སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་གཅིག་པ། བྱིས་པ་ཉེ་སྤྱོད་བསྟན་པ།

ལེའུ་དོན་གཅིག་པས་བྱིས་པའི་ཉེ་བར་སྤྱོད་པ་བསྟན། དོན་གཉིས་པས་དེའི་ནད་གསོ་བ་བསྟན། དོན་གསུམ་པས་དེའི་གདོན་གསོ་བ་བསྟན་ནོ། །དང་པོ་ནི། དོན་གཅིག་པ་བྱིས་པའི་ཉེ་བར་སྤྱོད་པ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། དང་པོ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཉེ་བར་སྤྱོད་ཅེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། དང་པོ་དང༌། བར་དང༌། ཐ་མ་གསུམ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང༌། བཙས་དུས་བཀྲ་ཤིས་པའི་རྟགས་ལ་བརྟགས་པ་དང༌། མི་ཤིས་པའི་རྟགས་ལ་བརྟགས་པ་དང༌། བཀྲ་ཤིས་བརྗོད་པ་དང༌། ལྟེ་བ་བཅད་པ་དང༌། རྟེན་འབྲེལ་བྱ་ཐབས་དང༌། ནུ་མ་བླུད་ཐབས་དང་དྲུག་ཏུ་བསྟན་པའོ།  འདི་ལ་གསུང་རབ་སྤྱི་ནས་ཀྱང་དཔྲལ་དབྱེས་ཕྱེ་བ། སྣའི་གཟེངས་མཐོ་བ་སོགས་འབྱུང་ངོ༌། །གཉིས་པ་ནི། གོ་ལྡོག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། གོང་རྟགས་བཟང་པོ་དེ་རྣམས་ལས་ལོག་པ་སྟེ། ལུགས་མ་མགོ་སྔོན་ལ་ཡོང་རྒྱུ་ལ། རྐང་པ་སྔོན་ལ་དོན་པ་ལྟ་བུ་རྣམས་སོ། །སོ་བཅས་ནི་སེའུ་སྟེ་སོ་དང་བཅས་པ་སྐྱེས་པ་ནི་མི་ཤིས་པའི་རྟགས་སོ། །གསུམ་པ་ནི། སྐྱེས་མ་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ཏེ། དེ་ཡང་ཟླ་ཟེར་ལས། ཡན་ལག་ཡན་ལག་ལས་བྱུང་ཁྱོད། །སྙིང་ལས་མངོན་པར་སྐྱེས་པ་ཡིན། །བདག་ཉིད་བུ་ཞེས་བྱ་བ་ཁྱོད། །ལོ་བརྒྱར་ཡང་དག་འཚོ་གྱུར་ཅིག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་འཚོ། །ཚེ་རིང་བ་ནི་ཐོབ་གྱུར་ཅིང༌། །རྒྱུ་སྐར་ཕྱོགས་དང་མཚན་མོ་དང༌། །ཉིན་མོས་ཁྱོད་ནི་བསྲུངས་པར་ཤོག །ཅེས་པ་ལ་སོགས་པ་གསུངས་སོ། །བཞི་པ་ནི། ལྟེ་བ་ཞེས་འབྲུ་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། ཡན་ལག་བརྒྱད་པར། བདེ་བར་གྱུར་ནས་ལྟེ་བ་ནི། །སོར་བཞིའི་འོག་ཏུ་སྲད་བུས་བཅིངས། །དེ་ཡི་འོག་ཏུ་བཅད་ནས་ནི། ལྟེ་བ་མ་ནི་ཏེ་རེ་བཞག །དེ་འོག་ལྟེ་བ་རུ་རྟ་ཡིས། །ཏིལ་མར་གྱིས་ནི་བསྐུ་བར་བྱ། །ཞེས་པ་ལ་སོགས་རྒྱས་པར་གསུངས་ཀྱང༌། ཡིག་ཚོགས་ཆེས་པའི་འདིར་མ་བཀོད། ལྔ་པ་རྟེན་འབྲེལ་བྱ་བ་ནི། སྤོས་ཆུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ལྕེའི་སྟེང་དུ་གུར་གུམ་གྱིས་ཧྲི་ཡིག་འབྲི་བ་ནི། གསུང་གི་ས་བོན་ཡིན་པས་སྨྲ་མཁས་ཞིང་བློ་གསལ་བར་འགྱུར་བའོ། །སྦྲང་མར་སྦྱར་བ་སྦྱིན་ཞེས་པར། ཟླ་ཟེར་ལས། དེ་ལས་མཛུབ་མོ་གཡས་པ་ནི། །བཀྲུས་པས་རྐན་ནི་གཏེགས་ནས་ཀྱང༌། །མགོ་བོར་རས་བལ་སྣུམ་ཅན་གཡོགས། །བློ་དང་ཚེ་དང་སྟོབས་བསྐྱེད་ཕྱིར། །ཤུ་དག་སྲ་མ་བི་ཤ་ལི། །ཤད་ཀ་སུཥའི་ལྡེ་གུ་ནི། །སྔགས་བཏབ་ཧ་རེ་ཎུ་ཙམ་བྱིན། །ཞེས་པ་ལ་སོགས་པ་འབྱུང་ངོ༌། །དྲུག་པ་ནི། དེ་ནས་ཞེས་རྐང་པ་བཞིས་བསྟན་ཏེ། སྲོག་སྐྱོབ་ནི་མའི་ལུས་ཀྱིས་བུའི་ཕའི་སྲོག་སྐྱོབ་པ་མ་དང་གྲོགས་སུ་གྱུར་པ་སྟེ་གཙུག་ལག་ལས་བྱུང་བའོ། །གཞན་ཡང་ཡན་ལག་བརྒྱད་པར། མ་ཉིད་ཀྱི་ནི་ནུ་ཞོ་བླུད། །དེའི་ལུས་ནི་འཕེལ་བྱེད་ཡིན། །དེ་མེད་མ་མ་ཤིན་ཏུ་བྱམས། །སྐྱོན་མེད་འཁྲིག་པ་སྤང་བ་དང༌། །རིགས་དང་རང་བཞིན་དེ་དང་མཉམ། །ནད་མེད་ལང་ཚོ་དར་ལ་བབས། །བུ་མ་ཤི་ཞིང་རྐམས་ཆགས་མེད། །གཉིས་ཀྱིས་ནུ་མ་བླུད་པར་བྱ། །ཞེས་སོགས་འབྱུང་ངོ༌།།

        གཉིས་པ་བར་གྱི་བྱ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞིས་བསྟན་ཏེ། ལྷ་གསོལ་བ། རྟེན་གཟུགས་དང༌། བསྲུང་བའི་ཆག་བྱ་བ་དང༌། ཟླ་ཕུད་བཏང་བ་དང༌། རྣ་བ་དབུག་ཐབས་དང༌། ཟས་བརྟེན་ཚུལ་དང༌། སྤྱོད་ལམ་བསྟན་པ་དང་བདུན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་བདུན་ལས། དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྷ་རྟེན་ཞེས་པ་ནི། རྩ་གང་ཡིན་པ་དེའི་ཕྱག་མཚན་ནི་རྟེན་རྫས་སམ་སྐུ་རྟེན་འཛུགས་པའོ། །གཉིས་པ་ནི། སློབ་དཔོན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྲོག་མདའ་སྲོག་འཕང་འཛུགས་པ་ནི། ཕོ་སྲོག་མདའ་དང༌། མོ་སྲོག་འཕང་ལ་གནས་པའི་དོན་ཏེ། གཏའ་ཞེས་པ་གཏའ་མའམ་གཏེ་བ་གཟུང་བའི་དོན་ཏེ། གནམ་གཏའ་སྟེང་ཐོག་ལ་གཟུགས། པར་གཏའ་བར་ཐོག་ལ་གཟུགས། ས་གཏའ་རྨང་ལ་གཟུགས། །སྒོ་གཏའ་སྒོ་ལ་གཟུགས་སོ། །ལག་ལེན་གྱི་རིམ་པ་ནི། ཟླ་ཟེར་ལས། བསེ་རུ་ལ་སོགས་གསོན་པ་ཡི། །རྭར་བཏགས་རོར་བུ་བཟང་པོ་དཔུང༌། །ཞེས་སོགས་གསུངས་ཤིང༌། ཆུ་གསོའི་ལྟོ་ཆོག་ལ་ལྟོ་དགོས་པ་འདྲའོ། །གསུམ་པ་སྲུང་བའི་ཆོ་ག་བསྟན་པ་ནི། གཙང་མའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེའི་དོན་ནོ། །ཟླ་ཟེར་ལས། མཆོག་ཏུ་བཏགས་པར་ཤུ་དག་ནི། །ལག་གཉིས་མགུལ་དང་སྤྱི་བོར་གདགས། །དེས་ནི་ཚེ་དང་ཡིད་གཞུངས་དྲན། །བདེ་བ་སྐྱེད་བྱེད་གདོན་ལས་བསྲུང༌། །ཞེས་པ་ལ་སོགས་པ་མང་བར་བཤད་ཀྱང༌། །མང་གིས་དོགས་པས་འདིར་མ་བཀོད། །བཞི་པ་ལ་ཕུད་གཏང་བ་ནི། ཟླ་དུས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་བཙས་པའི་ཟླ་བའི་དུས་དེར་གཏོར་མ་དང་བཤོས་བུ་དང༌། ཆུང་གླུད་བཏང་དགོས་ཏེ། དེ་ཡང་ལྷ་ལ་གཏོར་མ་དང་བཤོས་བུ་འབུལ། གདོན་ལ་ཆུང་གླུད་གཏོང་བའི་དོན་ནོ། །ལྔ་པ་མིང་གདགས་པ་ནི། བཙས་སྐར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་མིང་ནི། བཙས་དུས་ཀྱི་སྐར་མ་ལ་གྲས་པའི་མིང་གྲོ་བཞིན་སྐྱེས་ཞེས་པ་ལྟ་བུ་དང༌། ལྷ་ལས་གྲས་པ་ཚངས་བྱིན་ནམ་འཕགས་སྐྱབས་སམ་ལྷ་དབང་ཚེ་རིང་ལྟ་བུ་དང༌། ཉེ་དུ་ལས་དྲངས་པ་ཆགས་ལ་མངོན་པར་དགའ་ཞེས་པའི་བུ་ལ་ཟླ་བ་ལ་མངོན་པར་དགའ་ཞེས་པ་ལྟ་བུ་དང༌། སྙན་ཅིང་ཤིས་པའི་མིང་དགེ་བ་དོན་འགྲུབ་ལྟ་བུའམ། བཀྲ་ཤིས་དོན་འགྲུབ་ལྟ་བུ་གདགས་སོ། །ཡུན་ནམ་བུ་ཚ་ཉེ་དུ་སྔར་ནས་ཤི་བའི་སྲིའུ་ལྟ་བུ་ཡིན་ན། སྲི་ཐར་ཚེ་རིང་ལྟ་བུ་བཀྲ་ཤིས་སོགས་ཟླ་བ་རེ་རེ་བཞིན་མིང་སྤོ་བར་བྱའོ། །དྲུག་པ་ནི། ཟླ་བ་ཞེས་རྐང་པ་བཞིས་བསྟན་ཏེ།

        ཟླ་ཟེར་ལས། ཟླ་བ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་སྤང་དུ་སྤྲོ་བསྲིངས་ལ། །དགུན་གྱི་དུས་སུ་རྣ་བ་དབུག །ཁྱེའུའི་དང་པོ་གཡས་པ་དབུག །བུ་མོའི་གཡོན་པ་དབུག་པར་བྱ། །སྨན་པས་ཁབ་ནི་གཡས་པས་གཟུང༌། །གཡོན་པས་རྣ་ཤལ་བཟུང་ནས་ནི། །རྣ་བའི་ཁྱོན་གྱིས་དབུས་ལས་ནི། །མཁུར་ཚོས་ཀྱི་ནི་ཕྱོགས་དག་ཏུ། །པགས་པ་དག་ནི་ཕུག་ནས་སུ། །ཉི་མའི་འོད་ཟེར་སྣང་བར་དུ། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྐྱེགས་ཀྱིས་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུ་གར་དྲང་སྲོང་གཅིག་པར་དབུག །ཅེས་པ་ལ་སོགས་པ་གསུངས་སོ། །བདུན་པ་ཟས་སྨན་བསྟེན་ཚུལ་ནི། ཟས་སུ་ཞེས་རྐང་པ་དགུས་བསྟན་ཏེ། དབྱངས་ཅན་མ་ཞེས་པ་ལྷོ་ཕྱོགས་གྱི་སྭ་སྟིའི་མཚོར་ཚངས་པའི་བུ་མོ་དབྱངས་ཅན་མ་ཞེས་པ་བློ་གྲོས་དང༌། ཚིག་སྙན་པ་དང༌། ཚེའི་མཆོག་སྩོལ་ནུས་པ་ཞིག་ཡོད་པ་དེ་དང་འདྲ་མཚུངས་པའོ། །བརྒྱད་པ་ནི། སྤྱོད་ལམ་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ཐ་མའི་བྱ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཐ་མའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སོ་སྐྱེའི་ནད་བསལ་བ་དང་གཏའ་བཀྲོལ་ཏེ་གཏང་རག་བཏང་བའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། རྨ་བྱའི་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། །ཨ་བྱག་ཅེས་པ་ནི་སྤང་གི་གུར་གུམ་ལ་བྱ་ལ་སྙིང་པོ་བསྡུས་པར་ས་ལ་གཉིས་དང༌། ཟླ་ཟེར་དུ་བ་ལ། ཨེ་དི་བ་ལ། ན་ག་བ་ལ་ཞེས་གསུམ་དུ་བཤད་ཀྱང་འདིར་ཧ་ལོའི་རྩ་བའོ། །ཨ་བ་སེ་ཞེས་པར་བྱ་བ་བཀྲ་ཤིས་རྣམ་རྒྱལ་གྱིས། རྩ་ཨ་ཝ་དང་འོལ་མོ་སེ་ཞེས་བྱུང་ཀྱང༌། འདིར་བྱེ་བ་རིང་བསྲེལ་ལྟར་སྨན་གྱི་མིང་བསྡུས་ཤས་ཆུང་བས་སྨན་ངོ་རྐྱང་གཅིག་གི་མིང་ཡིན་པ་འདྲ་སྟེ། ངོ་བོ་ཡུངས་ཀར་ཡིན་ཞེས་མཆན་དུ་བྱུང་ངོ༌། །ལར་འདི་དང་ཆ་མཐུན་ཡན་ལག་བརྒྱད་པར། བཙོད་དང་སེང་ཕྲོམ་ད་ད་ཀ། །ཀུན་དན་ན་ཊ་བ་ལ་གཉིས། །ཧ་སེ་ཆེ་ཆུང་གཉིས་དང་ནི། །མུད་ག་བསིལ་བ་གཞོན་ནུ་རྣམས། །རས་བལ་ས་བོན་བཅས་པ་དག །ཆུ་སྐོལ་བ་དང་མར་དང་ནི། །ཐལ་སྨན་ཞོ་གང་ཆུ་སྐོལ་བས། །སོ་སྐྱེས་ལས་བྱུང་སྣ་ཚོགས་ནད། །འདི་ཡིས་མྱུར་དུ་འཇོམས་བྱེད་ཅེས། །འོད་སྲུངས་རྒན་པོས་བཤད་པ་ཡིན། །ཞེས་འབྱུང་ངོ༌།།

        རྒྱ་སྲན་ནི་མུད་ཀ་ཞེས་བྱ་སྟེ་སྲན་ཟླུམ་དཀར་པོ་ཡིན་ལ། སྲན་དཀར་མ་ཤ་དང་ནོར་བར་མི་བྱའོ། །ཞོ་ཁ་ཆུ་ཞེས་པ་ཞོའི་སྟེང་གི་ཆུའོ། །གསེར་སྐྱེམས་ཞེས་པ་ནི་ཆང་ལ་གསེར་བླུག་པ་སྟེ་མཆོད་ཡུལ་སྐྱེམས་བྱེད་ཀྱི་གདོན་གྱི་གཙོ་བོ་གཞོན་ནུ་གདོང་དྲུག་ལ་མཆོད་དོ། །གཉིས་པ་ནི། བྱིས་པ་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། ལྷ་ལ་གཏང་རག་གི་ཚུལ་དུ་དགའ་སྟོན་གསོལ་མཆོད་བྱ་ཞིང༌། སྔར་གྱི་གཏའ་རྣམས་བཀྲོལ་ལོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་གཅིག་པའོ། །ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།