སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་བཞི་པ། མོ་ནད་སྤྱི་བཅོས་ཀྱི་སྐོར།



ལེའུ་དོན་བཞི་པ།  མོ་ནད་སྤྱི་བཅོས་ཀྱི་སྐོར། 

དེ་ལྟར་ལེའུ་གསུམ་ནི་བྱིས་པ་གསོ་བ་སྟེ་སྐབས་དགུ་པ་ཡིན་ཞིང༌། དེ་ལྟར་གྱི་ལེའུ་གསུམ་སྐབས་གཅིག་ནི་བྱིས་པ་གསོ་བ་སྟེ་ཡན་ལག་གཉིས་པའོ། །དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བ་སྟེ་ཞུ་བའི་མུའམ་འཕྲོ་ཡོད་པའི་དོན་དང་ཡང་ཞེས་པ་བསྐྱར་བའི་དོན་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་ཏེ་མོ་ནད་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱི་ཞེས་འདྲི་ཞིང་ལུས་ཅན་ཀུན་གྱི་ཚེ་སྲོག་སོགས་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མོ་ནད་གསོ་བའི་སྐབས་ལ་བསླབ་པར་བྱ་བ་ནི་འདི་ལྟ་སྟེ།

དེ་ཡང་སེམས་གདོད་ནས་སྤྲོས་དང་བྲལ་ཡང་གློ་བུར་ལྟར་སྣང་བའི་དྲི་མ་དེའི་རང་རྩལ་གཟུང་འཛིན་ལྟར་སྣང་བའི་ཆགས་སྡང་རྨོངས་སོགས་ཀྱི་ཀུན་སློང་གིས་དེ་མཐུན་གྱི་ལས་ཀྱི་རང་གཟུགས་སྣ་ཚོགས་པར་གྱུར་པ་ལས་འདིར་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་པོ་དེས་བསྐྱེད་པའི་ཉེས་པ་གསུམ། དེ་དག་གི་བྱ་བ་དང་མཚན་ཉིད་ཅན་གྱིས་ནམ་མཁའ་སྤྱི་ཁྱབ་ཏུ་བཞག་ནས་འབྱུང་བ་བཞི་སྣ་ཚོགས་པ་ལས་གྲུབ་པའི་མངལ་སྐྱེས་ཀྱི་ལུས་ཕོ་མོ་མ་ནིང་གང་རུང་མྱོང་འགྱུར་གྱི་སྔོན་ལས་དང་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་ཕོ་མོར་སྣང་བ་ལས། བསོད་ནམས་དམན་པས་ཟ་མ་མོ་ལུས་ཐོབ་ཅེས་པ་བསོད་ནམས་ལས་ཉོན་གྱི་དབང་གིས་ཐོབ་པ་ཡིན་ཞིང༌། གཞན་ནི་བྱང་ཆུབ་སེམས་དཔའ་གཞན་ངོར་སྤྲུལ་པ་འདུས་པ་རིན་པོ་ཆེའི་ཏོག་ཏུ་སྨན་གྱི་ལྷ་མོ་འོད་འཆང་མ་དང༌། རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་མ་སོགས་སྐྱེས་པ་ཡིན་ཀྱང་བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་རྩི་སྨན་མཐའ་དག་འཕེལ་རྒྱས་མཛད་པར་བཤད། རྡོ་རྗེ་ཐེག་པར་ནི་བདེ་སྟོང་ཐབས་ཤེས་ཀྱི་ངོ་བོར་གྲུབ་པར་བུད་མེད་སྒྱུ་མ་མཆོག་ཏུ་གསུངས་པ་སོགས་གནས་སྐབས་ཕྱེད་པར་ཤེས་དགོས་ཀྱང༌། སྐྱེས་པ་ལས་ནུ་མ་མངལ་དང་ཟླ་མཚན་བཅས་ཀྱིས་ཁྱད་པར་དུ་ལྷག་ཅིང་དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་སྟེ་ལུས་ཟུངས་བདུན་གྱི་ཕྱི་མ། ཁུ་བ་ལ་དཀར་དམར་གཉིས་ལས། རྒྱུད་སྡེ་རྣམས་སུ་ཁམས་དཀར་དམར་དུ་གྲགས་པ་དཀར་ཆའི་དྭངས་མ་དབུ་མའི་ཡར་སྣེ་སྨིན་མཚམས་སུ་ཧཾ་གི་རྣམ་པ་དང་དམར་ཆའི་དྭངས་མ་དབུ་མའི་མར་སྣ་ལྟེ་བའི་འོག་ཏུ་ཨའི་རྣམ་པར་གནས་པ་དེ་གཉིས་ཀྱི་ཆ་ཤས་ལུས་ཀུན་ལ་ཁྱབ་པ་ལས་བུད་མེད་ལ་དམར་ཆའི་སྙིགས་མ་ཁྲག་ཏུ་གྱུར་པ་ཟླ་མཚན་དམར་པོར་གྱུར་ནས་ལོ་བཅུ་གཉིས་སུ་ནུས་པ་རྫོགས་པ་སྟེ་བཅུ་གཉིས་ལོན་ནས་ལྔ་བཅུའི་བར་དུ་ཟླ་རེ་བཞིན་འཛག་པས་མིང་དུའང་ཟླ་མཚན་ཞེས་བྱ་སྟེ། མངལ་གྱི་ནང་དུ་ཁུ་བ་འཛིན་ཞིང་ཕྲུ་གུའི་ཤ་ལ་སོགས་པའི་ལུས་ཀྱི་ཆ་ཤས་སྐྱེད་པར་ཡང་བྱེད། དཀར་པོའི་དྭངས་མ་མ་རང་གི་ལུས་ཀྱི་གསོས་ཡིན་པས་མི་འབབ་ཀྱང་སྙིགས་མ་འོ་མར་གྱུར་ནས་ནུ་མ་ལ་རྒྱས་ཏེ་ཕྲུ་གུ་བཙས་ནས་ཆེར་མ་གྱུར་བར་གྱི་གསོས་སུ་འགྱུར། དེ་ལ་སྔོན་ལས་རྣམ་སྨིན་དང་ཟས་སྤྱོད་དམན་ལྷག་ལོག་པ་དང་གདོན་རྐྱེན་གྱིས་མངལ་གྱི་ནད་རླུང་མཁྲིས་བད་ཀན་ཁྲག་དང་འདུས་པ་སྟེ་ལྔ་དང༌། བཤད་རྒྱུད་དུ་དྲངས་པ་རྩའི་ནད་བཅུ་དྲུག་དང༌། སྐྲན་གྱི་ནད་དགུ་དང༌། སྲིན་བུའི་ནད་རིགས་གཉིས་ཏེ་མོ་ནད་གཙོ་བོ་སུམ་ཅུ་རྩ་བཞི་ཞེས་རྒྱུད་འགའ་ཞིག་ཏུ་སྡོམ་ཚིག་ལ་ཡིག་ནོར་གྱི་ཡོད་ནའང་དོན་སུམ་ཅུ་རྩ་གཉིས་དང༌། ཕལ་པའི་ནད་བརྒྱད་རྣམས་ཏེ་བཞི་བཅུ་གཉིས་ཞེས་ཀྱང་འདི་ཡང་རིམ་འགྲོས་ཀྱི་ཡིག་ནོར་ཡིན་ཏེ་རྒྱུ་མཚན་ནི་འགྲེལ་པ་འདོད་འཇོ་དང་མེས་པོའི་ཞལ་ལུང་སོགས་སུ་ཡང་གོང་མ་སུམ་ཅུ་རྩ་གཉིས་གསུངས་ཤིང༌། དེར་མ་ཟད་ངོ་ཐོག་བརྩིས་ཀྱང་གཙོ་བོ་སུམ་ཅུ་རྩ་གཉིས་རང་བྱུང་ཞིང༌། དེ་སྟེང་ཕལ་པ་བརྒྱད་བསྒྲིལ་བས་བཞི་བཅུ་ཐམ་པ་འགྲིག་པར་འགྱུར་བ་བཤད་རྒྱུད་སྐབས་མངལ་ནད་རླུང་མཁྲིས་བད་སོགས་ཉེས་པའི་ལྔ་པོ་མ་བགྲངས་ལ་དེ་རྣམས་ནི་སྐྱེ་བ་དམན་ཕྱིར་བུད་མེད་ཀྱི་ལུས་ལ་ལྷག་གོ།

དེ་ཡང་སྤྱི་དང་བྱེ་བྲག་དང་ཕལ་པ་གསུམ་ལས་བྱེ་བྲག་དང་ཕལ་པ་གཉིས་སོ་སོའི་ལེའུ་གཤམ་དུ་གསལ་ལ། འདིར་མོ་ནད་སྤྱིར་བཤད་པ་དེ་ལ་དབྱེ་བ་དང་དེའི་རྒྱུ་དང༌། རྟགས་དང༌། བཅོས་པའི་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

དབྱེ་བ་ཕྱེ་ན་ཁྲག་ཚབས་དང་རླུང་ཚབས་རྣམ་པ་གཉིས་སུ་བཤད་པ་དེའི་རྒྱུ་ནི་དང་པོ་ཁམས་དམར་པོ་བབས་པ་ཟླ་མཚན་ཞེས་པ་དེ་ལས་བྱུང་བའི་ཕྱིར་གསར་པའི་དུས་ན་མིང་དུ་ཁྲག་ཚབས་ཞེས་བྱ་བ་དང༌། རྙིངས་པ་སྟེ་ཡུན་སོང་ནས་རླུང་དང་བསྡོངས་པས་རླུང་ཚབས་ཞེས་སོ། །

དེ་གཉིས་སོ་སོར་ངོས་འཛིན་པའི་རྟགས་སུ་ཁྲག་ཚབས་སྤྱིའི་མཚན་ཉིད་ནི་རྐེད་པ་དང་ཆུ་སོ་མན་ཆད་ཀྱི་རུས་པ་རྣམས་ཁོལ་ཞིང་ན་ལ་རྒྱུ་ཞབས་ཚ་འབྲབ་བྱེད་ཅིང་རོ་རྒྱབ་མཆིན་དྲི་སོགས་གཟེར་བ་དང༌། རྩ་རྣམས་ཚ་འཁྱུག་བྱེད་ཅིང་ཤུ་བ་འབྲུམ་ཕྲན་འོང་ལ་མངལ་ཁྲག་འཛག་གམ་ཡང་ན་འཁྱིལ་དང་རྣག་ཏུ་འགྱུར། རླུང་ཚབས་ནི་རུས་པ་ཁོལ་ཞིང་སྙིང་མི་བདེ་ལ་མགོ་འཁོར་མགོའི་རུས་པ་གྲང་བསིལ་བྱེད་པ་དང༌། ལུས་ཀུན་གྲང་ཞིང་ཤ་དང་པགས་པའི་ཕྱི་རྩི་མཐང་ལ་བར་དུ་ན་བ་དང༌། ཤ་རྣམས་གཡོ་ཞིང་སྦོ་བའི་ཉམས་བྱེད་ལ་སྦྲིད་པ་དང༌། མིག་འགྲིབས་པ་དང༌། སྨྱོ་བའམ་འབོག་གམ་བརྗེད་པ་ངས་ཆེ་ལ་ཆུ་སོ་རྒྱུ་ཞབས་སོགས་བསྡམ་ཞིང་ཟ་ཁུར་འབབ་ལ་ཟླ་མཚན་མི་ཆོད་པར་རྒྱུན་དུ་འབྱུང་བར་བྱེད།

དེ་དག་བཅོས་པའི་ཐབས་ལ་ཁྲུས་གཤེར་དང་བཅུད་གཤེར་གཉིས་ཡོད་པ་དེ་ལས་ཁྲག་ཚབས་ནི་ཁྲུས་གཤེར་གྱི་རིམ་པ་དག་གིས་བཅོས་དགོས་ཀྱང་ཁྲུས་གཤེར་ལ་ཡང་ལྟོ་གཤེར་དང་རྩ་གཤེར་གཉིས་ཡོད་པའི་དང་པོའི་ལྟོ་གཤེར་ལ་ཡང་ཆེན་པོ་ཆུང་ངུ་གཉིས་ཀྱི་རྩ་གཤེར་ཞེས་ནང་རྩ་ནས་སྦྱོང་བ་དང་ཕྱི་ནས་འདྲེན་པ་གཉིས་སུ་ཤེས་པར་བྱ་ཞིང༌། གཤེར་ཞེས་པ་སྐམ་གཤེར་གྱི་ཟླས་ཕྱེ་བའི་ཆུ་ཞེས་སྐྱེ་དེ་ལས་ལྔའི་བྱ་བ་བྱེད་པ་ལ་བཤལ་སྨན་ཕལ་ཆེར། ཆུའི་ནུས་པ་ལས་འབྱུང་བའི་ཕྱིར་དང༌། དེ་འང་ཆུའི་ནུས་པ་གཙོ་ཆེ་བ་ལ་དགོངས་ཏེ་དང་པོ་ཁྲུས་གཤེར་ཁྲུས་དང་སྣུམ་འཆོས་ཕྱི་རྒྱུད་ལྟར་བྱ། དངོས་གཞི་ཧ་རི་ཏ་ཀ་ཞེས་ཨ་རུ་མཆུ་སྙུང་བཅུ་གཅིག་ཆུ་ཕུལ་དོར་སུམ་ཆ་གདུ། ཞིམ་ཤིང་ཞེས་པ་ལྕུམ་རྩ་སྲང་གང་ཆུ་ཕུལ་གང་ལ་སུམ་ཆ་གདུས་པ་དང་ད་ཚ་ཞེས་ཤིང་ཚ་མཐུག་པོ་རོ་ཆུང་བ་དེར་ངོས་འཛིན་མཛད་པ་ཞིབ་ཆ་བཤད་རྒྱུད་དུ་བརྗོད་པ་ལྟར་ཞོ་གང་ཆུ་ཕུལ་གང་ལ་ཁྲག་ཚོད་ཙམ་དུ་སོ་སོར་བསྐོལ་ཏེ་གྲང་ནས་གཅིག་ཏུ་བསྲེས་པར་སྒེ་གཤེར་ཞེས་སྒ་སྐྱ་དང་ཤིང་ཚ་དངོས་སྲབ་ལ་རོ་ལྡན་པ་ཞོ་དོ་རེ་འོལ་མོ་སེ་དང༌། ཁྲོན་བུ་ཞོ་རེ་རེ་དང༌། རྒྱམ་ཚྭ་ཞོ་དོ། ཏྲི་བྱི་ཏ་ཞེས་དུར་བྱིད་དམར་པོ་མཛུབ་ཚིགས་ཙམ་ཞིབ་བཏགས་རྣམས་ཁ་ཚར་དུ་གདབ་སྟེ་སུམ་ཆ་སྲོད་ལ་སློང་བྱེད་དང༌། སུམ་གཉིས་ཐོ་རངས་སྦྱོང་བྱེད་དེ་ཆ་གཉིས་སུ་བཅད་ལ་བཏང༌། ལྟོ་གཤེར་ཆུང་ངུ་ལ་གརྦྷ་ཞེས་སྦང་ཀླད། ཙཎྜ་ལི་ཞེས་ཐར་ནུར་ངོས་འཛིན་པའང་ཡོད་རུང་འོལ་མོ་སེ་དང་ཏྲི་བྱི་ཏ་དུར་བྱིད་དམར་པོ་དང༌། ཧ་རི་ཏ་ཀ་ཞེས་ཨ་རུ་མཆུ་སྙུང་དང༌། ཤིང་ཚ་རྒྱམ་ཚྭ། སྒེ་གཤེར་སྟེ་སྒ་སྐྱ་རྣམས་ཆ་མཉམ་སྟེ་ཞིབ་བཏགས་ཞིམ་ཤིང་ཞེས་བཤད་མ་ཐག་པ་ལྟར་ལྕུམ་རྩ་གདུས་ཁུར་བཏབ་ལ་བཏང༌། ལྕག་དང་ལོག་གནོན་རྗེས་གཅོད་ཕྱི་རྒྱུད་ཀྱི་སྦྱོང་བྱེད་སྤྱི་དང་མཐུན་པ་དེས་ཟླ་མཚན་འཁྱིལ་བ་དང་མངལ་སྐྲན་བུ་རོ་རྣག་སོགས་དང་ཁྲག་ཚབས་ཀྱི་ནད་མ་ལུས་པ་དང་མངལ་སྐྱོན་སྦྱོང་བར་བྱེད་དོ། །རྩ་གཤེར་ལ་སྔོན་འགྲོ་སྒེ་གཤེར་ཞེས་སྒ་སྐྱའི་ཐང་བཏང་ཞིང༌། མེ་ཏོག་སྣ་ཚོགས། གྲོག་ཞིང༌། འབའ་ཆ། བྱ་བྲ་སྟེ་ཕུག་རོན་བྲུན་རྣམས་གང་རུང་ཆང་གི་དཀྱིལ་དུ་བཙོས་ནས་ན་ས་དང་རྒྱུ་ཞབས་སུ་བདུགཁྲུས་དང་བསྐུ་མཉེ་སོགས་བྱས་རྗེས་དང་པོ་ནང་གི་རྩ་གཤེར་ནི་བྱང་པ་ཁྲ་བོ་དང༌། གསེར་གྱི་བྱེ་མ། ཤིང་ཚ། སུག་སྨེལ་དང༌། དཀར་རྩི། སྐྱ་འབྲུ་མིན་པའི་མཐིང་ཤུན་རྣམས་ལོ་བརྒྱད་ཆུ་ལ་བསྐྱོན་ཏེ་བཏང་དགོས་པའི་བྱ་ཐབས་ལག་ལེན་ཕྱི་རྒྱུད་ལྟར་རྩ་སྦྱོང་སྤྱི་དང་མཐུན་ནོ། །ཕྱིའི་རྩ་གཤེར་ལ་ཆེ་བ། འབྲིང་པོ། ཆུང་ངུ་གསུམ་ལས། ཆེན་པོ་ལ་རྒྱ་ཚྭ། ཤིང་ཚ། ཁ་རུ་ཚྭ། བསེ་རུ། རྒྱ་རུ། གཙོད་རུ། ཤ་བའི་རུ། དནྡ། དུར་བྱིད། དེ་བ་དཱ་རུ་ཞེས་ཉག་རོང་ཙན་དན་ནམ་ཤུག་པ་ཙན་དན་ལ་ངོས་འཛིན་ནའང་ངོ་བོ་ནི་རྒྱ་གར་དུ་སྐྱེ་བའི་ཤིང་གི་འབྲུ་དབྱིབས་བྱི་ལའི་བྲུན་འདྲ་བ་ཆེ་བ་ཁྲུ་གང་ནས་ཆུང་བ་ཁམ་སྐམ་གྱི་བར་ཅི་རིགས་པ་འབྱུང་བ་མཆོག་དེ་དང༌། ད་བྱིད། བྱ་མ་བྱིའི་མཇུག་སྒྲོ། ཕབས། སུག་སྨེལ། རྡོ་དྲེགདུད་པ་རལ་པ། བུལ་ཏོག་རྣམས་བུར་སྨུག་དང་སྦྱར་བའི་རིལ་བུ་མངལ་དུ་བསྐྱལ་བ་དང༌། འབྲིང་པོ། སུག་སྨེལ། རྒྱ་ཚྭ། ཚ་བ་སྒ་པི་ཕོ་གསུམ། དནྡ། དུར་བྱིད། ཡ་བ་ཀྵ་ར། ཕབས། བ་སྤྲུ། ཤུག་ཚེར་རྣམས་སྦྲང་དང་བུ་རམ་ལ་སྦྱར་བ་གོང་བཞིན་བཏང་བ་དང༌། ཆུང་བ་གུར་ཀུམ། རྒྱ་ཚྭ། སུག་སྨེལ་དང༌། བྱང་པ་སེར་ཁྲ། དུར་བྱིད། བུལ་ཏོག་རྣམས་བུ་རམ་དང་སྦྱར་བའི་རིལ་བུའམ་ཁུ་བ་མངལ་ནང་དུ་གཅེའུས་བསྐྱལ་ཞེས་པ་སྤྱིར་གཅེའུ་ནི། བཤད་རྒྱུད་དུ། རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་ལ། །རྩེ་སྦུབས་སྲན་མ་ཤོང་ཙམ་སོར་བརྒྱད་པ། །ཞེས་གསུངས་ནའང༌། འདི་སྐབས་ལག་ལེན་དམར་ཁྲིད་དུ། རིལ་བུ་བྱེད་ན་སྨྱུག་སྦུབས་མཐོ་གང་པ་ཞིག་གི་རྩེ་མོ་རུ་རིལ་བུ་བཞག་ལ་སྦུ་གུའི་ནང་ལ་ཤིང་ཕྲ་མོ་ཞིག་བཏང༌། དེ་རིལ་བུ་ལ་རེག་ཙམ་བཙུགས་ཏེ་མངལ་དུ་བཏང་ལ་མཐོ་གང་ནང་དུ་སོང་བ་དང་ནང་གི་ཤིང་དེ་སྣ་ལ་འདོན། སྦུབས་ཐུར་རྗེས་སུ་འདོན་པ་དང༌། ཚང་ར་དང་རྒྱུ་ཞབས་ལ་དུགས་བྱ། མར་འོང་དུ་མ་འདོད་ན་སྨྱུག་སྦུབས་དེ་མངལ་དུ་བཅུག་ལ་བཙིར། ཡང་གཅེའུར་གཏོང་ན་གྲོད་ཆུང་དུ་སྨན་བླུགས་ལ་གཅེའུ་མཐོ་གང་བཏང༌། མཐོ་གང་མ་སོང་ན་མངལ་ནང་དུ་མི་སླེབ། འགྲོ་མ་འདོད་ན་སྨྱུག་མ་ཚིགས་པར་བཅད་ནས་རྡོ་ལ་བརྡར་བས་ཟླུམ་པོར་བྱས་ལ་བུ་སྣོད་ཀྱི་ཁ་བྱེའུའི་འཕོངས་འདྲ་བ་ཞིག་ཡོད། དེ་ནད་པ་རང་གི་མཛུབ་མོས་འཚོལ་དུ་བཅུག་ལ་དེའི་ནང་དུ་སྨྱུག་མ་བཅུག་སྟེ་སོར་བཞི་བཏང་ནས་སྨྱུག་མའི་མགོ་ལ་མར་བསྐུས་ལ་དེས་མངལ་ཁ་ཕྱེ་ནས་སྟོད་སྨད་བཏང༌། ཁུ་བ་བྱེད་ན་གྲོད་པར་བླུགས་ནས་བསྐྱལ། རིལ་བུ་བྱེད་ན་ནང་ནས་ཕུལ་ལ་མངལ་དུ་བསྐྱལ་ཏེ། རྒྱུ་ཞབས་སུ་མེ་ཏོག་སྣ་ཚོགས་གྲོག་ཞིང༌། འབའ་ཆ། བྱ་བྲ་སོགས་གང་རིགས་ཆང་བཙོས་པའམ་སྦང་མ་ཚྭ་བཏབ་པའི་དུགས་ཀྱིས་བསྲོ་ཞིང་ལག་པས་མཉེ་ཟུག་ལངས་ཀྱང་འཇིགས་མི་དགོས་ཏེ་མི་དངང་པར་འགོར་ན་གཅེའུ་བཅུག་སྟེ་འཇིབས་ནས་ཕྱིར་དྲངས་པས་མངལ་ཁྲག་འཁྱིམས་པ་དང་མངལ་སྐྲན་བུ་རོ་ལུས་པ་སོགས་མངལ་ནད་ཁྲག་ཚབས་མ་ལུས་པ་སྦྱོང་བར་བྱེད།

གཉིས་པ་རླུང་ཚབས་ལ་བཅུད་གཤེར་མཐའ་དག་གིས་བཅོས་དགོས་པ་དེ་ལའང་ཤ་བཅུད་དང༌། ཆང་བཅུད་དང༌། སྨན་བཅུད་དང་གསུམ་ལས་ཤ་བཅུད་སྦྱར་ཐབས་ལུག་ཐོང་ཚོན་པོའི་གློ་བའི་གཤམ། སྙིང་གི་རྩེ། མཆིན་པའི་བྲ་ལྕེ། མཆེར་པ། མཁལ་མ་གཡས་པའི་ཚིལ་དང་བཅས་པ། ལྟོ་ཚིལ། གཞང་ཁ་མཐོ་གང༌། ལྕེ་རྩ་དང༌། ཨོལ་གོང་པ། དཔུང་པའི་རྨེན་བུ། ནམ་ཚོང་སྲབ་མདའ། བྲང་རྩེ། ལྟག་པ། གུང་རྩིབ་བཞི་སྒལ་ཚིགས་དང་བཅས་པ། མཇུག་གུ་ཐུང༌། རླིག་པ་དང་མིག་གཉིས་ཀྱི་གཡས་པ་འབྲག་ཤ་གཡས་པ་དང༌། རྐང་བཞག་གཡས་པ། རྐང་ལག་གི་ཉྭ་བཞིའི་ཤ་རྣམས་ཞིབ་ཏུ་བརྡུངས་ལ་འབྲི་མར་རྙིང་པ་ཕུལ་དོ་ལུང་རྡོའི་སྣོད་དུ་བསྐོལ་ཏེ་ཁོལ་བའི་དུས་སུ་ཤ་རྣམས་བཏབ་ལ་སྣར་ཙམ་བཙོ། དེ་ནས་གར་ཆང་ཕུལ་དོ་དང་ཚ་བ་སྒ་པི་ཕོ་གསུམ་དང༌། ཤིང་ཀུན་སྦངས་པའི་ཆུ་དང༌། ཆུ་མ་འདྲེས་པའི་ཁྲག་རྣམས་ཕུལ་རེ་བླུགས། རིམ་པས་གཅིག་ཁོལ་བ་དང་གཅིག་བླུགས་དཀྲུག་ཅིང་བཙོ། དེ་ཉིད་ལུག་ཤ་སྤྱི་དང་བསྲེས་ཏེ་ཚ་བ་ཞེས་ཐུག་པར་བྱས་ལ་སུམ་ཡར་ཏེ་དུས་གསུམ་དུ་བསྟེན་ཞིང་སྐོམ་དུ་གར་ཆང་བླུད་ལ། ལུས་གྲང་དུ་མི་འཇུག་ཅིང་བསེར་བུ་མི་བཏང་བར་བསྡད་པས་རླུང་ཚབས་འདོན། ཆང་བཅུད་སྦྲང་ཆང་དང་བུ་རམ་གྱི་ཆང་དང༌། གཟེ་མའི་ཆང་དང༌། མར་ཆང་དང༌། རུས་ཆང་ལྔ་ཕྱི་རྒྱུད་དུ་གསུངས་པ་ལྟར་གྱིས་རླུང་ཚབས་སེལ་ལོ། །སྨན་བཅུད་ལ་ཡང་ཁྲག་བཅུད་དང་མར་བཅུད་གཉིས་ལས་ཁྲག་བཅུད་ཀྱི་སྦྱོར་བ་གནག་ཅེས་ཡུལ་གཡག་དང༌། ལུག་དང་ཤ་བ་བཅས་པའི་ཤ་ཚིལ་བཏུབ་པས་ཁྲག་དང་རུས་ཁུ་སོགས་བསྲེས་པ་ལ་ཤིང་ཚ་སྲང་གང་བཏབ་སྟེ་བསྐོལ་ལ་ཕོག་སྟེ་གྲང་པ་དང་སྨྱུག་མ་གཞོན་ནུའི་ཤུན་པ་ལྕུམ་རྩ་ཞོ་དོ། རྒྱམ་ཚྭ་དང༌། ཚ་བ་སྒ་པི་ཕོ་གསུམ་ཐུན་རེ་བཏབ་སྟེ་འཇམ་པ་བསྲོས་པ་ཁྱེའུ་སུས་ཞེས་ནང་པར་ཐོ་རངས་ཕོ་བའི་དྲོད་ཆེ་ཞིང་བད་ཀན་བེ་སྣབས་ཀྱང་བྱང་པའི་དུས་བསྟེན་པར་བྱ། ཡང་ན་བོང་བུ་སྒ་མ་རྒྱབ་པའི་ཁྲག་ཆུ་མ་ཕོག་པའི་ནང་དུ་ཤིང་ཚ། སུག་སྨེལ་སླེ་ཏྲེས། སྲ་འབྲས། སྡིག་སྲིན། རྒྱམ་ཚྭ་རྣམས་ཞོ་རེ་རེ། ལྕུམ་རྩ་ཞོ་གསུམ་རྣམས་བཏབ་སྟེ་དཀྲུགས་ལ་ཁོལ་བ་དང༌། རུས་སྣ་ཚོགས་ཀྱི་ཁུ་བར་བླུག་ཅིང་བཙོས་པ་གོང་ལྟར་ཁྱེའུ་སུས་ཁྱོར་རེ་བསྟེན། མར་བཅུད་ནི་རྩ་བ་ལྔའི་སྨན་མར་ཕྱི་རྒྱུད་ལྟར་ལ་སྦྲང་དང་བུ་རམ་ཁ་ཚར་ཚ་སྣ་རྒྱ་རྒྱམ་ཁ་གསུམ་དང༌། སླེ་ཏྲེས། བཟང་པོ་ཀ་སུག་ཛཱ་གསུམ། སྒ་དང་པི་པི་ལིང་བཏབ་པའི་སྨན་མར་སྦྱར་ཞེས་པ་འདི་ཕྱི་རྒྱུད་ཀྱི་མཁལ་མའི་གྲང་ནད་རླུང་ཚབས་སེལ་བའི་སྨན་མར་དེ་ག་ཡིན་པ་ཐོ་རངས་དང་ཕྱི་དྲོ་བསྟེན་པས་རླུང་ཚབས་འདོན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་མོ་ནད་ཀྱི་ནང་ཚན་གཙོ་བོ་སྤྱི་བཅོས་ཀྱི་ལེའུ་སྟེ་བདུན་ཅུ་རྩ་བཞི་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།