སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ།



ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །བྱིས་པ་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།  སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བྱིས་པ་གསོ་བ་ཉེར་སྤྱོད་དེའི་ནད་དང༌། །གདོན་གསོ་བ་དང་གསུམ་དུ་ཤེས་པར་བྱ།།

ཉེར་སྤྱོད་དང་པོ་བར་དང་ཐ་མ་གསུམ།དང་པོ་བཙས་དུས་ཤིས་དང་མི་ཤིས་བརྟག །བཀྲ་ཤིས་བརྗོད་ཅིང་ལྟེ་བ་བཅད་པ་དང༌། །རྟེན་འབྲེལ་བྱ་ཞིང་ནུ་མ་བསྣུན་ཐབས་བསྟེན། །ཤིས་རྟགས་ལུགས་འབྱུང་སྐྱེས་དང་གན་རྐྱལ་བྱུང༌། །ལྟེ་བ་སྟོད་དཀྲིས་ངུ་སྐད་དྲག་པོ་སྒྲོག  །སྤྱི་བོ་རིང་ལ་མགོ་སྲ་མཚོགས་མ་ཆུང༌། །སྐྲ་མཚམས་མཐོ་ལ་ཤ་གཙང་རྣ་བ་གཤོག །ཁ་ལྕེས་ནུ་མ་དྲག་འཇིབ་འདར་ཞིང་དངང་། །དེ་འདྲ་གསོ་སླ་མི་ནོར་བཀྲ་ཤིས་འགྱུར། །གོ་ལྡོག་སོ་བཅས་སྐྱེས་པ་ངན་པར་བཤད༌།  །སྐྱེས་མ་ཐག་ཏུ་བཀྲ་ཤིས་ཚིག་འདི་བརྗོད། །བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང༌། །མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག །དེ་སྐད་བརྗོད་དེ་ལྟེ་བ་སོར་བཞིར་བཅིང༌། །ཁྲག་མ་ཐིགས་པར་བཅད་ལ་པང་དུ་བླང༌། །སྤོས་ཆུ་དྲོ་འཇམ་ལུས་ཀུན་དག་པར་བཀྲུ། །ལྕེ་ཡི་ཐོག་ཏུ་གུར་ཀུམ་ཧྲིའཿཡིག་བྲི། །གླ་རྩིའི་ཆུ་བླུད་སྦྲང་མར་སྦྱར་བ་བྱིན། །དེ་ནས་མ་ཡི་ནུ་ཞོ་བསྣུན་པར་བྱ། །ནུ་ཞོ་སྐམས་ན་རིགས་བཟང་ནད་མེད་ཅིང༌། །སྲོག་སྐྱོབ་བུ་མ་ཤི་བའི་ནུ་མ་བླུད། །སྐབས་སུ་རུ་རྟ་མར་སྦྱར་ལྟེ་བར་བསྐུ།།

དེ་ནས་བར་གྱི་བྱ་བ་ཞག་གསུམ་ནས།  །ལྷ་གསོལ་གཏའ་གཟུགས་སྲུང་བའི་ཆོ་ག་བྱ། །ཟླ་ཕུད་བཏང་ཞིང་མིང་གདགས་རྣ་བ་དབུག  །ཟས་དང་སྤྱོད་ལམ་བཅའ་རྫིས་ལེགས་བསྐྱང་བྱ། །དང་པོ་འགོ་ཞིང་བསྟེན་ནམ་བསྒྲུབས་པ་ཡི། །ལྷ་ལ་གསོལ་མཆོད་བྱ་ཞིང་ལྷ་རྟེན་གཟུགས། །སློབ་དཔོན་སྤྱན་དྲང་སྲོག་མདའ་སྲོག་འཕང་བཅའ། །གནམ་གཏའ་བར་གཏའ་ས་གཏའ་སྒོ་གཏའ་གཟུག །གཙང་མའི་གོས་ལ་ཤུ་དག་གུ་གུལ་དང༌། །ཡུངས་དཀར་དུ་བས་བདུགས་ལ་བུ་ལ་བསྐོན། །ལག་པ་གཉིས་དང་མགུལ་དུ་ཤུ་དག་གདགས། །ཟླ་དུས་གཏོར་མ་བཤོས་བུ་ཆུང་གླུད་བཏང༌། །བཙས་སྐར་ལྷའམ་ཉེ་དུ་ལས་དྲས་པའི། །སྙན་ཞིང་ཤིས་པའི་མིང་ནི་ཁ་འཆམ་གདགས། །སྲིའུ་ཡིན་ན་ཐར་ཐར་ཟླ་མིང་སྤོ། །ཟླ་བ་བརྒྱད་ན་རྣ་བ་དབུག་པར་བྱ། །རྣ་ཤལ་མཐེ་བོས་ལེགས་མཉེ་དཀྱིལ་སྲབ་པར། །རྒྱ་ཁབ་ཟབ་སྐུད་ཕུག་ལ་སྣུམ་གྱིས་བྱུག །ཁྱེའུ་གཡས་ལ་བུ་མོ་གཡོན་པ་དབུག །ཟས་སུ་བུར་སྦྲང་ཞུན་མར་རྒྱུན་དུ་བསྟེན། །སྐབས་སུ་ཤ་ཚོད་མར་སྦྱར་ཤ་ནད་སེལ། །ཨ་རུ་ར་དང་ཤིང་ཀུན་ཚ་བ་གསུམ། །ཤུ་དག་པ་ཏྲ་ལྕེ་མྱང་ཚྭ་རྣམས་དང༌། །ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར། །བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན། །ཡུངས་དཀར་ཤུ་དག་རྒྱམ་ཚྭ་པི་པི་ལིང༌། །རུ་རྟ་བ་སྤྲུ་མར་བསྐོལ་སྨན་མར་གྱིས། །ཚེ་འཕེལ་སྟོབས་བསྐྱེད་གདོན་རྣམས་འཇོམས་ཕྱིར་བསྟེན། །སྤྱོད་ལམ་མིག་ལ་ཉི་མའི་ཟེར་མི་བཏང༌། །རྐང་མཐིལ་མཚོགས་མ་མི་བསྲེག་གྲང་མི་གཞུག །ཡོན་པོར་མི་ཟུང་བསླང་བ་སྔས་པ་མིན། །མེ་དང་བྱ་གཅན་འགོ་ནད་འཇིགས་སྐྲག་བསྲུང༌། །སྐབས་སུ་བསྐུ་མཉེ་ཉི་མས་རན་པར་བསྲོ།།

ཐ་མའི་བྱ་བ་སོ་སྐྱེའི་ནད་བསལ་ཞིང༌། །གཏའ་བཀྲོལ་བྱ་ཞིང་གཏང་རག་བཏང་བའོ། །རྨ་བྱའི་སྤྱི་བོར་མདོངས་སྒྲོ་སྐྱེ་བ་དང༌། །བྱིས་པ་རྣམས་ལ་སེའུ་སྐྱེ་བའི་ཚེ། །ལུས་ཀུན་མི་ན་བ་ནི་གཅིག་ཀྱང་མེད། །དེ་དུས་སྦྲང་རྩི་ཨ་བྱག་སྐྱུ་རུ་རའི། །ལྡེ་གུས་རྙིལ་བྱུག་མྱུར་དུ་སོ་སྐྱེ་འགྱུར། །ཨ་བྱག་སེང་ཕྲོམ་བ་ལེ་ཨ་བ་སེ། །རྒྱ་སྲན་བཙོད་ཁུ་མར་དང་ཞོ་ཁ་ཆུ། །བསྡུས་པའི་མར་ནང་ཡ་བཀྵ་ར་བཏབ། །སོ་སྐྱེ་ལས་བྱུང་ནད་ཀུན་འཇོམས་པར་བྱེད། །གནའ་ལ་ཡ་སོ་སྐྱེས་སམ་སོ་བཅས་སྐྱེས། །སྦྱིན་སྲེག་བྱ་ཞིང་སྐེམ་བྱེད་བཅོས་པར་བྱ། །བྱིས་པ་ཟླ་ངོ་བཅུ་གཉིས་ལོན་པ་དང༌། །ལྷ་ལ་གཏང་རག་བཏང་ཞིང་གཏའ་རྣམས་དགྲོལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱིས་པ་ཉེར་སྤྱོད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:56 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།