སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བཞི་པ། མོ་ནད་སྤྱི་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་བཞི་པ། མོ་ནད་སྤྱི་གསོ་བ།

དེ་ལྟར་ལེའུ་དོན་བཞི་པ་མོ་ནད་སྤྱི་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མོ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མོ་ནད་སྤྱིའི་དབྱེ་བ་བཤད་པ་དང༌། དེའི་རྒྱུ་བཤད་པ་དང༌། རྟགས་དང༌། བཅོས་ཐབས་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་ཁྲག་ཚབས་དང་རླུང་ཚབས་གཉིས་སོ། །གཉིས་པ་དེའི་རྒྱུ་ནི། དེ་རྒྱུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཟླ་མཚན་དེ་གསར་པའི་དུས་ན་ཁྲག་ཚབས་ཞེས་བྱ་ཞིང༌། ཡུན་ལོན་ནས་རླུང་དང་ལྡན་པ་ལ་རླུང་ཚབས་བཤད་པའོ། །གསུམ་པ་རྟགས་བཤད་པ་ལ་གཉིས་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི། རླུང་ཚབས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཤ་ཐང་བར་ཞེས་པ། ཤ་དང་པགས་པའི་ཕྱི་རྩི་བར་ན་བའོ། །ཤ་མདངས་ཞེས་པ་ཡང་འགྲེལ་པ་ལར་འདུག་གོ།

        བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཁྲུས་གཤེར་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་ལྟོ་གཤེར་དང་རྩ་གཤེར་གཉིས་སོ། །དང་པོ་ལྟོ་གཤེར་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། ལྟོ་གཤེར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཆེན་པོ་དང་ཆུང་ངུ་གཉིས་སོ། །གཉིས་པ་རྒྱས་བཤད་ལོག་ཏུ་སྟོན། གཉིས་པ་རྩ་གཤེར་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལའང་གཉིས། ནང་རྩ་ནས་སྦྱོང་བ་དང༌། ཕྱི་ནས་འདྲེན་པ་གཉིས་སོ། །གཤེར་ཞེས་པ་སྐམ་གཤེར་གྱིས་ཟླས་ཕྱེ་བའི་ཆུ་ཞེས་སྐྱེ་དེ་ལས་ལྔའི་བྱ་བ་བྱེད་པ་ལ་བཤལ་སྨན་ཕལ་ཆེར་ས་ཆུ་ནུས་པ་ལས་བྱུང་བའི་ཕྱིར་དང༌། དེའང་ཆུའི་ནུས་པ་གཙོ་ཆེ་བ་ལ་དགོངས་ཏེ། འདིར་སྤྱིར་དྲག་སྦྱོངས་སམ་བཤལ་ཞེས་པ་བྱའོ། །གོང་གི་ལྟོ་གཤེར་གྱི་རྒྱས་བཤད་ཀྱིས། དང་པོ་ནི། དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། སྔོན་འགྲོ་སྣུམ་ཆོས་སོགས་ནི་ཕྱི་རྒྱུད་ལྟར་རོ། །ཧ་རི་ཏ་ཀ་ཞེས་ཨ་རུ་མཆུ་སྙུང་ངོ༌། །ཞིམ་ཤིང་ཞེས་པར། འཁྲུངས་དཔེར། ཞིམ་ཤིང་སྡོང་པོ་བསེ་ཟོ་འདྲ། །ལོ་མ་གཡུ་གཤོག་བརྒྱང་བ་འདྲ། །ཐ་གུ་བྱུ་རུའི་རྔ་ལེབ་འདྲ། །རོ་ནི་སྐྱུར་ལ་ཞུ་རྗེས་མངར། །བད་ཀན་སྨུག་པོའི་ནད་འཇོམས་ཞེས། །སངས་རྒྱས་རྣམས་དང་དྲང་སྲོང་གསུངས། །རྩ་ལྟོ་གཉིས་ཀྱི་སྦྱོངས་དག་ལ། །འདི་བཏང་ནད་རྣམས་ཐམས་ཅད་སེལ། །ཞེས་པའོ། །འདི་ལ་ལྕུམ་རྩ་དང་ཐ་དད་དུ་བཤད་འདུག་ཀྱང་དེང་སང་ནི་ལྕུམ་སྡོང་པོ་ཡོད་པ་ལ་བྱེད་པར་སྣང༌། དྭ་ཚ་ནི་རྗེ་ཟུར་མཁར་བས་ཤིང་ཚ་འཐུག་པོ་ལ་ངོས་བཟུང་བ་དེའོ། །སྒེ་གཤེར་ནི་སྤྱིར་རྒོད་གཡུང་གཉིས་ཏེ། གཡུང་བཅའ་སྒ་སྒ་སྐྱའམ་སྨན་སྒ་ཞེས་བྱ་བ་དང༌། སྒ་དམར་དོང་གྲ་བྱ་བ་གཉིས། སྒ་རྒོད་དཀར་པོ་ལ་ཤུ་ཟུར་དམར་པོ་ལ་སྒེ་གཤེར་ཞེས་བྱ་སྟེ། འདིར་སྒ་སྒོད་དམར་པོའོ། །སློང་དང་སྦྱོང་བྱེད་གཉིས་སུ་བཅད་ལ་བཏང་ཞེས་པ་ནི། སུམ་ཆ་སྲོད་ལ་བསློང་སྨན་བཏང༌། སུམ་གཉིས་ཐེ་རངས་སྦྱོངས་སྨན་བཏང་བའོ། །དེའི་ལག་ལེན་ནི། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ཏུ། ཨ་རུ་མཆུ་སྙུང་བཅུ་གཅིག་ཆུ་ཕུལ་དོ་ལ་སུམ་ཆར་བསྡུ། ལྕུམ་རྩ་སྲང་གང་ཆུ་ཕུལ་གང་ལ་སུམ་ཆར་བསྡུ། དྭ་ཚ་ཞོ་གང་ཆུ་ཕུལ་གང་ལ་ཁྲག་ཆོད་ཙམ་དུ་བསྡུ། དེ་གསུམ་གྲང་བ་དང་སྲོས་ལ་སྒ་དང་ཤིང་ཚ་ཞོ་དོ་དོ། །འོལ་མོ་དང་ཁྲོན་བུ་ཞོ་རེ་རེ། རྒྱམ་ཚྭ་ཁྲོམ་ཙམ་དུར་བྱིད་མཛུབ་གང་རྣམས་སོ་སོར་ཞིབ་པར་ཁ་ཚར་བཏབ་ལ་བཏང་ཞེས་བྱུང༌། གཉིས་པ་ནི་ལྟོ་གཤེར་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གྷནྡྷ་ཙནྜ་ལི་ཞེས་པ་ནི། འོལ་མོ་སེ་ལ་འཇུག་གོ

        གཉིས་པ་རྩ་གཤེར་གྱི་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། རྩ་གཤེར་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དུགས་ཀྱི་མེ་ཏོག་ནི། མེ་ཏོག་ཚོགས་ཚད། གྲོག་ཤིང་ནི། གྱང་རྙིང་དང་བྲག་ལོགས་སུ་སྦེ་མ་འདྲ་བ་ལ་ཟིར་ཟིར་ཅན་གྲོག་ཤིང་པ་ཞེས་པའོ། བྱ་བྲ་ནི་ཕུག་རོན་བྲུན་ནོ། །དཀར་རྩི་ཞེས་པ་མཆོད་རྟེན་སོགས་ཀྱི་དཀར་རྩི་རྡོ་རྒྱུས་དཀར་པོ་ལས་བྱུང་བའོ། །མཐིང་ཤུན་ནི་རྡོ་མཐིང་དངོས་སོ། །གཉིས་པ་སྤྱིའི་རྩ་གཤེར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱི་ཡི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཕྱི་གཤེར་ཆེན་པོ་དང་འབྲིང་དང་ཆུང་ངུ་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། ཆེན་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་བ་དྷ་རུ་ནི། བླ་རྟའི་འགྲེལ་པར། ལྷའི་དྲིའམ་སྤོས་ཞེས་པར་བསྒྱུར་ཏེ། ཤུག་པའམ་ཙན་དན་ནོ་ཞེས་གསུངས་པ་དང༌། གཞན་མ་དེང་སང་སྒྲོན་ཤིང་ལ་བཞེད་པར་ཡང་འདུག་གོ །གཉིས་པ་ནི་འབྲིང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི་ཆུང་བ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། མངལ་བཤལ་འདི་ལ་ལག་ལེན་དམར་ཁྲིད་དུ། རིལ་བུ་བྱེད་ན་སྨྱུག་སྦུགས་མཐོ་གང་བ་ཞིག་གི་རྩེ་མོ་ལ་རིལ་བུ་བཞག་ལ། སྦུ་གུའི་ནང་ལ་ཤིང་ཕྲ་མོ་ཞིག་བཏང༌། དེ་རིལ་བུ་ལ་བཙུགས་ལ་མངལ་དུ་བཏང་ལ་མཐོ་གང་ནང་དུ་སོང་བ་དང་ཐུར་མ་དེ་སྣ་ལ་འདོན། སྦུགས་མ་གཏིང་ལ་འདོན། ཚང་ར་རྒྱུ་ཞབས་སུ་བདུགས་མར་འོང་དུ་མ་འདོད་ན་སྨྱུག་སྦུགས་དེ་བཅུག་ལ་བཙིར། གཅེའུར་གཏོང་ན་གྲོད་ཆུང་དུ་སྨན་བླུག་ལ་གཅེའུ་མཐོ་གང་བཏང༌། མཐོ་གང་མ་སོང་ན་མངལ་ནང་དུ་མི་སླེབ། འགྲོ་མ་འདོད་ན་སྨྱུག་མ་ཚིགས་བར་བཅད་ནས་རྡོ་ལ་བདར་ནས་ཟླུམ་པོར་བྱས་ལ་བུ་སྣོད་ཀྱི་ཁ་བྱེའུའི་འཕོངས་འདྲ་བ་ཞིག་ཡོད་དེའི་ནང་ནད་པ་རང་གི་མཛུབ་མོས་འཚོལ་དུ་བཅུག་ལ། དེའི་ནང་དུ་སྨྱུག་མ་བཅུག་ལ་སོར་བཞི་བཏང་ལ་སྨྱུག་མའི་མགོ་ལ་མར་བསྐུས་ལ་དེའི་མངལ་ཁ་ཕྱེ་ནས་སྡོད་སྨན་བཏང་ངོ༌། །འདི་སྐབས་ཀྱི་གཅེའུ་ནི་བཤད་རྒྱུད་དུ། རྩ་བའི་སྦུགས་ལ་མཐེ་བོང་ཤོང་བ་ལ། །རྩེ་སྦུབས་སྲན་མ་ཤོང་ཙམ་སོར་བརྒྱད་པ། །ཞེས་པ་དེ་ལྕགས་སམ་ཤིང་ལ་བྱ། ཁུ་བ་བྱེད་ན་གྲོད་པར་བླུག་ནས་བསྐྱལ། རིལ་བུ་བྱེད་ན་ནང་ནས་ཕུལ་ལ་མངལ་དུ་བསྐྱལ། རྒྱུ་ཞབས་དུགས་ཀྱིས་བསྲོ་ཞེས་པ་ནི། མེ་ཏོག་སྣ་ཚོགས། གྲོག་ཤིང་བྱ་བྲ་འབའ་ཆ་གང་རིགས་ཆང་དུ་བཙོས་སམ་སྦང་མ་ཚ་བཏབ་པའོ། །གཉིས་པ་རླུང་ཚབས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉིས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་ཤ་བཅུད་དང༌། ཆང་བཅུད་དང༌། སྨན་བཅུད་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། ཤ་བཅུད་ཅེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། ལུག་ཐོང་ཞེས་པ་ལུག་སྐྱེས་ནས་ལོ་གསུམ་ལོན་པའོ། །འདི་ལ་རྫོང་འཕྲང་དུ། ཤ་བཅུད་སྦྱར་བ་ནི། ལུག་ཐོང་ཚོན་པའི་གློ་ཤམ། སྙིང་རྩེ། མཆིན་པའི་གྲ་རྩེ་མཁལ་མ་གཡས་པ་ཚིལ་དང་བཅས་པ། ལྟོ་ཚིལ། གཞང་ཁ། ལྕེ་རྩེ། ཨོལ་གོང༌། དཔུང་བའི་རྨེན་བུ། ནམ་ཚོང༌། བྲང་ཟེ། ལྟག་པ། རྩིབ་མ་བཞི་སྒལ་ཚིགས་དང་བཅས་པ། གཞུག་གུ་ཐུང༌། ལག་པ་གཡས་པ། མིག་གཡས། འབྲག་ཤ་གཡས་པ་གསུམ་བཞི་ཞེས་འབྱུང་ངོ༌། །ཤ་སྤྱི་ནི་ལུག་ཕྱིན་པའོ། །ཚ་བར་བྱ་བ་ནི་སྐོལ་བ་སྟེ་སྐྱོ་ཚ་བྱས་པའོ། །སུམ་ཡར་ཞེས་པ་ནི་དུས་གསུམ་མོ།།

        གཉིས་པ་ཆང་བཅུད་བཤད་པ་ནི། ཆང་བཅུད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྦྲང་ཆང་སོགས་ལྔ་ནི་ཕྱི་རྒྱུད་སྨན་ཆང་ལེའུར་བཤད་པ་ལྟར་རོ། །གསུམ་པ་སྨན་བཅུད་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་བཅུད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ཡང་ཁྲག་བཅུད་དང་མར་བཅུད་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ནི། ཁྲག་བཅུད་ཅེས་རྐང་པ་དགུས་བསྟན་ཏེ། གནག་ཅེས་པ་དུད་འགྲོ་རྒོད་གཡག་ཕྱུགས་སོགས་སོ། །སྲིན་ཞེས་པ་ལ་རྫོང་འཕྲང་དུ། སྲིན་བུ་ཀ་ཀ་རུ་ཞེས་འབྱུང་ངོ༌། །ཁྱེ་སུས་ཞེས་པ་ཆུང་ཆུང་དུས་མེད་དུ་བསྟེན་པའོ། །གཉིས་པ་ནི། མར་བཅུད་ཅེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། ཁ་ཚའི་སྨན་མར་ཞེས་གཞུང་དུ་བྱུང་ཀྱང༌། འདིར་ནི་ཕྱི་རྒྱུད་སྨན་མར་ལེའུར། རམ་ཉེ་ཉེ་ཤིང་ལྕ་བ་བ་སྤྲུ་བ། །བཟེ་མ་འབྲི་མར་རྩ་བ་ལྔ་ཡི་མར། །ཚྭ་སྣ་གསུམ་དང་སླེ་ཏྲེས་བཟང་པོ་གསུམ། །བཅའ་སྒ་པི་པི་ལིང་དང་བུ་རམ་སྦྱར། །མཁལ་མའི་གྲང་ནད་རླུང་ཚབས་སེལ་བར་བྱེད། །ཅེས་སོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་བཞི་པའོ་ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 4:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།