སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དྲུག་པ། མོ་ནད་ཕལ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།

ལེའུ་དོན་དྲུག་པ་མོ་ནད་ཕལ་པ་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུ་མཚན་བསྟན་པའོ། དང་པོ་ནི།་ དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མོ་ནད་ཅེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་མོ་ནད་ཕལ་པ་ལ་བུ་ཚ་ཕོ་མོའི་མཚན་མ་དོད་དུས་ཀྱི་ནད་དང༌། བུ་མ་འབྱིན་པ་དང༌། འབྱིན་ཀྱང་མགོ་མཇུག་ལོག་པ་དང༌། བུ་རོགས་ཏེ་ཤ་མ་མ་འབྱིན་པ་དང༌། བུ་སྣོད་ལུག་པ་དང༌། ཁྲག་མ་ཆོད་པ་དང༌། དུག་ཐབས་གྱུར་པ་དང་བརྒྱད་དོ། །གཉིས་པ་རྒྱས་བཤད་ལའང་བརྒྱད་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ཉིང་ལོ་འབྱུང་ཞེས་པ། བཤད་རྒྱུད་དུ། བཞི་པ་གོར་གོར་ནར་ནར་མེར་མེར་པོ། །དེ་ལས་ཕོ་མོ་མ་ནིང་རིམ་པར་འགྱུར། །ཞེས་པ་དེ་དུས་བུ་ཚ་ཕོར་ཡོངས་རྒྱུ་ཡིན་ན་མ་ལ་ཆགས་ཕ་ལ་སྡང༌། བུ་མོ་ཡོང་རྒྱུན་ཡིན་ན་ཕ་ལ་ཆགས་མ་ལ་ཞེ་སྡང་སྐྱེ་བས། དེ་དུས་མངལ་དུ་ཉིང་ལོ་ལང་ཞེས་བྱའོ། །ནད་གཞི་གར་ཡོད་ཅེས་པ་ནི། སྔར་ནད་གཞི་རྙིང་པ་གང་ཡོད་དེ་ལྡང་བས། གཉེན་པོ་བསྟེན་ཞེས་པ་ཡང་དེའི་གཉེན་པོ་བསྟེན་དགོས་པའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བུ་མ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དེ་ཡང་བུ་མ་ཕྱིན་པ་ལ་གསོན་པོ་མ་འབྱིན་པ་དང༌། ཤི་ནས་མ་འབྱིན་པ་གཉིས། གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་གསོན་པོ་ལའང་གཉིས། མདོར་རྒྱས་སོ།

        དང་པོ་ནི། གསོན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕ་མ་སོགས་ཀྱི་བག་མའི་ཆོ་ག་མེད་པར་རང་འབྱོར་ནལ་ཕྲུག་ནལ་བུ་བྱུང་བ་དང༌། བུ་ལུགས་མཐུན་ཟླ་བ་ཚང་ནས་བཙར་མ་འདོད་པ་དབྱུང་ཐབས་གཉིས་སོ། །དང་པོ་ནི། ནལ་བུ་ཞེས་རྐང་པ་བཞིས་བསྟན་ཏེ། སྨན་གཉིས་ཞེས་པ་ནི་འོམ་བུ་སུམ་གཉིས་དང་ཁྲོན་བུ་སུམ་གཉིས་སོ། །གསུམ་ཞེས་པ་དྭ་བའི་རྩ་བ་འོལ་མོའི་རྩ་བ་ཐང་ཕྲོམ་དཀར་པོའི་རྩ་བ་དང་གསུམ་མོ། །ལྔ་ཞེས་པ་རྒྱ་ཚྭ་རྒྱ་རུ་རྒྱ་སྐྱེགས་རི་བོང་རིལ་མ་དངུལ་ཆུ་བཞི་ནམ་མོ། དགོང་མོ་ལྟོ་བཀུག་གཡེར་མ་ཉི་དགའ་ཐང་གི་རྩ་ཁ་ཕྱེ། ཐོ་རངས་སྨན་དེ་རྣམས་ཆང་གིས་ཕུལ་ལ་བཏང་ཐུན་དང་ཡུན་སྦྱར་ཞེས་པ་ཟླ་བ་དུ་སོང་གི་གྲངས་དང་མཉམ་པའི་ཐུན་གཏོང་བའོ། །བུ་རྩ་གཏར་བ་ནི་ལོང་རྩ་དང་བྱིན་གཞུག་གཏར་བའོ། །ཟླ་བདུན་མན་ཆད་ཐོན་པར་ངེས་ཞེས་པ། ཟླ་བ་བདུན་མན་ཐོན་ཡན་མི་ཐོན་པ་ནི་ཟུངས་སོགས་རྫོགས་མ་རྫོགས་ཀྱི་ཁྱད་པར་ཏེ། དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས། །སུམ་ཅུའི་བར་གྱིས་ཐམས་ཅད་གསལ་རྫོགས་འགྱུར། ཞེས་པའོ། །གཉིས་པ་བཙར་མ་འདོད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཙར་མ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཕྱི་ནང་བར་གསུམ་སྟེ། ནང་བུ་སྣོད། བར་རུས་མིག ཕྱི་ཤ་ལྤགས་མིག་ནས་མ་ཐོན་པའོ།།

        གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུས་བསྟན་ཏེ། དུགས་ཀྱིས་བདུག་པ་ནི་བྱི་ས་ཤར་ལྟས་ཀྱིས་དུགས་པའོ། །མདེ་འབྱིན་ནི་ཞེས་པ་ཡུ་མོ་མདེ་འབྱིན་ནོ། །མདའ་རྒྱུས་ཞེས་པ་ནི་འོ་མ་སེའོ། ལྷ་དང་ཡི་དྭགས་གཏོར་མས་མཆོད་པ་ནི་ཆ་གསུམ་གཏོར་མ་སོགས་སོ། །སྨྲ་བཅད་ཨོཾ་གྲེང་ཞེས་པའི་སྔགས་སྟོང་ཟླས་ཞུན་མར་ལ་བཏབ་ལ་བྱིན་ནོ། །གཉིས་པ་ནི། བར་གྱི་ཞེས་རྐང་པ་བཞིས་བསྟན་ཏེ། ཆ་བྱད་ཟླ་གམ་རྒྱབ་འདྲ་ཞེས་པ། ཟླ་བ་ཁམ་པ་ཞེས་ཟླ་བ་ཚེས་པ་འདྲ་བའི་ཟླུམ་པོ་ཕྱོགས་བརྟག་པ་བྱ་ཞིང་གུང་མོ་ཤོང་ཙམ་གྱི་ཨ་ལོང་གདགས་བཅད་ཁམས་ཕྱོགས་ལ་སོ་རྣོན་པོ་བྱ། མཛུབ་མོ་ལ་ཀོ་བ་ཐུག་པོ་གྱོན་ནས་བུ་ཆུང་གི་ལུས་གསིལ་བུར་བྱའོ། །གསུམ་པ་ནི་ཕྱི་ཡི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྱེ་བཅིངས་ཞེས་པ་སྣམ་བུས་སྐྱེ་བཅིངས་ལ་རྟ་སྒ་སྟེང་གན་རྐྱལ་ལ་བཞག་ཕྲག་པ་གཉིས་ནས་མནན། གཉིས་པ་ཤི་རོ་དབྱུང་བ་ནི། ཤི་རོ་ཞེས་རྐང་པ་དགུས་བསྟན་ཏེ། བྱ་མ་བྱི་ཞེས་པ་སྲོག་ཆགས་བྱ་མ་བྱིའི་རུས་པའོ། །རྒྱ་ཚྭ་ཁྱི་རླིག་ཚ་བ་ཞེས་པ་ཁྱི་རླིག་བརྡུངས་པ་ལ་རྒྱམ་ཚྭ་བཏབ་པའི་སྐྱོ་ཚྭའོ། །ཕྱིང་པའི་སྣུམ་དུགས་བྱ་ཞེས་པ་རྫོང་འཕྲང་དུ། མོ་མཚན་ལ་ཕྱིང་པ་སྣུམ་ལྡན་གྱི་སྟེང་དུ་རྡོ་བསྲེགས་པས་བདུག་ཅེས་འབྱུང༌། གསུམ་པ་ནི། མགོ་མཇུག་ཅེས་རྐང་པ་བཞིས་བསྟན་ཏེ། མགོ་མཇུག་ལོག་པ་སྟེ། རྐང་པ་སྔོན་ནས་དོན་པའམ་རྐེད་པ་དང༌། མཇིང་པ་བལྟེབ་ནས་དོན་ནམ། མའི་འཕོངས་ནས་དོན་ན་རྐང་པ་བཏེགས་ནས་སྤྲུག མཛུབ་མོས་ཕུལ་ཞེས། མཛུབ་མོས་ཡར་ཕུལ་ནས་བསྒྱུར་བའོ། །ཕུ་དུང་འཕོངས་སུ་རྡིག་ཅེས་པ། །ཁྱོ་གའི་ཕུ་དུང་གཡས་པ་བརྡེག་པའོ། །སྔགས་ལ་འབྲུ་ལོག་བྱ་བ་ནི། ཨོཾ་གྲེང་ཞེས་པའི་གོང་གི་སྔགས་མཇུག་ནས་ཡར་ཡིག་འབྲུ་རེ་རེ་བཞིན་ཡར་ཀློག་ཅིང་སྟོན་ཏེ་སྔགས་ཆུ་ཁོང་དུ་བཏང་ངོ༌། །བཞི་པ་ནི། རོག་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྨོངས་ཞེས་པ་ཁྱོ་གའི་རྨོངས་སྤུའི་གཞོབ་ཡང་ན་རྨོངས་སྤུའི་དོད་དུ་ཁྱི་རླིག་སྦྱར་བས་ཀྱང་ངེས་པར་ཐོན་ནོ།།

        ལྔ་པ་ནི། བུ་སྣོད་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། གཡེར་མས་ཨིག་བཅུག་ཅེས་པར་རྫོང་འཕྲང་དུ། གཡེར་མ་ཁྱེམ་གང་ཆང་གིས་ཕུལ་ནས་བཏང་བས་ཨིག་བྱུང་ནས་ནང་དུ་ངེས་པར་འགྲོ་ཞེས་བྱུང༌། ཕྱིང་པའི་ཡིག་ཐོད་ཅེས་པར་ལག་ལེན་དམར་ཁྲིད་དུ་ཡོག་པ་མགོ་སྡུམ་མཛུབ་མོ་བས་སྦོམ་ཙམ་མཐོ་དོ་བ་ཞིག་ལ་ཕྲུ་མ་སྦང་བ་ཉིས་རིམ་སུམ་རིམ་དྲིལ་བ་དེ་ལ་མར་བྱུགས། རྒྱ་ཚྭ་བཏགས་པ་བུ་རམ་གྱི་རིལ་བུ་དྲིལ་བ་ཞིག་མགོ་ལ་བཀབ་ལ། དེ་བུ་སྣོད་ལུག་པའི་རྩེ་བ་ལང་གི་གཉན་འདྲ་བ་དེའི་དཀྱིལ་དུ་བཅུགས་ནས་ཕུལ་བས་བང་རིམ་ཕྱི་ནང་ལོག་པ་བཞིན་དུ་འགྲོ། གཏིང་དུ་ན་བྱུང་ན་ནང་དུ་སླེབས་པའི་རྟགས་ཡིན་པས་གཡོག་པའི་དོན་ནོ། །ཕྱིང་པ་སྣུམ་ལྡན་གླན་ལ་དྲོད་དུགས་བྱ། །མ་བཙེར་བར་འཕོངས་བསྟོད་ལ་ཉལ་ལོ། བུ་སྣོད་འཇུག་པའི་ལག་ལེན་ནོ། །དྲུག་པ་ནི། ཁྲག་ཤོར་ཞེས་རྐང་པ་དགུས་བསྟན་ཏེ། རྩ་ཁུ་བྱུག་ཅེས་པ་ནི་བདུད་རྩི་རྫིང་བུར། ལྡུམ་བུ་བྱང་ཆུབ་ཅེས་ཀྱང་བྱ། །ཀུ་ཤ་ས་ལུ་ཞེས་ཀྱང་བྱ། །འཇའ་ཚོན་མྱུ་གུ་ཞེས་ཀྱང་བྱ། །སྐྱེ་ས་ལྷོ་བསལ་རོང་དུ་སྐྱེ། །ལོ་མ་དྲེས་མ་གཞོན་ནུ་འདྲ། །མེ་ཏོག་མཆོང་གི་བུམ་པ་འདྲ། །རྩ་བ་གསེར་གྱི་སྐོར་རྩེ་འདྲ། །རང་གི་ནུས་པས་རྩ་ཁ་འབྱེད། །ཆུ་འགགས་རྡེ་ནད་མ་ལུས་སེལ། །མེ་ཏོག་མངར་གསུམ་སྦྱར་བ་ཡིས། །བཅུད་ལེན་ཡོན་ཏན་མ་ལུས་འབྱུང༌། །ཞེས་གསུངས་པ་དེའོ། །འདི་མ་རྙེད་ན་ཁུ་བྱུག་རྫི་ཐོག་ཟེར་བ་དེ་འདིའི་ཚབ་རུང་བར་བཤད། ཀ་ར་ལྐོགས་པ་ཞེས་ཤེལ་ཀ་ར་རྒོད་སྔོ་དྭངས་སྲབ་མོ་ཞིག་ཡོང་བ་དེའོ། །བདུན་པ་ནི། བཙས་རྗེས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། སྦང་མ་ཚ་བསྲོས་ཞེས་པ་ནི། ཆང་ཞིམ་པོའི་སྦང་མ་ལ་ཚྭ་བཏབ་བསྲོས་པས་བདུག་པར་བྱའོ། །བརྒྱད་པ་ནི། མོ་ནད་ཅེས་རྐང་པ་བཅུ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། ག་བུར་རམ་ཞེས་པར་ག་བུར་བདུན་པ་བཏང་ཞེས་གསེར་མཆན་དུ་བྱུང་བ་དེ་ནི་རྒྱུད་ཕྱི་མའི་ལེའུར་བདུན་པ་ག་བུར་ཙན་དན་དཀར་པོ་དང་ཞེས་པ་ནས། ཏིག་ཏ་ཀ་ར་དཀར་པོ་བཞི་འགྱུར་སྦྱར་ཞེས་པ་དེའོ། །གུར་ཀུམ་བདུན་པ་ནི་ཕྱི་རྒྱུད་ཕྱེ་མའི་མཁྲིས་ཚད་སེལ་བའི་གུར་ཀུམ་བདུན་པའོ། །སྨན་དང་ཟས་གཉིས་བསིལ་དྲོད་བསྣོལ་བ་ནི། སྨན་བསིལ་བ་གཏོང་དུས་ཟས་དྲོ་བ་བཏང༌། སྨན་དྲོ་བ་གཏོང་དུས་ཟས་བསིལ་བ་གཏོང༌། བཅུད་ལ་སྔ་བར་དབབ་པ་ནི། ནད་རླུང་ཚད་སྡོངས་པའི་ནད་སྨན་གྱིས་ཚད་པ་བཅག བཅུད་ཀྱིས་རླུང་སྣ་གླན་པའི་དོན་ནོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས། བདུན་ཅུ་རྩ་དྲུག་པའོ་ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་དོན་བཅུ་པ་མོ་ནད་གསོ་བའི་སྐབས་ཀྱི་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ཏོ།།

        འདིར་སྨྲས་པ། རང་བཞིན་རྣམ་དག་གསེར་གྱི་མཛེས་མ་ཡང༌། །རང་རྩལ་འཁྲུལ་སྣང་གཡའ་ཡི་ནད་གཞི་འཛིན། །རང་གྲོལ་ལམ་གྱི་བཙོ་སྦྱངས་གསོ་དཔྱད་ཀྱིས། །རང་དབང་སྐུ་བཞིའི་རྒྱན་མཆོག་བདེ་ལེགས་གྲུབ། །བྱམས་དང་སྙིང་རྗེའི་མཁའ་ལྡིང་འབུམ་ཕྲག་གི །རིང་ནས་དྲངས་པའི་ལྷག་བསམ་གཞལ་མེད་ཁང༌། །གསོ་རིག་ཡིད་བཞིན་ནོར་བུའི་རྒྱལ་མཚན་ཅན། །རྣམ་གྲོལ་མཐོ་རིས་དགའ་ཚལ་བགྲོད་བྱེད་ཉིད། །ལེགས་དཔྱད་མཆོད་སྦྱིན་སངས་རྒྱས་སྒྲུབ། །ལྷ་དབང་གུ་ཎ་ནཱ་ཐའི་དཔུང༌། །འཕྲིན་ལས་བྱ་མ་རྟར་བཅས་པ། །གསར་དུ་ལྷགས་སོ་ཤེས་ལྡན་ཀྱེ། །དཔལ་ལྡན་རྒྱུད་བཞི་ཚངས་པའི་བུ་མོ་ནི། །རྣམ་འགྲེལ་རྟ་སྤུ་ར་དང་འགྲོགས་གྱུར་པ། །དེ་སྲིད་འགྲོ་ལ་ཕན་བདེའི་སྒྲ་དབྱངས་ཀྱིས། །ཕྱོགས་ཀུན་ཁྱབ་པའི་སྭ་ར་སྭ་ཏིའོ། །ཞེས་ཀྱང་སྨྲས་སོ། །ཡན་ལག་བཞི་པ་སྐབས་བཅུ་གཅིག་པ་གདོན་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང་དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ་དང༌། གདོན་ལྔའི་ལེའུ་མདོར་བསྟན་པ་དང༌། སོ་སོའི་གསོ་ཐབས་རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གདོན་ལྔའི་ལེའུ་མདོར་བསྟན་པ་ནི། གདོན་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ལེའུ་ལྔ་ཡིས་བསྟན་ཏེ། ལེའུ་དོན་བདུན་པས་འབྱུང་བའི་གདོན་གསོ་བ་བསྟན། དོན་བརྒྱད་པས་སྨྱོ་བྱེད་གསོ་བ། དོན་དགུ་པས་བརྗེད་བྱེད་གསོ་བ། བརྒྱད་ཅུ་པས་གཟའ་གདོན་གསོ་བ། གྱ་གཅིག་པས་ཀླུ་གདོན་གསོ་བ་བསྟན་པའོ།།

 

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།