སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བདུན་པ། འབྱུང་པོའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་བདུན་པ། འབྱུང་པོའི་གདོན་གསོ་བ།

དེ་ལ་ལེའུ་དོན་བདུན་པ་འབྱུང་པོའི་གདོན་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འབྱུང་བོའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་འབྱུང་བོའི་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ་མཚན་ཉིད་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བསྟན་པ་སྟེ་ལྔའོ། གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་ཡ་ག་ཅན་ཞེས་པ་སྤྱིར་གྲགས་པ་ཅན་ལ་ཟེར་ཞིང༌། འདིར་བསམ་ཡས་པ་ལྟ་བུ་དཀོར་བདག་གྲགས་པ་ཅན་བེ་ཧར་སོགས་ཡོད་པའི་རྫས་ལ་འབགས་པ་དང༌། གཙེས་ཞེས་པ་སྟེ། གནོད་བསྐྱལ་བ་དང༌། བརྙས་བཅོས་ཁྱད་གསོད་བྱས་པའོ། །མཆོད་འོས་ཆག་པ་ཞེས། དཀོན་ཅོག་གསུམ་དང༌། ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་སོགས་ལ་གསོལ་མཆོད་ཆག་པའོ། །ཞེས་དང༌། ཡན་ལག་བརྒྱད་པར། དེ་ཡིས་རྒྱུ་ནི་ཕྲལ་གཏམ་ནི། །སྔོན་ཆད་ཤེས་རབ་འཆལ་བ་ཡིས། །བློ་ཡིས་ཉེས་པ་བྱས་གྱུར་ནས། །དེ་ཡིས་ཆགས་པ་སོགས་སྐྱེས་ནས། །བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་དང༌། །གཞུང་ལུགས་ཉམས་པ་དེ་དག་ནི། །སྡིག་དང་བདག་ནི་གསོ་བྱེད་ན། །གདོན་ནི་གླགས་སྐབས་འཚོལ་བྱེད་པས། །ལྷ་ལ་སོགས་པས་རྫས་གནོད་བྱེད། །ཅེས་འབྱུང་ངོ༌། །མི་འཚམ་ཞེས་པ་ནི། རྩིང་སྤྱོད་བྱེད་པ་སྟེ། དེ་ཉིད་ལས། གཅེར་བུར་རྒྱུའམ་བླ་མ་སྨོད། །ཁྲིམས་ཀྱི་ཚུལ་མི་སྤྱོད་པ་དང༌། །གཙང་སྦྲ་མེད་པར་ལྷ་མཆོད་དང༌། །མི་གཙང་གཞན་དང་འདྲེས་པ་དང༌། །སྦྱིན་སྲེག་སྔགས་རྟོགས་མཆོད་སྦྱིན་རྣམས། །ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། །མདོར་ན་ཉིན་རེ་སྤྱོད་སོགས་པར། །སྤྱོད་པ་བསྟན་ལས་ལོག་པའམ། །ཞེས་སོགས་སོ།།

        གཉིས་པ་མཚན་ཉིད་བཤད་པ་ནི། མཚན་ཉིད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་བསྡུས་པར། འབྱུང་པོའི་གཟུགས་དང་རང་བཞིན་དང༌། །སྨྲ་དང་འགྲོ་སོགས་སྤྱོད་པ་དང༌། །གང་ཞིག་འདྲེས་པར་བྱེད་པ་དག །དེ་ལ་དེ་ནི་ཞུགས་པར་བཤད། །ཅེས་གསུངས་སོ། །གསུམ་པ་དབྱེ་བ་ནི། དབྱེ་བ་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་གདོན་དེ་རྣམས་སོ་སོར་དབྱེ་ན། ལྷ་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ཚངས་པ་དང༌། སྲིན་པོ་དང༌། ཤ་ཟ་དང༌། ཡི་དྭགས་དང༌། གྲུལ་བུམ་དང༌། བྱད་སྟེམས་དང༌། གཡེངས་བྱེད་དང༌། རོ་ལངས་དང༌། མཚུན་ལྷ་དང༌། བླ་མ་དང༌། དྲང་སྲོང་དང༌། རྒན་པོ་དང༌། གྲུབ་པ་དང་བཅོ་བརྒྱད་དུ་བཤད་དེ། ཟླ་ཟེར་ལས། དེ་ནི་ལྷ་དང་ལྷ་མིན་སོགས། །དབྱེ་ན་རྣམ་པ་བཅོ་བརྒྱད་བཤད། །ཅེས་པ་ལ་སོགས་པའོ། །བཞི་པ་རྟགས་བཤད་པ་ལ་གསུམ། སྤྱིའི་རྟགས་དང་ཁྱད་པར་གྱི་རྟགས་དང༌། སྤང་བྱ་གསུམ་མོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་སྤྱོད་ཅེས་པར། ཡན་ལག་བརྒྱད་པར། ཤེས་དང་རྣམ་ཤེས་ཚིག་དང་ནི། །སྤྱོད་དང་སྙིང་སྟོབས་རང་བཞིན་དག །གང་གི་རང་བཞིན་འགྱུར་བར་སྣང༌། །དེ་ལ་འབྱུང་བོའི་གདོན་ཡོད་བཤད། །ཅེས་སོ། །གཉིས་པ་ཁྱད་པར་གྱི་རྟགས་སོ་སོར་བཤད་པ་ལ་བཅོ་བརྒྱད་ལས། དང་པོ་ནི། ལྷ་གདོན་ཞེས་འབྲུ་བདུན་དང་རྐང་པ་གཅིག་གིས་བསྟན་ཏེ། སཾ་ཀྲྀ་ཏ་ཞེས་པ་ལེགས་སྦྱར་ཅེས་པ་སྟེ་ལྷའི་སྐད་ཡིན་ལ། མིའི་ཡུལ་དུ་ནི་སྒྲ་མདོ་བཞི་ལ་སོགས་པ་དང་མཐུན་པར་སྨྲ་བའོ་ཞེས་དང༌། ཡང་དེའི་རྟགས་ནི། ཟླ་ཟེར་ལས། ལྷ་ཡི་གདོན་གྱི་དབང་བྱས་པས། །གདོན་ནི་པདྨ་ཁ་ཕྱེ་འདྲ། །ཁ་ཟས་ལ་ནི་འདོད་པ་མེད། །ལྷ་དང་བྲམ་ཟེ་ལ་རབ་དགའ། །གཙང་ཞིང་སཾ་སྐྲྀ་ཏ་སྐད་སྨྲ། །ཡུན་རིང་ནས་ནི་མིག་འཛུམ་ཞིང༌། །ལུས་དྲི་ཞིམ་ཞིང་མཆོག་སྟེར་བྱེད། །གསོ་ཕྲེང་དཀར་པོ་ཆུ་བོ་དང༌། །རི་མཐོ་ཁང་པ་མཐོ་ལ་དགའ། །གཉིད་མེད་ཚུགས་པ་མེད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། ལྷ་མིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མིག་ཟུར་ལྟ་ཞེས་པར། སྙིང་བོ་བསྡུས་པར། ལྷ་མིན་གདོན་གྱིས་ཟིན་པ་ནི། །ཡོན་པོར་ལྟ་ཞིང་རང་བཞིན་ངན། །ལྷ་དང་བླ་མ་བྲམ་ཟེ་དང༌། །འཇིགས་བྱེད་ཁེངས་ཤིང་དཔའ་བ་དང༌། །ཁྲོ་ཞིང་རྩོལ་བ་ཆེ་བ་དང༌། །དེ་ནི་དྲག་པོ་ཁྱག་འཇུག་དང༌། །སྐེམས་བྱེད་བརྒྱ་བྱིན་ཡིན་ཞེས་བྱ། །ཤ་དང་ཆང་ལ་དགར་ཤེས་བྱ། །ཞེས་སོ། །གསུམ་པ་ནི། དྲི་ཟ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དྲི་ཟའི་གདོན་གྱིས་ཟིན་པའི་རྟགས།  །རང་སྤྱོད་ལ་དགའ་གོས་དྲི་ཞིམ། །སྙིང་དགའ་གླུ་དང་གར་ཡང་བྱེད། །ཁྲུས་དང་སྐྱེད་མོས་ཚལ་ལ་དགའ། །གསོ་ཕྲེང་བྱུག་པ་དམར་ལ་སྲེད། །རྒོད་དང་རྩེད་མོ་ལ་མངོན་དགའ། །ཞེས་སོ། །བཞི་པ་ནི། ཀླུ་གདོན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དེ་ལ་ཟླ་ཟེར་ལས། ཀླུ་ཡི་གདོན་གྱིས་ཟིན་པའི་རྟགས། །མིག་དམར་ཁྲོ་ཞིང་མི་འགྱུར་ལྟ། །ཡོན་པོར་འགྲོ་ཞིང་གཡའ་བ་དང༌། །ཉིན་མཚན་དབུགས་རྒོད་ལྕེ་ལས་ནི། །ཁ་ཆུ་འཛག་ཅིང་ཁ་འགྲམ་བལྡག །བུ་རམ་འོ་མ་ཁྲུས་ལ་དགའ། །ཁ་བུག་ཏུ་ནི་ཉལ་བར་བྱེད། །འདུག་མཐོང་ན་ནི་འཇིགས་པ་བྱེད། །ཅེས་སོ། །ལྔ་པ་ནི། གནོད་སྦྱིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལའང་དེ་ཉིད་ལས། གནོད་སྦྱིན་གདོན་གྱིས་ཟིན་པའི་རྟགས། །མིག་དམར་བགྲད་ཅིང་སྐྲག་ལ་འགུལ། །ལུས་དྲི་ཞིམ་ཞིང་གཟི་མདངས་ལྡན། །གཏམ་དང་གླུ་དང་ཁྲུས་དང་ནི། །འཕྲེང་བ་བྱུག་པ་ལ་དགའ་ཞིང༌། །ཉ་ཡི་ཤ་སྲེད་དགའ་བ་དང༌། །དགའ་མགུ་སྟོབས་ཆེན་ནད་མེད་ལ། །ལག་རྩེ་བསྐྱོད་ཅིང་སུ་ཞིག་ལ། །ཅི་ཞིག་སྦྱིན་ཞེས་སྨྲ་བར་བྱེད། །གསང་ཚིག་སྨྲ་ཞིང་སྨན་པ་དང༌། །བྲམ་ཟེ་ལ་ནི་བརྙས་པར་བྱེད། །ཁྲོ་བ་ཆུང་ཞིང་མགྱོགས་འགྲོའོ། །ཞེས་གསུངས་སོ། །དྲུག་པ་ནི། ཚངས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ།

        ཡན་ལག་བརྒྱད་པ་ལས། ཚངས་པ་སྲིན་པོས་ཟིན་པའི་རྟགས། །རྒོད་ཅིང་གར་ལ་དགའ་བ་དང༌། །སྤྱོད་པ་གཏུམ་ཞིང་གླགས་སྐབས་ཚེལ། །གཤེ་ཞིང་མྱུར་དུ་འགྲོ་བ་དང༌། །སྨན་པ་བྲམ་ཟེ་ལྷ་ལ་སྡང༌། །རང་ལ་ཤིང་དང་མཚོན་སོགས་བརྡེག །ཀྱེ་ཞེས་བྱ་བའི་སྒྲ་སྒྲོག་ཅིང༌། །བསྟན་བཅོས་རིག་བྱེད་འདོན་པ་ཡིན། །ཞེས་སོ། །བདུན་པ་ནི། སྲིན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ། ཟླ་ཟེར་ལས། སྲིན་པོའི་གདོན་གྱིས་ཟིན་པའི་རྟགས། །ཁྲོ་གཉེར་བཅས་པའི་ཁྲོ་བས་ལྟ། །སྟབས་བག་ཏུ་ནི་བྱེད་པ་དང༌། །བརྡེག་ཅིང་རབ་ཏུ་རྒྱུག་པ་དང༌། །དུ་ཞིང་གདོང་ནི་འཇིགས་རུང་སྟོན། །ཟས་མ་ཟོས་ཀྱང་སྟོབས་དང་ལྡན། །གཉིད་མེད་མཚན་མོ་རྒྱུ་བ་དང༌། །ངོ་ཚ་གཙང་སྦྲ་མེད་ཅིང་དབལ། །འདུག་ཅིང་ཚིག་རྩུབ་སྨྲ་བ་དང༌། །ཁྲོ་ཞིང་ཕྲེང་བ་དམར་པོ་དང༌། །ཤའམ་ཁྲག་ནི་མཐོང་བ་ན། མཆུ་ནི་བལྡག་པར་བྱེད་པ་དང༌། །ཟས་ཟའི་ཚེ་ན་སྤོངས་པ་ཡིན། །ཞེས་སོ། །བརྒྱད་པ་ནི། ཤ་ཟ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཉིད་ལས། ཤ་ཟའི་གདོན་གྱིས་ཟིན་པའི་རྟགས། །སེམས་ནི་བདེ་བར་མི་གནས་ཤིང༌། །ཡོངས་སུ་རྒྱུག་པར་བྱེད་པ་དང༌། །མི་གཙང་ལ་དགའ་གླུ་གར་དང༌། །རྒོད་དང་ཆང་དང་ཤ་རློན་དགའ། །སྤྱོད་ངན་གདོང་ནི་སྣུམ་པ་དང༌། །རྒྱུ་མེད་པར་ནི་ངུ་བ་དང༌། །བདག་ཉིད་སེན་མོས་དྲུད་པ་དང༌། །ཁོང་རྩུབ་ལུས་ཉམས་སྐད་གསང་དམའ། །སྡུག་བསྔལ་བ་ནི་བརྡ་སྤྲོད་ཅིང༌། །འབྲེལ་དང་མི་འབྲེལ་ཚིག་མང་སྨྲ། །དྲན་པ་ཉམས་ཤིང་གནས་སྟོང་དགའ། །མི་བརྟན་གཅེར་བུ་དྲི་མ་ཅན། །སྲང་བར་འཁྱམས་པའི་གོས་གྱོན་ཞིང༌། །རྩ་ཡི་འཕྲེང་བ་རྒྱན་དུ་ཐོགས། །ཤིང་འཛེག་རྟ་ལ་ཞོན་པར་བྱེད། །དེ་བཞིན་ཕྱག་དར་ཕུང་བོར་འཛེག །མང་དུ་ཟ་བར་བྱེད་པ་ཡིན། །ཞེས་སོ། །དགུ་པ་ནི། ཡི་དྭགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་ཡན་ལག་བརྒྱད་པར། ཡི་དྭགས་གདོན་གྱིས་ཟིན་པའི་རྟགས། །སྤྱོད་ཚུལ་དྲི་ནི་ཡི་དྭགས་འདྲ། །སྔར་ཞིང་ཟས་ལ་མི་དགའ་དང༌། །རྩད་གཅོད་བྱེད་པ་ཡིན་ཞེས་བྱ། །ཞེས་སོ།།

        བཅུ་པ་ནི། གྲུལ་བུམ་ཞེས་རྐང་པ་གཅིག་སྟེ། དེ་ལ་ཡང་དེ་ཉིད་ལས། གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། །མཆོག་མང་སྨྲ་ཞིང་ཁ་དོག་གནག །དལ་གྱིས་འགྲོ་བར་བྱེད་པ་དང༌། །རླིག་པ་སྐྲངས་ཤིང་འཕྱང་བ་ཡིན། །ཅེས་གསུངས་སོ། །བཅུ་གཅིག་པ་ནི། བྱད་སྟེམས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟླ་ཟེར་ལས། མི་ནི་བྱད་སྟེམས་ཟིན་པའི་རྟགས། །ཤིང་དང་བོང་བ་སོགས་ཐོག་ཤིང༌། །ཚལ་པ་གྱོན་ཏེ་འགྲོ་བ་དང༌། །གཅེར་བུར་རྒྱུག་ཅིང་འཇིགས་བག་ཏུ། །ལྟ་ལ་རྩ་ཡིས་རྒྱན་དུ་བྱེད། །དུར་ཁྲོད་གནས་ནི་སྟོང་པ་དང༌། །སྲང་བར་ཤིང་གཅིག་བསྟེན་པ་དང༌། །ཏིལ་ཟས་ཤ་དང་ཆང་ལ་ནི། །རྟག་ཏུ་མིག་ནི་ཆགས་པ་དང༌། །ཚིག་རྩུབ་དེ་ནི་སྨྲ་བ་ཡིན། །ཞེས་སོ། །བཅུ་གཉིས་པ་ནི། གཡེང་བྱེད་ཅེས་རྐང་པ་གཅིག་སྟེ། དེ་ཡང་བརྒྱད་པའི་སྙིང་པོ་བསྡུས་པར། གཡེང་བྱེད་ཀྱིས་ནི་ཟིན་པའི་རྟགས། །ཆུ་འདོད་ཟས་ནི་མི་སློང་དང༌། །སྔགས་ཤིང་མིག་ནི་དམར་བ་དང༌། །ཚིག་རྩུབ་སྨྲ་བར་ཤེས་པར་བྱ། །ཞེས་སོ། །བཅུ་གསུམ་པ་ནི། རོ་ལངས་ཞེས་རྐང་པ་གཅིག་སྟེ། དེ་ཡང་ཡན་ལག་བརྒྱད་པ་ལས། རོ་ལངས་གདོན་གྱིས་ཟིན་པའི་རྟགས། །དྲི་དང་འཕྲེང་བ་ལ་དགའ་ཞིང༌། །ཚིག་བདེན་སྨྲ་ལ་ཡོངས་སུ་འདོར། །གཉིད་ཆེ་བར་ནི་ཤེས་པར་བྱ། །ཞེས་སོགས་སོ། །བཅུ་བཞི་པ་ནི། མཚུན་ལྷ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མཚུན་ལྷ་ནི་བསྡུས་པར། ཡི་དྭགས་མཚུན་ལྷའི་གདོན་གྱི་རྟགས། །མིག་ནི་གསལ་ཞིང་བཞིན་རས་སྣུམ། །རྐན་ནི་སྐམས་པར་བྱེད་པ་དང༌། །མིག་དང་རྫི་མ་སྐྱོད་པ་དང༌། །གཉིད་ཆེ་མེ་དྲོད་ཆུང་བ་དང༌། །གཡོན་ཕྱོགས་ནས་ནི་གོས་གྱོན་ཞིང༌། །ཤ་དང་བུ་རམ་ཏིལ་ལ་དགའ། །ཚིལ་འཁུལ་བ་ནི་ཡིན་ཞེས་བྱེད། །ཅེས་གསུངས་ཤིང༌། ཕ་མེས་དང་ཉེ་འབྲེལ་ཤི་བ་རྣམས་ལ་ཡི་དྭགས་ཀྱི་རིགས་དྲི་ཟ་འཆི་ཁ་ཡ་ལ་འཇུག་པའི་རིགས་མང་པོ་ཡོད་པ་དེ་དག་གི་གཤིན་པོ་དེ་དག་གསོན་དུས་ཚུལ་བཟུང་ནས་ཕན་གནོད་བྱེད་པར་བཤད་པས་ཡི་དྭགས་རིགས་མཚུན་ནམ་གཤིན་ངོག་ཅེས་པ་ལས་གཡོན་ཕྱོགས་ནས་ན་གོས་གྱོན་ཅིང༌། ཞེས་འབྱུང་ངོ༌།།

        བཅོ་ལྔ་པ་དང༌། བཅུ་དྲུག་པ་དང༌། བཅུ་བདུན་པ་དང༌། བཅོ་བརྒྱད་པ་རྣམས་ནི། བླ་མ་དང༌། དྲང་སྲོང་དང༌། རྒན་པོ་དང༌། གྲུབ་པ་བཞི་སྟེ། འདི་དག་ནི་ལྷ་རིགས་ལས་ཕྱེ་བའི་གདོན་རིགས་ཏེ། བླ་མ་ནི་གཟའ་ཕུར་བུ་ལ་ལྷའི་བླ་མ་ཞེས་པ་ལྟ་བུའོ། །དྲང་སྲོང་ནི་གཙུག་ཏོར་དུ་ལྷའི་དྲང་སྲོང་དམོད་པ་འདོར་བ་ཕན་འདོགས་ནུས་པ་རྣམས་ལ་ཞེས་པ་དང༌། རྒན་པོ་ནི་ལྷའི་ནང་དུ་རིགས་དང་ཐོས་པས་རྒན་པ་སྐྱེ་རྒུའི་བདག་པོར་རློམ་པ་རྣམས་དང༌། གྲུབ་པ་ནི་རིགས་སྔགས་འཆང་འགྲུབ་སྟེ་ལྷའི་རིགས་འཛིན་ནོ། །དེ་ཡིས་ཟིན་རྟགས་ནི་རང་རང་གི་སྤྱོད་ལམ་དང་ཟས་ཀྱང་གདོན་དེ་དང་མཐུན་ནོ། །འདི་ལ་ཡན་ལག་བརྒྱད་པར། བླ་མ་དྲང་སྲོང་རྒན་དང་གྲུབ། །དམོད་པས་སེམས་ཀྱི་རྗེས་མཐུན་པས། །སྤྱོད་ལམ་ཁ་ཟས་རང་བཞིན་ལས། །ཅི་འདྲར་གདོན་ནི་དེ་ཡིན་བཤད། །ཅེས་སོ། །འདི་དག་ཕལ་ཆེར་ནི་དམོད་པ་དང་སྔགས་ཀྱི་མཐུ་ལས་དེ་མཐུན་གྱི་གདོན་དང་ནད་འབྱུང་བ་སྟེ། མདོ་ལས། ལྷའི་བུ་དབང་སྒྱུར་དང་བདུད་དང་མ་མོ་སོགས་ལ་རིག་སྔགས་ཡོད་པས་དེ་མཐུན་གྱི་ཆོ་འཕྲུལ་དཔག་མེད་འབྱུང་བར་གསུངས་པ་ལྟར་རོ། །གསུམ་པ་སྤང་ཡུལ་བཤད་པ་ནི། གང་ཡང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བྱིས་པ་དང་འགྲོགས་ཞེས་པར། ཟླ་ཟེར་ལས། གཞོན་ནུའི་ཚོགས་ཀྱིས་རྗེས་འབྲང་ཞིང༌། །གཅེར་བུ་སྐྲ་ནི་གྱེན་དུ་བརྗེས། །ཡིད་མི་བདེ་ཞིང་དུས་ཚིགས་ནི། །ཡུན་རིང་གྱུར་པའི་གདོན་དེ་ཡང༌། །ཞེས་བྱ་བ་ལ་བྱིས་པ་གཞོན་ནུའི་ཚོགས་ཀྱི་རྗེས་སུ་འབྲང་ཞིང་རྒྱུ་བ་དང༌། གཅེར་བུར་གནས་ཤིང་སྐྲ་གྱེན་དུ་བརྫེས་པ་དང༌། ཡིད་མི་བདེ་ཞིང་སེམས་ལ་གནོད་པར་གྱུར་པ་དང༌། གདོན་གྱིས་ཟིན་ནས་ཡུན་རིང་པོར་ལོན་པའི་གདོན་དང་བཅས་པ་དེ་ནི་གསོར་མི་རུང་བས་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས། ལྔ་པ་བཅོས་ཐབས་བཤད་པ་ལ་གསུམ། ཉམས་ལེན་སྨན་བཅོས་རིམ་གྲོ་བསྟེན་ཚུལ་དང༌། གཏོར་མའི་ཆོ་ག་དང༌། གང་དུ་བསྟན་པའི་དུས་ངེས་པ་གསུམ་མོ།།

        དང་པོ་ནི། བཅོས་ཐབས་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། དེ་ཡང་ཟླ་ཟེར་ལས། འབྱུང་པོ་འཚེ་བར་མི་འདོད་དང༌། །བཟླས་དང་སྦྱིན་སྲེག་གཏོར་མ་དང༌། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང༌། །སྦྱིན་ཤེས་བརྩེ་ལ་སོགས་པས་གསལ། །ཞེས་གསུངས་ཏེ། སྔགས་བཟླས་པ་ནི་ཡི་དམ་ཞི་དྲག་གི་སྙིང་པོ་བཟླས་པའོ། །ཀློག་འདོན་ནི་འདིར་སངས་རྒྱས་ཀྱི་བཀའ་བསྒྲགས་པའོ། །མཉམ་འཇོག་ནི་མཉམ་པར་འཇོག་པ་སྟེ་སེམས་རྩེ་གཅིག་པའི་དོན་ཡིན་ནོ། །འཇོག་རྒྱུ་ནི་ཚད་མེད་བཞི་བྱང་ཆུབ་ཀྱི་སེམས་རིམ་གཉིས་ཟུང་འཇུག་སྟོང་ཉིད་སྙིང་རྗེ་དབྱེ་མེད་སོགས་སོ། །བསྙེན་བསྒྲུབ་ཀྱི་བསྙེན་པ་ལྷའི་བསྐྱེད་རིམ་བསྒོམས་ནས་རང་སྔགས་འབྲུ་འབུམ་ཐེབས་པར་བྱེད་པའོ། །སྒྲུབ་པ་ནི་དཀྱིལ་འཁོར་དུ་གཞུང་ཕྱི་ནང་གསང་བའི་བསྒྲུབ་པ་མཚན་རྟགས་མ་བྱུང་གི་བར་དུ་བསྒྲུབ་པའོ། །ཚོགས་བསག་པ་ལ་རྒྱུ་བསོད་ནམས་ཀྱི་ཚོགས་སྦྱིན་པ་ཚུལ་ཁྲོམས་བཟོད་པ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསམ་གཏན་ཤེས་རབ་སྟེ། ཚོགས་གཉིས་བརྩོན་འགྲུས་ཆེན་པོས་བསག་པའོ། །བདུན་སྨན་གྱི་བྱ་ཀྲྀ་ནི། སྟག་ཚེར་ཏེ་ཀནྜ་ཀ་རིའོ། །ཁུས་འདེབས་སྨན་མར་གྱི་རྒྱ་སྤོས་ནི་སྔོ་རྒྱ་སྤོས་སོ། །གཅིན་དྲུག་ནི་བ་གླང་རྟ་བོང་ར་ལུག་དྲུག་གི་གཅིན་ནོ། །རིག་སྔགས་གྲ་ལྔ་ནི་སྟོང་ཆེན་རབ་འཇོམས། སོ་སོར་འབྲང་མ། རྨ་བྱ་ཆེན་མོ། བསིལ་བའི་ཚལ། གསང་སྔགས་རྗེས་འཛིན་ལྔའོ། །མཆོད་འབུལ་བསྒྲགས་པ་ནི་གྲ་ལྔ་སོ་སོའི་གཞུང་ནས་བྱུང་བའི་ཆོ་གས་མཆོད་པ་འབུལ་ཞིང་བསྒྲགས་པའོ། །བརྒྱད་པ་ལས། རིག་སྔགས་རྒྱལ་མོ་རྨ་བྱ་ཆེ། །གཙང་བྱས་དེ་ལ་རྟག་ཏུ་བསྒྲགས། །ཞེས་སོ།།

        གཉིས་པ་གཏོར་མའི་ཆོ་ག་ལ་གཉིས། གཏོར་མ་གཤམ་ཚུལ་དང་གཏོང་ཚུལ་ལོ། །དང་པོ་ནི། གཏོར་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བགེགས་གཏོར་སོགས་སྤྱི་མཐུན་བཤམས་ལ། རིན་པོ་ཆེའི་རིགས་སྣ་ཚོགས་དྲི་སྣ་སྤོས་སྣ་ཚོགས་དང་འབྲུ་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་དང༌། འབྲས་ཆང་དང་འཁུར་བ་འབྲས་འཁུར་དང༌། སྣུམ་འཁུར། དཀར་སྣ་ཚོགས་དང་མངར་སྣ་ཚོགས་སོགས་བསགས་ལ། ཆ་གསུམ་གྱི་ཆོ་ག་གཞུང་ལྟར་གཏང་ངོ༌། །གཉིས་པ་སོ་སོར་ཕྱོགས་སུ་བཏང་བ་ནི། ལྷ་དང་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ལྷའི་གདོན་དང་བླ་མ་དང་དྲང་སྲོང་དང་གྲུབ་པ་དང་རྒན་པོ་ལྔ་ལ་ལྷ་ཁང་ངམ་མཆོད་ཁང་དུ་བཏང་ཞིང་ཕྱོགས་ནི་ལྷ་ལ་གཏོར་མ་བྱང་དུ་སྐྱེལ། དེ་བཞིན་དུ་ལྷ་མིན་ལ་ནུབ། དྲི་ཟ་ལ་ལམ་བཞི་མདོར། ཀླུ་དང་མཚུན་ལྷ་ལ་ཕུ་ཆྭ་སོགས་འབབ་ཆུའི་འགྲམ་དུ། གནོད་སྦྱིན་ལ་འབབ་ཆུ་སོགས་གཉིས་འདུས་པའི་ས་རུ། སྲིན་པོ་ལ་ལམ་བཞི་མདོར། ཚངས་པ་ལ་ཤར་དུ། ཤ་ཟ་ལ་ཕྱོགས་ནུབ་ཀྱི་ཁང་སྟོང་དུ། གཞན་ཡང་གདོན་གྱི་ཕྱོགས་དང་མཐུན་པར་བསྐྱལ་ལོ། །གསུམ་པ་རང་རང་འཛིན་དུས་བཏང་དགོས་པ་ནི། གཏོར་མ་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་རང་རང་གི་འཛིན་དུས་ནི། བརྒྱད་པ་ལས། ལྷ་ཡི་གདོན་ནི་ཡར་ངོ་ཡི། །ཚེས་གཅིག་བཅུ་གསུམ་དག་ལ་འཛིན། །ལྷ་ཡིན་གདོན་ནི་མར་ངོ་ཡི། །བཅུ་གསུམ་མར་ངོ་བཅུ་གཉིས་ལ། །དྲི་ཟའི་གདོན་ནི་བཅུ་བཞི་དང༌། །བཅུ་གཉིས་དག་ལ་འཛིན་པར་བྱེད། །ཀླུ་གདོན་ཚེས་ལྔ་དག་ལ་འཛིན། །གནོད་སྦྱིན་གདོན་ནི་ཡར་ངོ་ཡི། །ཚེས་བདུན་བཅུ་གཅིག་དག་ལ་འཛིན། །ཚངས་པ་སྲིན་པོ་ཡར་ངོ་ཡི། །ཚེས་བརྒྱད་བཅོ་ལྔ་དག་ལ་འཛིན། །སྲིན་པོ་ཤ་སོགས་མར་ངོ་ཡི། །ཚེས་གཅིག་ཚེས་དགུ་བཅུ་གཅིག་ལ། །མཚུན་ལ་གནམ་སྟོང་ཚེས་བཅུ་དང༌། །བརྒྱད་དང་དགུ་པ་དག་ལ་འཛིན། །རྒན་པོ་ལ་སོགས་གཞན་དག་ནི། །ཕལ་ཆེར་དུས་དེའི་ཐུན་མཚམས་ལའོ། །ཞེས་འབྱུང་ལ། དེའི་ཡར་ངོ་ནི་ཚེས་གཅིག་ནས་བཅོ་ལྔའི་བར་རོ། །མར་ངོ་ནི་བཅུ་དྲུག་ནས་སྟོང་གི་བར་རོ། །དེ་ཉིད་དུ། གདོན་ནི་ཉི་མ་གང་གང་ལ། །འཛིན་པའི་ཉི་མ་དེ་དང་དེར། །མཆོག་ཏུ་སྦྱིན་བསྲེག་གཏོར་མ་སོགས། །སྨན་པས་རབ་ཏུ་འབད་དེ་བྱ། །ཁྲུས་དང་གོས་དང་ཤ་དང་ཚིལ། །ཆང་དང་མར་དང་བུ་རམ་སོགས། །གང་ཞིག་གང་ལ་སྲེད་གྱུར་པ། །དེ་ཚེ་དེ་ནི་དེ་ལ་སྦྱིན། །ཞེས་དང༌། ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་སྦྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཆེ་བ་དེ་ཁྲོས་ནས། །ནད་པ་སྨན་པ་བཅས་གསོད་བྱེད། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །མགོན་པོ་ཕྱག་ནི་བཅུ་གཉིས་པ། །ནད་ཀུན་གསོ་བར་མཛད་པ་ཡི། །སྔགས་བཟླས་པས་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱེད་བརྗེད་བྱེད་དང༌། །གཞན་ཡང་སེམས་འཁྲུལ་འཇོམས་པར་བྱེད། །ཅེས་འབྱུང་ངོ༌། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས། བདུན་ཅུ་རྩ་བདུན་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།