སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།



ལེའུ་དྲུག་ཅུ་པ།  རྩ་དཀར་གྱི་ནད་བཅོས་པ། 

ཆུ་སེར་གྱི་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། རྩ་དཀར་ནད་ལ་གྱེས་ཚུལ་དང༌། རྒྱུ་རྐྱེན་དང༌། རྟགས་དང༌། བཅོས་ཐབས་ལ་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

གྱེས་ཚུལ་ལ་སྤྱིར་རྒྱུད་སྡེ་རྣམས་སུ་རྩ་རླུང་ཐིག་ལེ་གསུམ་བཅས་ལ་རྡོ་རྗེའི་ལུས་ཞེས་བྱ་ལ། དེ་ཡང་རྩ་ཁྱིམ་ལྟ་བུ་ཐིག་ལེ་ནོར་ལྟ་བུ་རླུང་སེམས་བདག་པོའི་ཚུལ་དུ་གནས་པར་གསུངས་མོད། འདིར་དང་པོ་ལུས་ཆགས་པའང་རྩ་ལ་བརྟེན་ནས་ཆགས། གནས་པའང་རྩ་དེ་དག་ཏུ་ཟས་སྐོམ་སོགས་ཀྱི་དྭངས་སྙིགས་ནད་ཟུངས་དྲི་མ་རྣམས་རྒྱུ་ཞིང་མཐུན་པའི་ལས་བྱེད། རྩ་དེ་དག་གི་བྱ་བ་ཉམས་པ་སོགས་ཀྱིས་ཉེས་པ་དུ་མ་བསྐྱེད་པས་དེས་ན་ལུས་ཀུན་གྱི་འཕེལ་འགྲིབ་གནས་པའི་རྩ་བའང་རྩས་སྐྱེད་པར་བྱེད་པ་ཡིན་ཏེ། དེའང་སྲོག་གི་གནས་རྟེན་བྱེད་པའི་རྩ་བར་གྱུར་པའི་རྩ་རིགས་གཉིས་ཏེ་སྲོག་རྩ་ལས་བྱུང་ཐང་ཤིང་བསླང་བ་འདྲ་བ་ལས་རོ་མ་དང་འབྲེལ་བ་ཁྲག་གཙོ་བོར་གྱུར་པ་ནག་པོའི་ཐ་སྙད་དུ་བྱས་པའི་རྩ་ནག་ཡལ་གའི་ཚུལ་གྱིས་གྱེན་དུ་གྱེས་པ་དང་ཀླད་པ་ལས་བྱུང་ཞིང་རྐྱང་མ་དང་འབྲེལ་བ་རླུང་གཙོ་བོར་གྱུར་པས་རྩ་དཀར་ཐུར་དུ་ཟུག་ལ།

དེའི་ནང་གི་རྩ་རྣམས་དོན་སྣོད་དང་འབྲེལ་ལ། ཕྱི་རྩ་ཤ་ཆུ་རུས་ཚིགས་ཡན་ལག་དང་འབྲེལ་བ་སྟེ་བཤད་རྒྱུད་དུ། རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། །འབྲེལ་བྱས་ལུས་ནི་སྐྱེད་ཅིང་གནས་པ་དང༌། །སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། །ཞེས་འབྱུང་བ་དང༌། ནང་རྩ་ནི་གཙུག་ལག་ཁང་གི་ནང་དུ་དར་གྱི་དཔྱང་ཐག་བཏགས་པ་ལྟ་བུ་བཅུ་གསུམ་ཡོད་ལ་སྟེ་ཞེས་པ་འདྲེན་ཚིག་དང༌། དེ་ལ་དབྱེ་ན་རླུང་གི་རྩ་བཞི་ནས་གཉིས་སྡུད་སྒོའི་གཡས་གཡོན་དུ་ཕྱིན་པའི་ཚིགས་པ་བདུན་པར་སྙིང་ལ་འབྲེལ་བ་དང་གཉིས། དེ་བཞིན་བཅུ་བདུན་པར་རྒྱུ་མར་འབྲེལ། མཁྲིས་པའི་རྩ་བཞི་ཡང་གཅིག་ལྔ་པར་གློ་བ། གཅིག་བཅུ་དྲུག་པར་ལོང༌། གཅིག་གཡས་ཕྱོགས་དགུ་པར་མཆིན་པ། གཅིག་བཅུ་པར་མཁྲིས་པར་འབྲེལ། བད་ཀན་གྱི་རྩ་བཞི་ནས་གཅིག་བཅུ་གཉིས་པར་ཕོ་བ། གཅིག་བཅུ་གཅིག་པར་གཡོན་ཕྱོགས་མཆེར་པ། གཅིག་བཅུ་བཞི་པར་མཁལ་མ་གཡོན། གཅིག་བཅོ་བརྒྱད་པར་ལྒང་པར་འབྲེལ། འདུས་པའི་རྩ་གཅིག་བཅུ་གསུམ་པར་བསམ་སེར་འབྲེལ་བ་ཡིན་པས་ནང་རྩ་དེ་དག་ཕྱིར་མི་མངོན་པའི་སྒོ་ནས་དོན་སྣོད་དུ་འབྲེལ་པའི་ཕྱིར་མགོ་སྐྱོན་ཀླད་སྐྱོན་དོན་སྣོད་དུ་འབབ་ཅིང༌། གཞན་ཡང་ཁ་མིག་ཡོ་བ་དྲི་ཆུ་ལུག་གམ་རྩ་ཆུའི་རྒྱུན་གཉིས་སྡོམ་པ་སོགས་ན་ལུགས་དུ་མ་སྟོན་ནོ། །

ཕྱི་རྩ་སྦུགས་ཡོད་པའི་སྦུ་གུ་ཅན་གཉིས། འཇའ་བྱེད་གཉིས། རཏྣ་གཉིས་ཏེ་རྩ་རྒྱུད་དྲུག་ཏུ་བཤད་པའི་སྦུ་གུ་ཅན་དེ་གཉིས་ཀླད་སྙིང་ལས་བྱུང་ལྟག་པའི་སྡུད་སྒོར་དོན་ཨན་སྟོང་ཚིགས་པ་དང་པོའི་གཡས་གཡོན་དུ་ཚོན་རེའི་ཐད་ཀར་འགྲིམས་ཏེ་ཚིགས་པ་ལྔ་པ་ནས་འདུས་པ་གཞུང་པའི་རྩ་དང་འབྲེལ་བར་རྒྱུད་རྙིང་རྣམས་སུ་བཅུ་བཞི་ཞེས་ཀྱང་ཡི་གེ་ཉམས་པ་སྟེ་བཅུ་གཉིས་པ་ནས་དོན་ཏེ་བསམ་སེ་དང་མཁལ་མར་འབྲེལ། གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་ནས་དཔྱི་མིག་ལ་དོན། བྱིན་པ་དང་བརླ་ཤའི་ཕྱི་སུལ་གྱི་སྲེ་ལོང་དང་ཕྱི་ལོང་གི་བར་གུང་མཐེབ་བརྒྱུད་ནས་ནང་ངོས་རྐང་མཐིལ་ལ་འགྲོ། གཉིས་ནི་ཚིགས་པ་བཅུ་བཞི་པའི་ཐད་ནས་གྱེས་ཏེ་དཔྱི་སྟེང་དོན། བརླའི་སྒང་ནས་གཉན་གོང་དུ་བརྒྱུད་པུས་མོའི་ཚིགས་རྐང་པའི་ངར་གདོང་ཐུར་བར་འགྲིམས་ཏེ། མཐེ་བོང་གི་པིར་མགོར་འབྲེལ་ནས་གོང་དང་རྐང་མཐིལ་གྱི་བྲང་གི་གཉེར་མའི་འོག་འདུས་ཁ་ཅིག་ཏུ་མཛུབ་ཆུང་རྒྱབ་ཕྱོགས་དང་རྟིང་པར་ཡང་རྩ་རེ་སོང་བར་བཤད་དོ། །འཇའ་བྱེད་ཀླད་མཁར་ནས་ལྟག་པའི་ཟུར་སྤུ་འཁྱིལ་གཉིས་སུ་དོན་ནས་ཨན་སྟོང་དང་པོའི་འགྲམ། དེ་ནས་ཕྲག་བརྒྱུད་དཔུང་པ་དང་སོག་པའི་མཚམས་སུ་ནུབ། དེ་ནས་རྩ་སྣ་གཉིས་སུ་གྱེས་པ་གཅིག་དཔུང་འཛུམ་གྱི་ཚིགས་དམིགས་ལུག་གཞུག་ནས་བརྒྱུད་གྲུ་མོར་སོང༌། གཅིག་གྱེས་པ་ནས་ཕྱིའི་མཆན་ཁུང་དུ་འགྲིམས་ནས་གྲུ་མོའི་ཅིག་ཤོས་དང་འབྲེལ་བ་ཚིགས་སྐོར་བརྒྱུད་ལག་པའི་མཐེབ་མོར་འབྲེལ་བས་ལག་མཐིལ་དུ་འདུ་རྐང་པར་རྒྱུ་བའི་ཚུལ་བཤད་པའི་རྒྱུད་དུ་བཤད་པ་བཞིན་ནོ། །རཏྣ་ཀླད་ཞབས་ནས་རྩེས་ཀྱི་མགོ་རྣ་ཤལ་འོག་ཏུ་ཐོན་ནས་སྒྲོག་རུས་པའི་ནང་ནུབ་མཆན་ཁུང་ནང་འགྲིམས་གྲུ་མོའི་ཁུང་བརྒྱུད་གཞུ་མཆོག་པར་ཐུར་བར་འགྲིམས་ནས་ལག་པའི་སྲིན་ལག་གི་མཐེབ་མོར་འབྲེལ་ནས་ལག་མཐིལ་དབུས་གཉེར་མའི་འོག་འཇའ་བྱེད་ཀྱི་སྣ་དང་འདུས་སོ། །ལུས་ཀྱི་ཕྱི་རུ་ཐོན་པའི་རྩ་འདི་དག་ནི་ཤ་དང་ཆུ་བ་དང་རུས་པ་དང་ཚིགས་སོགས་དང་འབྲེལ་བའི་ཕྱིར་སྐྲངས་པ་དང༌། སྦོས་པ་དང༌། སྐམ་པ་དང༌། ཞ་བ་དང༌། རེངས་པར་བྱེད་པར་འགྱུར་ལ། འདི་དག་ནི་ཕྱིར་འབུར་བ་དེར་གནད་དུ་བསྟན་ཞིང་ཀུན་ཏུ་འབྲེལ་བས་ན་ལུགས་སྣ་ཚོགས་དུ་མར་སྟོན་པར་བྱེད་དོ། །

ནད་དེ་ལ་སྐྱེད་པར་བྱེད་པའི་རྒྱུ་རྐྱེན་གཞི་མཐུན་ནི་ལས་སོགས་དྲག་ཤུལ་གྱིས་ལུས་འགྲམས་པའི་རིགས་སམ་རིམས་དུག་ཚ་བ་སོགས་ཀྱི་ནད་རྩ་ལ་བབས་པའམ་མཚོན་གྱིས་རྩ་བཅད་པ་དང་རྡོ་དབྱུག་སོགས་ཀྱིས་བརྡུངས་པས་རླུང་ཁྲག་འཁྲུགས་ཏེ་རྩར་ཞུགས་པས་དེ་འཕྲལ་ཉིད་ལ་རྩ་དཀར་གྱི་ནད་ཉིད་དུ་འགྱུར་བ་ཡིན་ལ།

དབྱེ་བ་ཕྱེ་ན་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ཡོད་པའི་སྤྱི་ལ་རྩ་དཀར་ཚ་བ་དང་གྲང་བ་གཉིས། དེ་ཡང་དུས་ཀྱིས་གསར་པ་དང་རྙིང་པར་འགྱུར། བྱེ་བྲག་ཏུ་དབྱེ་བ་ལ་གནས་དང་འདུ་བའི་ནད་གཞི་གཉིས་ཀྱིས་དབྱེ་བའི་གནས་ནི་མགོ་དང༌། བྱང་ཁོག་དང༌། ཡན་ལག་གསུམ་འདུ་བའི་དབྱེ་བ་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་བཞི།

དེ་རྣམས་ངོས་འཛིན་པའི་རྟགས་སྤྱི་བྱེ་བྲག་གཉིས་ལས། སྤྱི་རྟགས་མགོ་སྟོད་ཁ་མིག་སོགས་ཡོན་པོར་འགྱུར་ཞིང་མགོ་འཁོར་ལ་ར་རོ་ལྟར་མྱོས་པ་དང༌། དྲན་པ་ཉམས་པ་དང་ཙོག་པུར་སྡོད་མི་ཟུག་ཅིང་གཉིད་ཆུང་ལ་སྐྱུག་པར་བྱེད་པ་དང༌། ཁ་ལྐུགས་ཤིང་དབང་པོ་འཁྲུལ་ལ་གཡའ་བ་སྟེ་ཟ་འཕྲུག་བྱེད་ཅིང་སྒྲ་ཆེན་པོའི་རིགས་ཀྱི་རོལ་མོ་སོགས་ཐོས་སར་མི་བཟོད་ཅིང་ཡན་ལག་བཤལ་བ་དང༌། བྱང་ཁོག་ལ་བབས་ན་སྨྲ་བ་མང་ལ་འདར་རྗེས་སྐོམ་བཏུངས་ཀྱང་ངོམས་པ་མེད་ཅིང་གཞོགས་གཅིག་བེམ་མམ་ཚོར་བ་དང་བྲལ་ཞིང་སྐྲངས་སམ་སྙམ་པ་དང༌། ཡང་ན་དྲི་ཆུ་རླུགས་པ་སྟེ་རྒྱུན་དུ་འོང་ངམ། ཡང་ན་རྒྱུན་དེ་གཉིས་སྡོམ་པ་དང༌། ཡང་ན་ལུས་དྲོད་མེ་ལྟར་ཚའམ་ཡང་ན་རྡོ་ལྟར་གྲང་བ་དང༌། ཡང་ན་གཞུ་ལྟར་དུ་གུག་གམ་ཡང་ན་རྭ་ལྟར་དུ་དགྱེ་བ་དང༌། ཡང་ན་ཤིང་ལྟར་ཧྲེང་ཧྲེང་དུ་རེངས་སམ་ཡང་ན་གྱོང་ལྟར་བསྡུས་པ་སྟེ་འདུས་པ་སོགས་གཅིག་ཏུ་མ་ངེས་ཤིང་ངོ་མཚར་བའི་ནད་རྟགས་དུ་མ་སྟོན་པར་བྱེད་པ་དང༌། ཡན་ལག་རྣམས་བཤལ་ཞིང་སྦྲིད་པ་དང་བེམ་མམ་ཚོར་བ་དང་བྲལ་བ་དང༌། གཡོ་བའམ་ཡང་ན་སྐམས་པ་དང་ཞ་བ་དང་རེངས་པ་དང་འཁུམས་སམ་ཡང་ན་རོ་ལྟར་འགུལ་བསྐྱོད་མེད་པར་བོགམཚོན་ཆའི་རིགས་གཞུང་དུ་ཕོག་ན་གཡས་གཡོན། འཕྲེད་དུ་བཅད་ན་སྟོད་སྨད་ཕོག་མཚམས་ཀྱི་སྣེ་གཉིས་བསྣོལ་མར་སྐྲངས་འོང༌། འགྲམས་པ་དང་མཚོན་ཚད་བབས་པ་སོགས་མཁྲིས་པར་ལྡན་པ་ཚ་བར་འགྱུར་བ་དང༌། རླུང་དང་བད་ཀན་གྱིས་རྐྱེན་བྱས་ན་གྲང་བར་འགྱུར་བ་དང༌། རླུང་ལྡན་འདར་ཞིང་གཡལ་མང་ལ་ཁ་སྐོམ་ཞིང་ཤེས་པ་འཁྲུལ། མཁྲིས་ལྡན་ལུས་དྲོད་དང་ཚ་བའི་རྟགས་ཟུག་གཟེར་བཅས་པ་ཆེ། བད་ཀན་ལྡན་པ་ལུས་དྲོད་ཆུང་ལ་གཡོ་ཞིང་སྐྲངས་པ་དང༌། འདུས་པའི་མཚན་ཉིད་གཅིག་ཏུ་མ་ངེས་པར་ཀུན་གྱི་རྟགས་སྟོན་པར་བྱེད་ཅིང༌། དེ་རྣམས་ཀྱང་སྟོབས་དང་ལྡན་རིགས་འཆི་ལ་འབྲིང་པོ་བཅོས་པས་འཚོ་བ་དང༌། ཚབས་ཆུང་ཡུན་རིང་ལོན་ནས་རང་བཞིན་གྱིས་འཚོ་བར་འགྱུར་རོ། །

བཅོས་པའི་ཐབས་ལ་སྤྱི་རུ་བཅོས་པ་དང་བྱེ་བྲག་ཏུ་བཅོས་པ་གཉིས་ལས་དང་པོ་སྤྱི་བཅོས་དེ་ཡང་གསར་པ་དང་རྙིང་པ་གཉིས་དུས་དང་སྦྱར་ཏེ་གསོ་དགོས་པས་གསར་དུས་ནས་ཚབས་ཆེན་པོའི་རིགས་བྱུང་ན་མཐིལ་བཞི་ཚིགས་པ་བཅུ་གསུམ་པ་ལྟག་ཟུར་སྤུ་འཁྱིལ། པིར་མགོསོར་མོ་ཉི་ཤུའི་མདུན་ནེའུ་ལེ་རྣམས་བསྲེག་དགོས་ཀྱང༌། ཚ་བ་ཤས་ཆེ་ན་རིན་ཆེན་སྦྱོར་བ་རྡོ་དང་རྩི་དང་སྔོ་བཅས་པའི་སྦྱོར་བ་དགོས་ཏེ་རིན་ཆེན་གསེར་ཟངས། གཡུ་རྙིང༌། ཐོག་ལྕགས། བྱུ་རུ། ཉ་སྐྱོགས། རྡོ་སྦལ་རྒྱབ་དཀར་སྨུག་དང༌། ཆིག་ཐུབ་དཀར་སྨུག་བཞི། རྩི་བཟང་པོ། ཅུ་གུར་ལི་ཛཱ་སུག་ཀ་སྟེ་དྲུགགླ་རྩི། སྔོ་འབྲི་རྟ་ས་འཛིན། ལྕམ་པ་རྣམས་ཀ་ར་དཀར་པོ་དང་སྦྱར་བ་ཆུ་གྲང་གིས་ཕུལ་ལ་བཏང༌། ཡང་ན་ཉ་ཕྱིས་བཤད་མ་ཐག་པའི་བཟང་དྲུག་གི་ཝང༌། ཙན་དན་དཀར་དམར། ཨ་ག་རུ། བསེ་རུ། གླ་རྩི། རུ་རྟ། པི་པི་ལིང༌། ཤིང་ཚ། འབྲས་བུ་ཨ་བར་སྐྱུར་གསུམ། སྡིག་སྲིན། གསེར་བྱེ། ལྕམ་པ། ཟི་ར་གཉིས། འབྲི་ཏ་ས་འཛིན་བཅས་པས་ཉི་ཤུ་རྩ་ལྔའི་ཕྱེ་མ་སྦྱར་ཞིང་ཟས་སྐོམ་ཤ་གསར་མར་སོགས་གསར་བཅུད་དང་ཡོས་ཐུག་ཞོ་དར་རྣམས་བསྟེན་ཅིང༌། སྟོད་ལ་རྩེ་ཆུང༌། སྨད་ལ་ལོང་རྩ་གར་བབས་དང་དྲུག་འགོ་སོགས་གནས་སྦྱར་རླངས་ཐོན་ཙམ་གཏར་ཞིང༌། ཚ་བ་བྲི་ནས་བུར་ཆང་བཏུངས་ན་བདུད་རྩི་ལྟ་བུ་ཡིན་ནོ། །རྩ་ཆུ་ཕྱི་ཡུལ་སོགས་གྲང་བ་ཤས་ཆེ་ན་གླ་རྩི། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག བ་མཁལ་སྨུག་པོ་གླང་མིག་ནང་གི་དཀར་པོ་དེ་དང༌། རུ་རྟ། ཨ་རུ་ར། བུ་རམ་རྣམས་སྦྱར་པ་ཨ་རུ་ར་བཅུ་གཅིག་འགྱུར་གྲང་བསིངས་ཀྱི་ཁུ་བས་ཕུལ་ལ་བཏང༌། ཡང་ན་ཨ་རུ་ར་བཅུ་གཅིག་འགྱུར་སྨན་ཆེན་ཞེས་བི་ཥ་དཀར་ནག་སེར་གསུམ་ག་བྱུང་ན་རབ་འབྲིང་གཉིས། མཐའ་རིགས་གཅིག གླ་རྩི། རུ་རྟ། ཤུ་དག་རྣམས་དྲི་ཆུས་སྦྲུ་ཞེས་ཀྱང་དོན་སྦྱོར་ཁྱུང་ལྔ་རང་ཡིན་པས་རིལ་བུ་སྲོད་དུས་བསྟེན་ན་བདུད་རྩི་ལྟ་བུར་འགྱུར་ཞིང༌། ཚིགས་པ་དྲུག་པ་བདུན་པ། དཀར་ནག་མཚམས་བསྲེག་ཅིང་གཏར་གའི་རིགས་མི་བྱ། ཁ་ཟས་དྲོ་ལ་བཅུད་ཆེ་བ་བུར་ཆང་སོགས་དང༌། རྩ་བ་རམ་ལྕ་བ་ཉེ་གཟེ་ལྔའམ་འབའ་སམ་སྨན་མར་སྦྱོར། རྩ་ནད་རྙིངས་པ་ལ་དང་པོ་ནད་བསྡུས། བར་དུ་སྦྱངས། ཐ་མར་བརྟ་བར་བྱ་སྟེ། དང་པོར་བསྡུ་བ་ལ་དྭ་ལིས་ཞེས་པ་བ་ལུའི་མེ་ཏོག་བྲེ་ཕྱེད། ཀྱི་ལྕེ་དཀར་པོ་ཕུལ་དོ། ཤིང་མངར་ཕུལ་གང་རྣམས་ཀྱི་ཁཎྜ་ལ་གུར་ཀུམ། སུག་སྨེལ། འབྲི་ཏ་ས་འཛིན་དང༌། གསེར་བྱེ། ཉི་དགའ་རྣམས་སྦྲང་དང་སྦྱར་བ་ནང་ནུབ་བཏང་བ་དང༌། གླ་རིལ་ཆང་གི་དཀྱིལ་དུ་བཙོས་པ་རས་སོགས་ལ་དྲིལ་བའི་དུགས་ཀྱིས་རྩ་ནད་སྡུད། དེ་ནས་བར་དུ་སྦྱང་པ་ལ་བྱང་ཁོག་སོགས་ཀྱི་ནང་རྩར་བབས་ཆེ་ན་སྣ་ལ་ཕྱི་རྒྱུད་ལྟར་ལྟོ་སྦྱང་བཏང་བའི་རྗེས་ལའང་རྩ་བཤལ་བསྔགས་པ་ཡིན་ཅིང༌། མགོ་དང་ཡན་ལག་ཕྱིར་བབས་ན་དྲག་ལ་ཡུན་རིང་དུ་རྩ་ནས་ཕྱི་རྒྱུད་ལྟར་སྦྱངས། ཐ་མར་བརྟས་པར་བྱ་བ་ལ་འབྲི་ཏ་ས་འཛིན་བྲེ་ཕྱེད། ཨ་རུ་ར་བཅུ། དྭ་ལིས་གོང་བཤད་ཕུལ་གང་ཀྱི་ལྕེ་དཀར་པོ། ཤིང་མངར། ཉི་དགའ་རྣམས་ཀྱི་སྨན་མར་སྦྲང་རྩི་དང་བུ་རམ་ལྡན་པར་བཏང༌། ཡང་ན་ཕྱི་རྒྱུད་ལྟར་གྱི་འབའ་སམ་སྨན་མར་དྲོད་བཅུད་རིགས་ཟས་སུ་བསྟེན།

བྱེ་བྲག་མགོར་བབས་ན་ཕྱི་རྩ་ལ་གླ་རིལ་གྱི་ལུམས་བྱ་ཞིང༌། ཨན་སྟོང་འགྲམས་དང་ལྟག་པའི་སྡུད་སྒོ་སྤུ་འཁྱིལ་གཉིས་བཅས་བསྲོ། ནང་རྩར་བབས་ན་རྡོའི་རྒྱལ་པོ་སྦལ་རྒྱབ། མདུང་རྩེ། གངས་ཐིགས། ཅོང་ཞི་བཞི། དོམ་མཁྲིས། གུར་ཀུམ། གླ་རྩི། རུ་རྟ། ཨ་རུ་ར། ཨ་བྱག ཆུ་རྩ། བོང་ང་དཀར་པོ། གསེར་ཐིག་རྣམས་ཀྱིས་ཐོག་ཚ་ན་ཀ་ར་དང༌། གྲང་ན་བུ་རམ་བསྣན་པའི་སྦྱོར་བ་བསྟེན་ཤེས་པར་བྱ་ཞིང༌། རི་བོའི་རྩེ་ལ་ཞེས་རྩ་བསྡམ་སྤྲོ་ན་སྤྱི་གཙུག་དཀར་ནག་མཚམས་ཚིགས་པ་དྲུག་པ་སྲིན་ལག་བཞིའི་རྩེ་སོག་པའི་མེ་ལོང་རྐང་ལག་གི་མཐིལ་བཞི་རྣམས་སུ་གསེར་གྱི་མེ་རྒྱས་གདབ་པ་སྟེ་ཏེལ་བས་བསྲེག་པ་དང༌། ལུས་ཀྱི་ཆ་ཉམས་ཏེ་ཚོར་བ་ཆུང་ཞིང་བྱ་བ་ཉམས་པ་དྲོད་ཤོར་སོགས་བྱུང་ན་སྤྱི་གཙུག་ལྟེ་བ་མཚན་བར་ཏེ་མདུད་གསུམ་གྱི་མདོར་བསྲེག གཞོགས་རེངས་ན་གང་རེངས་ཕྱོགས་དང་ཁ་ལྐུགས་ན་གཉིས་ཀའི་རྩེ་མགོ་དང་སོར་མོ་ཉི་ཤུ་བསྲེག་པ་དང༌། ཁ་མིག་ཡོན་ན་གང་ཡོ་ཕྱོགས་ཀྱི་རྣ་བའི་རྒྱབ་ལྟག་པའི་ཟུར་གྱི་སྤུ་འཁྱིལ་བསྲེག དར་རྩ་བསྣད་པའམ་འགྲམས་ན་མགོ་ལྕི་བ་འོང་བས་ཕྱི་རྒྱུད་ལྟར་སྣ་སྦྱོང་བྱ་ཞིང༌། ཚ་བ་རྩ་ལ་རྒྱས་ན་རྩེ་ཆུང་གིས་གཏར་ལ་རྩ་སྦྱོང་དང་ལྟོ་སྦྱོང་གཉིས་སྦྲགས་པ་ནི་ཕྱི་རྒྱུད་དེད་དཔོན་བཅུ་ལ་བྱང་པ་སྡིག་སྲིན་ཞེས་པ་ནས་སྨད་ཀྱི་རྩ་ནད་སྦྱོང་ཞེས་པའི་བར་གང་འོས་བསྣན་པས་སྦྱང་ངོ༌། །རླུང་འཁྲུགས་གུར་ཀུམ་ཤིང་མངར་བཅས་པའི་སྣ་སྨན་བཏང་བ་དང༌།

བྱང་ཁོག་གི་རྩ་ནད་སྤྱི་གཙུག་དང་ལྟག་པའི་སྡུད་སྒོ་དང༌། ཚིགས་པ་དྲུག་པ། དཀར་ནག་མཚམས་དང༌། སྒྲོག་རུས་གཤོང༌། ཨན་སྟོང་དང་པོའི་འགྲམ་དང་སྐེ་སྟོང་དང་སོག་པའི་མཐིལ་གཉིས་རྣམས་བསྲེག་ཅིང༌། གསེར་ཟངས། ཐོག་ལྕགས། བྱུ་རུ། ཉ་སྐྱོགས་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཙན་དན་དཀར་དམར། ཨ་ག་རུ། གླ་རྩི། བསེ་རུ། འགྲོན་ཐལ། དོམ་མཁྲིས་དང༌། རྡོ་དྲེག་ཀ་ར་རྣམས་སྦྱར་བ་ཨ་རུ་རའི་ཁུ་བས་ཕུལ་བ་དང༌། གླ་རིལ་གྱི་ལུམས་བྱ་ཞིང་རྙིངས་ནས་གོང་བཤད་ལྟར་གྱི་རྩ་སྦྱོང་དང་ལྟོ་སྦྱོང་སྦྲགས་མ་གཏོང༌། གསེར་ཟངས་སོགས་སྦྱོར་བ་གོང་མའི་སྟེང་དུ་དོན་སྣོད་སོགས་ཀྱི་ཁ་བསྒྱུར་སོ་སོར་བསྣོན་དགོས་སྙིང་ལ་བབས་ན་ཛཱ་ཏི། རུ་རྟ། ཨ་གར་གསུམ་བསྣན་པ་དང༌། གློ་ལ་བབས་ན་ཤིང་མངར། རྒུན་འབྲུམ། གླ་སྒང་གསུམ་བསྣན་པ་དང༌། མཆིན་པར་བབས་ན་ཨུཏྤལ་བྲག་ཞུན་བ་ཤ་ཀ་གསུམ་བསྣན་པ་དང༌། མཆེར་པར་བབས་ན་མ་ནུ་པ་ཏྲ་དང༌། པ་ཏོ་ལ་ཞེས་རྒྱ་ཁུར་དང༌། པི་པི་ལིང་གསུམ་བསྣན་པ་དང༌། མཁལ་མར་བབས་ན་བཙོད་དང༌། ཞུ་མཁན། རྒྱ་སྐྱེགས་གསུམ་བསྣན་པ་དང༌། ཕོ་བར་བབས་ན་མ་ནུ། རྒྱམ་ཚ། གོང་བཤད་པ་ཏོ་ལ། རྒྱུ་ལོང་གཉིས་ལ་བབས་ན་བོང་ང་དཀར་པོ། དུག་ཉུང༌། གླ་སྒང་གསུམ་བསྣན་པ་དང༌། མཁྲིས་པར་བབས་ན་ཏིག་ཏ། དུག་ཉུང༌། གསེར་གྱི་མེ་ཏོག་གསུམ་བསྣན། ལྒང་པར་བབས་ན་ལྕམ་པ། རྒྱ་ཚ། སྡིག་པ། སྲིན་བུ་གསུམ་བསྣན་པ་རྣམས་བཏང་ལ་རང་རང་རྩ་གཏར་ཞེས་པ་སྙིང་ལ་སྣོད་ཀ གློ་བར་དྲུག་འགོ། མཆིན་པར་རུ་ཐུང༌། མཆེར་པར་རྟ་མཐུར། མཁལ་མར་བྱིན་གཞུག ཕོ་བར་ཕོ་བའི་རྭ་རྩ་དང་རྒྱབ་རྩ་དྲུག་འདུས། མཁྲིས་པར་གཤའ་རིངས། རྒྱུ་མར་རྒྱུ་རྩ། བསམ་སེར་བྱིན་སྐྱོག ལྒང་པ་དང་ལོང་གཉིས་ལ་ལོང་རྩ་གཏར། རང་སོར་ཞེས་སྙིང་ལ་མཐེ་བོང༌། གློ་བར་མཛུབ་མོ། མཆིན་པར་གུང་མོ། མཆེར་པར་སྲིན་ལག མཁལ་མར་མཐེའུ་ཆུང༌། སྣོད་ཀྱི་ཕོ་བར་སྲིན་ལག མཁྲིས་པར་གུང་མོ། རྒྱུ་མར་མཐེ་བོང༌། བསམ་སེ་དང་ལྒང་པར་མཐེའུ་ཆུང༌། ལོང་ལ་མཛུབ་མོ་རྣམས་བསྲེག་པ་འཐད་པར་མངོན་ཞིང༌། ཡང་གཡུ་ཐོག་པས་གསུངས་ཟེར་བའི་མཛུབ་མོ་རྣམས་ཀྱི་ལོགས་སྣོད་དང་སྒང་དོན་ཡིན། མཐེབ་ཆུང་གི་ནང་མདུན་སྲིན་ལག་ཕྱོགས་མཁལ་མ་དང་ཕྱི་བསམ་སེ་ཡིན་ཟེར་བའང་ཡོད་ཀྱང༌། དེས་ན་ཕྱོགས་རེར་རྩ་བཅུ་རེ་ཡོད་པ་མི་འཐད་ཅིང༌། རང་གསང་སྙིང་ལ་ཚིགས་པ་བདུན་པ། གློ་བར་བཞི་པ། མཆིན་པར་དགུ་པ། མཆེར་པར་བཅུ་གཅིག་པ། མཁལ་མར་བཅུ་བཞི་པ། མཁྲིས་པར་བཅུ་པ། ཕོ་བར་བཅུ་གཉིས་པ། བསམ་སེར་བཅུ་གསུམ་པ། ལོང་ལ་བཅུ་དྲུག་པ། རྒྱུ་མར་བཅུ་བདུན་པ། ལྒང་པར་བཅོ་བརྒྱད་པ་རྣམས་བསྲེག

ཡན་ལག་གི་རྩ་དཀར་བྱེར་བ་བསྡུ་བའི་ཁཎྜ་ནི་གོང་གི་རྩ་ནད་རྙིང་པའི་སྐབས་ཀྱི། དྭ་ལིས་ཀྱི་ལྕེ་ཤིང་མངར་ཁཎྜ་ལ། ཞེས་པའི་སྦྱོར་སྡེ་དེ་ལ་ཚ་ན་ག་བུར་དང༌། གྲང་ན་པི་པི་ལིང་བསྣན་པའི་རིལ་བུ་མཐེ་བོང་ཙམ་རའི་འོ་མར་སྦྱར་ལ་བཏང༌། གྲང་བར་གླ་རིལ་ཆང་བཙོས་ཀྱི་ལུམས་དང༌། ཚ་ན་བདུད་རྩི་ཤུག་འོམ་བ་ལུ་མཚེ་མཁན་པ་ལྔའི་ལུམས་སུ་གཞུག གང་བབས་རྩ་གཏར་བ་སྟོད་སྨད་དོན་སྣོད་སོགས་གང་བབས་ཀྱི་རྩ་ཁ་དབྱེ་ཞིང༌། རྙིངས་པར་གྱུར་ནས་ཕྱི་རྒྱུད་ལྟར་གྱི་རྩ་ནས་སྦྱང་བ་དང༌། རྐང་ལག་སོགས་ཀྱི་ཤ་སྐམས་པ་ལ་དེ་རྗེས་རང་བྱུང་ངམ། གོང་བཤད་ལྟར་བདུད་རྩི་ལྔའི་ཆུ་ལུམས་བྱ་ཞིང༌། འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གི་སྨན་དང་ལྡན་པ་བསྟེན། ཆུ་རྒྱུས་ལ་བབས་པའི་ཚེ་ན་སློ་ཞེས་བཙོའི་ལུམས་བྱ་ཞིང་ཆང་རྒན་བཏུང་བ་དང༌། རྐང་པ་བཤལ་ན་ཚིགས་པ་བཅུ་བཞི་པ་དང་གཡས་གཡོན་ཚོན་རེ་ཕུན་རེ་གཞལ་བའི་རྩ་ནག་གཉིས་དང་དཔྱིའི་ཁ་གཟར་ན་གུ་དང༌། དཔྱི་མིག་པུས་ཚིགས་ཕྱི་ནང་དང་རྐང་མཐིལ་བསྲེག་ཅིང༌། ལག་པ་བཤལ་ན་སྒྲོག་རུས་གཤོང་དང་འཇའ་བྱེད་གཉིས། དཔུང་ཚིགས་ཀྱི་ཕྱི་ནང་གཉིས། རཏྣ་གཉིས། ལག་མཐིལ་གཉིས་རྣམས་བསྲོ་རླུང་ལྡན་པ་སྟེ་ཤས་ཆེ་ན་རླུང་གསང་ཨན་སྟོང་ཚིགས་པ་དང་པོ་བསྲོ་ཞིང་བཅུད་ཆེན་པོའི་ཟས་བསྟེན། མཁྲིས་པ་དང་ལྡན་ན་ཕྱི་རྒྱུད་ལྟར་གྱི་ལྟོ་སྦྱོང་དང་རྩ་སྦྱོང་བཏང་བ་དང༌། བད་ཀན་དང་ལྡན་པ་ལ་རང་བྱུང་གི་ཆུ་ཚན་དང༌། གོང་བཤད་བདུད་རྩི་ལྔའི་ལུམས་དུགས་བྱ། འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་ཀུན་དང་འབྲེལ་པར་བཅོས་དགོས་ཀྱང༌། གང་ཞིག་གིས་རྩ་དཀར་གྱི་ནད་ཚུལ་ཇི་བཞིན་མི་ཤེས་པར་ཚོད་ཚོད་ཀྱིས་གཟའ་ཕོག་འདུག་ཟེར་བའི་སྨན་པ་དེ་ནི་བླུན་པོ་ཡིན་ཏེ་དེར་མ་སོང་བའི་བརྟག་པ་བྱ་དགོས་ཤིང༌། ཐབས་འདི་ཉིད་ནི་རྩ་དཀར་ཙམ་དུ་མ་ཟད་རྨ་རྣམས་ཀུན་གྱི་ལོག་གནོན་ཞེས་པ་ནུས་པའི་དབང་དུ་སོང་ན་གཉེན་པོ་གཞན་དེ་ལས་གཉིས་ལོག་གི་ནུས་པ་དང་ལྡན་པ་དང༌། བྱེད་ལས་ཀྱི་དབང་དུ་སོང་ན་ནད་དེ་ཚུར་མི་ལྡོག་པའི་ཁ་གནོན་ཡིན་པ་དང༌། གཞན་ཡང་རིམས་དང༌། དུག་དང༌། བླ་གཉན་ཞེས་པ་སྣོན་མའི་མིང་སྟེ་ནད་གཅིག་མ་དྲག་པར་གསར་པ་གཅིག་བྱུང་བའི་ནད་རྣམས་ཀྱི་མདེ་ཁ་ཞེས་མདའི་ཁ་མདེའུས་བསྒྱུར་བཏུབ་པ་ལྟར་བསྒྱུར་ཁ་གང་དགོས་ཀྱང་འདི་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་རྩ་དཀར་གྱི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།