སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དང་པོ། མན་ངག་རྒྱུད་ཞུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་དང་པོ། མན་ངག་རྒྱུད་ཞུས་པ།




༄༅། །གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་ 

གསལ་བྱེད་བཻཌུར་སྔོན་པོའི་ཕྲེང་བ་ལས་དུམ་བུ་གསུམ་པ་ 

མན་ངག་ཡོན་ཏན་རྒྱུད་ཀྱི་རྣམ་བཤད་ 

ཅེས་བྱ་བ་བཞུགས་སོ།།

 

 

ལེའུ་དང་པོ། མན་ངག་རྒྱུད་ཞུས་པ། 

༄༅། །སྐུ་ལྟ་བུ་བཤད་པ་རྒྱ་ཆེ་བའི་བཤད་རྒྱུད་གནས་བཅུ་གཅིག་ལེའུ་སུམ་ཅུ་སོ་གཅིག་བསྟན་ཚར་བའི་རིག་པའི་ཡེ་ཤེས་དབུའི་གཙུག་ཏུ་ཐིམ་པའི་སྨྲ་བའི་སེང་གེའི་ཏིང་ངེ་འཛིན་ལ་ནང་གསལ་དུ་བཞུགས་ཏེ་རྒྱུད་གསུམ་པ་དེའི་དོན་ཐམས་ཅད་ལག་ལེན་གྱིས་སྤྱི་བོ་ནས་རྐང་མཐིལ་བར་གྱི་ནད་མཐའ་དག་གཏན་ལ་འབེབས་པར་མ་ཚང་བ་མེད་པ་ནོར་བུ་ལྟ་བུའི་ཡོན་ཏན་གྱི་རྒྱུད་གསུངས་པ་ལ་མངོན་ཕྱོགས་ཏེ། དེ་ནས་འཇུག་ལྡོག་གི་ལམ་སྟོན་པས་ན་སྟོན་པ་དེ་ཡང་ཚངས་པ་དང་དབང་ཕྱུག་སོགས་ལའང་བཅོམ་ལྡན་དུ་བཏགས་པ་དེ་ལས་ཁྱད་པར་དུ་འཕགས་པར་གྱུར་པས་འཇིག་རྟེན་ལས་འདས་ཞེས་སངས་རྒྱས་སྤྱིའི་མཚན་དང༌། བྱེ་བྲག་གི་མཚན་ནི་འགྲོ་བ་ཀུན་གྱི་བཞི་བརྒྱ་རྩ་བཞིའི་ཟུག་རྔུ་ལས་འཚོ་བར་མཛད་པའི་སྨན་གྱི་བླ་མ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་སྤྲུལ་པའི་སྐུའི་རང་བཞིན་ནམ་རང་གདངས་ཀྱི་མཚན་དཔེས་སྤྲས་པ་སྟེ་རྟེན་བརྟེན་པ་དབྱེར་མེད་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་དེས་སྨྲ་བའི་སེང་གེའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། སྐྱེ་འགྲོ་མཐའ་དག་ལ་གང་ལ་གང་དགོས་ཀྱི་དོན་ཐམས་ཅད་འདོད་པ་བཞིན་འབྱུང་བ་ཞེས་བྱ་བའི་མིང་དོན་མཐུན་པའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྟོན་པའི་སྐུའི་ལྟེ་བའི་རྩ་འཁོར་རིན་ཆེན་འབྱུང་གནས་ཡོན་ཏན་གྱི་གནས་དེ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ན་གནས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འདོད་དོན་མ་ཐོབ་ཅིང་མ་ཚིམ་པར་ཕོངས་པའི་སྡུག་བསྔལ་ཐམས་ཅད་བསལ་ཏེ་མེད་པར་བྱས། གདོན་མཚོན་དུག་སོགས་ཕྱི་རྐྱེན་གློ་བུར་གྱི་ནད་དང༌། རླུང་མཁྲིས་བད་ཀན་སོགས་ནང་གི་འདུ་བའི་ནད་ཐམས་ཅད་ཞི་བར་བྱས་ཏེ་དེ་ནས་སླར་སྐུའི་ལྟེ་བར་འདུས་པ་ལས་སྤྲུལ་པའི་སྟོན་པ་ང་རྒྱལ་གནས་གྱུར་པ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་གནས་ཀྱི་རྣམ་པ་ཅན་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཡོན་ཏན་ལས་སྤྲུལ་ཏེ་དེ་ཡང་སྙིང་ཐིག་ཏུ། ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་སེར། །མཚན་དཔེའི་རྒྱན་རྫོགས་རིན་ཆེན་ལྷུང་བཟེད་བསྣམས། །མན་ངག་རྒྱུད་སྟོན་མཉམ་ཉིད་ཡེ་ཤེས་དང༌། །ང་རྒྱལ་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ།།ཞེས་པ་ལྟར་གཙོ་འཁོར་ཀུན་གྱིས་མདུན་གྱི་བར་སྣང་ལ་བཞུགས་པ་ལས་གསུང་གི་སྤྲུལ་པ་སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་རང་གདངས་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་བོད་ཚིག་སྟེ་སྦྱར་བའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་བོས་ནས། རྒྱས་པར་བཤད་པའི་རྒྱུད་གནས་བཅུ་གཅིག་ལེའུ་སོ་གཅིག་དང་ལྡན་པ་དེ་ལྟར་དུ་གསུངས་ལགས་ན། ཉེ་བར་གདམས་པའི་མན་ངག་གི་གསོ་ཡུལ་ནད་པའི་བྱ་བ་ལག་ཏུ་ལེན་པ་ལ་རང་མཚན་མངོན་སུམ་དུ་སྟོན་པའི་རྒྱུད་གསུམ་པ་འདི་ལ་ཇི་ལྟར་དུ་བསླབ་པར་བགྱི་བའི་རིམ་པ་རྣམས་འགྲོ་བའི་ལུས་སྲོག་རིང་དུ་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་ཞུས་པ་དང༌། ཡོན་ཏན་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ།།

          ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། རྩ་རྒྱུད་དུ་རྒྱས་པར་བཤད་པ་ལྟར་རྒྱུད་བཞི་ཡོད་པ་ལས་གསུམ་པ་ལག་ལེན་མཛུབ་ཚུགས་སུ་བསྟན་པ་མན་ངག་གི་རྒྱུད་འདི་ལ་བསླབ་པ་ནི། དེ་ཡང་སྲིད་པར་འཁོར་ཞིང་མི་སྡོད་ཅིང་རྟག་པར་འགྲོ་བ་རིགས་དྲུག་གི་ནང་ནས། ཁམས་དྲུག་ལྡན་ཆོས་བསྒྲུབ་པའི་རྟེན་ཚང་བའི་མཆོག་དང་གཙོ་བོར་གྱུར་པ་ལས་ཀྱིས་བླངས་པའི་མིའི་ལུས་འདི་ཉིད་ཐོབ་ཀྱང་སླར་མ་རིག་པ་བདག་ཉིད་གཅིག་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་བརྟགས་པ་གསུམ་གྱིས་མེད་ཀྱང་སྣང་བ་རྨི་ལམ་ལྟར་ཀུན་དུ་ལོག་པར་འཁྲུལ་པའི་དབང་གིས་གཅིག་ནས་གཅིག་ཏུ་ཡང་ནས་ཡང་དུ་འཁོར་བའི་འཁོར་བར་དབང་མེད་དུ་འཁྱམས་ཤིང༌། དེར་ཡང་ཉོན་མོངས་དང་ལྷན་ཅིག་ལས་གསོག་སྟེ་ཐོག་མར་ངོ་མ་ཤེས། དེ་ནས་སྤང་བླང་མ་ཤེས་པས་གཏི་མུག་པའི་དབང་གིས་དང་པོར་གཟུང་འཛིན་སྐྱོན་གྱིས་རྒྱུ་དང་རྣམ་པར་བྱང་བ་ཡོན་ཏན་གྱི་རྒྱུ་རུ་མ་ཤེས། བར་དུ་སྡུག་བསྔལ་ལ་སྤྱོད་པ་ལ་སྐྱོན་གྱི་རྒྱུ་མི་དགེ་བ་དང༌། བདེ་བར་སྤྱོད་པ་ཡོན་ཏན་གྱི་རྒྱུ་དགེ་བ་ཡིན་པར་མ་ཤེས་པས་ཁ་ཕྱིར་འཁྲུལ་ཏེ། ཡིད་དུ་འོང་བ་ལ་བརྣབ་སེམས་འདོད་པའི་དབང་གིས་བཤད་རྒྱུད་དུ་བཤད་པའི་མི་དགེ་བ་བཅུ་སོགས་སྡིག་པའི་ལས་མང་དུ་སྤྱད། ཡིད་དུ་མི་འོང་བ་ལ་ཞེ་ནས་སྡང་བའི་དབང་གིས་གནོད་སེམས་ཀྱིས་གཞན་ལ་གནད་དུ་བཙུགས་པ་སྟེ་འདི་གསུམ་ནི་དུག་གསུམ་བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང་དོན་གཅིག་དེ་གསུམ་འདུས་པ་ལས་གཞན་གྱི་དཔལ་འབྱོར་མི་བཟོད་པ་སོགས་ཕྲག་དོག་དབང་གིས་རང་ལས་མཐོ་བར་སྣང་བ་ལ་དེ་འདྲ་བ་ཞིག་ཨེ་འོང་སྙམ་པའི་འགྲན་སེམས་བསྐྱེད་དེ་ང་གཞན་ལས་ལྷག་གོ་སྙམ་པའི་ང་རྒྱལ་དབང་གིས་རང་ལས་དམའ་བ་ལ་བརྙས་པས་སླར་ཆུང་ངུའམ་དམའ་རུ་གཏོང་བ་ཁྱད་དུ་བསད། གནས་ལུགས་ཀྱི་དོན་མ་རྟོགས་པའི་དཔྱད་ཤེས་ཀྱི་རིག་པ་ཡུལ་ལ་བཀྲ་བའམ་གྲུང་པོ་སྟེ་སྤྱང་བས་ཤེས་པ་གསལ་ཙམ་དང་ལྡན་ཀྱང་དོན་མེད་དོན་ལོག་གི་བྱ་བ་རྩོམ་ཞིང་ལས་ཚོང་རི་དྭགས་རྔོན་པ་སོགས་ཀུན་ལ་བཀྲ་བར་འཇུག་པས་ཡིན་མིན་དང་དགེ་བ་བཅུ་ལ་སོགས་དཀར་པོའི་ཕྱོགས་ཀྱི་ལས་དང་སྔ་འགྱུར་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཉམས་སུ་བླངས་པའི་ཕན་པ་དང༌། མི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། སྡིག་པའི་ལས་ཀྱིས་གནོད་པའི་བླང་དོར་གྱི་གནད་འགག་མ་རྙེད་པའམ་འོང་དོན་ཏེ་བརྩོན་འགྲུས་ཀྱི་སྙིང་པོ་ཆུང་བས་འཁྲུལ་བའི་བདེ་བ་ཆུང་ངུ་འཕྲལ་བདེ་ཙམ་ལ་ཆགས་ནས་རྣམ་པར་གྲོལ་བའམ་ཐར་པ་ཡུན་དུ་མི་འགྱུར་མི་ཟད་པའི་རྟེན་གྱི་ཟུང་འཇུག་བླ་ན་མེད་པའི་སྲིད་དེ་མཐར་ཐུག་པ་སངས་རྒྱས་ཀྱི་གོ་འཕང་མ་རྙེད། སྤྲེའུ་ལྟར་འོང་མེད་བྱ་བ་མང་བ་དུག་ལྔས་ཀུན་ནས་བསླངས་ཏེ་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་སོགས་ལས་ངན་པ་དང༌། དེའི་འཕྲོ་མཐུད་པའི་བག་ཆགས་རྒྱུན་མི་ཆད་པ་གཅིག་རྗེས་གཅིག་འབྲེལ་བ་ཁྲིགས་ཆགས་སུ་བསགས་པ་ཡིས་ཐར་མེད་འགྲོ་བ་དྲུག་སོགས་སུ་འཁོར་བའི་ཁ་བརྒྱུད་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད། སླར་རྒྱུ་གསོག་པའི་ལུས་ངན་སྣ་ཚོགས་བླངས་རྒྱུ་མཚན་དེའི་ཕྱིར་འདིར་ཡང་སྔོན་གྱི་ལས་ལས་བྱུང་བ་དང༌། ཚེ་འདིའི་ཉེས་པ་ནད་དུ་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར་སྲིན་སོགས་འཕེལ་ཟད་འཁྲུགས་པ་དང༌། ཕྱི་རྐྱེན་གདོན་མཚོན་དུག་སོགས་ལས་བྱུང་བ་དང༌། ཉེས་པ་དང་ལས་འདྲེས་པ་ལས་བྱུང་བའི་ལྟར་སྣང་འཕྲལ་གྱི་ནད་བརྒྱ་རྩ་གཅིག ཀུན་བརྟགས་གདོན་གྱི་ནད་བརྒྱ་རྩ་གཅིག ཡོངས་གྲུབ་ཚེའི་ནད་བརྒྱ་རྩ་གཅིག གཞན་དབང་སྔོན་གྱི་ནད་བརྒྱ་རྩ་གཅིག་སྟེ་རྒྱས་པ་སྟོང་དང་ཉིས་བརྒྱར་བསྡུས་ཤིང་བསྡུས་པ་བརྒྱ་རྩ་ལས་རྒྱས་པའི་འབྲིང་པོའི་དབང་དུ་བཞི་བརྒྱ་དང་ཉག་མ་བཞི་སྟེ་རྩ་བཞིའི་ནད་དུ་གྲགས་པ་ཡིས་མ་རིག་པ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་ལ་བརྟེན་བདེ་བའི་གོ་སྐབས་མེད་པར་ལུས་སེམས་ལྷན་ཅིག་ལ་གནོད་ཅིང་གདུངས་ཏེ།

          དེ་ལ་བྱེ་བྲག་གི་གཙོ་བོའི་གསོ་ཐབས་བསྟན་པའི་ཡན་ལག་བརྒྱད་ཡོད་དེ། དེའི་འཇུག་ཚུལ་དང་འདྲེན་ཚུལ་ལ། གསེར་འོད་དུ། ཤེས་པའི་ཡན་ལག་བརྒྱད་རིག་ནས། །སྨན་དཔྱད་རྣམས་ནི་ཀུན་བསྡུས་པས། །སེམས་ཅན་ནད་མང་གསོ་བར་བྱ། །གཏར་བ་དང་ནི་རྨས་ནད་དང༌། །ལུས་ཀྱི་ནད་དང་འདྲེ་གདོན་དང༌། །མ་རུངས་དུག་དང་བྱིས་པ་དང༌། ཚེ་བསྲིང་བ་དང་མཐུ་བསྐྱེད་ཡིན། །ཞེས་པ་དང༌། བརྒྱད་པའི་སྙིང་པོ་བསྡུས་པར། ལུས་དང་བྱིས་པ་གདོན་ལུས་སྟོད།། མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་བྱ་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་སོ། །རྒྱུད་རྒྱལ་འདིར་དེ་ཞེས་པ་སྔ་མ་བསྡུ་བ་སྟེ་གོང་དུ་རྒྱུ་མཚན་དང་བཅས་པ་བསྟན་པའི་ནད་ལུས་སེམས་གདུངས་པ་དེའོ། །ལ་ཞེས་པ་གནས་གཞིའི་སྒྲ་སྟེ་བཅོས་ཐབས་གནས་ཤིང་བསྟན་པ་དེ་ལས་གསོ་ཡུལ་བརྗོད་བྱ་ཡན་ལག་བརྒྱད། གསོ་ཐབས་རྗོད་བྱེད་སྐབས་བཅོ་ལྔས་ངེས་པར་བྱས་ཏེ། དེ་ཡང་ཉེས་པ་སུམ་ལྡན་འདུས་པ་གསོ་བའི་སྐབས་དང་གཅིག ཁོང་ནད་གསོ་བའི་སྐབས་དང་གཉིས། ཚད་པ་གསོ་བའི་སྐབས་དང་གསུམ། འདི་གསུམ་རིགས་གཙོ་བོར་བྱས། ལུས་སྟོད་དོན་སྣོད་གསང་བའི་ནད་གསོ་བ་དང༌། འདི་གསུམ་གནས་གཙོ་བོར་བྱས། དེ་དྲུག་དང་འདི་མན་འདྲེས་མར་བཅས་པའི་ཐོར་བུའི་ནད་གསོ་བའི་སྐབས་དང་བདུན་ལྷན་སྐྱེས་རྨ་གསོ་བའི་སྐབས་དང་བརྒྱད་ཀྱིས་ལུས་སྤྱིར་གསོ་བའི་ཡན་ལག་བརྒྱད་ཀྱི་དང་པོ་སྟོན། དེ་ནས་བྱིས་པ་མོ་ནད་གདོན་མཚོན་དུག་ནད་གསོ་བ་དང་རྒས་པ་རོ་ཙ་བ་སྟེ་སྐབས་བདུན་གྱིས་ཡན་ལག་ཕྱི་མ་བདུན་སྟོན། དེ་དག་བསྡོམས་པའི་ཡན་ལག་བརྒྱད་པ་དེས་ཡ་གི་སྤྱི་བོའི་གཙུག་ནས་མ་གི་རྐང་མཐིལ་ཡན་ཆད་ཀྱི་ནད་ཀྱི་རིགས་སུ་གྱུར་པའི་བཅོས་ཐབས་ཀུན། ཇི་སྐད་དུ། བྱ་སླ་ཚེགས་ཆུང་དོན་ཆེན་དཔག་པར་དཀའ། །ངེས་པར་མྱུར་དུ་སྒྲུབ་ཕྱིར་མན་ངག་ཉིད། །ཅེས་པ་ལྟར་ལག་ལེན་མཛུབ་ཚུགས་སུ་བསྟན་པ་མན་ངག་གི་རྒྱུད་འདི་ཉིད་རྒྱུད་གཞན་གསུམ་ལས། །རྗོད་བྱེད་ཡན་ལག་བརྒྱད་སྟོན་པས་བརྗོད་བྱ་མང་བས་ཆེན་པོར་གྲགས་པའམ་རྒྱས་པ་འདིའི་ནང་དུ་འགྲོ་བའི་ཚོར་བ་སྡུག་བསྔལ་བར་གྲགས་པ་ནི་ནད་ཡིན། དེས་གདུངས་པའི་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་ཀྱིས་དྲང་སྲོང་ཁྱོད་ལ་བཤད་པ་ཡིན་པས་ཁྱོད་ཀྱིས་ཀྱང་ཡིད་རྩེ་གཅིག་ཏུ་གུས་པས་ཉོན་ལ་དེ་ཡང་ཉན་པར་མ་ཟད་ཡིད་ལ་མི་བརྗེད་པར་ཟིན་པར་གྱིས། ཟིན་པ་དེ་ཡང་གོང་དུ་རྒྱས་པར་བཤད་རྒྱུད་དུ་སོང་བ་ལྟར་དུག་གསུམ་གྱིས་བསླད་པའི་རང་གི་ཁེ་གྲགས་གཞན་གནོད་སོགས་དང་མ་འདྲེས་ཤིང་དྲེགས་པ་ནི་ང་རྒྱལ་ཏེ་དེ་མེད་པར་སྙིང་རྗེ་དང་བྱམས་པའི་སེམས་ཀྱི་སྒོ་ནས་ནད་པ་གསོས་ཞེས་གདམས་པ་དང༌།

          དེ་ནས་ཀྱེ་ཞེས་བོས་ཏེ་སྤྱིར་རྣ་བ་གཏོད་དུ་བཅུག དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས་སྒོས་མཚན་ངེས་པར་བྱས་ཏེ། བློ་ཆེ་བློ་ཡངས་བློ་གཟེག་པ་གསུམ་ག་ཕུན་སུམ་ཚོགས་པའི་བློ་རབ་ཀྱི་དོན་དུ་འགོ་སྨོས་པས་གོ་བ་ལ་རྩ་བའི་རྒྱུད་ལ་གསོ་ཐབས་ཀྱི་རྩ་བ་གསུམ། དེ་ལས་གྱེས་པ་གནས་ལུགས་མ་ལུས་ནད་ངོས་བཟུང་བར་ལྟ་རེག་དྲི་བ། གསོ་ཐབས་ལ་ཟས་སྤྱོད་སྨན་དཔྱད་དེ་དེའི་སྡོང་པོ་བཀོད། དེ་ལས་གྱེས་པ་ཡལ་ག དེ་ལས་འཕྲོས་པ་ལོ་འདབ། མཐར་ཕྱིན་པ་མེ་ཏོག་འབྲས་བུ་རྣམས་དཔེ་དོན་སྦྱར་ནས་གསོ་དཔྱད་ཀྱི་དོན་མདོར་བསྟན་ནས་བཤད། དབང་པོའི་བློ་གྲོས་འབྲིང་རྣམས་ལ་བཤད་པས་རྟོགས་པའི་དོན་དུ་བཤད་པའི་རྒྱུད་དེ་རྩ་རྒྱུད་དུ་མདོར་བསྟན་པ་དེ་ཉིད་གསོ་བྱ་གསོ་བྱེད་ཇི་ལྟར་གསོ་ཐབས་གསོ་བ་པོ་སྨན་པ་དང་རྣམ་པ་བཞིའི་སྒོ་ནས་རྒྱས་པར་བཤད། ད་ནི་བློ་ཐ་མའི་དོན་དུ་རྒན་མོ་མཛུབ་ཚུགས་སུ་ནད་རེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས། དེ་ཡང་རྒྱུ་ལ་ཉེ་རྒྱུ་རིང་རྒྱུ། རྐྱེན་ལ་སྐྱེ་མཆེད་གསོག་ལྡང་སློང་རྐྱེན། དབྱེ་བ་ལ་རང་རྒྱུད་གཞན་རྒྱུད། རིགས་གནས་ནང་ཚེགས་རྟགས་ལ་སློང་བ་རྒྱུ། མཚན་ཉིད་རྟགས། ཕན་གནོད་བསྟེན་པ། བཅོས་ཐབས་ལ་གསོ་ཚུལ་གསོ་ཐབས་གཉེན་པོ། དེ་དག་ལ་སྤྱི་དང་བྱེ་བྲག་རྣམས་ཕྲ་ཞིབ་རྒྱུ་མཚན་དང་བཅས་སྟོན་པ་ཤིན་ཏུ་རྒྱས་པས་སོ། དེ་ཡང་སྤྱི་ཙམ་པ་ཟོང་དང་ལག་ཡོད་ཉེ་བར་མཁོ་ངེས་ལ་དམར་གྱི་ཐ་སྙད་བྱས་པའི་དམར་ཁྲིད་དམ་ལག་ཁྲིད་དེས་རྒྱུས་བཤད་ནས་ལམ་སྟོན་པ་ལྟ་བུ་དོན་སྤྱི་མ་ཡིན་པར་ལག་པས་ཁྲིད་ནས་འགྲོ་བ་ལྟ་བུའོ། །དེ་ཡང་བཤད་ལོ་ཐོས་ལོ་ཤེས་ལོ་མ་ཡིན་པར་ལག་ཐོག་ལེན་པ་གཅིག་ཏུ་གང་ལ་གང་དགོས་དུམ་བུར་ཁྲིགས་བསྟན་ནས་ཕྱོགས་སུ་བསྡེབས་པའི་མན་ངག་རྒྱུད་འདི་སྐབས་ཞེས་པར་སྐབས་ཀྱི་དོན་ཏེ། བརྗོད་བྱ་དང་འབྲེལ་བའི་རྗོད་བྱེད་བཅོ་ལྔའི་སྐབས་ཀྱིས་སོ་སོར་མ་འདྲེས་པར་དབྱེ་བ་ཡིན་པ། དེ་ལ་ནད་ཉེས་པ་གསུམ་ལས་མི་འདའ་བའི་ངེས་པས་རླུང་མཁྲིས་བད་ཀན་གྱིས་སྣ་དྲངས་ནས་ནད་རིགས་གང་དང་གང་ལ་གསོ་ཐབས་གང་དང་གང་དགོས་པ་ཐམས་ཅད་ཡིད་ལས་སྐྱེས་ཁྱོད་ཀྱིས་དྲིས་ཤིག་ངས་བཤད་ནས་དོན་གོ་བར་བྱེད་པའི་ལུང་སྦྱིན་པར་བྱའོ་ཞེས་གསུངས་པ་དང༌། གསུང་གི་སྤྲུལ་པ་དྲང་སྲོང་མཚན་ཡིད་ལས་སྐྱེས་ཀྱིས་ཚིག་འདི་སྐད་ཅེས་སླར་ཡང་ཞུས་སོ།།

          དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་གུས་པའི་ཚུལ་གྱིས་ཞུ་བའི་ཚིག་འདི་ལྟར་དུ། ཁྱོད་ནི་འགྲོ་བ་གང་ཞིག་སྡུག་བསྔལ་གྱིས་ཉེན་པ་དེའི་གཉེན་པོར་སྤྲུལ་ནས་བདེ་བར་སྦྱོར་བ་དེས་ན་འགྲོ་བ་ཀུན་གྱི་བདེ་ལེགས་དཔལ་ཡོན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་མངོན་དུ་གྲུབ་པའམ་ཉི་ཟླ་མཁའ་ལ་ཤར་བ་བཞིན་ཤར་བས་ན་འགྲོ་བའི་གཙོ་བོ་ནི། ལུས་འདི་ཉིད་འཕྲལ་དང་ཡུན་གྱི་འདོད་དོན་ཆོས་ནོར་བདེ་བ་ཐམས་ཅད་ནི་ཉེར་ལེན་གྱི་སྒྲུབ་པ་ལ་རག་ལས། སྒྲུབ་པ་ནི་ཚེ་རིང་བ་དང་ནད་མེད་པ་ལ་རག་ལས། དེ་གསོ་དཔྱད་ལ་རག་ལས་པས། དེས་ན་གསོ་བ་རིག་པ་འདི་ནི་བདེ་ལེགས་ཀྱི་རྩ་བ་ཡིན་པའི་དོན་གྱིས་ན། དང་པོར་མདོར་གནས་རྩ་བ་ཐུགས་ཀྱི་རྒྱུད་གང་ཟག་བློ་རབ་ཀྱི་དོན་དུ་བསྡུས་པར་གསུངས་ཤིང༌། དེ་ཉིད་བསྡུས་དྲགས་ནས་གང་ཟག་བློ་རབ་ལས་ཞན་པ་རྣམས་ཀྱིས་མ་ཁྲོལ་བ་ལ་གཉིས་པ་བཤད་པ་སྐུའི་རྒྱུད་རྒྱས་པར་གསུངས་པ་དེ་ལྟར་ལགས་ན། ད་ནི་དེ་ཡི་ཞེས་དེ་རྣམས་ཀྱི་ལག་ལེན་སྟོན་བྱེད་ཀྱི་གཞུང་མན་ངག་ཡོན་ཏན་གྱི་རྒྱུད་རྗོད་བྱེད་སྐབས་དོན་གྱི་དབྱེ་བ་བཅོ་ལྔར་གསུངས་པ་དེ་རྣམས་ལས་ཉེས་པ་གསུམ་པོ་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱི་ཞིང༌། དེ་ལའང་རླུང་དང་མཁྲིས་པ་བད་ཀན་དང་རྣམ་པ་གསུམ་གྱི་ཞེས་ཤུགས་ལས་འདུས་པའི་ནད་སྨུག་པོ་དང་བཅས་པའི་རྒྱུ་དང་རྐྱེན་དང་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་ལ་སོགས་པ་རྣམས་འགྲོ་བ་ཀུན་གྱི་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བདག་ཅག་ལ་སོགས་པ་འཁོར་རྣམས་ལ་བཤད་དུ་གསོལ་ཞེས་དང༌། སླར་ཡང་ནན་གྱིས་ཀྱེ་ཞེས་བོས་ནས་ཧོ་ཞེས་ཡི་རང་བའམ་འདོད་པ་གང་བར་གྱུར་པའི་དོན་བཟང་པོ་མ་ཚང་བ་མེད་པ་རྗེས་འཇུག་གི་འགྲོ་བ་རྣམས་ཀྱི་དོན་དུ་དགོངས་ལ་བཤད་དུ་གསོལ་ཞིང་དེར་མ་ཟད་བདག་ཅག་ལ་སོགས་འཁོར་རྣམས་ཀྱང་གྲོགས་ཀྱི་མཆོག་དམ་པར་དགོངས་ལ་བཤད་དུ་གསོལ་ཞེས་ཞུས་སོ།།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཞུས་པའི་ལེའུ་སྟེ་དང་པོའོ།། །།



མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།