སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།



ལེའུ་དོན་དགུ་པ།  བརྗེད་བྱེད་ཀྱི་ནད་གསོ་བ། 

དེ་ལྟར་སྨྱོ་བྱེད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ།

བརྗེད་བྱེད་ཀྱི་རྒྱུ་རྐྱེན་སྨྱོ་བྱེད་དང་མཚུངས་པས་འདིར་དངོས་སུ་མ་བཤད་ཀྱང༌། བརྒྱད་པའི་སྙིང་པོ་བསྡུས་པ་ལས། །བརྗེད་བྱེད་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་བློ་འཁྲུལ་དང༌། །སེམས་ལས་མྱ་ངན་འཇིགས་སོགས་ཀྱིས། །གདོན་གྱུར་སེམས་ལས་འབྱུང་བ་ཡིན། ཞེས་འབྱུང་ངོ༌། །དེའི་དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་གསུམ་ཡོད་པ་ལས།

དབྱེ་བ་ཕྱེ་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། དུག་དང༌། གདོན་བཅས་ཏེ་ལྔ། དེ་རྣམས་ངོས་འཛིན་པའི་རྟགས་སྤྱི་བྱེ་བྲག་གཉིས་ལས་དང་པོ་བྱུང་ཚུལ་ནི་སྙིང་འདར་ཞིང་མགོ་བོ་འཐོམ་ལ་རྔུལ་འབྱུང་བ་དང༌། སྦོ་ཞིང་སྟོབས་ཆུང་ལ་རྐང་ལག་གི་རུས་པའི་ཤིང་ཞེས་སྙིང་པོ་ན་བ་དང་ཁ་ཆུ་སྣ་ཆུ་སོགས་མང་ཞིང་ནད་ལངས་དུས་འགྱེལ་ཞིང་འགྲོ་བ་དང༌། སོ་འཆའ་སྟེ་དཀྲིག་ཅིང་རྐང་ལག་གཡོབ་པ་དང༌། ལྦུ་བར་སྐྱུག་ཅིང་མུན་པ་ནག་པོར་ཞུགས་སྙམ་སེམས་ཤིང༌། ཡན་ལག་བརྒྱད་པར། གཉིད་མེད་ཉམས་ཞིང་ཡན་ལག་ན། །ཞེས་ཀྱང་འབྱུང་ངོ༌། །

བྱེ་བྲག་རླུང་ལས་གྱུར་པ་རྐང་ལག་སོར་མོ་སོགས་འདར་ཞིང་རེངས་ལ་ཡང་ཡང་ཁ་ཟས་ཞུ་རྗེས་ལྡང༌། མཁྲིས་པ་ལས་གྱུར་པ་བཞིན་སེར་ཞིང་སྐོམ་དད་ཆེ་ལ་ཁ་སྐམ་ཁ་ཟས་ཞུ་དུས་ལྡང༌། བད་ཀན་ལས་གྱུར་པ་ནི་མི་བདེ་བ་ཚིགས་རིང་ཞིང་ཁྱད་པར་ཁ་ཆུ་མང་ལ་གལ་གུལ་བྱེད། དུག་ལས་གྱུར་པ་རླུང་མཁྲིས་བད་ཀན་སོགས་ནད་རྟགས་མི་གསལ་ཞིང་ཤེས་པ་འཁྲུལ། གདོན་ལས་གྱུར་པ་སྔར་གྱི་སྤྱོད་པ་དེ་བས་སྤྱོད་པ་གཞན་དུ་འགྱུར།

བཅོས་པའི་ཐབས་རླུང་ལ་ནི་རུ་ཧར་རེ་ལྕག་བསྣན་པ་དང༌། འདུས་པ་དང་དུག་གདོན་ལ་སྣ་བཤལ་རྣོན་པོ་དང་སྐྱུགས་སྨན་རྣོན་པོ་རིལ་བུ་དྲིལ་བ། མཁྲིས་པ་ལ་འཁྲུས་སོགས་ཕྱི་རྒྱུད་ལས་ལྔ་ལྟར་རྣོན་པོར་སྦྱར་བས་བུ་ག་རྣམས་དག་པར་སྦྱང་དགོས་པ་ཡིན་ནོ། །འུག་པ། བྱ་རོགབྱ་རྒོད། ཟེར་མོ། སྦྲུལ། ཁྱི། སྤྲེའུ། རྟ་རྣམས་ཀྱི་ཆུ། སྒྲོ། བྲུན་བཅས་ཀྱི་དུད་པས་བདུག་པ་དང༌། བ་སེར་མོའི་མཁྲིས་པའི་ཁུ་བ་སྣ་སྨན་དུ་བཏང་དགོས་ཏེ། ཡན་ལག་བརྒྱད་པར་ཡང༌། བ་ནི་སེར་སྐྱའི་མཁྲིས་པ་ཡིས། །སྣ་སྨན་བཏང་ཡང་མཆོག་ཏུ་ཕན། །ཁྱི་དང་ཝ་དང་བྱི་ལ་དང༌། སེང་གེ་སོགས་ཀྱི་མཁྲིས་པ་བསྔགས། །ཞེས་འབྱུང་ངོ༌། གཞན་ཡང་ཤུ་དགརུ་རྟ། མར་རྙིང་རྣམས་སྦྲང་དང་སྦྱར་ལ་བྱིན། བོག་ཡུན་རིང་ན་རྐང་ལག་གི་སོར་མོ་ཉི་ཤུའི་ནེའུ་ལེ་དང་སེན་མོའི་རྩ་བ་བསྲེག ཡང་ན་འཇམ་རྩི་ཕྱི་རྒྱུད་ལྟར་གསུམ་པོ་གང་རུང་དང་བུར་ཆང་བཏང་ཞིང་རླུང་གསང་སྤྱི་གཙུག ཨན་སྟོང་དང་པོ་སོགས་བསྲོ་ཞིང༌། ནུ་རྒྱབ་ཚོན་གང་གཞལ་བའི་སྲོག་རྩ་མྱོས་བྱེད་ཀྱི་གསང་ཐུར་ལེར་བཤད་པ་ལྟར་ལ་མེ་ཐུར་བྱ།

བྱེ་བྲག་ཏུ་གསོ་བ་སྨྱོ་བྱེད་དག་དང་འདྲ་སྟེ་རླུང་ལ་སྤྱི་བཅོས་སྐབས་ནི་རུ་ཧ་བཤད་ནའང་འཇམ་རྩི་མཁྲིས་པ་ལ་བཤལ། བད་ཀན་ལ་སྐྱུགས། དུག་གདོན་གཉིས་ལ་ཡང་སྨྱོ་བྱེད་ལྟར་བྱ་ཞིང༌། སྤྱིར་ནི་སྨྱོ་བྱེད་དང་བརྗེད་བྱེད་ག་འདྲའི་རིགས་ལ་ཡང་ཁྲག་མཁྲིས་ཚ་བའི་ཕུགས་མ་ཆོད་པར་རོ་ལུས་ནས་ཡོད་པ་བཅས་པས་གདོན་བཅོས་མི་ལེན་ན། དེའི་ཕྱིར་ཐོག་མར་གོང་དུ་བཤད་པ་ནི་རུ་ཧ་སྣ་བཤལ་སྐྱུགས་འཁྲུས་སོགས་ཀྱིས་ཚ་བ་དག་པར་སྦྱང་བར་བྱ་སྟེ། དེ་འོག་ཟས་དང༌། སྨན་དང༌། དྲོད་བཅུད་སོགས་དང་མེ་ཐུར་གྱིས་གསོ་བ་གོང་བཞིན་བྱ། སྨྱོ་བྱེད་དང་བརྗེད་བྱེད་ཕལ་ཆེར་གདོན་ལས་གྱུར་པ་ཡིན་པས་ཞེས་པ་སྨྱོ་བྱེད་ཀྱི་གདོན་དང༌། བརྗེད་བྱེད་ཀྱི་གདོན་དང༌། གདོན་ངོ་རྐྱང་རེའམ། གདོན་རེ་རེ་ལའང་སྨྱོ་བརྗེད་གཉིས་ཀའི་བྱེད་པའམ་བསྡོངས་ཟླ་སྨྱོ་བྱེད་ལ་རྒྱལ་པོ། བརྗེད་བྱེད་ལ་གཟའ་གདོན་ཡོད་པ་ཕལ་ཆེར་གྱི་སྒྲས་ནད་ལས་གྱུར་པའང་སྲིད་པས་བསྟན་མོད། འོན་ཀྱང་གཉིས་ཀའི་བཅོས་དགོས་ཏེ། ཡེ་ཤེས་དང་ལས་གྲུབ་པ་རྣམས་ལ་ཐུགས་དམ་བསྐང་བ་དང་ཉམས་ཆགས་ཉེས་པ་བཤགས་པ་བསྐང་བཤགས་རྣམ་འཇོམས་སོགས་ཀྱིས་གཟུངས་ཆུའི་ཁྲུས། ཆ་གསུམ་སོགས་གཏོར་མ་བཏང་བ་དང་དཀོན་མཆོག་གི་བདེན་པ་བདར་བ་སྨྲང་གིས་གདོན་འགྲོལ་བ་སོགས་དང་པོར་ཞི་བས་བཅོས་པའི་རིགས་བསྟེན། བར་དུ་ཆབ་གཏོར་ནི་ཆུ་གཏོར་ཀླུ་ཆོག་རྒྱས་བསྡུས་རང་རང་རིགས་དང་མཐུན་པའི་གཏོར་མ་དང་མདོས་ཡས་སྟེར་བ་སོགས་མགོ་བསྐོར་ནས་རིམ་གྱིས་ཚང་བླང་ཞིང་བྲིད་ལ་བཅོས་སོ། །ཐ་མ་གང་གིས་ཀྱང་མ་ཐུབ་ན་ཡི་དམ་ནུས་པ་ཅན་གྱི་སྒོར་ཞུགས་ཏེ་དྲག་པོའི་ཕྲིན་ལས་མནན་བསྲེག བསྐྲད་པ་སོགས་ཀྱིས་གནམ་གྱི་མཐའ་རུ་སྐྱེལ་ཞེས་པ་གནམ་མམ་ནམ་མཁའ་ལ་མཐའ་མེད་ཀྱང་དེར་སྐྱེལ་ཞེས་སྲོག་དང་ཕྲལ་བའམ་ལོགས་སུ་མེད་པར་བྱེད་པའི་དོན་ཏེ་ཞེས་གསུངས་སོ། །གཞན་ཡང་བརྒྱད་པའི་སྙིང་པོ་བསྡུས་པར། དེ་བས་གསོ་དཀའ་འདི་ལ་ནི། །བཅུད་ཀྱིས་ལེན་པའི་གསོ་བ་བྱ། །དེས་ཉེན་མེ་དང་ཆུ་ལ་སོགས། །ཡ་ང་བ་ལས་རྟག་ཏུ་བསྲུང༌། །ཐར་པ་ལ་ནི་ཡིད་འཁྲུལ་བས། །ཁྱོད་ཀྱིས་འདི་ལྟར་བྱས་སོ་ཞེས། །མི་བརྗོད་ཡུལ་ནི་ཡིད་འོང་བས། །ཉམས་པའི་སེམས་ནི་བརྟག་པར་བྱ། །ཞེས་སོགས་གསུངས་པ་ལྟར་རོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས། གདོན་ནད་ཀྱི་ནང་ཚན་བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།