སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་དྲུག་ཅུ་བ། རྩ་དཀར་གྱི་ནད་བཅོས་པ།

ལེའུ་དྲུག་ཅུ་པ་རྩ་དཀར་གྱི་ནད་བཅོས་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གསུམ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། གཅེས་པར་གདམས་པའོ། །དང་པོ་ནི། རྩ་དཀར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་རྩ་དཀར་ནད་ཀྱི་གྱེས་ཚུལ་བསྟན་པ་དང༌། རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། ཤུགས་ལས་དབྱེ་བ་བསྟན་པ་དང༌། དེ་བཞིན་དུ་རྟགས་དང༌། བཅོས་ཐབས་བཤད་པ་སྟེ་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་ལས། དང་པོ་ནི། གྱེས་ཚུལ་ལའང་གཉིས། རྒྱུ་མཚན་དབྱེ་བ་སྤྱིར་བཤད་པ་དང༌། གྱེས་ཚུལ་དང་གནས་དམིགས་བསལ་དུ་བསྟན་པའོ།།

        དང་པོ་ནི། གྱེས་ཚུལ་ཞེས་རྐང་པ་ལྔས་བསྟན་ཏེ། གྱེས་ཚུལ་ལ་སྤྱིར་རྒྱུད་སྡེ་རྣམས་སུ་རྩ་རླུང་ཐིག་ལེ་སེམས་བཅས་ལ་རྡོ་རྗེའི་ལུས་ཞེས་བྱ་ལ། དེ་ཡང་རྩ་ཁྱིམ་ལྟ་བུ་ཐིག་ལེ་ནོར་ལྟ་བུ་རླུང་སེམས་བདག་པོའི་ཚུལ་དུ་གནས་པར་གསུངས་མོད། འདིར་དང་པོ་ལུས་ཆགས་པའང་རྩ་ལ་བརྟེན་ནས་ཆགས་གནས་པའང་རྩ་དེ་དག་ཏུ་ཟས་སྐོམ་སོགས་ཀྱིས་དྭངས་སྙིགས་ནད་ཟུངས་དྲི་མ་རྣམས་རྒྱུ་ཞིང་མཐུན་པའི་ལས་བྱེད། རྩ་དེ་དག་གི་བྱ་བ་ཉམས་པ་སོགས་ཀྱི་ཉེས་པ་དུ་མ་བསྐྱེད་པས། དེ་ནས་ལུས་ཀུན་གྱི་འཕེལ་འགྲིབ་གནས་པའི་རྩ་ཁོ་ནས་བསྐྱེད་པ་ཡིན་ཏེ། དེ་ལའང་སྲོག་གནས་ཤིང་བརྟེན་པའི་རྩ་བར་གྱུར་པའི་རྩ་རིགས་གཉིས་ཏེ། སྲོག་པ་རྩ་སྒལ་པའི་ནང་དུ་ཐང་ཤིང་བསླང་པ་ལྟ་བུ་ལས་བྱུང་བ་ཁྲག་གཙོ་བོར་རྒྱུ་བས་ནག་པོའི་ཐ་སྙད་བྱས་པ་ཡལ་གའི་ཚུལ་དུ་གྱེན་དུ་གྱེས་པ་དང༌། ཀླད་པ་ལས་བྱུང་བ་རླུང་གཙོ་བོར་རྒྱུ་ཞིང་ཆུ་བ་ལྟར་དཀར་པོ་རྩ་བ་ལྟར་ཐུར་དུ་ཟུག་པ་གཉིས་ཀ་ནང་རྩ་དོན་དང་འབྲེལ། ཕྱི་རྩ་ཤ་ཆུ་རུས་ཚིགས་སོགས་བརྒྱུད་ནས་ཡན་ལག་དང་འབྲེལ་བ་གཉིས་གཉིས་ཏེ། བཤད་རྒྱུད་དུ། རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། །འབྲེལ་བྱས་ལུས་ནི་བསྐྱེད་ཅིང་གནས་པ་དང༌། །སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། །ཞེས་འབྱུང་ངོ༌། །གཉིས་པ་ལ་གཉིས་ནང་རྩ་དང་ཕྱི་རྩ་དང་གཉིས་སོ། །དང་པོ་ནི། ནང་རྩ་ལའང་གསུམ་རྣམ་གྲངས་མདོར་བསྟན་པ་དང༌། འབྲེལ་ཚུལ་རྒྱས་པར་བཤད་པ་དང༌། ནད་རྟགས་ཁྱད་པར་དུ་བརྗོད་པའོ། །དང་པོ་ནི། ནང་རྩ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ལུས་ནང་གི་རྩ་དྭངས་ཤིང་མཉེན་པ་གཙུག་ལག་ཁང་གི་ནང་དུ་དར་གྱི་དཔྱང་ཐག་ལྟ་བུ་བཅུ་གསུམ་ཡོད་དེ། དེ་གང་ཞེ་ན། གཉིས་པ་ནི། རླུང་གི་ཞེས་རྐང་པ་གཅིག་གིས་བསྟན་པའི་སྙིང་དང་རྒྱུ་མར་འབྲེལ་བའི་མཚན་ཉིད་འཛིན་པའི་རྩ་བཞི་དང༌། མཁྲིས་པའི་ཞེས་རྐང་པ་གཅིག་གིས་བསྟན་པའི་གློ་ལོང་མཆིན་མཁྲིས་ལ་འབྲེལ་བའི་མཚན་ཉིད་འཛིན་པའི་རྩ་བཞི་དང༌། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་པའི་ཕོ་མཆེར་མཁལ་མ་སྒང་བར་འབྲེལ་བ་མཚན་ཉིད་འཛིན་པའི་རྩ་བཞི་དང༌། འདུས་པའི་ཞེས་རྐང་པ་གཅིག་གིས་བསྟན་པའི་བསམ་སེའུར་འབྲེལ་བའི་རྩ་གཅིག་སྟེ་བཅུ་གསུམ་མོ། །དེའི་རྒྱུ་མཚན་གང་ཞེ་ན། གསུམ་པ་ནི། ནང་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བཅུ་གསུམ་པོ་འདི་ཁོག་པ་ནང་གི་རྩ་ཡིན་པས་ཕྱིར་མི་མངོན་ཀྱང༌། ནང་དུ་དོན་སྣོད་ཀུན་དང་འབྲེལ་བས་རྒྱུ་མཚན་དེའི་ཕྱིར། མགོ་སྐྱོན་དང་ཀླད་སྐྱོན་དོན་སྣོད་དུ་བབས་པ་དང༌། དྲི་ཆུ་ལུག་གམ་རྒྱུན་གཉིས་སྡོམ་པ་སོགས་ན་ལུགས་དུ་མ་སྟོན་པར་བྱེད་དེ་རྩ་ཕྱི་ནང་སྟོད་སྨད་ཀུན་དུ་འབྲེལ་ཞིང་རླུང་རྩ་ཡིན་པའི་གནད་ཀྱིས་སོ། །གསུམ་པ་ཕྱི་རྩ་ལ་གསུམ། རྣམ་གྲངས་མདོར་བསྟན་པ་དང༌། འབྲེལ་ཚུལ་རྒྱས་པར་བཤད་པ་དང༌། རྒྱུ་མཚན་འབྲེལ་རྟགས་བཀོད་པའོ། །དང་པོ་ནི། ཕྱི་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་དྲུག ། དེ་ཡང་སྦུ་གུ་ཅན་གཉིས། འཇའ་བྱེད་གཉིས། རཏྣ་གཉིས་ཏེ་རྩ་རྒྱུད་དྲུག་ཏུ་བཤད་དོ།།

        གཉིས་པ་འབྲེལ་ཚུལ་རྒྱས་པར་བཤད་པ་ལའང་གསུམ། སྦུ་གུ་ཅན་གཉིས་ཀྱི་གྱེས་ཚུལ། འཇའ་བྱེད་གཉིས་གྱི་གྱེས་ཚུལ། རཏྣའི་གྱེས་ཚུལ་དང་གསུམ་མོ། །དང་པོ་ནི། སྦུ་གུ་ཞེས་རྐང་པ་དགུས་བསྟན་ཏེ་དེ་ཡང༌།  ནང་སྟོང་པར་གནས་པས་སྦུ་གུ་ཅན་གཉིས་ཀླད་སྙིང་ལས་བྱུང༌། ལྟག་པའི་བདུད་སྒོ་དོན་ཏེ་གཉིས་སུ་གྱེས་ནས་ཨན་སྟོང་སྟེ་ཚིགས་པ་དང་པོའི་གཡས་གཡོན་དུ་རང་མཚོན་རེའི་ཐད་ཀར་འགྲིམ། ཚིགས་པ་ལྔ་པར་འདུས། སྒལ་ཚིགས་རྐང་དཀར་པོའི་གཞུང་པའི་རྩ་དང་འབྲེལ་ལོ། །བཅུ་གཉིས་པ་ནས་བསམ་སེ་དང་མཁལ་མར་འབྲེལ། བཅུ་བཞི་པ་ནས་རྩ་སྣ་བཞིར་གྱེས་ཏེ་གཉིས་གཞུག་ཆུང་དང་དཔྱི་ལེབ་གྱི་མཚམས་བརྒྱུད་དཔྱི་མིག་ཏུ་དོན་བྱིན་པ་དང༌། བརླའི་ཕྱི་སུལ་དུ་འགྲིམས། སྲེ་ལོང་དང་ཕྱི་ལོང་གི་བར་བརྒྱུད་དེ། སྲེ་ལོང་ཕྱི་ལོང་བར་ན་རྒྱུད་རྩའི་གནད་ཅེས་པ་དེ་ཡིན། དེའི་སྣེ་མོ་གུང་མཐེབ་ཅེས་མཛུབ་མོ་དབུས་མ་རིང་ཤོས་དང་མཐེའུ་ཆུང་འབྲེལ་ནས་བརྒྱུད་དེ་རྐང་མཐིལ་དུ་འགྲོ་བ་སྟེ་འདི་གཉིས་ནི་རྐང་པའི་ཕྱི་ངོས་སུ་འགྲོ་བའོ། །རྐང་བར་ནང་ངོས་སུ་རྒྱུ་བ་གཉིས་ནི། ཚིགས་པ་བཅུ་བཞི་པ་ནས་གྱེས་ཏེ་དཔྱི་སྟེང་ཁ་ཟར་དུ་དོན། བརླ་སྒང་བརྒྱུད་གཉན་གོང་དུ་པུས་མོའི་གཉན་གོང་རུས་རྩ་སྒྱིད་བུའི་གནད། ཅེས་པ་དེ་ཡིན་དེ་ནས་པུས་མོའི་ཚིགས་པར་དོན། ངར་གདོང་ཐུར་བར་འགྲིམས། མཐེ་བོང་སྤུས་སྐྱེས་རྒྱུས་པ་སྤིར་མགོའི་གནད་ཅེས་པ་དེར་འབྲེལ་དེ་རྐང་མཐིལ་དུ་སོང་གོང་གི་ཕྱི་སུལ་འགྲིམས་པ་དང་གུང་མཐེབ་སྡོངས་མཚམས་རྐང་མཐིལ་བྲང་གི་གཉེར་མའི་འོག་ཏུ་འདུས་སོ། །སྲེ་ལོང་ཕྱི་ལོང་བར་ནས་རྩ་སྣ་གཅིག་རྟིང་བའི་མཐིལ་དུ་ཡོད་དོ། །གཉིས་པ་ནི། འཇའ་བྱེད་ཅེས་རྐང་པ་བཞིས་བསྟན་ཏེ། ཞེས་པ་ལ་གནས་ན་ཞ་བའམ་འཇའ་བར་བྱེད་པ་གཉིས་ནི་ཀླད་ཞབས་ནས་ལྟག་ཟུར་གྱི་སྤུ་འཁྱིལ་གཉིས་སུ་དོན། ཨན་སྟོང་གཡས་གཡོན་འགྲམ་ནས་གློ་རྩ་ཚིགས་འགྲམ་གཉིས་དང་འབྲེལ་ལ། གློ་རྩ་ཚིགས་འགྲམ་ནི་འོག་ཏུ་བྱང་ཁོག་གསོ་བར། གློ་མ་རྩིབས་ལས་བྱུང་བའི་ཚིགས་འགྲམ་གཉིས། །ཚིགས་པའི་གཡས་གཡོན་མཚོན་རེ་ཕུན་རེ་ན། །ཀུན་དུ་རྒྱུ་སྟེ་བཞི་པའི་ཐད་ཀར་གཉན། །དེ་ལས་བཞིར་གྱེས་གཉིས་ནི་བྲང་ལ་འགྲིམས། །གཉིས་ནི་ལྟག་ཆུའི་འགྲམ་ནས་མགོ་ལ་འགྲིམ། །རྩ་དེ་མཆིན་གྲི་ཡན་ཆད་གློ་བ་དབང༌། །མན་ཆད་མཁལ་མའི་རྩ་ཡིན་བཅུ་བཞི་པའི། །ཐད་ཀར་མཁལ་མའི་རྩ་ནག་ཅེས་སུ་གྲགས། །དེ་ལས་བཞིར་གྱེས་གཉིས་ནི་དཔྱི་སྟེང་ཐོན། །བརླ་སྒང་སྣེ་ས་བརྒྱུད་ནས་རྒྱབ་ཕྱོགས་དཔུང་བ་དང་སོག་པ་མཚམས་སུ་ནུབ། མདུན་ངོས་དཔུང་འཛུམ་ཚིགས་མིག་ཐོན། ལུག་མཇུག་དང་འབྲེལ་ཕྱི་མཆན་དུ་འགྲིམས་པ་ལས། དཔུང་པའི་ལུག་མཇུག་ཕྱི་མཆན་ཆུ་རྩའི་གནད། ཅེས་པ་དེ་བྱུང༌། དེ་ནས་གྲུ་མོའི་ཚིགས་སྐོར་གྱི་གོང་ཟུར་བརྒྱུད་ལག་པའི་མཐེ་བོང་རྒྱབ་ངོས་ཚིགས་འོག་སྤུ་སྐྱེས་སུ་འབྲེལ་ནས་ལག་མཐིལ་དུ་འགྲོ། གསུམ་པ་ནི། རཏྣ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ངོ་མཚར་བས་རིན་པོ་ཆེ་རཏྣ་ནི་ཀླད་ཞབས་ནས་རྩེ་མགོ་སྣ་ཤལ་གྱི་འོག་གཤོངས་གཉིས་སུ་དོན་ནས། སྒྲོག་རུས་ནང་དུ་ནུབ། མཆན་འོག་བརྒྱུད་གྲུ་མོའི་ཚིགས་དང་དེ་ལ་བཀབ་པའི་གཞུ་མཆོག་གི་བར་དུ་དོན་པ་ལ་ཟི་བི་ར་ཞེས་བྱ་ཞིང༌། གྲུ་མོའི་བར་ན་རླུང་རྩ་རཏྣའི་གནད། ཅེས་པ་དེ་ཡིན། དེ་ནས་ལག་པའི་རྒྱབ་ཟུར་ཐུར་བར་འགྲིམས་ནས་ལག་པའི་སྲིན་མཐེ་དང་འབྲེལ་ནས་ལག་མཐིལ་དབུས་སུ་འཇའ་བྱེད་ཀྱིས་སྣེ་མོ་དང་འདུས་སོ།།

        གསུམ་པ་རྒྱུ་མཚན་འབྲེལ་རྟགས་བཀོད་པ་ནི། ཕྱི་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར། ཡན་ལག་སོགས་ལུས་ཕྱི་རུ་དོན་པའི་རྩ་དག་ནི། ཤ་དང་ཆུ་བ་དང་རུས་པ་དང་ཚིགས་དང་འབྲེལ་བ་དེའི་ཕྱིར། སྐྲངས་པ་དང༌། སྐམ་པ་དང༌། སྦོས་པ་དང༌། གུག་སྟེ་ཞ་བ་དང༌། རེངས་པར་བྱེད་པར་འགྱུར་རོ། །འདི་དག་གི་ཕྱིར་འབུར་བ་དེར་གནད་དུ་བསྟན་ཅིང་ཀུན་དུ་འབྲེལ་བ་ལས་ན་ལུགས་དུ་མ་སྟོན་པར་བྱེད་དོ། །གཉིས་པ་རྒྱུ་རྐྱེན་བཤད་པ་ནི། དེ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། རྒྱུ་དེ་བསྐྱེད་པར་བྱེད་པ་ནི། ལས་ལ་སོགས་པ་དྲག་ཤུལ་གྱིས་ལུས་ཀྱི་ཕྱི་ནང་འགྲམས་པ་དང༌། རིམས་ནད་དང་དུག་ཚ་བ་སོགས་རྩ་ལ་བབས་པའམ། ཡང་ན་མཚོན་གྱིས་བཅད་པ་བརྡུངས་པ་རླུང་འཁྲུགས་ནས་རྩར་ཞུགས་པ་ལས། རྩ་དཀར་ནད་ཅེས་བྱ་བར་གྱུར་པའོ། །གསུམ་པ་དབྱེ་བ་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྤྱིའི་དབྱེ་བ་དང༌། བྱེ་བྲག་གི་དབྱེ་བ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་རྩ་དཀར་གྱི་ནད་ཚ་རྐྱེན་དང་གྲང་རྐྱེན་གཉིས། དེ་ཡང་དུས་དང་སྦྱར་ན་གསར་པ་དང་རྙིང་པ་གཉིས་སུ་འགྱུར་རོ། །གཉིས་པ་བྱེ་བྲག་གི་དབྱེ་བ་བཤད་པ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས། འཇུག་སྒོ་གནས་ཀྱི་དབྱེ་བ་དང་འདུ་བ་ནད་གཞིའི་དབྱེ་བའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་འཇུག་པའི་གནས་བཤད་པ་ནི་གནས་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མགོ་བོ་དང་བྱང་ཁོག་དང་ཡན་ལག་སྟེ་གསུམ་དུ་བཤད་པའོ། །གཉིས་པ་འདུ་བ་ནད་གཞིའི་དབྱེ་བ་ནི། རླུང་དང་མཁྲིས་པ་བད་ཀན་འདུས་པ་དང་བཞིའོ། །བཞི་པ་རྟགས་བཤད་པ་ལ་གཉིས་སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་གཉིས་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ཏེ། མགོ་བོའི་རྩ་ནད་ཀྱི་སྒྲ་ཆེན་མི་བཟོད་ཅེས་པ་སྐད་ཆེན་པོ་བཏོན་པ་དང་དུང་རོལ་མོ་སོགས་སྒྲ་སྐད་ཆེན་པོ་མི་བཟོད་པའོ། །བྱང་ཁོག་གི་རྒྱུན་གཉིས་སྡོམ་པ་ནི་དྲི་ཆེན་དྲི་ཆུའི་རྒྱུན་སྡོམ་པའོ། །ཡན་ལག་གི་རོ་ལྟར་བོག་པ་ནི། རེངས་ནས་འགུལ་སྐྱོད་མི་ཐུབ་པའོ། །མཚོན་ཕོག་གཡས་གཡོན་སྟོད་སྨད་སྣེ་བསྣོལ་སྐྲངས་ཞེས་པ། མཚོན་ཕྲེད་དུ་ཕོག་ན་གཡས་གཡོན་སྐེད་པར་བཅད་ན་སྟོད་སྨད་ཀྱིས་འོག་མཚམས་ཀྱིས་སྣེའམ་སྣེ་མོ་གཉིས་སྣོལ་མར་སྐྲངས་པའོ། །ལྔ་པ་བཅོས་ཐབས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱིའི་བཅོས་དང༌། བྱེ་བྲག་གི་བཅོས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་གཉིས། དང་པོ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། གསར་དུས་བཅོས་པ་དང་རྙིངས་དུས་བཅོས་པ་གཉིས་ལས། དང་པོ་ལའང་གཉིས་བསྲེག་མིག་སྤྱིར་བསྟན་པ་དང༌། ཚ་གྲང་གི་བཅོས་སོ་སོར་བཤད་པའོ། །དང་པོ་ནི། གསར་དུས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གསར་དུས་ནད་ཚབས་ཆེ་ན་ལག་མཐིལ་དབུས་གཉིས། རྐང་མཐིལ་བྲང་ངའི་གཉེར་མ་སྦྲང་མོའི་འོག་གཉིས་ཏེ་མཐིལ་བཞི། ཚིགས་པ་བཅུ་གསུམ་པ། ལྟག་ཟུར་སྤུ་འཁྱིལ། པིར་མགོ་ སོར་མོ་ཉི་ཤུའི་ནེའུ་ལེ་བསྲེག་གོ །གཉིས་པ་ལ་གཉིས། ཚ་བ་བཅོས་པ་དང༌། གྲང་བ་བཅོས་པ་གཉིས་སོ། །དང་པོ་ནི། ཚ་བ་ཞེས་རྐང་པ་དྲུག་གིས་བསྟན་ཏོ། །གཉིས་པ་ནི། གྲང་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། བ་མཁལ་ནི་གློ་མཆིན་པ་སྟེ་སྨུག་པོ་ཟླུམ་ལྗང་ཅན་དེའི་ནང་གི་དཀར་པོ་དེ་བཏང་ངོ༌། །སྨན་ཆེན་དཀར་ནག་སེར་ཞེས་པ་སྨན་ཆེན་རིགས་ལྔ་ཡོད་པ་ལས། འདིར་དཀར་པོ་མེ་ཏོག་དཀར་པོ་རྟ་སོད་པ་ཞེས་བྱ། ནག་པོ་མཆོག་ནི་མོན་སོགས་ནས་ཡོད་པའི་སྡོང་པོ་ལ་དམར་ངམས་ཡོད་པ་མཚན་མོ་མེ་ལྟར་སྣང་བ་གཞོགས་སུ་སྦྲང་བུ་སོགས་ཤི་བ་ཞིག་ཡོད་ཟེར་བ། ནག་པོ་ཕལ་པ་སྡོང་པོ་གཅིག་འགྲེངས་མེ་ཏོག་སྔོ་ནག་རྟ་ཅོག་ཅན་བོང་ནག་ཏུ་གྲགས། སེར་པོ་མཆོག་ནི་རྒྱ་ཡུལ་སོགས་ནས་འོང་བའི་ཤིན་ཏུ་སེར་བ་གསེར་འགྱུར་གྱི་རྫས་རུང་ཟེར། ཕལ་པ་མེ་ཏོག་སེར་དཀར་འཛོ་སྣ་དང་འབྲི་ཚིལ་མར་གྲགས་སོ། །སྦྱོར་བ་འདི་ཁྱུང་ལྔ་ཡིན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རྩ་ནད་ཅེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། བསྡུ་བ་དང༌། སྦྱང་བ་དང༌། ལྟ་བའོ།།

        དང་པོ་ནི། ད་ལིས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། དེ་ནས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ནང་གི་རྩ་ལ་ཐོག་མར་ལྟོ་སྦྱོང་དེའི་རྗེས་སུ་རྩ་སྦྱོང་བྱ་སྤྱིར་བབས་ལ་རྩ་སྦྱོང་རྒྱུན་དུ་སྦྱོང༌། རྩ་ལྟོ་གཉིས་ཀྱི་སྦྱོང་ནི་ཕྱི་རྒྱུད་ལྟར་རོ། །གསུམ་པ་ནི། ཐ་མར་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་བཅོས་བསྟན་པ་ལ་ཉེར་དགུ་ལས། དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏོ། །མགོའི་ཕྱི་རྩའི་ཨན་སྟོང་འགྲམས་ནི་ཚིགས་ཡོད་མེད་མཚམས་དང༌། དེ་ནས་མཚོན་རེའི་སར་སྲེག་གོ །གཉིས་པ་ནི། ནང་རྩར་ཞེས་རྐང་པ་གཉིས་ཀྱིས་བསྟན་པའི་རི་བོའི་རྩེ་ནི་སྤྱི་གཙུག་གོ །གསུམ་པ་ནི། ལུས་ཀྱི་ཞེས་རྐང་པ་གཅིག་སྟེ་མདུད་གསུམ་མདོར་ཞེས་པ་སྤྱི་གཙུག་ལྟེ་བ་མཚན་མ་རྣམས་ཚོར་ཆུང་བྱ་བ་ཉམས་པའོ། །བཞི་པ་ནི། གཞོགས་རེངས་ཞེས་རྐང་པ་གཅིག་གོ །ལྔ་པ་ནི། ཁ་མིག་ཅེས་རྐང་པ་གཅིག་གོ །དྲུག་པ་ནི། དར་རྩ་ཞེས་རྐང་པ་གཅིག་གོ བདུན་པ་ནི། ཚ་བ་ཞེས་རྐང་པ་གཅིག་གོ །བརྒྱད་པ་ནི། རླུང་འཁྲུགས་ཞེས་རྐང་པ་གཅིག་གོ དགུ་པ་ནི། བྱང་ཁོག་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །བཅུ་པ་ནི། སྙིང་ལ་ཞེས་རྐང་པ་གཅིག་སྟེ། དེ་ཡང་གོང་གི་གསེར་ཟངས་སོགས་སྦྱོར་བའི་སྟེང་དུ་བ་འཛིན་ནི་སྙིང་ལ་ཛཱ་ཏི་དེ་བཞིན་དོན་སྣོད་སོ་སོར་བཤད་པ་ལྟར་སྣོན་དགོས་པ་རིམ་པ་ལྟར་གསོལ། བཅུ་གཅིག་པ་ནི། གློ་ལ་ཞེས་རྐང་པ་གཅིག་གོ །བཅུ་གཉིས་པ་ནི། མཆིན་པར་ཞེས་རྐང་པ་གཅིག་གོ །བཅུ་གསུམ་པ་ནི། མཆེར་པར་ཞེས་རྐང་པ་གཅིག་གོ །བཅུ་བཞི་པ་ནི། མཁལ་མར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་ལྔ་པ་ནི། ཕོ་བར་ཞེས་རྐང་པ་གཅིག་གོ །བཅུ་དྲུག་པ་དང་བཅུ་བདུན་པ་ནི། རྒྱུ་ལོང་ཞེས་རྐང་པ་གཅིག་གོ །བཅོ་བརྒྱད་པ་ནི། མཁྲིས་པར་ཞེས་རྐང་པ་གཅིག་གོ །བཅུ་དགུ་པ་ནི། ལྒང་པ་ཞེས་རྐང་པ་གཅིག་གོ །ཉི་ཤུ་པ་དེ་ཡན་གྱི་སྨན་དཔྱད་སྤྱིར་བསྟན་པ་ནི། རང་རང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རང་རང་རྩ་གཏར་རང་སོར་རང་གསང་སྲེག་པ་ནི་དོན་སྣོད་རང་རང་གི་རྩ་དང་གསང་རྣམས་ཏེ། སྙིང་ལ་མཐེབ་ན་ཆེ། གློ་བར་མཛུབ་མོ། མཆིན་པར་གུང་མོ། མཆེར་པར་སྲིན་ལག མཁལ་མར་མཐེའུ་ཆུང་རྣམས་ཏེ་གཞན་ཡང་རང་རང་རྩ་དང་གསང་རྣམས་ལ་གཏར་བསྲེག་བྱའོ། །ཡན་ལག་རྩ་དཀར་བྱེར་བསྡུ་ཁནྜ་ཞེས་པ་གོང་གི་རྩ་དཀར་རྙིང་པའི་སྐབས་ཀྱི་ད་ལིས་ཀྱི་ལྕེ་ཤིང་མངར་ཁནྜ་ལ་ཞེས་པ་དེའོ། །ཉེར་གཅིག་པ་ནི། ཤ་སྐམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ཉེར་གཉིས་པ་ནི། ཆུ་རྒྱུས་ཞེས་རྐང་པ་གཅིག་གོ །ཉེར་གསུམ་པ་ནི། རྐང་བཤལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། ཉེར་བཞི་པ་ལག་བཤལ་ཞེས་རྐང་པ་གཅིག་གོ །ཉེར་ལྔ་པ་དཔུང་ཚིགས་ཞེས་རྐང་པ་གཉིས་སོ། །ཉེར་དྲུག་པ་རླུང་ལྡན་ཞེས་རྐང་པ་གཅིག་གོ ཉེར་བདུན་པ་མཁྲིས་ལྡན་ཞེས་རྐང་པ་གཅིག་གོ །ཉེར་བརྒྱད་པ་བད་ཀན་ཞེས་རྐང་པ་གཅིག་གོ ཉེར་དགུ་པ་འདུས་པའི་ཞེས་རྐང་པ་གཅིག་གིས་བསྟན་པའོ། །གསུམ་པ་གཅེས་པར་གདམས་པ་ནི། གང་ཞིག་ཅེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། ལོག་གནོན་ཞེས་པ་ནི་ནུས་པ་ལ་བལྟོས་ན་གཞན་གྱིས་ལོག་པོ་སྟེ་བལྡབ་བསྣོན་པ་ཡིན་ལ། བྱེད་པ་ལ་བལྟོས་ལོག་པོ་མི་འདོད་པའི་ཁ་བསྣོན་ཡིན་ནོ། །བླ་གཉན་ནི་སྣོན་མའི་མིང་སྟེ་ནད་གཅིག་སྟེང་དུ་གཅིག་བྱུང་བའོ། །མདའི་ཁ་ཞེས་པ་སྟེ་མདའི་ཁ་མདེའུས་བསྒྱུར་བ་ལྟར་གར་དགོས་བསྒྱུར་བསྡུབ་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་པའོ་ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།