སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།



ལེའུ་དོན་བརྒྱད་པ།  སྨྱོ་བྱེད་ཀྱི་གདོན་གསོ་བ། 

དེ་ལྟར་འབྱུང་གདོན་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དེ་ཡང་རྣམ་ཤེས་སྨྱོ་བར་བྱེད་པའི་ནད་དེ་ཉིད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་ནི་གཞི་ནས་སྙིང་སྟོབས་ཞན་པ་ལ། གཞན་ཡང་མྱ་ངན་དང་ཡིད་མི་བདེ་བའི་རིགས་ཀྱིས་སེམས་ལས་ཆེས་པ་དང་ཟས་སྤྱོད་མི་འཕྲོད་པའི་རིགས་བསྟེན་པ་དང༌། གདོན་གྱིས་རྐྱེན་བྱས་ཏེ་ཉེས་པ་འཁྲུགས་པས་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྩའི་རྒྱལ་པོ་ཨ་ཝ་དྷཱུ་ཏིའ་རྟ་རྔ་ཙམ་གནས། དེའི་ཕྱོགས་བཞིའི་རྩ་འདབ་བཞི་དང་སྟེང་འོག་གི་དྷཱུ་ཏིའ་གཉིས་ཏེ་དྲུག་གི་ནང་སྟོང་པར་གནས་པ་ལ་སྟེང་ལྗང༌། འོག་སྔོ། ཤར་ནགལྷོ་དམར། ནུབ་སེར། བྱང་དཀར་པོར་གནས་པའི་ཤར་མདུན་གྱི་འདབ་མར་རྣ་བའི་རྣམ་པར་ཤེས་པ་དང༌། ལྷོ་གཡས་སུ་མིགནུབ་རྒྱབ་ཏུ་སྣ། བྱང་གཡོན་ལྕེ། སྟེང་གི་དྷཱུ་ཏིའ་ལུས། འོག་གི་དྷཱུ་ཏཱི་ཡིད་དེ་རྣམ་ཤེས་ཚོགས་དྲུག་རྒྱུ་ཞིང་གནས་པ་ལས་མདུན་གྱི་འདབ་མ་བརྒྱུད་ནས་ནད་གདོན་སོགས་ཞུགས་ཏེ་འོག་གི་དྷཱུ་ཏཱིར་སོང་བས་ཡིད་ཀྱི་ལམ་བཀག་པས་ལོག་པར་ཞུགས་ནས་ཤེས་པ་གཡེང་ཞིང་དྲན་པ་ཉམས་ནས་སྨྱོ་བར་འགྱུར་ཏེ། ཡན་ལག་བརྒྱད་པ་ལས་ཀྱང༌། དེ་ཡི་སྙིང་སྟོབས་ཞན་པ་ཡིས། །སྙིང་གི་ནད་ལ་གནོད་བྱ་སྟེ། །བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་བ་ཡི་ལམ་བཀག་ནས། །སྨྱོ་བྱེད་དག་ནི་སྐྱེད་པར་བྱེད། །དེ་ཡི་བློ་དང་རྣམ་ཤེས་དང༌། །དྲན་པ་འཁྲུལ་ཞིང་ལུས་ཀྱི་ནི། །བདེ་དང་སྡུག་བསྔལ་ལས་ཉམས་ཏེ། །ཤིང་རྟ་ཁ་ལོ་སྒྱུར་བ་ནི། །མེད་པ་ལྟ་བུར་བཅོམ་པ་ནི། །ཀུན་ལ་བསམ་པ་མེད་པར་སྤྱོད། །ཅེས་དང༌། ལར་སེམས་ནི་ངོ་བོ་ཡོད་མེད་ལས་འདས་ཤིང་རྣམ་པ་སྣ་ཚོགས་འཆར་བའི་གོ་མ་བགགས་པས་ཁམས་རྣམས་དང་ཕྲད་ན་དུ་མར་སྣང་བ་སྟེ། འདིར་རིང་རྒྱུ་སྙིང་སྟོབས་ཞན་པ་དང་གཞན་གྱིས་སེམས་དཀྲུགས་པ་སོགས་དང༌། ཉེ་རྒྱུའམ་སློང་རྐྱེན་མྱ་ངན་སེམས་ལས་ཟས་སྤྱོད་མི་འཕྲོད་པ་གདོན་སོགས་ཀྱིས་ཉེས་པ་འཁྲུགས་ནས་རྣམ་ཤེས་རྒྱུ་བའི་བུ་ག་རྣམས་སུ་ཞུགས་པའི་དབང་གིས་དྲན་པ་ཉམས་ཏེ་འབོག་པ་དང༌། ཡང་ན་ཅི་བྱ་གཏོལ་མེད་པར་སྨྱོ་བར་འགྱུར་བའོ། །དེའི་ཕྱིར་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོག་པ་སེམས་ལ་འཆར་བ་སྔགས་ལམ་གྱི་ཁྱད་ཆོས་སོ། །

དབྱེ་བ་ཕྱེ་ན་རླུང་གྱུར་དང༌། མཁྲིས་གྱུར་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། ཡིད་གདུང་དང༌། དུག་དང༌། གདོན་ལས་གྱུར་པ་དང་བདུན་དུ་བཤད།

དེ་རྣམས་ངོས་འཛིན་པའི་རྟགས་རླུང་ལས་གྱུར་པ་ནི་ཤ་སྐམ་ཞིང་ལྦུ་བར་སྐྱུགས་ལ་མང་དུ་སྨྲ་ཞིང་དོན་མེད་དུ་ངུ་འབྲོས་བྱེད་པ་དང༌། མིག་སྤྲིན་དམར་ལ་ཁ་ཟས་ཞུ་བའི་དུས་རྩ་ནས་ལྡང༌། མཁྲིས་པ་ལས་གྱུར་པ་ནི་མི་ལ་ཁྲོ་ཞིང་བརྡེག་པ་དང་ཁ་ཟས་བསིལ་འདོད་ལ་མིག་ཆུ་གཉིས་སེར་ཞིང༌། མེ་དང་སྐར་མ་མིག་སྔར་དུ་འོང་སྙམ་པར་མཐོང་བར་བྱེད། བད་ཀན་ལས་གྱུར་པ་ནི་རློན་ཞིང་སྨྲ་བ་ཉུང་ལ་ཡི་ག་འཆུ་ཞིང་གཉིད་ཆེ་ལ་སྣབས་དང་ཁ་ཆུ་མང་དུ་འཛག་ཅིང༌། འདུས་པ་ལས་གྱུར་པ་ནི་ཀུན་གྱི་རྟགས་སྟོན་པར་བྱེད་པ་དང༌། ཡིད་གདུང་ལས་གྱུར་བ་ནི་གང་གི་དུས་སུ་ནོར་དང་ཆུང་མ་སོགས་ཉམས་པ་དེ་དྲན་པས་རྐྱེན་བྱས་ཏེ་དེ་དུས་ལྡང་ཞིང་སེམས་མི་བདེ་སྟེ་བརྒྱད་པའི་སྙིང་པོ་བསྡུས་པར་ཡང༌། ནོར་དང་ཆུང་མ་སོགས་བྲལ་བས། །བརྣག་དཀའ་བ་ལས་སེམས་གདུངས་པས། །སྨྱོ་ཞིང་ཞུམ་ལ་ཡང་ཡང་བརྒྱལ། །ཀྱེ་ཧུད་ཀྱེ་ཧུད་སྨྲེ་སྔགས་འདོན། །གློ་བུར་དུ་ནི་ངུ་ཞིང་བརྒྱལ། །དེ་ཡི་ཡོན་ཏན་མང་དུ་སེམས། །མྱ་ངན་གྱིས་གདུངས་སེམས་ཁོང་ཆུད། །གཉིད་ཀྱང་རྣམ་པར་འཁྱམས་པ་ཡིན། །ཞེས་སོ། །དུག་གིས་རྐྱེན་པ་ནི་ལུས་ཀྱི་མདངས་ཉམས་ཤིང་སྟོབས་ཆུང་ལ་སེམས་འཁྲུལ་བར་བྱེད། །གདོན་ལས་གྱུར་པ་ནི་གང་གནོད་པ་དེའི་སྤྱོད་པ་ལ་སོགས་པ་དེ་ལྟ་བུར་འགྱུར་འགྲོ་བའོ། །

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་བཅོས་ཡིད་འཇུག་གི་བུ་གའི་ལམ་ནད་ཀྱིས་བགགས་པ་དེ་བསལ་བའི་ཕྱིར་རླུང་ལ་བསྐུ་མཉེ་དང་བདུད་རྩི། ཤུག་འབྲུ། བ་ལུ། མཚེ་དང༌། མཁན་དཀར། འོམ་བུ་སྟེ་ལྔ་འམ་རུས་སྣའི་ལུམས་བྱ། གཞན་ཡང་ཕྱི་རྒྱུད་ལས་ལྔ་ལྟར་བད་ཀན་ལ་སྐྱུགས། མཁྲིས་པར་འཁྲུས། ཁྲག་ལ་གཏར་བས་ཉེས་པ་གང་ཤས་ཆེ་བ་དེའི་གཉེན་པོས་བུ་གའི་ཉེས་པ་སྦྱང་ཞིང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ཧ་རེ་ཎུ་ག་སྟེ་མ་ནུ་རྟ་སྐམ་དང༌། སྒྲོན་ཤིང༌། ཐལ་ཏྲེས་ཏེ་ལུག་རུ་སྨུག་པོའི་མེ་ཏོག ཡུང་བ། སྐྱེར་པ། པརྞི་ཞེས་ལོ་མའི་སྐད་དོད་ཡིན་ལ་སྐབས་འདིར་ཤིང་མངར་གྱི་ལོ་མ་དང་སྡོང་པོ་གཉིས་ལ་བྱ་བ་དང༌། སྔོ་རྒྱ་སྤོས། རུ་རྟ། སྟག་ཚེར་ཞེས་ཀཎྜ་ཀ་རི། པྲི་ཡང་ཀུ། ནཱ་ག་གེ་སར། ད་ལིས་ཏེ་བ་ལུའི་མེ་ཏོག དོང་ག བཙོད། སེ་འབྲུ། བྱི་ཏང་ག་དང༌། ཀ་ཀོ་ལ། དབྱི་མོང༌། ཨུཏྤལ། ཙན་དན་དཀར་པོ། ཤུག་པ་རྣམས་ཞོ་རེ་རེ་འོ་མ་དང་མར་རྙིང་ལ་སྦྱར་བ་སྨན་མར་དངོས་སྦྱོར་ནི་དགེ་བའི་སྨན་མར་ཞེས་བྱ་སྟེ་རོ་ཙ་བས་བུ་སྐྱེད་ཅིང་ལུས་ཀྱི་ཉམས་སྟོབས་རྒྱས་ཤིང་སྨྱོ་བྱེད་འཇོམས་པ་སོགས་ཡོན་ཏན་མང་ཞིང༌། དེ་རྗེས་བསྡིགས་པས་སྐྲག་སྟེ་ཡིད་ལམ་ལོག་པ་ནས་ཐོན་ཏེ་རང་གནས་སུ་འདུག་པ་སྲིད་དེ་བསྡུས་པར་ཡང༌། ལུས་ཀྱི་སྡུག་བསྔལ་འཇིག་པའམ། །སྲོག་གི་འཇིགས་པ་རབ་འཛིན་པས། །དེ་ཕྱིར་ཀུན་དུ་འཁྲུལ་བ་ཡིས། །ཉེ་བར་ཞི་བ་ཉིད་དུ་འགྱུར། །ཞེས་འབྱུང་ངོ༌། །

ཁྱད་པར་རླུང་ལས་གྱུར་པ་ལ་སྣུམ་འཆོས་དང་ཕྱི་རྒྱུད་ལྟར་གྱི་འཇམ་རྩི་སླེ་འཇམ་བྱ། བཙན་དུག་སྨན་མར་ནི་བོང་ང་ནག་པོ་ཞོ་གཅིག་ཁྲམ་ཁྲུམ་བརྡུངས་པ་ཆང་དཀྱིལ་དུ་སྦངས་ལ་སྐམས་ནས་ཞིབ་པར་བཏགས་པ་དང༌། ཨ་རུ་ར་དེའི་དྲུག་འགྱུར་གྱི་ཕྱེ་མ་ཆང་གིས་འདམ་ཐགས་བྱས་པ་བྱང་ནས་བསྐམས་པ་ཆུ་བྲེ་གསུམ་ལ་གདུས། དེ་འོ་མ་དང་མར་ལ་བསྐོལ་བ་སོགས་སྨན་མར་དངོས་སྦྱོར་བྱས་པར་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག། བུ་རམ་བཅས་བཏབ་སྟེ་ལྟོ་སྟོང་ལ་ཆ་ཡིས་བྲིད་ནས་བསྟེན་ཐབས་དང་པོ་ཨ་རུ་ར་ཙམ་དེ་ནས་ཇེ་ཆེར་གཏོང་དགོས་ཤིང༌། འདི་དང་མི་ལྡན་པར་དུས་གཅིག་ཏུ་བཏང་ན་ཚེའི་བར་ཆོད་དུ་འགྱུར་རོ། །ཡང་ན་རྫོང་འཕྲང་དུ། བཙན་དུག་ཞོ་ཕྱེད། ཨ་རུ་ར་ཞོ་དོ། བུར་དཀར་ཞོ་བཞི། ཤིང་ཀུན། ཨ་རུ་ར། རྒྱམ་ཚ་ཐུན་རེ་རྣམས་རིལ་བུ་བྱས་པ་བྲིད་ལ་བཏང་ཞེས་འབྱུང་ངོ༌། །ཡང་ན་རྒྱུད་ཕྱི་མའི་བྱ་ཁྱུང་ལྔ་པ་དང༌། ཛཱ་ཏི་ཆ་མཉམ་རིལ་བུར་བྱས་ཏེ་གཅིག་གཉིས་གསུམ་ནས་བསྐྱེད་ལ་བསྟེན། ཛཱ་ཏིའི་སྨན་མར་དང༌། མིའི་རུས་ཆེན་སྨན་མར་ཚུལ་བཞིན་དུ་བྱས་པ་དང༌། ལོ་ཤལོ་མར། བུ་མོ་གཞོན་ནུའི་ཤ་ཆེན། གར་ཆང་བུ་རམ་རྣམས་སྦྱར་ལ་བསྟེན་པ་དང༌། ཨ་རུ་ར། ཚ་བ་སྒ་པི་ཕོ་གསུམ་དང༌། ཙི་ཏྲ་ཀའུ་སུ། ལ་ལ་ཕུད་དང༌། ཁ་རུ་ཚྭ། རྒྱམ་ཚྭ། བུ་རམ་རྣམས་སྦྱར་བའི་ཕྱེ་མ་བསྟེན་ཞིང༌། རླུང་གསང་ཨན་སྟོང་དང་པོ་དང་དཀར་ནག་མཚམས། དྲུག་པ། བདུན་པ། སྤྱི་གཙུག་རྣམས་སུ་མེ་དང་ཐུར་མ་བྱ།

མཁྲིས་པ་ལས་གྱུར་པར་དནྡ། དུར་བྱིད། གསེར་མེ་ཏོགཨ་རུ་ར་དང༌། པི་པི་ལིང་བཅས་ཀྱིས་སྦྱང་ཞིང༌། ཏིག་ཏ། མ་ནུ། རུ་རྟ། བ་ཤ་ཀཧོང་ལེན། གུར་ཀུམ། སྐྱུ་རུ་ར་བཅས་པའི་ཕྱེ་མ་བཏང་བ་དང༌། སྙིང་རྩ་སྣོད་ཀ མཐོང་རྩ་བཅས་གཏར་ཞིང་ཕྱི་རྒྱུད་ལྟར་གྱི་ཏིག་ཏ་བདུན་པའི་སྨན་མར་སྦྱར། ཟས་སུ་ལུག་ཤ རྔ་བྲན་ཞེས་སེམས་ཅན་རྔ་མ་ཅན་གཞོན་ནུར་བཞེད་པ་སོགས་མཆིས་རུང་དོན་རྔ་མོའི་རྡེའུ་མ་དེར་ཐོག་མར་སྐྱེས་པའི་ཤ་གསར་བསྟེན།

བད་ཀན་ལས་གྱུར་པར་སྤྱང་ཚེར། སྒེའུ་གཤེར་ཏེ་སྒ་སྐྱ་དང༌། པོ་སོ་ཆ་རྣམས་བའི་འོ་མར་སྦྱར་ལ་སྐྱུག་ཏུ་གཞུགརྩུབ་པའི་ཟས་སྐམ་སའི་འབྲུ་རྙིང༌། སྦྲང་རྩི་དང་གཡག་རྒོད་ཤ གཅན་གཟན་དང་ཆུར་གནས་ཀྱི་ཤ་སོགས་དང༌། སྨན་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། སེ་འབྲུ། ཤིང་ཀུན། ཙབས་རུ་ཚྭ་རྣམས་ཀྱི་ཕྱེ་མ་སྦྱར་ལ་རྒྱབ་ཚིགས་པ་གསུམ་པ་དང༌། མདུན་སྲོག་རྩ་མྱོས་བྱེད་གསང་ལ་མེ་དང་ཐུར་མ་བརྡེག་པ་སོགས་སྨན་དཔྱད་བསྟེན་པ་དང༌།

འདུས་པ་ལ་ནི་ཀུན་གྱིས་གསོ་དགོས་པ་སྐབས་ཐོབ་དང་སྦྱོར་ཤེས་པར་བྱའོ། །

མྱ་ངན་གྱིས་ཡིད་གདུངས་པ་ལ་ཆོས་ཐོག་ནས་མི་རྟག་པ་སོགས་རྒྱུ་འབྲས་བཤད། ནོར་སོགས་འདོད་པ་ལ་ནོར་བྱིན་པ་དང༌། གཉིས་ཀ་ལ་གཏམ་སྙན་པོ་དང་སེམས་དགའ་བའི་གྲོགས་ཀྱིས་དེའི་སེམས་གསོ་དགོས་ཏེ། རྫོང་འཕྲང་དུ། མྱ་ངན་ལ་ཆོས་བཤད་དོ་ཞེས་པས་ཆོས་ཀྱིས་གསོ་བ་ནི་གང་ཟག་དེའི་བློ་ཚོད་དང་སྦྱར་ཏེ་གསོ་དགོས་པས་དབང་པོ་ཡང་རབ་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པར་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་བདེ་སྡུག་སོགས་ཀྱི་གོལ་ས་མེད་པ་ནམ་མཁའ་ལྟ་བུའོ། །འོ་ན་སྐྱེ་འཇིག་སྣ་ཚོགས་པར་སྣང་བ་ཅི་ཞེ་ན། དེ་ནི་རང་གི་གཟུང་འཛིན་ལོག་ཤེས་ཀྱིས་བློས་བཏགས་ཏེ་མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུའོ། །དེས་ན་མདོ་ལས། ཆོས་རྣམས་ཐམས་ཅད་སྐྱེ་བ་དང༌། འགག་པ་གནས་པར་འགྱུར་བ་མེད། །བཏགས་པའི་རྐྱེན་རྣམས་ཁོ་ན་ནི། །སྐྱེ་དང་འཇིག་པར་སྣང་བ་ཡིན། །ཞེས་འབྱུང་ངོ༌། །གཞན་ཡང་ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་སྟེ་ནང་གི་མཚན་ཉིད་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་རོ། །སྟོང་པར་ཡང་མ་གྲུབ་སྟེ་སྒྲོ་སྐུར་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ། །དེས་ན་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་དུ་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང༌། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲ་ཡོངས་སུ་བཟུང་བར་གྱིས། །ཞེས་དང༌། །དེ་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགའ་ཅི་ཡོད་དགའ་ཅི་ཡོད། །བདེ་དང་སྡུག་བསྔལ་གང་ལ་ཡིན། །གང་གིས་བཀུར་སྟི་བྱས་པ་དང༌། །བརྙས་པ་བྱས་པའང་ཅི་ཞིག་ཡོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཡིན་པས་གང་ཤར་ལྷུག་པ་བཟོ་མེད་རྩིས་གདབ་དང་བྲལ་བར་བཞགཀྲིས་ཁྲིས་ན་རྒྱང་སྐྱུར། ཏུག་ཐུག་ན་ལྷོད་གློད་དེ། ས་ར་ཧ་པས། འཇུར་བུས་བཅིངས་པའི་སེམས་འདི་ཉིད། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་མ་བཅོས་ཐ་མལ་གྱི་ཤེས་པ་ལྷན་ཅིག་སྐྱེས་པ་གཉུག་མ་ཕྱག་རྒྱ་ཆེན་པོའི་དོན་ནོ། །དབང་པོ་འབྲིང་གི་ཆོས་ཐམས་ཅད་ལྟོས་གྲུབ་རྟེན་འབྲེལ་ཙམ་ལས་རང་བཞིན་མ་གྲུབ་ཅིང༌། སྟོང་པ་རྟེན་འབྲེལ་དབྱེར་མེད་ཀྱི་ངེས་པས་ཟུང་འཇུག་སྒྱུ་མ་ལྟ་བུར་ཐམས་ཅད་རྐྱེན་སྐྱེས་ལྟར་སྣང་ཙམ་སྟེ་སྤྱོད་འཇུག་བཟོད་ལེར། ཉེས་པ་ཅི་སྙེད་ཐམས་ཅད་ཀྱང༌། །སྡུག་བསྔལ་རྣམ་པ་སྣ་ཚོགས་དང༌། །དེ་ཀུན་རྐྱེན་གྱིས་སྟོབས་ལས་བྱུང༌། །རང་དབང་ཡོད་པ་མ་ཡིན་ནོ། །རྐྱེན་རྣམས་ཚོགས་པ་དེ་དག་ཀྱང༌། །བསྐྱེད་པར་བྱ་ཞེས་སེམས་པ་མེད། དེས་བསྐྱེད་དེ་ཡང་བདག་བསྐྱེད་ཅེས། །སེམས་པ་ཡོད་པ་མ་ཡིན་ནོ། །ཞེས་དང༌། དེ་ཡང༌། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བོའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལུས་གང་དེ་སྟོང་པར་བཤད། །གང་གིས་སྟོང་ཉིད་ཤེས་དེས་ཆོས་ཤེས་པའོ། །ཞེས་སོ། །གཞན་ཡང་གང་གདུངས་ཡུལ་དེའི་ལུས་ནི་རྡུལ་ཕྲན་ཆ་མེད། སེམས་ནི་སྐད་ཅིག་ཆ་མེད། རྫས་དངོས་ནི་སུའི་ཡང་མིན། རང་མྱ་ངན་གྱི་སེམས་ཀྱང་བདག་དང་བདག་གིར་དང་དངོས་པོར་མ་གྲུབ་པས་ཡང་དག་པར་བདག་གཞན་སྡུག་བསྔལ་གྱི་ཡུལ་དང་ཡུལ་ཅན་མ་གྲུབ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་སྙིང་རྗེའི་གཞི་ལ་མི་གནས། གནས་ཚུལ་ཤེས་པས་སྲིད་ལ་མི་གནས་པར་བརྡ་སྤྲད། ཡང་ཐམས་ཅད་ལྷ་དང་སྔགས་ཀྱི་ངོ་བོར་གནས་པས་དངོས་པོ་རང་རྒྱུད་པ་མེད་པར་ཤེས་པར་བྱ། སྣང་སྲིད་ཐམས་ཅད་ལྷའི་རོལ་པ། སྒྲ་ཐམས་ཅད་སྔགས། རྟོག་ཚོགས་ཆོས་ཉིད། ནོར་རྫས་ཐམས་ཅད་མཆོད་པའི་ཚུལ་དུ་ཤེས་པར་བྱ་བ་དང༌། ཡང་སྐྱེ་འགྲོ་ཐམས་ཅད་ཚེ་རབས་ནས་ཕ་མ་བུ་ཚ་ཤ་སྟག་ཡིན་པ་ལ། དེ་ལྟར་མ་ཤེས་པར་དངོས་འཛིན་གྱིས་སྨྱོ་བ་འདི་རྣམས་ལ་སླར་ཁྲོ་བ་དང༌། གཅིག་ལ་ལྷག་པར་གདུངས་པར་མི་བྱ། ཐམས་ཅད་སྔོན་ལས་ཀྱི་བགོ་སྐལ་ལ་སྤྱོད་པས་རྒྱུ་དགེ་བ་མ་བསགས་ན་འབྲས་བུ་བདེ་བ་འབྱུང་བ་དཀའ། བདག་གི་ལས་ངན་སྦྱང་དོན་དུ་འདི་བྱུང་བ་ཡིན་པས་སེམས་ཅན་གྱི་སྡུག་བསྔལ་འདིས་གོ་ཆོད་པར་གྱུར་ཅིགབདག་བདེ་གཞན་ལ་སྨིན་པར་གྱུར་ཅིག། གཞན་གྱི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་པ་བསམ་མོ། །ཐ་མས་འདུས་པ་ལས། སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །མཐོན་པོའི་མཐའ་ནི་ལྷུང་བ་སྟེ། །བསགས་པའི་མཐའ་ནི་འཛད་པ་ཡིན། །ཞེས་པའི་དུས་ཀྱི་ཆོས་ཉིད་སུས་ཀྱང་འགོག་མི་ནུས། བདག་གཅིག་པུ་ལ་མ་ཡིན་ཐམས་ཅད་འདི་ལས་མ་འདས་སྙམ་དུ་སེམས། ལར་འདུས་བྱས་ཐམས་ཅད་ནི་མི་རྟག་པ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ། །ཆོས་ཐམས་ཅད་ནི་བདག་མེད་པ། །མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་བའོ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ངེས་པ་ལ་འགོད་པར་བྱའོ། །གཞན་ཡང་ངོ་ཚ་དང་ཁྲེལ་བསྲུང༌། ང་རྒྱལ་སྙིང་སྟོབས་བསྐྱེད། ལེགས་ཕྱོགས་ལ་བསམ། སྡུག་བསྔལ་མི་བྱེད་སྙམ་པའི་ཞེ་བཅད་བྱའོ། །དེ་ལྟར་དབང་པོ་དང་འཚམ་པའི་ཆོས་བཤད། ནོར་དང་ལོངས་སྤྱོད་སྟེར། དེའི་ཡིད་དང་མཐུན་པའི་གཏམ་སྙན་པོ་བརྗོད། མྱ་ངན་སངས་ནུས་པའི་གྲོགས་བསྟེན་པ་སོགས་ཀྱིས་ཡིད་གདུངས་གསོ་བར་བྱའོ། །འདི་ལ་བསྡུས་པར་ཡང༌། དེ་ལ་ཆོས་དང་ནོར་ལྡན་པའི། །གཏམ་དང་མཛའ་བོས་སེམས་དགའ་བྱ། །ཡང་ན་སྡུག་པ་དང་འབྲེལ་བའི། །རྨད་དུ་བྱུང་བས་གསོ་བར་བྱ། །ཞེས་དང༌། སྡུག་དང་ནོར་དང་བྲལ་བ་ལས། གང་གི་ཡིད་ལ་གནོད་གྱུར་པ། །དེ་ལ་དེ་འདྲ་རྙེད་འགྱུར་བས། །སྤྲོ་བསྲིང་དབུགས་དབྱུང་བ་ཡིས་གསོ། །ཞེས་སོགས་སོ། །

དུག་ལ་ནི་དཔའ་བོ་སེར་པོ། བོང་ང་དཀར་དམར། རྩད་རེ་རལ་དང༌། ཡུང་བ་རྣམས་དྲི་ཆུར་སྦྱར་བའི་རིལ་བུ་བསྟེན།

གདོན་ལས་གྱུར་པར་བྱི་ལ། ར་ཐུགའུག་པ། ཝ་རྣམས་ཀྱི་གཅིན། རྟུགམཁྲིས་པ། སེན་མོ། སྤུ། ལྤགས་སོགས་སྤོས་ལྟར་སྦྱར་བའི་དུ་བས་བདུག་ཅིང༌། འདིའི་གདོན་རྒྱལ་པོ་ཤས་ཆེ་བས་དེའི་བཅོས་ཀྱང་བྱའོ་ཞེས་གསུངས་སོ། །གཞན་ཡང་མི་འབྱུང་བ་དང་བྱུང་བ་སོས་པའི་མཚན་མ་ནི། ཡན་ལག་བརྒྱད་པར། གང་ཞིག་ཤ་དང་ཆང་སྤང་ཞིང༌། །ཕན་ལ་བརྩོན་ཞིང་གཙང་སྦྲ་ཆེ། སྙིང་སྟོབས་ཅན་ལ་ལྷན་ཅིག་སྐྱེས། །གློ་བུར་སྨྱོ་བྱེད་འབྱུང་མི་འགྱུར། །དབང་པོའི་དོན་ནི་གསལ་བ་དང༌། དེ་བཞིན་བློ་དང་ཡིད་གསལ་བ། །ལུས་ཟུངས་ཐ་མལ་སར་གནས་པ། །སྨྱོ་བྱེད་དང་བྲལ་མཚན་མ་ཡིན། །ཞེས་པ་ལྟར་རོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གདོན་ནད་ཀྱི་ནང་ཚན་སྨྱོ་བྱེད་ཀྱི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།