སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བདུན་པ། འབྱུང་བའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་བདུན་པ། འབྱུང་པོའི་གདོན་གསོ་བ།



ལེའུ་དོན་བདུན་པ།  འབྱུང་པོའི་གདོན་གསོ་བ། 

དེ་ལྟར་ལེའུ་གསུམ་ནི་མོ་ནད་གསོ་བ་སྟེ་སྐབས་བཅུ་པ་དང༌། དེ་ལྟར་གྱི་ལེའུ་གསུམ་སྐབས་གཅིག་ནི་མོ་ནད་གསོ་བ་སྟེ་ཡན་ལག་གསུམ་པའོ། །དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བ་སྟེ་ཞུ་བའི་མུ་ཡོད་པའི་དོན་དང་ཡང་ཞེས་པ་འཕྲོ་ནས་ཞུ་བ་བསྐྱར་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་ཏེ། གདོན་ནད་གསོ་བའི་སྐབས་ལ་བདག་ཅག་རྣམས་ཇི་ལྟར་དུ་བསླབ་པར་བགྱི་ཞེས་འདྲི་ཞིང་ལུས་ཅན་ཀུན་གྱི་ཚེ་དང་སྲོག་སོགས་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ་ཞེས་ཞུས་པ་དང༌། སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ།

གདོན་གྱི་རིགས་ལ་སྤྱིར་འབྱུང་པོའི་གདོན་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་དང༌། གཟའ་དང༌། ཀླུ་གདོན་དང་རྣམ་པ་ལྔར་བཤད་ཀྱང་གཞན་རྣམས་སོ་སོའི་ལེའུར་རྒྱུ་རྐྱེན་སོགས་འོག་ཏུ་གསལ་ལ། འདིར་འབྱུང་པོའི་གདོན་ལ་རྒྱུ་རྐྱེན་དང༌། མཚན་ཉིད་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ལྔའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་སྡིག་པ་མི་དགེ་བའི་ལས་མང་དུ་སྤྱད་ཅིང༌། གྲོགས་མེད་པའི་སར་ཡ་ང་བར་རང་གཅིག་པུར་བསྡད་པ་དང༌། ཡ་ག་ཅན་ཞེས་དྲེགས་པ་ཅན་གཉེན་པོའི་རིགས་ཀྱི་རྫས་ལ་འབགས་པ་དང༌། གཙེས་ཞེས་གནོད་བསྐྱལ་ཞིང་བརྙས་ཏེ་ཁྱད་གསོད་བྱས་པ་དང༌། དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་སོགས་མདོར་ན་རང་གི་མཆོད་འོས་མཆོད་བཞིན་པའི་མཆོད་པ་ཆག་ན། ཡན་ལག་བརྒྱད་པར་ཡང༌། འདི་ཡི་རྒྱུ་ནི་འཕྲལ་གཏམ་ནི། །སྔོན་ཆད་ཤེས་རབ་འཆལ་པ་ཡི། །བློ་ཡིས་ཉེས་པ་བྱས་གྱུར་ནས། །དེ་ཡིས་ཆགས་པ་སོགས་སྐྱེས་ནས། །བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་དང༌། །གཞུང་ལུགས་ཉམས་པ་དེ་དག་ནི། །སྡིག་དང་བདག་ནི་གསོ་བྱེད་ན། །གདོན་ནི་གླགས་སྐབས་འཚོལ་བྱེད་པས། །ལྷ་ལ་སོགས་པ་རྗེས་གནོད་བྱེད། །ཅེས་འབྱུང་བ་དང་མྱ་ངན་གྱིས་སེམས་གདུངས་ལ་སོགས་པ་དང༌། མི་འཚམ་པ་ནི་རྩིང་སྤྱོད་བྱེད་པ་སྟེ། དེ་ཉིད་ལས། གཅེར་བུར་རྒྱུ་འམ་བླ་མ་སྨོད། །ཁྲིམས་ཀྱི་ཚུལ་མི་སྤྱོད་པ་དང༌། །གཙང་སྦྲ་མེད་པར་ལྷ་མཆོད་དང༌། །མི་གཙང་གཞན་དང་འདྲེས་པ་དང༌། །སྦྱིན་སྲེག་སྔགས་རྟོགས་མཆོད་སྦྱིན་རྣམས། །ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། །མདོར་ན་ཉིན་རེ་སྤྱོད་སོགས་པར། །སྤྱོད་པ་བསྟན་ལས་ལོག་པའོ། །ཞེས་པ་ལྟར་ལུས་ངག་གི་བྱ་བ་བག་མེད་དུ་འགལ་བ་ལས་འཇུག་པར་འགྱུར།

མཚན་ཉིད་འབྱུང་པོ་མི་མ་ཡིན་ལ་སོགས་པ་ག་འདྲ་ཞིག་གི་གཟུགས་དང་རང་བཞིན་དང་འགྲོ་འདུག་སྨྲ་བ་སོགས་ག་འདྲའི་རིགས་བྱས་གྱུར་ཀྱང་དེ་ནི་འགྲོ་བ་དེའི་ལུས་ངག་ཡིད་ལ་དེ་ཉིད་ཞུགས་ནས་སྤྱོད་པ་བསྒྱུར་བ་ཡིན་ཏེ། དེ་ཡང་སྙིང་པོ་བསྡུས་པར། འབྱུང་པོའི་གཟུགས་དང་རང་བཞིན་དང༌། །སྨྲ་དང་འགྲོ་སོགས་སྤྱོད་པ་དག །གང་ཞིག་འདྲ་གར་བྱེད་པ་རྣམས། །དེ་ལ་དེ་ནི་ཞུགས་པར་བཤད། །ཅེས་གསུངས་སོ། །

དབྱེ་བ་ཕྱེ་ན། ཟླ་ཟེར་ལས། དེ་ནི་ལྷ་དང་ལྷ་མིན་སོགས། །དབྱེ་ན་རྣམ་པ་བཅོ་བརྒྱད་བཤད། །ཅེས་པ་ལྟར་ལྷ་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ཚངས་པ་དང༌། སྲིན་པོ་དང༌། ཤ་ཟ་དང༌། ཡི་དྭགས་དང༌། གྲུལ་བུམ་དང༌། བྱད་སྟེམས་དང༌། གཡེང་བྱེད་དང༌། རོ་ལངས་དང༌། མཚུན་ལྷ་དང༌། བླ་མ་དང༌། དྲང་སྲོང་དང༌། རྒན་པོ་དང༌། གྲུབ་པ་ཞེས་བྱ་བའི་གདོན་ཆེན་བཅོ་བརྒྱད་དུ་བཤད་དོ། །

དེ་རྣམས་ངོས་འཛིན་པའི་སྤྱི་རྟགས་ནི་སྔར་བས་དད་པ་ཆེ་བ་དང་ཤེས་པ་རྒྱ་ཆེ་བ་སོགས་དང་ལུས་ངག་ཡིད་ཀྱི་སྤྱོད་པ་འགྱུར་ཞིང་གདོན་གང་གནོད་པ་དེའི་སྤྱོད་པ་བྱེད་དེ་ཡན་ལག་བརྒྱད་པར། ཤེས་དང་རྣམ་ཤེས་ཚིག་དང་ནི། །སྤྱོད་དང་སྙིང་སྟོབས་རང་བཞིན་གང༌། །གང་གི་རང་བཞིན་འགྱུར་བར་སྣང༌། །དེ་ལ་འབྱུང་པོའི་གདོན་ཡོད་བཤད། །ཅེས་སོ། །གཞན་ཡང་བློ་སེམས་རྟག་ཏུ་མི་བདེ་ཞིང་གཞན་ལ་སྤྲོ་ཐུང་བ་དང་ཤེས་པ་འཕྱོ་བ་སོགས་འབྱུང༌།

ཁྱད་པར་ལྷའི་གདོན་གྱིས་ཟིན་ན་སཾ་སྐྲྀ་ཏ་ཞེས་ལེགས་སྦྱར་ཏེ་ལྷའི་སྐད་ཡིན་ལ། མིའི་ཡུལ་དུ་སྒྲ་མདོ་བཞི་ལ་སོགས་པ་དང་མཐུན་པའི་སྐད་སྨྲ་ཞིང་ཚིག་སྙན་ལ་གཉིད་ཆུང་བ་དང་བཞིན་མདོག་ལེགས་ཤིང་གཙང་སྦྲ་ཆེ་སྟེ་ཟླ་ཟེར་ལས་ཀྱང༌། ལྷ་ཡི་གདོན་གྱིས་དབང་བྱས་པས། །གདོན་ནི་པདྨ་ཁ་ཕྱེ་འདྲ། །ཁ་ཟས་ལ་ནི་འདོད་པ་མེད། །ལྷ་དང་བྲམ་ཟེ་ལ་རབ་དགའ། །གཙང་ཞིང་སཾ་སྐྲྀ་ཏ་སྐད་སྨྲ། །ཡུན་རིང་ནས་ནི་མིག་འཛུམ་ཞིང༌། །ལུས་དྲི་ཞིམ་ཞིང་མཆོག་སྟེར་བྱེད། །གོས་ཕྲེང་དཀར་པོ་ཆུ་བོ་དང༌། །རི་མཐོ་ཁང་པ་མཐོ་ལ་དགའ། །གཉིད་མེད་ཚུགས་པ་མེད་པ་ཡིན། །ཞེས་སོ། །ལྷ་མིན་གྱི་གདོན་གྱིས་ཟིན་པ་ནི་ཤ་ཆང་གཉིས་ལ་དད་ཅིང་མིག་ཟུར་གྱིས་ཡོན་པོར་བལྟ་བ་དང༌། ཁྲོ་གཏུམ་དང་ང་རྒྱལ་ཆེ་ཞིང་བབ་ཆོལ་མང་སྟེ། སྙིང་པོ་བསྡུས་པར་ཡང༌། ལྷ་མིན་གདོན་གྱིས་ཟིན་པ་ནི། །ཡོན་པོར་བལྟ་ཞིང་རང་བཞིན་ངན། །ལྷ་དང་བླ་མ་བྲམ་ཟེ་དང༌། །འཇིགས་བྱེད་ཁེངས་ཤིང་དཔའ་བ་དང༌། །ཁྲོ་ཞིང་རྩོལ་བ་ཆེ་བ་དང༌། །ང་ནི་དྲག་པོ་ཁྱབ་འཇུག་དང༌། །སྐེམས་བྱེད་བརྒྱ་བྱིན་ཡིན་ཞེས་བྱ། །ཤ་དང་ཆང་ལ་དགར་ཤེས་བྱ། །ཞེས་སོ། །དྲི་ཟའི་གདོན་གྱིས་ཟིན་པ་ནི་སྒེག་ཅིང་གོས་དྲི་ཞིམ་པ་དང༌། རང་ལ་མགུ་སྟེ་གླུ་གར་རྩེད་འཇོ་སོགས་ལ་དགའ་ཞིང་རྒྱན་གྱི་རིགས་དམར་པོ་འདོད་པ་འབྱུང་དེ་ཡང་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དྲི་ཟའི་གདོན་གྱིས་ཟིན་པའི་རྟགས། །རང་སྤྱོད་ལ་དགའ་གོས་དྲི་ཞིམ། སྙིང་དགའ་གླུ་དང་གར་ཡང་བྱེད། །ཁྲུས་དང་སྐྱེད་མོས་ཚལ་ལ་དགའ། །གོས་ཕྲེང་བྱུག་པ་དམར་ལ་སྲེད། །དགོད་དང་རྩེད་མོ་ལ་མངོན་དགའ། །ཞེས་སོ། །ཀླུའི་གདོན་གྱིས་ཟིན་པ་ནི་མདངས་དང་ལྡན་ཅིང་མིག་དམར་པོ་འབུར་ཚུགས་སུ་བལྟ་ལ་དཀར་དང་དམར་གཉིས་འདོད་ཅིང་ལྕེ་མྱུལ་ལ་ཁ་བུབ་ཏུ་ཉལ་ཏེ། ཟླ་ཟེར་ལས་ཀྱང༌། ཀླུ་ཡི་གདོན་གྱིས་ཟིན་པའི་རྟགས། །མིག་དམར་ཁྲོ་ཞིང་མི་འགྱུར་ལྟ། །ཡོན་པོར་འགྲོ་ཞིང་གཡའ་བ་དང༌། །ཉིན་མཚན་དབུགས་རྒོད་ལྕེ་ལས་ནི། །ཁ་ཆུ་འཛག་ཅིང་ཁ་འགྲམ་བལྡག །བུ་རམ་འོ་མ་ཁྲུས་ལ་དགའ། །ཁ་བུབ་ཏུ་ནི་ཉལ་བར་བྱེད། །འདུག་མཐོང་ན་ནི་འཇིགས་པ་བྱེད། །ཅེས་སོ། །གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ནི་ཆས་སོགས་སྟེར་བ་ལ་དགའ་ཞིང་གསང་གཏམ་ཞེས་ཤུབ་བུར་སྨྲ་ལ། སྨན་པ་དང་བྲམ་ཟེ་གཉིས་ལ་སྡང་ཞིང་ཉ་ཤ་ལ་སྲེད་དེ། ཟླ་ཟེར་ལས། གནོད་སྦྱིན་གདོན་གྱིས་ཟིན་པའི་རྟགས། །མིག་དམར་བགྲད་ཅིང་སྐྲག་ལ་འགུལ། །ལུས་དྲི་ཞིམ་ཞིང་གཟི་མདངས་ལྡན། །གཏམ་དང་གླུ་དང་ཁྲུས་དང་ནི། །ཕྲེང་བ་བྱུག་པ་ལ་དགའ་ཞིང༌། །ཉ་ཡི་ཤ་སྲེད་དགའ་བ་དང༌། །དགའ་མགུ་སྟོབས་ཆེན་ནད་མེད་ལ། །ལག་རྩེ་བསྐྱོད་ཅིང་སུ་ཞིག་ལ། །ཅི་ཞིག་སྦྱིན་ཞེས་སྨྲ་བར་བྱེད། །གསང་ཚིག་སྨྲ་ཞིང་སྨན་པ་དང༌། །བྲམ་ཟེ་ལ་ནི་བརྙས་པར་བྱེད། །ཁྲོ་བ་ཆུང་ཞིང་མགྱོགས་འགྲོའོ། །ཞེས་སོ། །ཚངས་པའི་གདོན་གྱིས་ཟིན་པ་ནི་ཀྱེ་ཞེས་འབོད་ཅིང་བསྟན་བཅོས་འདོན་པ་དང༌། རང་ལ་རང་གིས་མཚོན་སོགས་བརྡེག་ཅིང་གཞན་ལ་གཤེ་ཞེས་འཇིགས་པ་སྟོན་ཞིང་དགོད་ལ་དགའ་སྟེ། ཡན་ལག་བརྒྱད་པ་ལས། ཚངས་པ་སྲིན་པོས་ཟིན་པའི་རྟགས། །དགོད་ཅིང་གར་ལ་དགའ་བ་དང༌། །སྤྱོད་པ་གཏུམ་ཞིང་གླགས་སྐབས་ཚོལ། །གཤེ་ཞིང་མྱུར་དུ་འགྲོ་བ་དང༌། སྨན་པ་བྲམ་ཟེ་ལྷ་ལ་སྡང༌། །རང་ལ་ཤིང་དང་མཚོན་སོགས་བརྡེག། ཀྱེ་ཞེས་བྱ་བའི་སྒྲ་སྒྲོག་ཅིང༌། །བསྟན་བཅོས་རིག་བྱེད་འདོན་པ་ཡིན། །ཞེས་སོ། །སྲིན་པོའི་གདོན་གྱིས་ཟིན་པ་ནི་སྟོབས་དང་ལྡན་ཞིང་ཚིག་རྩུབ་འདོན་པ་དང་དམར་གྱི་རིགས་ལ་བརྩི་སྟེ། ཟླ་ཟེར་ལས། སྲིན་པོའི་གདོན་གྱིས་ཟིན་པའི་རྟགས། །ཁྲོ་གཉེར་བཅས་པའི་ཁྲོ་བས་བལྟ། །སྟབས་བག་ཏུ་ནི་བྱེད་པ་དང༌། །བརྡེག་ཅིང་རབ་ཏུ་རྒྱུག་པ་དང༌། །ངུ་ཞིང་གདོང་ནི་འཇིགས་རུང་སྟོན། །ཟས་མ་ཟོས་ཀྱང་སྟོབས་དང་ལྡན། །གཉིད་མེད་མཚན་མོ་རྒྱུ་བ་དང༌། །ངོ་ཚ་གཙང་སྦྲ་མེད་ཅིང་དབལ། །འདུག་ཅིང་ཚིག་རྩུབ་སྨྲ་བ་དང༌། །ཁྲོ་ཞིང་ཕྲེང་བ་དམར་པོ་དང༌། །ཤ་འམ་ཁྲག་ནི་མཐོང་བ་ན། །མཆུ་ནི་ལྡག་པར་བྱེད་པ་དང༌། །ཟས་ཟའི་ཚེ་ན་སྒོངས་པ་ཡིན། །ཞེས་སོ། །ཤ་ཟའི་གདོན་གྱིས་ཟིན་པ་ནི་ངོ་གནོང་ཞིང་སྐད་གདངས་དམའ་ལ་སྐབས་སུ་འབོག་ཚུལ་སྟོན་པ་དང༌། དོན་མེད་དུ་ངུ་ཞིང་ས་འབྲད་ལ་འབྲེལ་མེད་ཀྱི་གཏམ་སྨྲ་སྟེ། ཟླ་ཟེར་ལས། ཤ་ཟའི་གདོན་གྱིས་ཟིན་པའི་རྟགས། །སེམས་ནི་བདེ་བར་མི་གནས་ཤིང༌། །ཡོངས་སུ་རྒྱུག་པར་བྱེད་པ་དང༌། །མི་གཙང་ལ་དགའ་གླུ་གར་དང༌། །དགོད་དང་ཆང་དང་ཤ་རློན་དགའ། །སྤྱོད་ངན་གདོང་ནི་སྣུམ་པ་དང༌། །རྒྱུ་མེད་པར་ནི་ངུ་བ་དང༌། །བདག་ཉིད་སེན་མོས་བྲུད་པ་དང༌། །ཁོང་རྩུབ་ལུས་ཉམས་སྐད་གསང་དམའ། །སྡུག་བསྔལ་བ་ནི་བརྡ་སྤྲོད་ཅིང༌། །འབྲེལ་དང་མི་འབྲེལ་ཚིག་མང་སྨྲ། །དྲན་པ་ཉམས་ཤིང་གནས་སྟོང་དགའ། །མི་བརྟན་གཅེར་བུ་དྲི་མ་ཅན། །སྲང་བར་འཁྱམས་པའི་གོས་གྱོན་ཞིང༌། །རྩ་ཡི་ཕྲེང་བ་རྒྱན་དུ་ཐོགས། །ཤིང་འཛེག་རྟ་ལ་ཞོན་པར་བྱེད། །དེ་བཞིན་ཕྱག་དར་ཕུང་པོར་འཛེག། མང་དུ་ཟ་བར་བྱེད་པ་ཡིན། །ཞེས་སོ། །ཡི་དྭགས་ཀྱི་གདོན་གྱིས་ཟིན་པ་ནི་ཡི་དྭགས་ཀྱི་སྤྱོད་ཚུལ་བྱེད་པ་སྟེ་ལུས་སྐེམ་ལ་ཡན་ལག་ཕྲ་ཞིང་ཟས་སྐོམ་ལ་གདུང་བ་དང༌། མི་འམ་ཅི་བྱུང་ཡང་འདར་ལ་འཇིགས་ཤིང་ཟས་མི་འདོད་དེ། ཡན་ལག་བརྒྱད་པས་ཀྱང༌། ཡི་དྭགས་གདོན་གྱིས་ཟིན་པའི་རྟགས། །སྤྱོད་ཚུལ་དྲི་ནི་ཡི་དྭགས་འདྲ། །སྡར་ཞིང་ཟས་ལ་མི་དགའ་དང༌། །རྩད་གཅོད་བྱེད་པ་ཡིན་ཞེས་བྱ། །ཞེས་སོ། །གྲུལ་བུམ་གྱི་གདོན་གྱིས་ཟིན་པ་ནི་ངོ་ནག་ཅིང་དལ་པོར་འགྲོ་བ་དང་རླིག་པ་སྐྲངས་པར་བྱེད་དེ། ཡན་ལག་བརྒྱད་པས་ཀྱང༌། གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། །མཆོག་མང་སྨྲ་ཞིང་ཁ་དོག་གནག། དལ་གྱིས་འགྲོ་བར་བྱེད་པ་དང༌། །རླིག་པ་སྐྲངས་ཤིང་འཕྱང་བ་ཡིན། །ཞེས་སོ། །བྱད་སྟེམས་ཀྱི་གདོན་གྱིས་ཟིན་པ་ནི་ཤིང་སོགས་འཛིན་ཅིང་གཅེར་བུར་རྒྱུག་པ་དང་གནས་སྟོང་དུ་འདུག་པར་བྱེད་དེ། ཟླ་ཟེར་ལས་ཀྱང༌། མི་ནི་བྱད་སྟེམས་ཟིན་པའི་རྟགས། །ཤིང་དང་བོང་བ་སོགས་ཐོགས་ཤིང༌། །ཚལ་པ་གྱོན་ཏེ་འགྲོ་བ་དང༌། །གཅེར་བུར་རྒྱུག་ཅིང་འཇིགས་བག་དང༌། །ལྟ་ལ་རྩྭ་ཡིས་རྒྱན་དུ་བྱེད། །དུར་ཁྲོད་གནས་ནི་སྟོང་པ་དང༌། །སྲང་བར་ཤིང་གཅིག་བསྟེན་པ་དང༌། །ཏིལ་ཟས་ཤ་དང་ཆང་ལ་ནི། །རྟག་ཏུ་མིག་ནི་ཆགས་པ་དང༌། །ཚིག་རྩུབ་དེ་ནི་སྨྲ་བ་ཡིན། །ཞེས་སོ། །གཡེང་བྱེད་ཀྱི་གདོན་གྱིས་ཟིན་པ་ནི་ཆུ་འདོད་ཅིང་དངངས་ཚིག་འདོན་ལ་ཟས་མི་འདོད་དེ། བརྒྱད་པའི་སྙིང་པོ་བསྡུས་པར། གཡེང་བྱེད་ཀྱིས་ནི་ཟིན་པའི་རྟགས། །ཆུ་འདོད་ཟས་ནི་མི་སློང་དང༌། །དངངས་ཤིང་མིག་ནི་དམར་བ་དང༌། །ཚིག་རྩུབ་སྨྲ་བར་ཤེས་པར་བྱ། །ཞེས་སོ། །རོ་ལངས་ཀྱི་གདོན་གྱིས་ཟིན་པ་ནི་བདེན་པར་སྨྲ་ཞིང་གཉིད་ཆེ་ལ་རྒྱན་གྱི་རིགས་ལ་དགའ་ཞིང་འདར་བ་འབྱུང་སྟེ། ཡན་ལག་བརྒྱད་པ་ལས། རོ་ལངས་གདོན་གྱིས་ཟིན་པའི་རྟགས། །དྲི་དང་ཕྲེང་བ་ལ་དགའ་ཞིང༌། །ཚིག་བདེན་སྨྲ་ལ་ཡོངས་སུ་འདར། །གཉིད་ཆེ་བར་ནི་ཤེས་པར་བྱ། །ཞེས་སོ། །མཚུན་ལྷའི་གདོན་ནི་ཡི་དྭགས་ལ་ལ་ཕ་མེས་ཤིང་དེར་བརྫུས་ནས་དུར་དུ་གནས་པ་དང་ཤི་བ་དེའི་རྟགས་ཆ་ལུགས་བཟུང་བ་ཉེ་འབྲེལ་ལ་འབབ་པ་དེ་ལ་མཚུན་ལྷ་འམ་ཤིན་ངོག་ཅེས་བྱ་བས་ཟིན་པ་ནི་ཁ་སྐམ་ཞིང་མིག་ཡང་ཡང་འཛུམ་ལ་གཡོན་ངོས་ནས་གོས་གོན་ཏེ། སྙིང་པོ་བསྡུས་པར། ཡི་དྭགས་མཚུན་ལྷའི་གདོན་གྱི་རྟགས། །མིག་ནི་གསལ་ཞིང་བཞིན་རས་སྣུམ། །རྐན་ནི་སྐམ་པར་བྱེད་པ་དང༌། །མིག་དང་རྫི་མ་བསྐྱོད་པ་དང༌། །གཉིད་ཆེ་མེ་དྲོད་ཆུང་བ་དང༌། །གཡོན་ཕྱོགས་ནས་ནི་གོས་གྱོན་ཞིང༌། །ཤ་དང་བུ་རམ་ཏིལ་ལ་དགའ། །ཚིལ་འཁུལ་བ་ནི་ཡིན་ཞེས་བྱེད། །ཅེས་སོ། །བླ་མ་ནི་གཟའ་ཕུར་བུ་ལ་ལྷའི་བླ་མ་ཞེས་དེ་དང་མཚུངས་པའི་རིགས་དང༌། དྲང་སྲོང་ནི་གཙུག་གཏོར་དུ་ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་ནུས་པ་རྣམས་ལ་ཞེས་པ་དང༌། རྒན་པོ་ནི་ལྷའི་ནང་དུ་རིགས་དང་ཐོས་པས་རྒན་པ་སྐྱེ་དགུའི་བདག་པོར་རློམ་པ་རྣམས་དང༌། གྲུབ་པ་ནི་རིགས་སྔགས་འཆང་འགྲུབ་སྟེ་ལྷའི་རིག་འཛིན་བཅས་པ་བཞི་པོ་དེས་ཟིན་རྟགས་ནི་རང་རང་གི་སྤྱོད་ལམ་དང་ཁ་ཟས་ཀྱང་གདོན་དེ་དང་མཐུན་ནོ། །འདི་ལ་ཡན་ལག་བརྒྱད་པར། བླ་མ་དྲང་སྲོང་རྒན་དང་གྲུབ། །དམོད་པས་སེམས་ཀྱི་རྗེས་མཐུན་པས། །སྤྱོད་ལམ་ཁ་ཟས་རང་བཞིན་ལས། །ཅི་འདྲར་གདོན་ནི་དེ་ཡིན་བཤད། །ཅེས་དང༌། འདི་དག་ཕལ་ཆེར་ནི་དམོད་པ་དང་སྔགས་ཀྱི་མཐུ་ལས་དེ་མཐུན་གྱི་གདོན་དང་ནད་འབྱུང་སྟེ། མདོ་ལས། ལྷའི་བུ་དབང་བསྒྱུར་དང་བདུད་དང་མ་མོ་སོགས་ལ་རིག་སྔགས་ཡོད་པས་དེ་ཁྲོས་པས་དེ་མཐུན་གྱི་ཆོ་འཕྲུལ་དཔག་མེད་འབྱུང་བར་གསུངས་པ་ལྟར་གདོན་འདི་རྣམས་ཕལ་ཆེར་རིག་སྔགས་སོགས་ལོག་པར་གྲུབ་པ་ལས་བྱུང་བའོ། །དེ་ལྟར་བཤད་པ་གང་འདྲ་ཞིག་གི་གདོན་རིགས་ཀྱིས་ཟིན་ཡང་བྱིས་པ་གཞོན་ནུའི་ཚོགས་དང་འགྲོགས་ཤིང་གཅེར་བུར་འབུད་པ་སྟེ་གཅེར་བུར་གནས་པ་དང༌། སྐྲ་གྱེན་དུ་བརྫེས་ཤིང་བློ་སེམས་མི་བདེ་ཞིང་དུས་ཚིགས་ཡུན་རིང་ལོ་ལོན་པའི་གདོན་དེ་བཅོས་ཀྱང་གསོར་མི་རུང་བས་ཡོངས་སུ་སྤང་དགོས་ཏེ། ཟླ་ཟེར་ལས། གཞོན་ནུའི་ཕྱོགས་ཀྱི་རྗེས་འབྲང་ཞིང༌། །གཅེར་བུ་སྐྲ་ནི་གྱེན་དུ་བརྫེས། །ཡིད་མི་བདེ་ཞིང་དུས་ཚིགས་ནི། །ཡུན་རིང་གྱུར་པའི་གདོན་དེ་སྤང༌། །ཞེས་སོ། །

དེ་རྣམས་བཅོས་པའི་ཐབས་ཡི་དམ་ཞི་དྲག་གི་སྔགས་བཟླ་བ་དང༌། གཏོར་མ་སྦྱིན་པ། ཞི་བ་དྲག་པོའི་སྦྱིན་སྲེག་སོགས་དང༌། རྒྱལ་བའི་གསུང་རབ་ཀློག་འདོན། མཉམ་འཇོག་ནི་མཉམ་པར་འཇོག་པ་སྟེ་སེམས་རྩེ་གཅིག་པའི་དོན་ནོ། །འཇོག་རྒྱུ་ནི་ཚད་མེད་བཞི་བྱང་ཆུབ་ཀྱི་སེམས་རིམ་གཉིས་ཟུང་འཇུག་སྟོང་ཉིད་སྙིང་རྗེ་དབྱེར་མེད་སོགས་དང་བསྙེན་སྒྲུབ་ནི་བསྙེན་པ་ལྷའི་བསྐྱེད་རིམ་བསྒོམས་ནས་རང་སྔགས་འབྲུ་འབུམ་ཐེམས་པར་བྱེད་པའོ། །སྒྲུབ་པ་ནི་དཀྱིལ་འཁོར་དུ་གཞུང་ཕྱི་ནང་གསང་བའི་སྒྲུབ་པ་མཚན་རྟགས་མ་བྱུང་གི་བར་དུ་བསྒྲུབ་བོ། །ཚོགས་བསག་པ་རྒྱུ་བསོད་ནམས་ཀྱི་ཚོགས་སྦྱིན་པ་ཚུལ་ཁྲིམས་བཟོད་པ། འབྲས་བུ་ཤེས་རབ་ཀྱི་ཚོགས་བསམ་གཏན་ཤེས་རབ་སྟེ་ཚོགས་གཉིས། བརྩོན་འགྲུས་ཆེན་པོས་བསགས་པས་འབྱུང་པོའི་གདོན་རིགས་འདི་ཉིད་ཞི་བར་བྱེད་པ་ཡིན་ཏེ། ཟླ་ཟེར་ལས། འབྱུང་པོ་འཚེ་བར་མི་འདོད་དང༌། །བཟླས་དང་སྦྱིན་སྲེག་གཏོར་མ་དང༌། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང༌། །སྦྱིན་ཤེས་བརྩེ་ལ་སོགས་པས་བསལ། །ཞེས་སོ། །གཞན་ཡང་སྨན་གྱིས་བཅོས་པ་བྱ་ཀྲྀ་ཞེས་ཀཎྜ་ཀ་རི། སྤང་སྤོས། ཤུ་དགརྨ་བྱའི་སྒྲོ། ཤིང་ཀུན། སྦྲུལ་ལྤགས། སྲན་ཕུབ། བྱི་ལའི་བྲུན་རྣམས་ཆ་མཉམ་དུ་སྦྱར་བའི་དུ་བས་བདུགས་པས་འབྱུང་པོའི་རིག་རྣམས་འབྱེར་བ་དང༌། ཙན་དན་དཀར་དམར། གུར་ཀུམ། སུག་སྨེལ། འབྲས་བུ་ཨ་བར་སྐྱུར་གསུམ། བྱ་ཀྲྀ་སྟེ་ཀཎྜ་ཀ་རི། སྐྱེར་པ། སྒྲོན་ཤིང༌། ཚ་བ་སྒ་པི་ཕོ་གསུམ། གནྡྷ་པ་ཏྲ་དང༌། དུག་མོ་ཉུང༌། པུ་ཤེལ་ཙེ། ཡུངས་ཀར། སྔོ་རྒྱ་སྤོས། ཤུག་པ། པྲི་ཡངྐུ། དབྱི་མོང་དཀར་པོའི་མེ་ཏོག རུ་རྟ། ཧོང་ལེན། བོང་ང་དཀར་པོ། སྤང་མ་ལྡོང་རོས། བ་གླང༌། རྟ་བོང༌། ར་ལུག་བཅས་པའི་གཅིན་དྲུག་རྣམས་མར་རྙིང་ལ་སྦྱར་བ་ཁུས་འདེབས་སྨན་མར་ཞེས་བྱ་སྟེ་བཟའ་བ་དང༌། བྱུག་པ་དང༌། སྣར་བླུག་པས་གདོན་ལས་མྱུར་དུ་གྲོལ་ལོ། །རིག་སྔགས་གཟུངས་གྲྭ་ལྔ་སོ་སོའི་གཞུང་ནས་བྱུང་བའི་མཆོད་པ་ཕུལ་ཞིང་གཟུངས་ལྔ་པོ་དེ་བསྒྲགས་ན་ཕན་ཏེ། བརྒྱད་པ་ལས། རིག་སྔགས་རྒྱལ་མོ་རྨ་བྱ་ཆེ། གཙང་བྱས་དེ་ལ་རྟག་ཏུ་བསྒྲག། ཅེས་སོ། །གཏོར་མ་བགེགས་གཏོར་སོགས་སྤྱི་མཐུན་བཤམས་ལ་རིན་ཆེན་སྣ་ཚོགས། དྲི་སྣ་སྤོས་སྣ་ཚོགས། འབྲུ་སྣ་ཚོགས་དང༌། མེ་ཏོག་སྣ་ཚོགས། འབྲས་ཆན་ཁུ་བ་ཞེས་ཀྱང་འབྲས་ཆང༌། སྣུམ་ཁུར། དཀར་འོ་མ་ཞོ་མར་གསུམ་མངར་ཤེལ་དཀར་བུར་སྦྲང་གསུམ་རྣམས་སྦུངས་ཏེ་ཆ་གསུམ་གྱི་གཏོར་མ་གཞུང་ལྟར་བཏང་སྟེ། ལྷ་དང༌། བླ་མ་དང༌། དྲང་སྲོང་དང༌། གྲུབ་པ་དང༌། རྒན་པོ་ལྔ་ལ་ལྷའི་ཁང་པར་ཞེས་ལྷ་ཁང་ངམ་མཆོད་ཁང་དུ་བཏང༌། ལྷ་ལ་གཏོར་མ་བྱང་ཕྱོགས་སུ་སྐྱེལ། དེ་བཞིན་དུ་ལྷ་མིན་ལ་ནུབ་ཕྱོགས་སུ་བྱིན། དྲི་ཟའི་གདོན་ལ་བ་ལང་འགྲོ་བའི་ལམ་བཞི་མདོར་སྟེར་བ་དང༌། ཀླུ་དང་མཚུན་ལྷ་ལ་ཕུ་ཆུ་སོགས་འབབ་ཆུའི་འགྲམ་དུ་བྱིན་པ་དང༌། གནོད་སྦྱིན་ལ་འབབ་ཆུ་སོགས་གཉིས་འདུས་པའི་གནས་སུ་བཏང༌། སྲིན་པོ་ལ་ལམ་བཞི་མདོ་དང༌། ཚངས་པ་ལ་ཤར་དུ་མཆོད་ཅིང༌། ཤ་ཟ་ལ་ནི་ཕྱོགས་ནུབ་ཀྱི་ཁང་སྟོང་དུ་གཏོང་ཞིང༌། གཞན་ཡང་གདོན་གྱི་ཕྱོགས་དང་མཐུན་པར་བསྐྱལ་ལོ། །གཏོར་མ་དང་སྦྱིན་སྲེག་སྨན་དུད་ལ་སོགས་པ་དེ་རྣམས་དམིགས་སུ་འགྲོ་བར་བྱེད་ན་ཁྱད་པར་རང་རང་གིས་འཛིན་པའི་དུས་ཚེས་དེ་གར་དགོས་ཏེ་དེ་ནི་ཡན་ལག་བརྒྱད་པ་ལས། ལྷ་ཡི་གདོན་ནི་ཡར་ངོ་ཡི། །ཚེས་གཅིག་བཅུ་གསུམ་དག་ལ་འཛིན། །ལྷ་མིན་གདོན་ནི་ཡར་ངོ་ཡི། །བཅུ་གསུམ་མར་ངོ་བཅུ་གཉིས་ལ། །དྲི་ཟའི་གདོན་ནི་བཅུ་བཞི་དང༌། །བཅུ་གཉིས་དག་ལ་འཛིན་པར་བྱེད། །ཀླུ་གདོན་ཚེས་ལྔ་ལ་འཛིན་བྱེད། །གནོད་སྦྱིན་གདོན་ནི་ཡར་ངོ་ཡི། །ཚེས་བདུན་བཅུ་གཅིག་དག་ལ་འཛིན། །ཚངས་པ་སྲིན་པོ་ཡར་ངོ་ཡི། །ཚེས་བརྒྱད་བཅོ་ལྔ་དག་ལ་འཛིན། །སྲིན་པོ་ཤ་སོགས་མར་ངོ་ཡི། །ཚེས་གཅིག་ཚེས་དགུ་བཅུ་གཅིག་ལ། །མཚུན་ལྷ་གནམ་སྟོང་ཚེས་བཅུ་དང༌། །བརྒྱད་དང་དགུ་པ་དག་ལ་འཛིན། །རྒན་པོ་ལ་སོགས་གཞན་དག་ནི། །ཕལ་ཆེར་དུས་དེའི་ཐུན་མཚམས་ལའོ། །ཞེས་འབྱུང་ལ། དེའི་ཡར་ངོ་ནི་ཚེས་གཅིག་ནས་བཅོ་ལྔའི་བར་དང༌། མར་ངོ་ནི་བཅུ་དྲུག་ནས་སྟོང་གི་བར་རོ། །ཡང་དེ་ཉིད་དུ། གདོན་ནི་ཉི་མ་གང་གང་ལ། །འཛིན་པའི་ཉི་མ་དེ་དང་དེར། །མཆོག་ཏུ་སྦྱིན་སྲེག་གཏོར་མ་སོགས། །སྨན་པས་རབ་ཏུ་འབད་དེ་བྱ། །ཁྲུས་དང་གོས་དང་ཤ་དང་ཚིལ། །ཆང་དང་མར་དང་བུ་རམ་སོགས། །གང་ཞིག་གང་ལ་སྲེད་གྱུར་པ། །དེ་ཚེ་དེ་ནི་དེ་ལ་བྱིན། །ཞེས་དང༌། ཡང༌། ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་བྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཆེ་བ་དེ་ཁྲོས་ནས། །ནད་པ་སྨན་པ་བཅས་གསོད་བྱེད། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །མགོན་པོ་ཕྱག་ནི་བཅུ་གཉིས་པ། །ནད་ནི་གསོ་བར་མཛད་པ་ཡི། །སྔགས་བཟླས་པས་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱེད་བརྗེད་བྱེད་དང༌། །གཞན་ཡང་སེམས་འཁྲུལ་འཇོམས་པར་བྱེད། །ཅེས་འབྱུང་བས་དུས་དེ་རྣམས་སུ་དོན་མ་འཁྲུལ་བར་གཉེན་པོའི་རིགས་བསྟེན་དགོས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གདོན་ནད་ཀྱི་ནང་ཚན་འབྱུང་པོའི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།