག་ཚིགས་ནི་ཆང་རྒྱུ་གྲོ་ནས་གང་ཡིན་པ་དེའི་སོག་ཚིགས་སོ། །དྲི་ཆུ་ནི་རང་གི་དྲི་ཆུ། ཕྱུར་ཁུ་ནི་དར་བ་བསད་པའི་ཁུ་བ་ལ་ཕྱུར་བ་སྐྱུར་པོའི་ཁུ་བ་དེའོ། །དུག་རིལ་ནི་བླ་རྟའི་བཞེད་ལུག་སྨན་ཆེན་གྱི་རིལ་བུ་ཅུང་ཟད་གཏོང་བ་བཞེད། གླིང་སྟོད་ཞབས་དྲུང་རྒྱམ་ཚྭ་བཞི་ཐང་དང་ཁྱུང་ལྔ་གཉིས་ལྟག་སྤྲད་པ་ལ་བཞེད། གོང་སྨན་པ་སྨན་ཆེན་ལ་ཨ་རུ་བདུན་འགྱུར་བཏང་བ་ལ་བཞེད། སྒ་ཕོ་རིས་སྨན་ཆེན་བཅས་བཏང་ན་མཆོག་ཏུ་ཕན་པ་རང་གི་མྱོང་གྲུབ་ཡིན་པས་ལྟག་པ་སྤྲད་པ་སྟེ། གུང་གཉིས་སམ་དགོང་ཞོགས་སོ་སོར་གཏོང་བའོ། །གསུམ་པ་ནི། སྨན་རྗེས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། དྭངས་མ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་སེ་འབྲུ་ལྔ་པ་ཕྱི་རྒྱུད་ཕྱེ་མའི་ལེའུར་གུར་ཀུམ་བསྣན་པའི་ལྔ་པའོ། །གཉིས་པ་ལ་བཞི་བེ་སྣབས་དང༌། བསུད་ནད་དང༌། ཤིང་འདྲ་དང༌། དུག་འདྲ་དང་བཞིའོ། །དང་པོ་ནི། མ་ཞུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ཡང་རྡོ་ནི་བྱ་རྡོ་བསྲེགས་པའི་དུགས་ཀྱི་བདུག་གོ།

        གཉིས་པ་ནི་བསུད་ནད་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་རྟིང་པའི་དྲེག་མཚམས་ནི། རྟིང་པ་གཉིས་ཀྱི་ཐད་དྲང་དྲེག་པ་ནག་པོའི་སླེབས་མཚམས་སུ་མེ་བཙའ་བྱའོ། །སྟེང་རླུང་དྲག་ཏུ་མནན་པ་ནི། སྣ་བུག་དང་ཁའི་རླུང་སྟེ་འོག་ཏུ་མནན་ལ་དབུགས་བསྡམ་པའོ། །འོག་རླུང་གློད་པ་ནི་འོག་སྒོ་གཉིས་གློད་པའོ། །བར་རླུང་དྲག་ཏུ་སྤྲུག་པ་ནི་ཕོ་ལོང་བསྐོར་ཞིང་སྤྲུགས་ཏེ་དོན་ནི་ཐུར་སེལ་གྱི་རླུང་མལ་དུ་གཞུག་པའི་ཐབས་སོ། །གསུམ་པ་ནི། མ་ཞུ་ཤིང་འདྲ་ཞེས་རྐང་པ་གསུམ་གྱིས་བསྟན་པའི་ཐང་དུགས་ཀྱི་ཐང་ནི་ཆ་མཉམ་བཞི་ཐང་ངམ་ཡང་ན་མ་ནུ་བཞི་ཐང་སྐབས་དང་སྦྱར་རོ། །དུགས་ནི། རྡོ་དུགས་སམ་ཡང་ན་ཆུ་ལོ་ཧ་བོའི་དུགས་སོ། །རྩེ་བཅིལ་བ་ནི་ནད་ཀྱི་རྣོ་ངར་བསད་པའོ། །སྦྱོང་སྐྱུགས་སྦྲགས་པ་ནི། སྐྱུག་སྨན་དང་བཀྲུ་སྨན་ལྷན་ཅིག་ཏུ་གཏོང་བའོ། །ཆུ་ཚན་གྱི་དུགས་ནི་ཆུ་ཚན་མོ་གྲོད་པར་བླུག་པའི་དུགས་བདུག་པའོ། །ཁ་ཟས་དབྲི་བ་ནི་སྔར་ལས་ཉུང་དུ་ཕྲི་བའོ། །བཞི་པ་ནི། དུག་འདྲ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་རུས་རྙིང་གི་རླངས་དུགས་ནི། རུས་པ་རྙིང་པ་ཡོས་ཙམ་ཆམ་ཆོམ་དུ་བརྡུངས་པ་ཆུར་བསྐོལ་ཏེ་དེའི་རླངས་པའི་སྟེང་དུ་བདུག་ཅིང་རྔུལ་འདོན་པ་དང་དེའི་ཆུ་ཚན་དུ་ཉལ་བ་སོགས་བྱའོ། །འབའ་སམ་ནི་བསིལ་དྲོད་ཀྱི་སྨན་བསྲེས་པ་སྟེ་འབྲས་བུ་གསུམ་དང་རྩ་བ་ལྔ་བསྲེས་པའོ། །གསུམ་པ་གྲོགས་ཀྱི་སྒོ་ནས་བཅོས་པ་ནི། མ་ཞུ་ཞེས་རྐང་པ་གསུམ་གྱིས་བསྟན་པའི་རང་རང་ཁ་འཛིན་ནི། རླུང་མཁྲིས་བད་ཀན་གང་ཤས་ཆེ་བ་དེའི་གཉེན་པོ་གཏོང་བ་སྟེ་ཞིབ་ཏུ་དཔྱད་ནས་ཁ་གནོན་པ་ཡིན་ནོ། །གཉིས་པ་ཤུགས་བསྟན་རྙིངས་ནས་གཞན་གྱུར་བཅོས་པ་ནི། མ་ཞུ་རྙིང་ཞེས་རྐང་པ་བཅུ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། འདིས་ནི་ནད་གང་ཡིན་ཀྱང་དང་པོ་མ་ཞུ་བས་བསྐྱེད་པ་དང༌། ཕྱིས་སུའང་མ་ཞུ་བས་བསྡོངས་ཕྱིན་ཆད་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་ཚ་ཤས་ཆེ་ན་རྟ་ཀ་ར་གྲང་ཤས་ཆེ་ན་བུ་རམ་གྱིས་ཁ་བསྒྱུར་ལ་བསྟེན་པ་ནི་སྤྱི་སྨན་གྱི་མཆོག་ཏུ་གྱུར་པ་སྟེ། ཕོ་བའི་མེ་དྲོད་བསྐྱེད་པ་དང་ཟུངས་བཟང་བ་དང་ནད་གཞན་གསོ་སླ་བའི་གྲོགས་སུ་བཤད་ཅིང་བཤད་རྒྱུད་ལས། ཕོ་བ་ཞིང་ས་འདྲ་བས་མེ་དྲོད་གསོ། །ལུས་ཟུངས་གཟོ་རྒྱུ་འདྲ་བས་ཆུད་མ་བསན། །དེ་ལྟར་ཤེས་ན་འཚོ་བྱེད་མཁས་པ་ཡིན། །ཞེས་པ་ལྟར་རོ།

        གཉིས་པ་ནི་རྙིང་པའམ་འབྲས་བུ་གཅོང་ནད་གསོ་བ་ལ་བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི་དེ་ནས་ཞེས་རྐང་པ་དྲུག་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལ་བཞི། ཉན་པར་གདམས་པ། གཅོང་གསར་རྙིང་གི་བྱེ་བྲག་བསྟན་པ་དང༌། གསར་པའི་གཅོང་ལེའུ་གཞན་དུ་བསྟན་ཚུལ་དང་རྙིང་པའི་གཅོང་སྡེ་ལྔ་བསླབ་པར་ཞལ་གྱིས་བཞེས་པའོ། །དང་པོ་ནི་སྟོན་པས་ཞེས་འབྲུ་བཞི་དང་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། མ་ཞུའི་རྒྱུས་བསྐྱེད་འབྲས་བུ་གཅོང་ནད་ལ། །ཞེས་སོ། །གཉིས་པ་ལ་གཉིས། གསར་པ་དང་རྙིང་པ་གཉིས་སོ། །དང་པོ་ནི། གསར་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ནི་རྙིང་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། དུག་ནད་ཕྱིས་འབྱུང་གསར་གཞན་སྔར་བརྗོད་དོ། །ཞེས་དུག་ནད་ནི་དུག་གསོ་བའི་སྐབས་སུ་ཕྱིས་ནས་འབྱུང་ལ་གསར་པ་གཞན་ལྷེན་དང་མེ་ཉམས་ལྕགས་དྲེག་རྣམས་བད་ཀན་གསོ་སྐབས་སུ་བསྟན་ཞིང་བརྗོད། མེ་དྲོད་མཁྲིས་པ་གཞན་གྱིས་གནས་གྱུར་བ་དང་སྣོད་ཀྱི་མཁྲིས་པ་ཁ་ལུད་ཁ་ཤོར་བ་སོགས་མཁྲིས་པ་གསོ་བའི་ལེའུར་བསྟན་ཞིང་བརྗོད། བད་ཀན་སྨུག་པོའི་རང་བཞིན་རྒྱུའི་འདུས་པ་བད་སྨུག་གསོ་བའི་ལེའུ་རྣམས་སྔར་བརྗོད་དོ། །བཞི་པ་ནི། སྐབས་འདིར་ཞེས་རྐང་པ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་དམིགས་བསལ་སྡེ་ལྔར་འདྲེན་ན་འདི་ལྔ་འདྲེན། སྤྱིར་གྲགས་གཅོང་སྡེ་བཞི་འདྲེན་ན། གསལ་བྱེད་སྒྲོན་མེའི་རྒྱུད་ལས། བད་མཁྲིས་ལྷེན་དང་ལྕགས་དྲེག་གཅོང་གི་སྡེ། དེ་བཞིན་འཁྲུ་སྐྱུགས་འབྲས་དང་སུར་ཡ་གཅོང་གི་སྡེ། དྲེག་དང་གྲུམ་བུ་ཐིག་ནག་རྐང་འབམ་གཅོང་གི་སྡེ། འོར་དང་སྐྱ་རྦབ་སྐྲན་དང་དམུ་ཆུ་གཅོང་གི་སྡེ་ཞེས་སྡེ་བཞི་ཟུང་བརྒྱད་ཕྲ་མོ་བཅུ་དྲུག་ཏུ་བཤད་ལ། རྒྱུད་འདིའི་དགོངས་པ་ནི་རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིང་བཞི། ཞེས་པ་ནས། ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་བསྐྱེད་ཅེས་པའི་བར་གྱིས་བསྟན་པ་འདིའོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ནས་དྲུག་པའོ་ཞེས་པའི་བར་དུའོ། །རྙིང་པའི་གཅོང་ལྔའི་གསོ་ཐབས་བཤད་པ་ལ་ལེའུ་ལྔ་ཡིས་བསྟན་ཏེ། ལེའུ་བདུན་པས་སྐྲན། བརྒྱད་པས་སྐྱ་རྦབ། དགུ་པས་འོར། བཅུ་བས་དམུ་ཆུ། བཅུ་གཅིག་པས་གཅོང་ཆེན་ཟད་བྱེད་གསོ་བ་བསྟན་པའོ།།

 

མཐའ་མའི་འདོན་ཐེངས་།: 01.09.2011 ཉིན། 11:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།