སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
མན་ངག་རྒྱུད། >> ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།



ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མོ་ནད་ཕལ་པ་མཚན་མའི་ནད་དང་ནི། །བུ་མ་ཕྱིན་དང་མགོ་མཇུག་ལོག་པ་དང༌། །རོག་མ་ཕྱིན་དང་སྣོད་ལུག་ཁྲག་མ་ཆོད། །ནད་གཞུག་ལས་དང་དུག་ཐབས་གྱུར་པ་བརྒྱད།།

དང་པོ་མངལ་ཆགས་ཟླ་བ་ལོན་པ་དང༌། །ཕོ་མོ་གཉིས་ཀྱི་མཚན་མ་དོད་པའི་དུས། །ཕ་དང་མ་ལ་ཆགས་དང་ཞེ་སྡང་སྐྱེ། །དེ་དུས་མཚན་མའི་ནང་དུ་ཉིང་ལོ་འབྱུང་། །སྒྱིད་སྐྱུར་ཚིག་པ་ཟ་ལ་མཆི་མ་མང༌། །དང་ག་མི་བདེ་ཟས་སྐོམ་སྣ་ཚོགས་འདོད། །སྟོང་སྐྱུགས་བྱེད་ཅིང་ནད་གཞི་གར་ཡོད་ལྡང༌། །འདི་ལ་ཉིན་གཉིད་མི་ལོག་གྲང་མི་བྱ། །གང་འདོད་ཟས་བྱིན་རྟ་བོང་བྱ་ཤ་སྤང༌། །དྲག་དལ་མི་བྱ་སྐམ་སར་རན་ཙམ་བཅག །ནད་གཞི་གང་ལངས་དེ་ཡི་གཉེན་པོ་བསྟེན། །བུ་མ་ཕྱིན་ལ་གསོན་པོ་གཤིན་པོ་གཉིས། །གསོན་པོ་ནལ་བུ་དབྱུང་དང་བཙར་མ་འདོད། །ནལ་བུ་གདོན་ཐབས་སྨན་གཉིས་གསུམ་དང་ལྔ། །ལྟོ་དགུག་རྩ་ཁ་ཕྱེ་ལ་ཆང་སྦྱར་བཏང༌། །ཐུན་དང་ཡུན་དང་སྦྱར་ལ་བུ་རྩ་གཏར། །ཟླ་བདུན་མན་ཆད་ཐོན་པར་ངེས་པ་ཡིན། །བཙར་མ་འདོད་ལ་ཕྱི་ནང་བར་དང་གསུམ། །དང་པོ་ནང་གི་སྣོད་ནས་མ་འགྱུར་ན། །ཕོ་ཡི་རྨོངས་དང་མོ་ཡི་སྤྱི་སྐྲ་གཉིས། །བསྲེགས་ཐལ་རྒྱ་རུ་གཙོད་རུ་བསེ་རུ་གསུམ། །ཞིབ་བཏགས་ཆང་སྦྱར་བཏང་ལ་དུགས་ཀྱིས་བདུག །ཡང་ན་མདེ་འབྱིན་རྒྱ་རུ་མདའ་རྒྱུས་གསུམ། །ཆང་སྦྱར་བཏང་ལ་བྱི་སའི་དུགས་ཀྱིས་བདུག །ཡང་ན་སྦྲང་མར་རྒྱ་རུ་སྦྱར་ལ་བཏང༌། །ཡང་ན་ལྷ་དང་ཡི་དྭགས་གཏོར་མས་མཆོད། །སྨྲ་བཅད་སྔགས་སྟོང་ཞུན་མར་བཏབ་བཏང་བྱིན། །ཨོཾ་གྲེང་གྲེང་མཧཱ་གྲེང་བཛྲ་རྗེ་སེ་སརྦ་བྱི་དེ་སྭཱཧཱ། །བར་གྱི་རུས་པའི་མིག་ནས་མ་ཐོན་ན། །མཚོགས་མ་བརྟོལ་ལ་མཛུབ་མོས་དྲག་ཏུ་འཐེན། །ཐོན་དཀའ་སེན་མོ་བྲེགས་ལ་ཆང་གིས་བཀྲུ། །ཆ་བྱད་ཟླ་གམ་རྒྱབ་འདྲས་གསིལ་དེ་དབྱུང༌། །ཕྱི་ཡི་ཤ་ལྤགས་མིག་ནས་མ་ཐོན་ན། །རྐེད་བཅིངས་སྒ་སྟེང་བཞག་ལ་ཕྲག་པ་མནན། །ཤི་རོ་མ་ཐོན་མདའ་རྒྱུས་རྒྱ་ཚྭ་དང༌། །རྒྱ་རུ་གཙོད་རུ་ཆང་སྦྱར་དུགས་ཀྱིས་བདུག །ཡང་ན་དུར་བྱིད་མདེ་འབྱིན་བྱ་མ་བྱི། །རྒྱ་རུ་བུར་ཆང་སྦྱར་ལ་བཏང་བར་བྱ། །ཡང་ན་རྒྱ་ཚྭ་དུར་བྱིད་ཤ་རུའི་ཐལ། །བ་སྤྲུ་ཆང་སྦྱར་སྦང་སྐམ་དུགས་ཀྱིས་བདུག །ཡང་ན་རྒྱ་ཚྭ་ཁྱི་རླིག་ཚ་བ་བཏང༌། །དུར་བྱིད་རྒྱ་རུ་རྒྱ་ཚྭ་མར་དང་སྦྱར། །མངལ་དུ་བཏང་སྟེ་ཕྱིང་པའི་སྣུམ་དུགས་བྱ། །མགོ་མཇུག་ལོག་གམ་རྐེད་པ་མཇིང་པ་ལྟེབས། །འཕོངས་ནས་འོང་ན་རྐང་པ་བཏེག་ལ་སྤྲུག །མཛུབ་མོས་འཕུལ་ཏེ་ཕུ་དུང་ཕོངས་སུ་བརྡེག །སྔགས་ལ་འབྲུ་ལོག་བྱས་ཏེ་ཁོང་དུ་བཏང༌། །རོག་མ་ཕྱིན་ན་རི་བོང་རིལ་མ་དང༌། །རྒྱ་ཚྭ་རྒྱ་རུ་རྨོང་གཞོབ་ཆང་སྦྱར་བཏང། ། སྔགས་སམ་ཁྱི་རླིག་སྦྱོར་བས་ངེས་པར་ཐོན། །བུ་སྣོད་ལུག་ན་ཆུ་འཇམ་འོ་མས་བཀྲུ། །ཕྱི་ནང་སློག་ལ་མཛུབ་མོས་སླེབ་ཚད་བསྡིགས། །གཡེར་མས་ཨིག་ཏུ་བཅུག་པས་ཚུད་པར་ངེས། །མ་ཚུད་ཕྱིང་པའི་ཡོག་ཐོད་ཕྲུ་མས་དྲིལ། །དེ་ལ་རྒྱ་ཚྭ་གླན་ཏེ་ཕུགས་སུ་བསྐྱལ། །རྐང་པ་བཏེག་ལ་བསིག་ཅིང་མཚན་ཁར་བདུག །འཕོངས་སྟོད་ཉལ་ཏེ་འགྲོ་འདུག་ལངས་པ་སྤང་། །ཁྲག་ཤོར་བུར་ཆང་ཀ་ར་ཆང་སྦྱར་བླུད། །མ་ཆོད་རྩ་ཁུ་བྱུག་དང་ཆང་སྦྱར་བཏང༌། །ཡང་ན་ནས་ཚིག་ཁུ་བར་སྦྲང་རྩི་དང༌། །དོམ་མཁྲིས་སྐྲ་གཞོབ་བཏབ་ནས་བཏང་བས་ཆོད། །ཡང་ན་དོམ་མཁྲིས་ཤིང་ཚ་བཏབ་ལ་བཏང༌། །ཡང་ན་གོང་མོའི་སྒྲོ་གཞོབ་སྦྲང་རྩི་དང༌། །ཀ་ར་སྐོགས་པའི་ཐལ་བ་སྦྱངས་ལ་བཏང༌། །ཉྭ་གཞི་རོ་སྨད་ཆུས་བསྒྲང་བཅུ་དྲུག་བསྲེག །བསྐུ་མཉེ་གསུར་བདུག་བུར་ཆང་རུས་ཁུ་བསྟེན། །བཙས་རྗེས་ནད་ལྷག་འདྲིལ་ནས་ཟུག་སྐྱེས་ན།  བྱི་སའི་དུགས་བྱ་གཡེར་མ་ཆང་སྦྱར་བཏང༌། །སྦྲང་དང་ཆང་སྦྱར་བུར་ཆང་མང་དུ་བཏང༌།  །དེས་མ་ཞི་ན་སྦང་མ་ཚྭ་བསྲོས་བདུག །དེ་རྗེས་ལོང་རྩ་གཏར་ལ་མངལ་བཤལ་བྱ། །འགྱིངས་རྗེས་ཤེ་རུལ་ཁྲག་རྣག་བྱུང་བ་ན། །འཇིགས་པ་མི་དགོས་མངལ་བཤལ་བྱས་པས་ཐོན། །མོ་ནད་དུག་ཐབས་བཙས་རྗེས་ཤ་མར་རྙིང༌། །ཉིན་གཉིད་དྲག་ཤུལ་རྐྱེན་གྱིས་མཁྲིས་ཚད་སྐྱེད།  །རྩ་རྒྱུད་ཕྲ་མགྱོགས་ཤེད་མེད་སྐོམ་དད་ཆེ། །རོ་སྟོད་གཟེར་ཕྲན་འཕོ་ཞིང་ལུད་པ་དམར། །དེ་ལ་ཁ་ཟས་བསིལ་དྲོད་སྤེལ་ལ་བཏང༌། །རུ་ཐུང་སྣོད་ཀ་མཁྲིས་རྩ་ལོང་རྩ་གཏར། །ཨ་རུ་ལྕུམ་རྩ་དུར་བྱིད་ཐང་གིས་སྦྱང༌། །སྟབ་སེང་ཏིག་ཏའི་ཐང་བཏང་ག་བུར་རམ། །གུར་ཀུམ་བདུན་སྟེང་དོམ་མཁྲིས་བསྣན་ལ་བཏང༌། །སྨན་དང་ཟས་གཉིས་བསིལ་དྲོད་བསྣོལ་བྱས་ཏེ།  །ཚ་གྲང་སྤེལ་བཅོས་བཅུད་ལ་སྔ་བར་དབབ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་ནད་ཕལ་པ་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་པའོ།། །།


 


མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།