སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དང་པོ། རེག་པ་རྩ་ལ་ངོས་བཟུང་ནས་བརྟག་པའི་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་དང་པོ། རེག་པ་རྩ་ལ་ངོས་བཟུང་ནས་བརྟག་པའི་ཐབས་བསྟན་པ།

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པའི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་རྣམ་བཤད་བཞུགས་སོ།།

 མཆོད་བརྗོད།

ཨོཾ་ཨཱ་ཐཱ། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཡང་སྙིང་དམ་པ་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བའི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་རྣམ་བཤད་མངོན་སུམ་དང་ལྐོག་གྱུར་གྱི་ཤེས་བྱའི་གནས་ཀུན་ལ་སྒྲིབ་གཡོགས་མི་མངའ་བ་ནཱ་གཱ་རྫུ་ནའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།།

དང་པོར་ཐུབ་དབང་བསྟན་པའི་སྒོར་བཅུག་ཅིང༌། །བར་དུ་ཤེས་བྱའི་གནས་ཀུན་གསལ་བར་བསྟན། །ཐ་མར་ཟབ་མོའི་ལམ་ལ་འཁྲིད་མཛད་པའི། །ཡོངས་འཛིན་དམ་པའི་བཀའ་དྲིན་གཞལ་དུ་མེད། །

མཐའ་བཞི་གཞུང་ལུགས་འཐོར་ཞིང་རྟོགས་དཀའ་ལས།།གོ་བདེར་རྒྱས་བསྡུས་འཚམ་པར་ལེགས་བཤད་པས། །ཕྱོགས་འདིར་གསོ་རིག་མིང་ཙམ་མ་ཉམས་པ། །ཡོན་ཏན་མགོན་པོའི་དྲིན་ཡིན་ད་དུང་སྐྱོངས། །

ལེགས་བཤད་ཐོས་ཚེ་འཕྲལ་དུ་དགའ་བསྐྱེད་ཅིང༌། །དོན་ལ་དཔྱོད་པའི་བློ་ལྡན་དོན་གཉེར་ཅན། །སྐལ་བཟང་གཟུར་གནས་ཀུན་ལ་དགའ་བསྐྱེད་པའི། །གཏན་པ་མེད་པའི་མཆོད་སྦྱིན་བརྩམ་པར་བྱ། །

ཞེས་རྩོམ་པའི་སྒོ་ཕྱེ་ནས་ལས་སུ་བྱ་བ་ནི། བོད་གངས་རིའི་ལྗོངས་ཀྱི་འགྲོ་བ་མིའི་ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་གཞུང་ལུགས་རྣམས་ཀྱི་ནང་ནས་མཆོག་གཙོ་བོ་ཕུལ་དུ་གྱུར་པ་ནི་རྒྱུད་བཞིར་གྲགས་པ་འདི་ཉིད་ཡིན་ལ། དེའི་ནང་ནས་ཀྱང་བློ་གྲོས་ཀྱི་རྩལ་ཞན་པའི་སྨན་པ་དག་གི་ངོར། ལག་ལེན་གྱི་རིམ་པ་རྣམས་ལེའུའི་གོ་རིམ་དང་མཐུན་པར་ཚང་ལ་མ་འདྲེས་པར་གསལ་བར་སྟོན་པའི་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ཉིད་དེང་སང་གི་དུས་ན་བློ་རབ་འབྲིང་ཐབས་ཅད་ཀྱིས་ཀྱང་ཐོག་མ་ཉིད་ནས་འཇུག་པའི་སྒོར་བྱེད་པ། གཞུང་འདི་ཁོ་ན་ཙམ་ལ་བརྟེན་ནས། རང་གཞན་གྱི་དོན་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་པས། དེ་རྣམས་ལ་ཕན་པའི་འདུན་པ་དང་འདི་དག་གི་ཚིག་དོན་འགྲེལ་བར་འདོད་པ་ལ།

སྔོན་གྱི་བི་བྱི་ལེགས་ལྡན་མགོན་པོ། ཆེར་རྗེ་ཁྲི་འོད། འུག་པ་ཆོས་སེང༌། གཡུ་ཐོག་འབུམ་སེང༌། བྲང་ཏི་དཔལ་ལྡན་འཚོ་བྱེད། དཔལ་ལྡན་རྒྱལ་མཚན། རྫ་ཡེ་ཤེས་གཟུངས། སྟོང་སྨན་ནམ་མཁའ་རྒྱལ་མཚན། མཐའ་བཞི་ཤཱཀྱ་དར། གཉའ་པ་སོགས་སྔ་རབས་པ་རྣམས་དང༌། བར་དུ་བྱང་པ་བདག་པོ་རྣམ་རྒྱལ་གྲགས་པ། སྟོད་སྨན་གཞོན་ནུ། རྗེས་སུ་བྱང་པ་བཀྲ་ཤིས་དཔལ་བཟང༌། དཀོན་མཆོག་བདེ་ལེགས། འཚོ་བྱེད་ཐུགས་རྗེ། བྱ་བ་བཀྲ་ཤིས་རྣམ་རྒྱལ། མཚོ་སྨད་མཁན་ཆེན་པ་ལ་སོགས་པས་འགྲེལ་པ་རྒྱས་བསྡུས་ཅི་རིགས་པར་བྱས་པ་དག་སྣང་མོད། དེ་ལྟར་ནའང་དེ་དག་ཐམས་ཅད་དུ་རང་ཉིད་ཀྱིས་མ་གོ་བ་དང༌། ལོག་པར་གོ་བ་དང༌། ཐེ་ཚོམ་གྱི་གནས་རྣམས་ཀྱང་རང་ཉིད་ཀྱི་རྣམ་པར་རྟོག་པས་བཅོས་ཏེ་ཡིན་ཡིན་ལྟར་བཀོད་པས། བླུན་པོ་རྣམས་མགུ་བར་བྱ་བ་ཙམ་མ་གཏོགས་ལེགས་པར་བཤད་པའི་ཆ་ཤས་སུ་སཱ་ལའི་འདབ་མ་ཙམ་ཡང་མི་སྣང་བའི་དོན་གྱིས་སྒྱིད་ལུག་པ་སྤངས་ཏེ་ཅི་ནུས་ཀྱིས་བཤད་པར་བྱའོ། །

དེ་ལ་གཉིས་ཏེ། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ལ། །བསྟན་བཅོས་གང་དང་ཅི་འཆད་ཀྱང༌། །དགོས་སོགས་ཆོས་བཞིའི་སྒོ་ནས་མ་བཤད་ན། གཞུང་གི་ཁོག་མི་ཕིགས་ཤིང་རྒྱུད་བཞི་ག་བསྟན་བཅོས་ཀྱི་ལུས་གཅིག་ཡིན་པའི་དོན་གྱིས་རྒྱས་པར་ནི་སྔར་རྩ་རྒྱུད་ཀྱི་འགྲེལ་པར་བཤད་ཟིན་ལ། འདིར་ཕྱི་མ་རྒྱུད་ཁོ་ནའི་དབང་དུ་བྱས་ནས་ཅུང་ཟད་ཅིག་བཤད་པར་བྱ་དགོས་པ་ལས། དེའང་དུམ་བུ་འདི་ཉིད་ལོགས་སུ་བཤད་པའི་དགོས་པནི། །ཚིག་དོན་གཉིས་ཀ་རྒྱས་བསྡུས་འཚམ་ཞིང༌། ནད་བརྟག་ཚུལ་དང་ཞི་སྦྱངས་ལ་སོགས་པ་ལེའུ་སོ་སོར་མ་འདྲེས་པས་བདེ་བླག་ཏུ་རྟོགས་སླ་བའི་དགོས་པ་དང༌། །དེ་ལ་བརྟེན་ནས་ཉམ་ཐག་པ་རྣམས་ལ་ཕན་ཅིང༌། སྨན་པ་རང་ཉིད་ལའང་ཆོས་ནོར་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་ནི་དགོས་བའི་ཡང་དགོས་པ་ཡིན་ནོ། །

གཉིས་པ་བསྡུས་དོན་ནི། གཞུང་འདིའི་བརྗོད་བྱ་ཐམས་ཅད་བསྡུ་ན་ནད་བརྟག་པའི་ཐབས། ཞི་བྱེད་ཀྱི་སྡེ། སྦྱོང་བྱེད་ཀྱི་ལས། འཇམ་རྩུབ་ཀྱི་དཔྱད་དེ་མདོ་བཞིར་བསྟན་པ་ཡིན་ནོ། །གསུམ་པ་བརྗོད་བྱ་ནི། གསོ་ཡུལ་གྱི་ནད་དང༌། གསོ་བྱེད་ཀྱི་གཉེན་པོ་དང༌། གསོ་ཐབས་ཀྱི་ལག་ལེན་གསུམ་དུ་འདུས་མོད་ཀྱིས། དེ་དག་ཀྱང་གཞུང་འདིའི་གནས་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་དུ་དབྱེ་བར་མཛད་པ་ཡིན་ཞིང༌། བརྗོད་བྱའི་དོན་དེ་ལྟ་བུ་སྟོན་པར་བྱེད་པའི་གཞུང་ལུགས་ལ་རྗོད་བྱེད་ཀྱི་ཚིག་ཅེས་བྱའོ། །བཞི་པ་འབྲེལ་བ་ལ་གཞུང་སྤྱིའི་འབྲེལ་པ་དང༌། བྱེ་བྲག་ཏུ་མདོ་བཞི་དང་ལེའུའི་འབྲེལ་བ་བཤད་པའོ། །དང་པོ་ནི། གཞུང་གི་བརྗོད་བྱའི་དོན་ཐམས་ཅད་ངག་ཅན་དང༌། །རྗོད་བྱེད་དག་གི་རང་བཞིན་ཅན་དེ་བརྗོད་བྱ་དང་རྗོད་བྱེད་ཀྱིས་འབྲེལ་ཞིང༌། ལུས་ན་བ་གསོ་བར་བྱེད་ཅིང་མི་ན་བར་གནས་པ་སྨན་དཔྱད་ཟས་སྤྱོད་ལས་འབྱུང་ལ། དེའང་གསོ་ཐབས་ཀྱི་གཞུང་ལུགས་འཁྲུལ་མེད་ལས་འབྱུང་དགོས་པས་ན། ཐབས་དང་ཐབས་བྱུང་གི་འབྲེལ་བ་གྲུབ་བོ། །གཉིས་པ་ལ་མདོ་བཞིའི་འབྲེལ་བ་ནི། གསོ་བར་བྱ་བའི་གཞི་ངོ་མ་ཤེས་ན་སྨན་གཏོང་བའི་ཡུལ་མི་ཡོང་བས། ཐོག་མར་བརྟག་ཐབས་ཀྱི་མདོ་བསྟན། ནད་བརྟག་ཐབས་དེས་ནད་ངོས་ཟིན་ནས། གཉེན་པོའི་ཐོག་མར་ཞི་བྱེད་ཀྱི་སྨན་གྱི་མདོ་གཉིས་པར་བསྟན། དེའི་རྗེས་སུ་ཞི་བྱེད་ཀྱིས་གལ་ཏེ་སེལ་མ་ནུས་ན་གྱེན་ཐུར་དུ་སྦྱང་དགོས་པས་སྦྱོང་བྱེད་ལས་ཀྱི་མདོ་གསུམ་པར་བསྟན། དེའི་རྗེས་སུ་སྦྱངས་ཀྱང་ནད་ལྷག་ལུས་ན་དཔྱད་ཀྱིས་དབྱུང་དགོས་པ་བཞིན་གཏར་བསྲེག་ལ་སོགས་པ་དཔྱད་ཀྱི་མདོ་ཐ་མར་བསྟན་པས་ན་ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མ་ལས་འཕྲོས་ནས་བྱུང་བའི་ཕྱིར་དེ་བྱུང་གི་འབྲེལ་ལོ། །གཉིས་པ་ལེའུའི་འབྲེལ་ལ། །བརྟག་ཐབས། ཞི་བྱེད། སྦྱོང་བྱེད། དཔྱད་ཀྱི་ལེའུའི་འབྲེལ་དང་བཞི་ལས།

དང་པོ་བརྟག་ཐབས་ཀྱི་ལེའུའི་འབྲེལ་ནི། ནང་གི་ནད་དང༌། ནད་མེད་ཀྱི་ཕྲ་རགས་སོ་སོའི་རྟགས་ཕྱིའི་འབྲས་བུའི་གཏན་ཚིགས་ལ་བརྟེན་ནས་མངོན་སུམ་དུ་རྟོགས་ནུས་ཤིང༌། དེ་ལའང་བརྟག་པ་རྣམས་ཀྱི་མཆོག་ཏུ་གྱུར་བ་ནི། རེག་པ་རྩ་ལ་བརྟེན་ནས་བརྟག་པ་འདི་ཡིན་པས། ཐོག་མར་བསྟན་ལ་དེའི་འོག་ནས་ཆུ་ལ་བརྟག་པ་འདིའང་མེ་ལོང་གི་གཟུགས་བརྙན་ལ་བལྟ་བ་བཞིན་དུ་ངེས་ཤེས་བསྐྱེད་ནུས་པས་གཉིས་པར་འཐད་དེ། འདི་དག་ནི་མཆོག་དམན་ནམ་བདག་གཅིག་པའི་འབྲེལ་བར་གྲུབ། གཉིས་པ་གསོ་བྱེད་ཀྱི་ལེའུའི་འབྲེལ་བ་ནི། ནད་ཀྱི་རིགས་གང་ཡིན་ཀྱང་ཕན་ཚུན་མ་འདྲེས་པའི་རྐྱང་པ་ཁོ་ན་སྲིད་བ་ཙམ་ལས་མེད་པས། ཐོག་མར་སྨིན་སྡུད་འབྱེད་པའི་ཐབས་སུ་ཐང་གི་སྡེ་ཚན་བཤད། བར་དུ་ཕྱེ་མས་ནད་ཀྱི་ངོ་བོ་གཞོམ་པ་དང༌། མཇུག་ཏུ་རིལ་བུས་ནད་ལྷག་གཏིང་འདོན་པར་བྱེད་པས་དུས་ཀྱི་སྒོ་ནས་འབྲེལ་ཞིང༌། ཡང་ན་ཐང་སྦྱོར་རྣམས་རོས་ལས་བྱེད་པས་བྱེད་ལས་མྱུར་བ་དང༌། ཕྱེ་མར་སྦྱར་བ་ནི་ཞུ་རྗེས་ཀྱི་ལས་བྱེད་པ་ཤས་ཆེ་བས་བྱེད་ལས་ཅུད་ཟད་བུལ་ལ། རིལ་བུ་སྦྱར་བ་རྣམས་ནི་ནུས་པས་ལས་བྱེད་པ་ཕལ་ཆེ་སྟེ། བྱེད་ལས་ཀྱང་བུལ་བ་ཡིན་པས་བྱེད་ལས་ཀྱི་སྒོ་ནས་འབྲེལ་ལོ། །མདོར་ན་ནད་གང་དང་གང་ལའང་ཐོག་མར་ཐང་གི་སྡེ་ཚན་ནས་བཤད་པ་རྣམས་གཏོང༌། དེས་མ་ཕན་ན་ཕྱེ་མ། དེས་ཀྱང་གཏིང་མ་ཐོན་ན་རིལ་བུའི་སྦྱོར་བ་རྣམས་གཏོང་དགོས་པ་ཡིན་ཏེ། འདི་གསུམ་པོ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ནུས་པའི་གཏིང་ཚན་ཆེ་བའི་ཕྱིར་ནུས་པའི་གོ་རིམ་དང་མཐུན་པར་འབྲེལ་ལོ། །དེ་ལྟར་ཐང་ཕྱེ་རིལ་བུ་གསུམ་གྱིས་ཚ་གྲང་གི་ནད་ཕལ་ཆེར་ཞི་བར་འགྱུར་མོད་ཀྱི། འོན་ཀྱང་རྩ་ཚིགས་པགས་པ་ལ་སོགས་པར་རྙིངས་ཤིང་ཞེན་པའི་ནད་ལྷག་འདོན་པར་བྱེད་པ་ལ་ལྡེ་གུའི་སྦྱོར་བ་གསུངས་ཤིང༌། ཐམས་ཅད་ཀྱི་རྗེས་སུ་ལུས་ཀྱི་ཟུངས་སྟོབས་བསྐྱེད་ཅིང་དབང་པོ་ཀུན་གསལ་བར་བྱེད་པ་ལ་སྨན་མར་གྱི་སྡེ་ཚན་སྨོས་ཏེ། འདི་དག་ཀུན་ཀྱང་སྔ་ཕྱིའི་གོ་རིམ་དང་མཐུན་པའི་འབྲེལ་བ་གྲུབ་བོ། །ཡང་སྨན་པ་སྤྱི་ལ་ཡོངས་སུ་གྲགས་པའི་སྡེ་ཚན་ལྔ་པོ་དེར་མ་ཟད། བད་ཀན་རང་རྒྱུད་ཅན་གྱིས་བསྐྱེད་པའི་གྲང་བའི་ནད་གཙོ་ཆེར་སེལ་བ་ལ་ཐལ་སྨན་གྱི་སྦྱོར་བ་དང༌། ཚ་བའི་ནད་ཤས་ཆེར་སེལ་བ་ལ་ཁཎྜའི་སྡེ་ཚན་དང༌། རླུང་ལྡན་ཕར་ཆེར་སེལ་བ་ལ་སྨན་ཆང་གི་སྦྱོར་བ་འདི་གསུམ་ཤིན་ཏུ་ཟབ་པའི་དོན་གྱིས་བར་འདིར་སྦས་པའི་ཚུལ་གྱིས་བསྟན་ལ། ནད་པ་འབྱོར་ལྡན་དང་དབུལ་ཕོངས་སོ་སོར་རྗེས་སུ་འཛིན་པ་ལ་རིན་པོ་ཆེ་དང་སྔོ་སྦྱོར་གྱི་སྡེ་ཚན་རིམ་པར་གསུངས་ཏེ་གནས་སྐབས་ཀྱིས་འབྲེལ་ལོ། །གསུམ་པ་སྦྱོང་བྱེད་ལས་ལྔའི་འབྲེལ་ནི། སྣུམ་བཅོས་མ་བྱས་པའི་སྔོན་དུ་ལས་ལྔ་པོ་གང་ཡང་བྱར་མི་རུང་བའི་ཕྱིར་སྣུམ་བཅོས་ཐོག་མར་སྨོས། དེ་ནས་ཁྲག་མཁྲིས་སོགས་ཐུར་དུ་སྦྱོངས་ལ་བཤལ། བད་ཀན་ལྕགས་དྲེག་དང་དུག་སོགས་གྱེན་དུ་འདྲེན་པ་ལ་སྐྱུགས། ནམ་ཚོང་ཡན་གྱི་ནད་སྦྱོང་བ་ཞི་དྲག་གིས་སེལ་བ་ལ་སྣ་སྨན་དང་སྣ་སྦྱོངས། རྒྱུ་ལོང་གི་ནད་ཐུར་དུ་འདྲེན་པའི་སྦྱོར་བ་འཇམ་རྩི་དང་དྲག་པོ་ནི་རུ་ཧ། དེ་དག་ཀུན་གྱི་ཐ་མར་ལོག་གནོན་གྱི་རྩ་སྦྱོངས་བསྟན་ཏེ་སྟོད་སྨད་ཀྱི་བྱེ་བྲག་དང་སྦྱོར་བ་ཕྲ་རགས་ཀྱི་སྒོ་ནས་འབྲེལ་ལོ། །སྐབས་འདིར་ཟུར་མཁར་བའི་སློབ་མ་ཁ་ཅིག་གིས་ཆོས་རྗེའི་བཞེད་པ་ཡིན་པ་སྐད་བྱས་ནས་འཇམ་རྩི་དང་སྣ་སྨན་གོ་རིམ་བསྣོར་ནས་པར་དུའང་བརྐོས་མོད། དེ་དག་གིས་རྒྱུད་དོན་གནས་ལྟ་ཞོག །ལེའུའི་གོ་རིམ་ཙམ་ལའང་རྨོངས་པར་ཟད་དོ། །བཞི་པ་འཇམ་རྩུབ་དཔྱད་ཀྱི་ལེའུའི་འབྲེལ་ནི། ཚ་བའི་ནད་རོ་དབྱུང་བ་ལ་གཏར་ག གྲང་བའི་ནད་སྟོབས་གཞོམ་པ་ལ་མེ་བཙའ། ལྡན་འདུས་བད་ཀན་ཤས་ཆེ་བ་ལ་དུགས། ལྡན་འདུས་མཁྲིས་པ་ཤས་ཆེ་བ་ལ་ལུམས། ལྡན་འདུས་རླུང་ཤས་ཆེ་བ་ལ་བྱུག་པ། དེ་དག་ཀུན་གྱི་ཐ་མར་ལོག་གནོན་ཐུར་མའི་དཔྱད་གསུངས་ཏེ། ཐམས་ཅད་ཀྱང་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་བོ། །སྔོན་ཆད་རྒྱུད་བཞིའི་འགྲེལ་པ་བྱེད་པ་ཐམས་ཅད་ཀྱིས་འདི་ལྟ་བུའི་བཤད་ཐབས་མགོ་སྨོས་པ་ཙམ་མ་བྱས་པས། འཆད་རྩོད་རྩོམ་གསུམ་གྱི་ཚུལ་ལ་རྨོངས་བཞིན་དུ་མཁས་པར་བརློམས་པའི་མངོན་པའི་ང་རྒྱལ་གྱིས་བརྩམས་པར་ཟད་དོ།།

གཉིས་པ་གཞུང་གི་དོན་ལ་བཞི། དྲི་བའི་སྒོ་ནས་གླེང་བསླང་བ། ལན་གྱི་སྒོ་ནས་ལུས་མདོར་བསྟན་པ། སླར་ཡང་དེའི་ཡན་ལག་རྒྱས་པར་བཤད་པ། རྒྱུད་བཞི་གའི་མཇུག་གི་དོན་འགྲེལ་བར་བྱ་བའོ། །དང་པོ་ལ། གསུང་པ་པོའི་སྟོན་པ་སྤྲུལ་ཚུལ་དང༌། དེ་ལ་འཁོར་གྱིས་དྲིས་པའི་ཚུལ་ལོ། །དང་པོ་ནི། དེ་ནས་ཞེས་པ་ནས་བར་སྣང་ལ་བཞུགས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཞེས་པ་མན་ངག་རྒྱུད་གསུངས་ཟིན་པའི་སྐད་ཅིག་མ་གཉིས་པ་ཡིན་པས་འདས་མ་ཐག་པ་དང༌། ཕྱི་མ་རྒྱུད་གསུང་བ་ལ་མངོན་དུ་ཕྱོགས་པས་ལྷག་མ་ཅན་ཏེ་གཞི་མཐུན་པའི་ཚིག་ཡིན་ནོ། །དེའང་མན་ངག་རྒྱུད་གསུངས་ཟིན་ནས་བྱ་བ་གཞན་གྱིས་བར་མ་ཆོད་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་བདུད་བཞི་བཅོམ་པ་འམ་ཡང་ན་ཡོན་ཏན་དྲུག་དང་ལྡན་ཞིང་འཇིག་རྟེན་པའི་ལེགས་ལྡན་རྣམས་ལས་འདས་པ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྡུག་བསྔལ་ལས་སྐྱོབ་ཅིང་ལུས་དང་སྲོག་འཚོ་བར་མཛད་པ་ལ་སྨན་པའི་རྒྱལ་པོ་ཞེས་མཚན་དུ་གྲགས་པའི་གཟུགས་སྐུ་ནོར་བུ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལྟར་གསལ་ཞིང་དྭངས་ལ་འོད་ཟེར་དཔག་མེད་འཕྲོ་བ་དེས་གོང་དུ་མན་ངག་རྒྱུད་གསུངས་པའི་སྐབས་ཀྱི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། སླར་ཐོགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྐད་ཅིག་མ་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་གསང་བའི་གནས་ནས་འོད་ཟེར་དཀར་སྔོ་དཀར་སེར་ལྗང་ནག་སྟེ་རྩ་བའི་ཁ་དོག་དྲུག་དང༌། གཉིས་ནས་དྲུག་གི་བར་དུ་ཕན་ཚུན་འདྲེས་པ་ལ་སོགས་པ་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་གནས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་དགེ་བ་ལ་ཞུམ་པ་དང༌། སྡིག་པ་ལ་སྐྲག་པའི་ཉེས་པ་དང་སྐྱོན་ཐམས་ཅད་རྡུལ་དང་གྱོ་མོ་བཞིན་དུ་ཕྱིར་བསལ་ནས་དགེ་བཅུའི་ལམ་ལ་བཀོད། ལུས་ལ་བར་དུ་གཅོད་པའི་ནད་དང༌། ཚེ་ལ་བར་དུ་གཅོད་པའི་གདོན་ཐམས་ཅད་ཞི་བར་བྱས་ནས་འོད་ཟེར་རྣམས་སླར་སྐུའི་གསང་བར་འདུས་པ་ལས། སྤྲུལ་པའི་སྟོན་པ་ཕྲག་དོག་གནས་གྱུར་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་རྣམ་པ་ཅན། ཐ་སྙད་དུ་མཚན་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་བྱེད་པ་པོ་བཅོམ་ལྡན་འདས་ལ་ཡོད་པའི་འཕྲིན་ལས་ལས་སྤྲུལ་ཏེ་སྟོན་འཁོར་རྣམས་ཀྱི་མདུན་གྱི་བར་སྣང་ལ་བཞུགས་པ་ལས་ཞེས་པའི་དོན་ཏོ།།

གཉིས་པ་སྟོན་པ་དེ་ལ་འཁོར་གྱིས་དྲིས་པའི་ཚུལ་ནི། གསུང་གི་ཞེས་པ་ནས་ཞེས་ཞུས་པ་དང་ཞེས་པའི་བར་གྱིས་བསྟན་ཏེ། སྔར་རྩ་རྒྱུད་ཞུ་བའི་ཐོག་མ་ཉིད་དུ་བཅོམ་ལྡན་འདས་ཀྱི་གསུང་ལས་སྤྲུལ་པའི་དྲང་སྲོང་འདོད་ཆགས་གནས་གྱུར་པ་ལས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་འོད་དཔག་མེད་ཀྱི་རྣམ་པ་ཅན། ཐ་སྙད་དུ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་འདིར་ཡང་ཕྱི་མ་རྒྱུད་ཞུ་བའི་སླད་དུ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་ཕྱག་དང་སྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་བ་བཏབ་པར་གྱུར་ཏོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་པས་མཚན་ནས་བོས་ཏེ། སྔར་རྒྱུད་ཀྱི་གླེང་གཞིའི་སྐབས་སུ་རྒྱུད་བཞི་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལས་འཕྲོས་ནས་རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་གསུམ་ནི་གང་ཟག་དབང་པོ་རབ་འབྲིང་ཐ་མའི་དོན་དུ་གོ་རིམ་བཞིན་དུ་གསུངས་པས།  སྐྱེ་བོ་ཕལ་མོ་ཆེ་ལ་ཕན་བདེ་བླ་ན་མ་མཆིས་པར་གྱུར་ལགས་ནའང༌། གང་ཟག་དབང་པོ་ཤིན་ཏུ་དམན་པ་རྣམས་ཀྱིས་རྩ་རྒྱུད་ནི་ཧ་ཅང་བསྡུས་དྲགས་པས་གོ་མི་ནུས་ཤིང༌། བཤད་པའི་རྒྱུད་ནི་བརྗོད་བྱ་རྒྱ་ཆེ་བས་མཐའ་དག་དཔྱོད་པར་དཀའ་ལ། མན་ངག་རྒྱུད་ནི་རྗོད་བྱེད་ཀྱི་ཚིག་མངས་ཆེས་པས་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་པ་སྐྱེ་བ་དག་སྣང་བ་དེས་ན། དེ་ནི་གང་ཟག་དབང་པོ་ཤིན་ཏུ་རྟུལ་བ་རྣམས་རྗེས་སུ་བཟུང་བའི་སླད་དུ་ཚིག་དོན་གཉིས་ཀ་ཧ་ཅང་རྒྱས་པ་དང་བསྡུས་དྲགས་པ་མ་ཡིན་པར། མང་ཉུང་འཚམ་ཞིང་ལག་ལེན་གསལ་ལ་གནད་དུ་དྲིལ་བས་བདེ་བླག་ཏུ་རྟོགས་སླ་བ་ཕྱི་མའི་རྒྱུད་ཅེས་བྱ་བ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་དང་ཞེས་མཚམས་སྦྱར་རོ། །

གཉིས་པ་ལན་གྱི་སྒོ་ནས་བསྟན་བཅོས་ཀྱི་ལུས་མདོར་བསྟན་པ་ནི། འཕྲིན་ལས་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། འཕྲིན་ལས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་མདུན་གྱི་བར་སྣང་ལ་བཞུགས་པ་དེས་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །དེའང་ཀྱཻ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་དཔལ་ལྡན་རྒྱུད་བཞིའི་དུམ་བུ་ཐ་མ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ཉིད་ལ་བསླབ་པར་བྱ་བའི་ཚུལ་ནི་ཇི་ལྟར་དྲིས་པ་བཞིན་དུ་ངས་བཤད་པར་བྱའོ། །ཞེས་མཚམས་སྦྱར་ནས། ལན་དངོས་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། གཞན་ལུགས་མི་འཐད་པ་དགག་པ་དང༌། རང་ལུགས་འཐད་ལྡན་དུ་བཞག་པའོ། །དང་པོ་ལ། ནད་དང་གཉེན་པོ་གསོ་བའི་ཐབས་གསུམ་ལ། ཞེས་པའི་སྐབས་ནས་བསྟན་པའི་གསོ་ཡུལ་གྱི་ནད་དང༌། །གསོ་བྱེད་ཀྱི་གཉེན་པོ་དང༌། །གསོ་ཐབས་ཀྱི་ལག་ལེན་གསུམ་ཀའང་དབྱེ་བའི་གཞི་དང༌། བྱེ་བྲག་ཤེས་པའི་ཆེད་དུ་བསྡུས་འབྲིང་རྒྱས་པ་གསུམ་གསུམ་གྱི་སྒོ་ནས་དབྱེ་བསྡུ་བྱས་པ་མ་གོ་བར། ཁོ་བོ་ཡན་གྱི་སྨན་པ་ཐམས་ཅད་ཀྱི་གྲངས་གང་འགྲིག་ཁོ་ན་ལ་བློ་རྩེ་གཏད་པའི་བཤད་པ་འབའ་ཞིག་བྱས་པས་གཞུང་ལུགས་ཟབ་མོ་ཆུད་གསོན་པར་གྱུར་པ་ཡིན་ནོ། །དེ་ཡང་གསོ་ཡུལ་གྱི་ནད་ཀྱི་སྐབས་སུ་སྔ་ཕྱིའི་འགྲེལ་བྱེད་པ་འགའ་ཞིག་ན་རེ་རྟེན་སོ་སོའི་ནད་རིགས་བཅུ་གཉིས་དང་ནང་འདུ་བ་ལས་བྱུང་བ་བདུན་ཅུ། ཕྱི་རྐྱེན་གློ་བུར་ལས་བྱུང་བ་བཅུ་དགུ་སྟེ། བཅོས་དགོས་བརྒྱ་དང་རྩ་གཅིག་ཅེས་ཟེར་བ་འདི་ནི། ལག་ལེན་རིན་ཆེན་གཏེར་སྤུངས་ལས། སྐྱེས་པའི་ནད་གསུམ་བུད་མེད་ནད་གཉིས་དང༌། བྱིས་པའི་ནད་ལྔ་རྒས་པའི་ནད་རིགས་གཉིས། ཀུན་ཁྱབ་ཐུན་མོང་ནད་རིགས་བརྒྱད་ཅུ་དགུ། ཞེས་བཤད་པའི་ལུགས་སུ་སྣང་ཞིང༌། དེ་བཞིན་དུ་བཞི་བརྒྱ་རྩ་བཞི་པོ་ལའང་བཤད་རྒྱུད་ཀྱི་ཉེས་པ་གཙོ་བོ་རིགས་གནས་བཞི་པོའི་སྒོ་ནས་བརྒྱ་རྩ་རེ་རེ་བཤད་པ་འདི་ཁོ་ན་འདྲེན་པར་བྱེད་མོད། སྐབས་འདིར་ནི་དེ་ལྟ་བུ་ཤིན་ཏུ་མི་འཐད་དེ། འདིར་སྨན་པས་བཅོས་དགོས་ངེས་དང༌། གསོ་བའི་ཡུལ་ཡིན་ངེས་རྣམས་བགྲང་དགོས་རྒྱུ་ཡིན་ཏེ། བཅོས་དགོས་ཞེས་པ་དང་གསོ་ཡུལ་ཀྱི་ནད་ཅེས་པའི་ཚིག་ཟུར་གྱིས་བསྟན་པ་ཡིན་པའི་ཕྱིར། ཁྱེད་རྣམས་ཀྱི་འདྲེན་ལུགས་འདི་ནི། གཅིག་ལའང་བཞི་སྦྱར་བཞི་བརྒྱ་རྩ་བཞིར་འགྱུར། ཞེས་པའི་དབྱེ་གཞི་ཡིན་ཞིང༌། གཞན་དབང་སྔོན་ལས་ནད་མང་དུ་འདྲེས་པ་མ་གོ་བས་རྣམ་པར་འཁྱམས་པའོ།།

ཁྱད་པར་བྱང་པ་བཀྲ་ཤིས་དཔལ་བཟང་པའི་འགྲེལ་ཆེན་དུ་རྩ་རྒྱུད་ཀྱི་དབྱེ་སྒོ་ལྟར་ན། རླུང་མཁྲིས་བད་ཀན་འདུས་པ་བཞི་ལ་བརྒྱ་རྩ་རེ་རེ་སྟེ་བཞི་བརྒྱ་དང་རྩ་བཞི་ཞེས་དང༌། བཤད་རྒྱུད་ཀྱི་དབྱེ་སྲོལ་ཉེས་པ་གཙོ་བོ་རིགས་གནས་བཞིའི་སྒོ་ནས་འབྱེད་པ་དང༌། མན་ངག་རྒྱུད་ཀྱི་དབྱེ་སྒོ་ལ།་རྒྱུའི་ནད་འདོད་ཆགས་ལ་སོགས་པ་ལྔ་དང༌། ངོ་བོའི་ནད་ལ་རླུང་རྐྱང་པ་དང་མཁྲིས་ལྡན་བད་ལྡན་གསུམ། དེ་བཞིན་དུ་མཁྲིས་པ་དང་བད་ཀན་གཉིས་ལའང་གསུམ་གསུམ་སྟེ་དགུ། སྨུག་པོ་སོགས་འདུས་ནད་བདུན། ཚ་བའི་ནད་རིགས་བཅུ་དྲུག །ལུས་སྟོད་ཀྱི་ནད་དྲུག །དོན་སྣོད་ཀྱི་ནད་བརྒྱད། གསང་ནད་གཉིས། ཐོར་ནད་བཅུ་དགུ །ལྷན་སྐྱེས་ཀྱི་རྨ་བརྒྱད། བྱིས་ནད་དང་མོ་ནད་གསུམ་གསུམ། གདོན་ནད་ལྔ། རྨ་ལ་ལྔ། དུག་ནད་གཉིས་དང་རྒས་པའི་ནད་གཉིས་ཏེ། བསྡོམས་པས་བརྒྱ་དང་རྩ་གཅིག་དེ་ལས་བཞི་བརྒྱ་རྩ་བཞིར་འབྱེད་དོ། །རིགས་ཀྱི་ནད་རྣམས་ལ་གནས་ཀྱིས་དབྱེ། གནས་ཀྱི་ནད་རྣམས་ལ་རིགས་ཀྱིས་དབྱེ་བར་བྱ་སྟེ། དེའང་རྒྱུའི་ནད་ལ་འདོད་ཆགས་ཕྱི་ཤ་པགས་ལ་ཞུགས་པ། ནང་རྩ་རྒྱུས་ལ་ཞུགས་པ། མེ་ཏོག་དབང་པོ་ལ་ཤར་བ། འབྲས་བུ་དོན་སྙིང་ལ་སྨིན་པ་སྟེ་བཞི་དང༌། དེ་བཞིན་དུ་ཞེ་སྡང་སོགས་བཞི་ལའང་སྦྱར་བས་ཉོན་མོངས་པའི་ནད་ཉི་ཤུ་དང༌། ནད་ཀྱི་ངོ་བོ་རྐྱང་པའི་རླུང་ལ་སོགས་པ་གོང་གི་ནད་ཀྱི་གྲངས་རེ་རེ་བཞིན་དུ་ཕྱི་ཤ་པགས་སོགས་བཞི་བཞི་སྦྱར་བས་བཞི་བརྒྱ་དང་རྩ་བཞིའོ་ཞེས་དང༌། སྟོང་ཉིས་བརྒྱ་ཡང་མན་ངག་རྒྱུད་ཁོ་ན་ནས་བཤད་པར་འདོད་དེ། རྒྱུའི་ནད་ལ་རྩ་ཉོན་ལྔ་དང་ཉེ་ཉོན་ཉི་ཤུ་དབྱེ་ན་རང་བཞིན་བརྒྱད་ཅུའི་རྟག་པ་དང༌། རླུང་ནད་དྲུག་ཅུ་རྩ་གསུམ། མཁྲིས་ནད་བཞི་བཅུ་རྩ་བདུན། བད་ཀན་གྱི་ནད་སུམ་ཅུ་རྩ་གསུམ་རྣམས་རང་རྒྱུད་ཅན་དང༌། སེར་པོ་སྨུག་པོ་སོགས་གཞན་རྒྱུད་ཅན་སུམ་ཅུ་རྩ་ལྔ་སོགས་ལེའུ་རེ་རེ་བཞིན་སྤྱི་དང་བྱེ་བྲག་གི་དབྱེ་བར་བཤད་པ་དང༌། འགའ་ཞིག་ཏུ་རྟགས་དང་བཅོས་ཐབས་ཀྱི་སྐབས་སུ་བཤད་པ་རྣམས་སོ་སོར་ཞིབ་ཏུ་བགྲངས་པས་སྟོང་དང་ཉིས་བརྒྱ་ངེས་པར་འབྱུང་ངོ༌། །ཞེས་དང་ཕྱི་རྒྱུད་དང་ཡོངས་གཏད་ཀྱི་དབྱེ་སྲོལ་ལྟར་ན། གོང་གི་བཅོས་དགོས་བརྒྱ་རྩ་གཅིག་ལ་ལྟར་སྣང་མ་བཅོས་རང་བཞིན་འཚོ་བ་སོགས་བཞི་སྦྱར་བས་བཞི་བརྒྱ་རྩ་བཞིའོ་ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་བརྟག་པར་བྱ་སྟེ། དྲི་མེད་འོད་ལས། ཇི་སྲིད་རིག་པ་མ་བསྟན་པ། །དེ་སྲིད་ཁེངས་ཅན་དེ་དག་ཀུན། །ཀུན་མཁྱེན་གྱིས་ཀྱང་དབང་མི་འགྱུར། །ཞེས་གསུངས་པ་བཞིན་རིག་པ་བསྟན་པར་བྱའོ། །དེ་ལ་རྩ་རྒྱུད་དུ་རླུང་མཁྲིས་བད་ཀན་འདུས་པ་བཞི་ལས་བཞི་བརྒྱ་དང་རྩ་བཞིར་འདྲེན་པ་འདི་ལེའུ་དྲུག་པོ་གང་ནས་བཤད། བཤད་ན་རེ་རེ་ནས་བགྲངས་དང༌། བྱ་དགའ་ཆེ་ཐང་དུ་སྦྱིན་པར་བྱའོ། །བཤད་རྒྱུད་ཀྱི་དབྱེ་ལུགས་ཕྱི་རྒྱུད་འདིར་སྦྱར་བ་ལ་གནོད་བྱེད་གཞན་མ་རྣམས་དང་མཚུངས་ཤིང༌། མན་ངག་རྒྱུད་ཀྱི་ལུགས་འདིའང་གྲངས་འགྲིག་པ་ཙམ་གྱིས་ཆོག་ན་བདེན་མོད། གཞན་དུ་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞིའི་ནང་ཚན་དུ་འདྲེན་ན། དེའི་གཉེན་པོ་བཅུ་དང་སྟོང་རྩ་གཉིས་ཀྱི་ནང་ནས་དེང་སང་འདི་དང་འདིའོ་ཞེས་འདྲེན་དགོས་པས་འདོད་ཆགས་ཕན་པ་དེ་གང་ཡིན། ལུས་ལ་སྨན་དཔྱད་བྱས་པས་འཁོར་བ་རྩད་ནས་འབྱིན་པའི་ཐབས་ཡོད་ན་ཁྱོད་རང་ལ་ཤིན་ཏུ་མཁོ་བར་སྣང་སྟེ། འཁོར་བའི་རྩ་བ་མ་རིག་པས་མྱོས་སྣང་པའི་ཕྱིར་རོ།།

གཞན་ཡང་རླུང་མཁྲིས་ལྡན་དང༌། མཁྲིས་པ་རླུང་ལྡན་སོགས་སོ་སོར་འབྱེད་པ་གྲངས་ཙམ་ལ་ནི་ཕན་མོད། དེའི་ཁྱད་པར་འབྱེད་མི་ནུས་ལ། བརྒྱ་རྩ་གཅིག་པོ་དེ་ཉིད་ཀྱང་རིགས་ཀྱི་ནད་རྣམས་གནས་ལ་བརྟེན་ནས་དབྱེ། གནས་ཀྱི་ནད་རྣམས་རིགས་ལ་བརྟེན་ནས་དབྱེ་བ་ཡིན་ན། རིགས་ཀྱི་དབྱེ་བའི་ནང་ཚནལྷེན་དང་ལྕགས་དྲེག་དེ་མིག་དང་རྣ་བའི་གནས་སུ་འབྱུང་བའང་ཡོད་དགོས་པ་དང༌། མིག་དང་རྣ་བ་སོགས་ཀྱི་སྟོད་ནད་འགའ་ཞིག་རྒྱུ་ལོང་དང་ལྒང་པ་རྣམས་སུའང་འབྱུང་དགོས་པ་ལས་དེ་འདྲ་ཨེ་སྲིད། དེར་མ་ཟད་ཉེས་པའི་ནད་རྣམས་གཙོ་བོའི་སྒོ་ནས་དབྱེ། གཙོ་བོའི་ནད་རྣམས་རིགས་དང་གནས་ལ་སོགས་པ་ལ་བརྟེན་ནས་དབྱེ་བར་རིགས་ན་ཅིའི་ཕྱིར་འབྱེད་པར་མི་བྱེད། དེ་ལྟར་ནའང་བཞི་བརྒྱ་རྩ་བཞི་ཞེས་པའི་བརྡ་བཞག་མཚམས་ཀྱང་ཐུག་མེད་དུ་ཐལ་ལོ། །ཁྱད་པར་དུ་འདོད་ཆགས་ཕྱི་ཤ་པགས་ལ་ཞུགས་པ་ཞེས་སོགས་ཀྱི་རིག་པ་འདི་ནི་ཕྱི་ནང་གི་རིག་པའི་གནས་གང་དུའང་མ་གྲགས་པའི་གཏམ་རང་ཉིད་དམའ་འབེབས་པའི་ཚིག་སྟེ། ལྕེ་བརྒྱ་ལྡན་ཡང་ལྐུགས་པ་དང༌། །མང་པོར་སྨྲ་ཞིང་ལྡབ་ལྡིབ་ཅན། །སྨྲ་ལ་སྲེད་པ་དེ་དག་པས། །སྨྲ་བ་སྤོང་བ་མཆོག་ཡིན་ནོ། །ཞེས་བླ་མ་དག་གི་གདམས་པ་དྲན་པར་གྱིས་ཤིག །དེས་སྟོང་ཉིས་བརྒྱའི་བགྲང་ཚུལ་ལའང་མཚུངས་ཤིང༌། མན་ངག་རྒྱུད་ནས་བཤད་པའི་བཅོས་དགོས་བརྒྱ་རྩ་གཅིག་ལ་ལྟར་སྣང་གི་ནད་སོགས་སྦྱོར་ལུགས་འདི་གནས་གང་ནས་བཤད། ཕྱི་རྒྱུད་ནས་མ་བཤད་ན་ནི་ཕྱི་རྒྱུད་ཀྱི་དབྱེ་སྲོལ་ཡིན་ཟེར་བ་མུན་པའི་ཁྲོད་དུ་རྣམ་པར་འཁྱམས་པའོ། །ཡང་སྟོད་སྨན་ནམ་མཁའ་རྒྱལ་མཚན་ལ་སོགས་པའི་འགྲེལ་པ་སྔ་མ་འགའ་ཞིག་ཏུ། རྒྱ་འགྲེལ་དྲི་མ་མེད་པ་ལས། རླུང་གི་ནད་ནི་བརྒྱད་ཅུ་གྱ་བདུན་ཏེ། །མཁྲིས་པའི་ནད་ལ་ལྔ་བཅུ་ཐམ་པའོ། །བད་ཀན་ལ་ནི་བདུན་ཅུ་དོན་བདུན་བཤད། །ཉེས་གསུམ་སྤྱིར་དྲིལ་ཉིས་བརྒྱ་བཅུ་བཞིར་བསྟན། །ཁོང་ནད་དབྱེ་བ་བརྒྱད་ཅུ་གྱ་གཉིས་ལ། །ཚད་ནད་བརྒྱ་དང་བདུན་ཅུ་དོན་དྲུག་གོ། ལུས་སྟོད་ནད་ལ་བརྒྱ་དང་བཅུ་གཉིས་ཏེ། །དོན་སྣོད་ནད་ལ་བརྒྱད་ཅུ་གྱ་གསུམ་བསྟན། །གསང་ནད་ཕོ་མོའི་ནད་ལ་བཅུ་དྲུག་གོ། །འཐོར་ནད་བརྒྱ་དང་བརྒྱད་ཅུ་གྱ་གསུམ་ལས། །ལྷན་སྐྱེས་ནད་ཀྱང་བརྒྱད་ཅུ་གྱ་གསུམ་ཡིན། །བྱིས་པའི་ནད་ལ་བཞི་བཅུ་ཞེ་གཅིག་སྟེ། །མོ་ནད་དབྱེ་བ་བཞི་བཅུ་ཞེ་ལྔ་དང༌། །གདོན་ནད་ཀུན་ལ་བརྒྱད་ཅུ་གྱ་གསུམ་བཤད། །རྨ་མཚོན་ནད་ལ་ཉི་ཤུ་རྩ་དབུ་སྟེ། དུག་ནད་ཀུན་འདུས་ལྔ་བཅུ་ང་གཉིས་ཡིན། །དེ་བཞིན་རྒས་ནད་རོ་ཙ་རེ་རེ་སྟེ། །བཅོས་དགོས་ནད་ནི་སྟོང་དང་ཉིས་བརྒྱའོ། །རྒྱུད་ཆེན་རྣམས་ལས་འདི་ཉིད་གསལ་བར་སྟོན། །ཞེས་བཤད་མོད། སྤྱིར་རྒྱུད་བཞི་པོ་རང་ཡང་རྒྱ་གར་ལས་འགྱུར་བ་ལ་རྩོད་པའི་གཞིར་གྲགས་པ་ལ་རྒྱ་འགྲེལ་དྲི་མ་མེད་པ་ངོ་མཚར་བའི་གནས་ཡིན་པ་དང༌། ཅི་ངཡ་མི་ཤེས་པས་རང་བཟོར་བརྩམས་པ་ལ་རྒྱ་འགྲེལ་དུ་འཁྲུལ་པ་ངོ་ཚ་བའི་རྒྱུ་དང༌། །ཁ་འཕངས་མེད་བཞིན་དུ་མན་ངག་རྒྱུད་ལ་སྦྱོར་བ་ལུང་རིགས་ལ་མ་བྱང་པའི་རྟགས་དང༌། མན་ངག་རྒྱུད་འདི་ནད་རྣམས་རེ་རེ་ནས་འདྲེན་པའི་ཚེ་ནའང༌། རླུང་ནད་རིགས་ཀྱི་དབྱེ་བ་ཉི་ཤུ་ལས་མེད་པ་ལ་ཉེར་བརྒྱད་དུ་བྱས་པ་དང་ཉེར་བརྒྱད་ཡིན་དུ་ཆུག་ཀྱང་བརྒྱད་ཅུ་གྱ་བདུན་གྱི་རྐང་གྲངས་མ་འགྲིག་པ་དང༌། འདྲེན་ལུགས་གཞན་མ་ཕལ་ཆེར་མན་ངག་རྒྱུད་དང་མི་མཐུན་པ་འདུག་པའི་ཕྱིར་འཐད་པའི་ཕྱོགས་ཙམ་ཡང་མ་ཡིན་ནོ། །ཡང་བྱང་པ་བདག་པོ་རྣམ་རྒྱལ་གྲགས་པ་ནི། གསོ་ཡུལ་གྱི་ནད་བཞི་བརྒྱ་རྩ་བཞི་པོའི་ནང་ནས་གནས་ཀྱིས་ཕྱེ་བའི་བརྒྱ་རྩ་གཅིག་པོ་རླུང་མཁྲིས་བད་ཀན་གསུམ་གྱིས་ཕྱེ་བས་སུམ་བརྒྱ་དང་གསུམ། དེ་རེ་རེ་ལའང་ཀུན་བརྟགས་སོགས་བཞི་སྦྱོར་བར་བྱེད་ལ། མཚོ་སྨད་མཁན་ཆེན་པས་ནི་འདུ་བ་འཁྲུགས་པའི་ནད་ལ་གནས་དུས་གྲོགས་ཀྱིས་ཕྱེ་བས་བརྒྱ་དང་རྩ་གཅིག་འབྱུང་ལ། དེ་ལ་ཀུན་བརྟགས་སོགས་སྦྱར་བས་བཞི་བརྒྱ་དང་བཞི།

དེ་བཞིན་དུ་ནད་འཕེལ་བས་བཞི་བརྒྱ་དང་བཞི་ཟད་པས་བཞི་བརྒྱ་དང་བཞི་རྣམས་བསྡོམས་པས་སྟོང་ཉིས་བརྒྱ་དང་བཅུ་གཉིས་འབྱུང་བའི་བཅུ་གཉིས་ནི་རྒྱུད་ཟབ་པའི་དབྱིངས་སུ་སྦས་པས་ཤུགས་ལས་ཐོན་ནོ། །ཞེས་སོགས་སྣ་ཚོགས་སུ་སྨྲ་བར་སྣང་པས་སྙིང་པོས་དབེན་པ་ཡིན་ཞིང༌། ཐམས་ཅད་ཀྱིས་གཞན་དབང་གི་ནད་སྨན་པས་བཅོས་སུ་མེད་པ་རྣམས་ཀྱང་གསོ་ཡུལ་དུ་བགྲངས་པས་ལོག་པར་འཕྱན་པ་ཡིན་ནོ། །ཡང་གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཞེས་པའི་སྐབས་སུ། སྔ་རབས་པ་ཕལ་ཆེར་དང་བཻཌཱུརྱའི་བྱེད་པོ་ལ་སོགས་པ་རྣམས་ན་རེ། བཅོས་དགོས་བརྒྱ་རྩ་གཅིག་གི་ནད་རེ་རེ་ལ་གཉེན་པོ་བཅུ་པོ་རེ་རེ་སྦྱར་བས་སྟོང་དང་བཅུ་འབྱུང་ལ། དེའི་སྟེང་དུ་སྲུང་བའི་ནུས་པ་དང་རིམ་གྲོའི་ནུས་པ་གཉིས་ཏེ་སྟོང་དང་བཅུ་གཉིས་ཡིན་ནོ་ཞེས་དང༌། དུས་ཕྱིས་ཀྱི་བྱང་པ་བདག་པོ་བྱང་པ་ཐུགས་རྗེ། མཚོ་སྨན་མཁས་ཆེན་པ་རྣམས་ཀྱང་དེའི་རྗེས་ཟློས་བྱེད་པ་སྣང་ལ། བྱང་པ་བཀྲ་ཤིས་དཔལ་བཟང་པོ་ནི་སྲུང་བ་དང་རིམ་གྲོའི་ཚབ་ཏུ་ཐབས་ཤེས་གཉིས་སྣོན་པར་སྣང་ངོ༌། འདི་ནི་འཐད་པའི་སྐབས་མེད་དོ། ནད་རེ་རེའི་སྟེང་དུ་གཉེན་པོ་བཅུ་ཀ་སྦྱོར་དགོས་ན། དཔེར་ན་རླུང་གཅིག་པོའི་ནད་ལ་ཞི་བྱེད་ནུས་པ་ཚ་བསིལ་གཉིས་དང༌། སྤྱོད་བྱེད་ཀྱི་དྲག་འཇམ་དཔྱད་ཀྱི་འཇམ་རྩུབ། ཟས་ཀྱི་ཕན་གནོད་སོགས་འགལ་བ་འབའ་ཞིག་སྦྱོར་ཤེས་པའི་སྨན་པ་ཁྱེད་ཅག་རྣམས་ཀྱང་དྲང་སྲོང་རིག་པའི་ཡེ་ཤེས་ལས་ཀྱང་མཁས་པར་འདུག་པས་ཀླན་ཀ་བརྗོད་པར་སུས་ནུས། གཉན་པོ་རྒྱས་པར་ཕྱེ་བས་ཀྱང་བཅུ་ལས་མང་དུ་མ་སོང་བས་བལྡབས་པའི་སྐྱོན་དང༌། སྟོང་རྩ་གཉིས་བཅུ་གཉིས་སུ་འཁྲུལ་བས་ཀྱང་གསོ་རིག་གི་ཕྱོགས་གཅིག་ཙམ་ཡང་མ་མཐོང་བའི་རྟགས་ཁོ་ནར་སྣང་ངོ༌། །ཡང་སྟོད་སྨན་ལ་སོགས་པ་ཁ་ཅིག་ནི། སྔོ་སྦྱོར་གསང་བ་སྟོང་རྩ་གཉིས་སམ་ཡང་ན་རང་བཞིན་རྒྱུད་གཞུང་གི་གཉེན་པོ་སོ་སོ་སྟེ་ཞེས་ཟེར་རོ། །

འདི་ལའང་སྔོ་སྦྱོར་འབའ་ཞིག་པ་སྟོང་རྩ་གཉིས་འདྲེན་རྒྱུ་མེད་པ་དང༌། ཡོད་དུ་ཆུག་ཀྱང་གཉེན་པོ་གཞན་རྣམས་དགོས་མེད་དུ་ཐལ་བ་དང༌། གཞུང་གི་གཉེན་པོ་སོ་སོ་ཞེས་པའང་འོལ་ཚོད་གྲོག་པོ་རྡོ་བསྐྱུར་ལས་གཞན་པའི་ཤེས་བྱེད་མི་སྣང་ངོ༌། །ཡང་གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུའི་སྐབས་སུ། ཁོ་བོ་ཅག་ཡན་ཆད་ཀྱི་སྨན་པར་གཏོགས་སོ་ཅོག་ཐམས་ཅད་མགྲིན་ཅིག་ཏུ། མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ་ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས། བཤད་རྒྱུད་ཀྱི་ལེའུ་ཉེར་བཞི་པ་ཉེས་པ་དངོས་སྟོན་བརྟག་པ་ནས་ལེའུ་སུམ་བཅུ་པ་གསོ་ཐབས་དངོས་བཤད་པ་ཡན་གྱི་ལེའུ་བདུན་གྱི་བརྟག་ཐབས་ལ་བརྒྱ་དང་ཉེར་ལྔ། གསོ་ཚུལ་ལ་བརྒྱ་དང་བཅོ་ལྔ། གསོ་ཐབས་ལ་བརྒྱ་དང་ཉེར་དྲུག་སྟེ་དྲིལ་བས་སུམ་བརྒྱ་དང་དྲུག་ཅུ་ཡིན་པར་འདོད་དོ། འདི་ནི། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡང༌། །མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ། །ཞེས་པའི་ཚིག་རྐང་གཉིས་པོ་ཁོལ་འདོན་བྱེད་པ་མ་གཏོགས་ཚིག་རྐང་ཕྱི་མ་རྣམས་དང་སྦྲེལ་རྒྱུ་ཡིན་ན་ཕར་ཞོག གཞན་ནི་བརྟག་ཐབས་ཞེས་སོགས་ཀྱིས་དེ་མ་ཐག་ཏུ། བརྟག་ཐབས་རེག་མཐོང་གཉིས་ཀྱིས་ནད་ངོས་བཟུང༌། འཁྲུལ་གཞི་གལ་འགག་བཞི་ཡིས་དཔྱད་འཕྲང་བསལ། གསོ་ཆུལ་ཞེས་པ་ལ། གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲད། །ཅེས་དང༌། གསོ་ཐབས་ཞེས་པ་ལ། གསོ་ཐབས་ལག་ལེན་བཅོ་བརྒྱད་ནད་དཔུང་གཞོམ། །ཞེས་བཤད་འདུག་པ་མི་མཐོང་བར་འགྲེལ་པ་རྩོམ་འཕྲོ་ལ་གང་དུ་ཕྱིན། དེ་ན་གསོ་ཚུལ་དགུ་པོ་ནི་བཤད་པའི་རྒྱུད་ན་ལེགས་པར་བསྟན་ཡོད། ཅེས་ཁ་འཕངས་གསལ་པོར་བཤད་པས་བཤད་རྒྱུད་ནས་ལེན་པ་བདེན་མོད། བརྟག་ཐབས་དང་གསོ་ཐབས་གཉིས་པོའི་འཁྲུལ་གཞི་གལ་འགག་བཞི་པོ་མན་ངག་རྒྱུད་དུ་ཁ་འཕངས་པ་ཙམ་མ་གཏོགས་ཕྱི་རྒྱུད་རང་དུ་གསལ་པོར་བཤད་བཞིན་དུ་བཤད་རྒྱུད་ནས་ལེན་དགོས་པའི་དོན་ཅི་ལ་ཐུག ཐ་ན་ལག་ལེན་བཅོ་བརྒྱད་ཅེས་པ་ལའང་ཞི་བྱེད་ལྔ་ལོག་གནོན་རིན་པོ་ཆེ་དང་དྲུག སྦྱོང་བྱེད་ལྔ་ལོག་གནོན་རྩ་སྦྱོང་དང་དྲུག དཔྱད་ལྔ་ལོག་གནོན་ཐུར་མ་དང་དྲུག་ཅེས་ཟེར་བ། དྲུག་ཚན་གསུམ་དུ་བཅད་པས་ཡིན་ཡིན་འདྲ་བ་ལྟར་སྣང་ཡང༌། གཞུང་དོན་མ་ཡིན་ཏེ། ཇི་སྐད་དུ། དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད། །ཅེས་དང༌། སྦྱོངས་ཀྱི་ལོག་གནོན་རྩ་ནས་སྦྱོང་དང་བདུན། །ཞེས་དང༌། དེ་ཡི་ལོག་གནོན་ཐུར་མའི་དཔྱད་དང་དྲུག །ཅེས་གསལ་པོར་བཤད་འདུག་པ་ཙམ་ཡང་མི་མཐོང་བ་དམུས་ལོང་ཡིན་ནམ་ཅི། དེ་ན་ཕྱི་མ་རྒྱུད་ནི་སྨན་པར་རློམ་པ་ཀུན་གྱི་ཐོག་མར་འཇུག་པའི་སྒོར་བྱེད་ཀྱང་གཞུང་གི་མདོར་བསྟན་ལུས་རྣམ་གཞག་ཙམ་ལའང་འཁྲུལ་པའི་ཕུང་པོ་འདི་འདྲ་ན་གཞུང་དོན་གཞན་མ་རྣམས་ལ་ལེགས་པར་བཤད་པའི་ཆ་བརྒྱ་ལམ་ནའང་འབྱུང་ངམ་མི་འབྱུང་ཞེས་བརྟག་དགོས་པ་མ་ཡིན་ནོ།།

གཉིས་པ་རང་ལུགས་འཐད་ལྡན་དུ་བཞག་པ་ལ་གསུམ། ནད་དང་གཉེན་པོ་དང་གསོ་ཐབས་སོ་སོ་བཤད་པའོ། །དང་པོ་ནད་ཀྱི་རྣམ་དབྱེ་བཤད་པ་ལ་གཉིས་ཏེ། གཞུང་དོན་འགོད་པ་དང༌། དེ་ལ་ལོག་རྟོག་བསལ་བའོ། །དང་པོ་ནི། བཅོས་དགོས་ཞེས་པ་དང་གསོ་ཡུལ་ཞེས་པའི་ཚིག་ཟུར་ལ་བརྟེན་ནས་སྟོང་དང་ཉིས་བརྒྱ་པོ་ཡང༌། སྨན་པས་གསོ་བར་བྱའི་ཡུལ་ཡིན་པ་ཞིག་ངེས་པར་དགོས་ཤིང༌། གསོ་ཡུལ་ཡིན་མིན་གྱི་རྣམ་དབྱེ་ནི། བཤད་རྒྱུད་ལས། དེ་ལྟར་ཉེས་པ་གཙོ་བོ་རིགས་གནས་བཞི། ཞེས་པ་ནས། གཅིག་ལའང་བཞི་སྦྱར་བཞི་བརྒྱ་རྩ་བཞིར་འགྱུར། ཞེས་གསུངས་པ་ལྟར་སྦྱར་བས། ནད་ཀྱི་རྣམ་དབྱེ་སྟོང་དང་དྲུག་བརྒྱ་བཅུ་དྲུག་འབྱུང་ལ། དེའི་ནང་ནས་གསོ་ཡུལ་མ་ཡིན་པའི་ནད་གཞན་དབང་སྔོན་ལས་ཅན་བཞི་བརྒྱ་དང་རྩ་བཞི་པོ་ཟུར་དུ་ཕྱུངས་པའི་ལྷག་སྟོང་ཉིས་བརྒྱ་བཅུ་གཉིས་པོ་ནི་འདི་སྐབས་ཀྱི་སྟོང་ཉིས་བརྒྱ་ཡིན་ཞིང༌། བཅུ་གཉིས་ནི་ཚིགས་བཅད་ཀྱི་དབང་གིས་བརྗོད་མ་བདེ་བས་ཤུགས་ལས་ཐོན་པར་དགོངས་སོ། །དེའི་ནང་ནས་ཀྱང་ཀུན་བརྟགས་དང་ལྟར་སྣང་གི་ཕྱེ་བའི་བརྒྱད་བརྒྱ་དང་བརྒྱད་པོ་ཟུར་དུ་བཞག་པའི་ལྷག་ཡོངས་གྲུབ་ཀྱི་བཞི་བརྒྱ་རྩ་བཞི་འབྱུང་བ་ནི་འདི་སྐབས་ཀྱི་གསོ་ཡུལ་འབྲིང་པོ་ཡིན་ལ། དེ་ལྟར་རྣམ་གྲངས་དུ་མའི་སྒོ་ནས་ཇི་ཙམ་དུ་ཕྱེ་ཡང་ཉེས་པ་གསུམ་དུ་མ་འདུས་པའི་ནད་མེད་པས། ཉེས་པས་ཕྱེ་བའི་བརྒྱ་དང་རྩ་གཅིག་པོ་ལ་ཡོངས་གྲུབ་ཀྱི་ནད་སྦྱར་བའི་བརྒྱ་དང་རྩ་གཅིག་པོ་ནི་འདི་སྐབས་གྱི་བཅོས་དགོས་བརྒྱ་རྩ་གཅིག་ཡིན་པར་ཤེས་པར་བྱའོ།།

གཉིས་པ་དེ་ལ་ལོག་པར་རྟོག་པའི་ཀླན་ཀ་སྤང་བ་ནི། གལ་ཏེ་ཁ་ཅིག་ན་རེ། འདི་སྐབས་ནད་ཐམས་ཅད་ལ་བཅོས་དགོས་དང་གསོ་ཡུལ་ཞེས་པའི་ཚིག་ཟུར་ལ་བརྟེན་ནས་སྨན་པས་གསོར་རུང་བ་འབའ་ཞིག་དགོས་རྒྱུ་ཡིན་པ་དེ་ལྟ་ན། ཀུན་བརྟགས་གདོན་དང་ལྟར་སྣང་འཕྲལ་དུ་གྱུར་པ་གཉིས་ཀ་སྨན་པའི་གསོ་ཡུལ་མ་ཡིན་པར་གསུངས་པས་དེ་གཉིས་དང་སྦྱར་བའི་ནད་ཀྱི་དབྱེ་བ་བརྒྱད་བརྒྱ་དང་བརྒྱད་པོ་ནི་བརྗོད་འདོད་ཙམ་དུ་ཟད་པས་ཁྱོད་རང་ལའང་མཚུངས་སོ་ཞེས་བཤད་པར་བྱ་སྟེ། དེ་རྣམས་བཅོས་དགོས་བརྒྱ་རྩ་གཅིག་གམ། གསོ་ཡུལ་བཞི་བརྒྱ་རྩ་བཞི་པོ་དང་མཚུངས་པའི་གསོ་ཡུལ་དངོས་མ་ཡིན་པ་ནི་བདེན་མོད། འོན་ཏེ་དེ་རྣམས་ལ་སྨན་པའི་འཇུག་ཡུལ། །གཏན་མེད་པ་ནི་མ་ཡིན་ཏེ། མཇུག་དོན་ཡོངས་གཏད་ལས། བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། །མ་བཅོས་རང་གར་བཞག་པས་འཚོ་བ་ཡོད། །འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེར། །དཔེར་ན་འགྱེལ་བུབ་ལག་ནས་འཐེན་པ་འདྲ། །ཞེས་པ་ནི་རྟོགས་པར་སླ་ལ། དེ་བཞིན་དུ། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་པ་གཡར་བའི་བཙོན་བུ་འདྲ། །ཞེས་པའི་དོན་བཙོན་འཛིན་མཁན་གྱི་དགོངས་པ་གྲོལ་ན་ཉེས་པ་ལས་ཐར་བར་ངེས་མོད། འོན་ཀྱང་ལྕགས་སྒྲོག་འགྲོལ་མཁན་སོགས་ཀྱིས་ཀྱང༌། འགྲོས་མྱུར་བུལ་དང་དམ་ལྷོད་སོགས་ལ་ཕན་ཐོགས་པ་བཞིན་དུ། གདོན་བཅོས་སྨན་མེད་གྱུར་ཀྱང་ཞེས་པའི་ཀྱང་གི་སྒྲས་སྨན་པས་བཅོས་ན་ལྟ་ཅི་སྨོས་ཞེས་པའི་དོན་ཡིན་ནོ།།

གཉིས་པ་གཉེན་པོ་རང་ལུགས་བཤད་པ་ལ་གཉིས་ཏེ། །གཞུང་དོན་འགོད་པ་དང༌། །དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ནི་གསོ་བྱེད་ཀྱི་གཉེན་པོ་དེ་ལ་རྒྱས་པར་ཕྱེ་ན་སྟོང་དང་རྩ་གཉིས་ཏེ་གཉིས་ཀྱིས་ལྷག་པའི་སྟོང་ཕྲག་གཅིག་ཏུ་ཡོད་པ་རྩ་བའི་གཉེན་པོའི་རིགས་མདོར་བསྡུ་ན་སྨན་དཔྱད་ཟས་སྤྱོད་བཞིར་མ་འདུས་པ་མེད་ཀྱང་ནང་གསེས་ཀྱི་དབྱེ་ན་སྨན་ཞེས་པ་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་ཡོད་པའི་ཞི་བྱེད་ལའང་བསིལ་སྦྱོར་དང་དྲོད་སྦྱོར་གཉིས། སྦྱོང་བྱེད་ལའང་དྲག་པོར་སྦྱོང་བ་དང་འཇམ་པོར་སྦྱོང་བ་གཉིས་ཏེ་སྨན་ལ་བཞི། དེ་བཞིན་དུ་དཔྱད་ལའང་འཇམ་པོའི་དཔྱད་དང་རྩུབ་པའི་དཔྱད་གཉིས། ཟས་ལའང་ཕན་ཟས་དང་གནོད་ཟས་གཉིས། སྤྱོད་ལམ་ལའང་དྲག་པ་དང་དལ་བ་གཉིས་ཏེ་དེའི་ནང་ནས་ཟས་དང་སྨན་གཉིས་ནི་ནད་པ་དང་ནད་མེད་གཉིས་ཀ་ལ་སྤྱིར་འགྲོ་བ་དེ་ལྟ་བས་ན་གཉེན་པོ་བཅུ་པོ་འདི་ཉིད་རྒྱས་པར་ཕྱེ་བའི་སྟོང་རྩ་གཉིས་པོ་དེས་ནི་ཕྱི་རྒྱུད་འདི་ནས་བཤད་པའི་ནད་ཀུན་འཇོམས་པར་གདོན་མི་ཟའོ། །ཞེས་པའི་དོན་ཡིན་ནོ། །རྒྱས་པར་འབྱེད་ཚུལ་ཡང་འདི་ལྟར་བྱ་དགོས་པ་ཡིན་ནོ། །

སྨན་ཞི་བྱེད་ཀྱི་བསིལ་སྦྱོར་ལ་བརྒྱ་རེ་གཉིས་དང་དྲོད་སྦྱོར་ལ་ཉིས་བརྒྱ་དང་ཞེ་དྲུག་སྟེ། བསྡོམས་པས་བཞི་བརྒྱ་དང་བརྒྱད། སྨན་སྦྱོང་བྱེད་ཀྱི་སྦྱོར་བ་དྲག་པ་ལ་རེ་བདུན་དང་འཇམ་པ་ལ་ང་བརྒྱད་དེ་བསྡོམས་པས་བརྒྱ་དང་ཉེར་ལྔ། དཔྱད་འཇམ་པོ་ལ་བརྒྱད་ཅུ་དང་རྩུབ་པོ་ལ་བརྒྱ་དང་བཅུ་བདུན་ཏེ་དྲིལ་བས་བརྒྱ་དང་གོ་བདུན། ཟས་ཀྱི་ཕན་ཟས་ལ་བརྒྱ་ཉེར་དྲུག་དང་གནོད་ཟས་ལ་བཅོ་བརྒྱད་དེ་དྲིལ་བས་བརྒྱ་དང་ཞེ་བཞི། སྤྱོད་ལམ་ལ་ཅུང་ཟད་དྲག་པའི་དབང་དུ་བྱས་པ་ཉེར་དྲུག་དང་དལ་པ་བརྒྱ་དང་གཉིས་རྣམས་དྲིལ་ན་བརྒྱ་དང་ཉེར་བརྒྱད་དེ་ཀུན་བསྡོམས་པ་ལ་སྟོང་དང་རྩ་གཉིས་ངེས་པར་འགྲིག་འོང་བ་ཡིན་ནོ། །དེའང་ཅུང་ཟད་ཕྱེ་ནས་བཤད་ན། ཞི་བྱེད་སྡེ་ཚན་བཅུའི་ཐང་གི་སྡེ་ཚན་ལ་མི་ཐོད་སུམ་ཐང་སོགས་གནས་ཀྱི་ཚ་སེལ་བཅུ་བདུན། འབྲས་བུ་སུམ་ཐང་སོགས་རིགས་ཀྱི་ཚ་སེལ་བརྒྱད། འབྲས་བཀྲུས་སུམ་ཐང་སོགས་ཁ་འཐོར་རྩ་གཅིག ཨ་རུ་ར་སོགས་ཆིག་ཐང་བཅུ་བཞི་སྟེ། ཚ་སེལ་ལྔ་བཅུ། །གྲང་སེལ་ལ་བཅའ་སྒ་སུམ་ཐང་སོགས་སྦྱོར་སྡེ་ཡོད་པ་བཅུ་གཅིག་དང༌། ཁ་རུ་ཚ་སོགས་ཆིག་ཐང་བཅུ་གཉིས་ཏེ་གྲང་སེལ་ཉེར་གསུམ། ཕྱེ་མ་ལ་རྒྱལ་པོ་ག་པུར་གྱི་སྦྱོར་བ་ལ་བཅུ་གསུམ། བློན་པོ་གུར་གུམ་སྦྱོར་བ་ལ་རྩ་བ་ལ་བཅུ་བཞི་དང་དེ་ལ་ཙན་དན་དང་ག་པུར་བསྣན་པས་བཅུ་བཞི་སྟེ་དྲིལ་བས་ཞེ་གཉིས། རྗེའུའི་སྦྱོར་བ་ཁ་བསྒྱུར་དང་བཅས་པ་ལ་བཅུ། དམངས་ཨར་བརྒྱད་སོགས་ལ་སོ་གཅིག་སྟེ་ཚ་སེལ་གོ་དྲུག གྲང་སེལ་རྒྱལ་པོ་སེ་འབྲུའི་སྦྱོར་བ་ལ་སུམ་ཅུ། བློན་པོ་ད་ལིས་ཀྱི་སྦྱོར་བ་ལ་བཅུ་བཞི། རྗེའུ་རྒོད་མ་ཁ་ཁ་བསྒྱུར་དང་བཅས་པ་བདུན། དམངས་སུག་སྨེལ་བདུན་པ་སོགས་བཅོ་ལྔ་སྟེ་གྲང་སེལ་རེ་དྲུག་བསྡོམས་པས་ཕྱེ་མ་ལ་བརྒྱ་དང་རེ་གཉིས། རིལ་བུ་ལ་ཚ་སེལ་དངོས་སུ་མ་གསུངས་པས་གྲང་སེལ་ལ་ཁྱུང་ལྔ་ཁ་བསྒྱུར་དང་བཅས་པ་དགུ་དང༌། ཆ་མཉམ་རིལ་བུ་སོགས་ཁ་ཐོར་བ་བཅུ་གསུམ་སྟེ་ཉེར་གཉིས། ལྡེ་གུ་ལ་སོ་ར་བརྒྱད་པ་སོགས་ཚ་སེལ་བཅུ་གཉིས་དང༌། ཆ་སྐྱེད་ལྡེ་གུ་སོགས་གྲང་སེལ་ལྔ་སྟེ་བཅུ་བདུན། །སྨན་མར་ལ་ཏིག་ཏའི་སྦྱོར་བ་སོགས་ཚ་སེལ་བཅུ་བཞི་དང༌། འབྲས་བུ་གསུམ་སོགས་གྲང་སེལ་དགུ་སྟེ་ཉེར་གསུམ། ཐལ་སྨན་ལ་ཚ་སེལ་མ་གསུངས་པས་གྲང་སེལ་སྤྱིའི་སྦྱོར་བ་སྣོ་འཇམ་བར་མ་གསུམ། །བྱེ་བྲག་འཕྲུལ་ཐལ་གསུམ། རིན་ཆེན་ཐལ་སྦྱོར་སོགས་བཞི་སྟེ་དྲིལ་བས་བཅུ། ཁཎྜ་ལ་གྲང་སེལ་མ་གསུངས་པས་ཚ་སེལ་འབའ་སམ་གྱི་སྦྱོར་བ་སོགས་བདུན། བྲག་ཞུན་སོགས་རྐྱང་པ་དགུ། །སྲིན་སྨན་མང་སྦྱོར་དང་བཅས་པས་བཅུ་བདུན། སྨན་ཆང་ལ་ཚ་སེལ་གྲང་སེལ་གྱི་དབྱེ་བ་དངོས་སུ་མ་མཛད་ཀྱང༌། སྦྲང་ཆང་ནས་རུས་ཆང་ཡན་ལ་རླུང་བད་ལྡན་གྱི་གྲང་སེལ་དགུ་དང་འོག་གི་ཟན་ཆང་དང་བཅུ། སྲོ་ལོའི་ཆང་སོགས་རླུང་མཁྲིས་ལྡན་ཏེ་ཚ་སེལ་དགུ་བསྡོམས་པས་བཅུ་དགུ། རིན་པོ་ཆེ་ལ་ཚ་སེལ་གཅིག་དང༌། གྲང་སེལ་ལ་ཆིག་ཐུབ་བཅུ་གཅིག ཀུན་རྒྱུག་བརྒྱད་དེ་ཉི་ཤུ། སྔོ་སྦྱོར་ལ་ཚ་སེལ་ཐུན་མོང་བ་གཅིག་དང༌། གཙོ་བོ་བཞི་ལ་ཁ་བསྒྱུར་བའི་སྦྱོར་བ་ཉེར་བདུན་ཏེ་ཚ་སེལ་ཉེར་བརྒྱད། གྲང་སེལ་དབྱི་མོང་བཞི་པ་ལ་ཁ་བསྒྱུར་བ་བཅུ་གསུམ་དང༌། ཀུན་འདུས་ཀྱི་སྦྱོར་བ་གཅིག་སྟེ། དྲིལ་བས་ཞེ་གཉིས། ཀུན་བསྡོམས་པས་ཞི་བྱེད་ཀྱི་སྡེ་ཚན་ལྔ་འམ་བཅུ་ལ་སྨན་གྱི་སྦྱོར་བ་བཞི་བརྒྱ་དང་བརྒྱད་ཡོད་དོ།།

སྦྱོང་བྱེད་ཀྱི་སྨན་ལ་བཤལ་གྱི་དེད་དཔོན་བཞི་སྦྱོར་ལ་ཁ་བསྒྱུར་སུམ་ཅུ། ཐོར་བུའི་དགོས་བཤལ་བཅུ་གསུམ་སྟེ་དྲག་པོ་ཞེ་གསུམ། འཇམ་པ་ཁཎྜའི་སྦྱོར་བ་ལ་ཁ་བསྒྱུར་སུམ་ཅུ་དང༌། །གནད་ཀྱི་མན་ངག་བདུན་སྟེ་སོ་བདུན། སྐྱུགས་ལ་གཙོ་བོ་དྲུག་པོ་བཅའ་ལྒ་སོགས་ཀྱིས་ཁ་བསྒྱུར་བ་བདུན་པ་རིལ་བུར་བྱས་པའི་དྲག་པོ་བདུན་དང༌། ཁུ་བར་བྱས་པའི་འཇམ་པོ་བདུན་ཏེ་བཅུ་བཞི། སྣ་སྨན་ལ་འགྲོན་བུའི་སྣ་བཤལ་དྲག་པོ་གཉིས་དང༌། གུར་གུམ་སོགས་འཇམ་པོ་ལྔ་སྟེ་བདུན། མས་ནས་གཏོང་བའི་སྨན་རྩ་བའི་སྦྱོར་བ་བར་མ་རྣོ་འཇམ་གསུམ་དང༌། སྔ་མ་གཉིས་ལ་དབྱི་མོང་སོགས་ཁ་བསྒྱུར་ལྔ་ལྔ་བསྣན་པས་བཅུ་སྟེ་དྲག་པོ་ནི་རུ་ཧ་བཅུ་གསུམ་དང༌། རྩ་བའི་སྦྱོར་བ་གསུམ་དང་ཁ་འཛིན་དྲུག་སྟེ་འཇམ་རྩི་ལ་དགུ་བསྡོམས་པས་ཉེར་གཉིས། རྩ་སྦྱོངས་ལ་འཇམ་པོའི་སྦྱོར་བ་མ་གསུངས་པས་དངོས་གཞིའི་སྦྱོར་བ་བྱང་པ་བདུན་པ་དང་རྒྱ་རུ་དགུ་པ་གཉིས་ནི་དྲག་པོའི་སྦྱོར་བའོ། །དེ་ལྟར་སྦྱོང་བྱེད་ཀུན་བསྡོམས་ན་བརྒྱ་དང་ཉེར་ལྔ་ཡོད་དོ། །གཉིས་པ་དཔྱད་ལ་འཇམ་པོ་དུག་ལུམས་བྱུགས་པ་གསུམ། རྩུབ་པོ་གཏར་བསྲེག་དབུགས་པ་གསུམ་སྟེ་དྲུག་ལས། དུགས་ལ་སྐར་ཆུ་སོགས་བསིལ་དུགས་བཅུ་དང༌། ཚ་བསྲེགས་སོགས་དྲོད་དུགས་བཅོ་བརྒྱད། སྦང་སྐམ་སོགས་སྐམ་དུགས་ཀྱི་གྲང་སེལ་བཅུ་གཉིས། བྱུགས་པ་ལ་མི་ཞུན་སོགས་ཉི་ཤུ་རྩ་བརྒྱད་དེ་དྲིལ་བས་འཇམ་པོའི་དཔྱད་བརྒྱད་ཅུ། གཏར་བ་ལ་གཏར་རྩ་སོགས་གདབ་དམིགས་སོ་སོ་བ་ཉེར་བདུན། བྱེ་བྲག་ཉི་ཤུ། མདོར་བསྡུས་གསུམ་སྟེ་དྲིལ་བས་ལྔ་བཅུ། བསྲེག་པ་ལ་ཨན་སྟོང་སོགས་རྒྱབ་གསང་ཉི་ཤུ། སྐེ་སྟོང་སོགས་མདུན་གསང་བཅུ། སྡུད་སྒོ་སོགས་མཛུབ་བཙུགས་བཅོ་ལྔ་སྟེ་དྲིལ་བས་ཞེ་ལྔ། ཐུར་མ་ལ་དོན་ལྔ་མཆིན་དྲི་དང་དྲུག་སྣོད་བཞི་ཚིགས་གསང་བཅུ་གཉིས་ཏེ་ཉེར་གཉིས། དྲིལ་བས་དཔྱད་རྩུབ་པོ་བརྒྱ་དང་བཅུ་བདུན་ནོ།།

གསུམ་པ་ཟས་ལ་ཟས་ཚུལ་གྱི་འབྲས་ལ་སོགས་པའི་འབྲས་བུའི་རིགས་བཅོ་ལྔ། ལུག་ཤ་སོགས་ཤའི་རིགས་བཅུ་བདུན། མར་སོགས་སྣུམ་པའི་རིགས་བཅུ་གཉིས། བཙོང་སྒོག་ལ་སོགས་སྔོའི་རིགས་བདུན། འབྲས་ལ་སོགས་པ་གཡོས་བྱས་ཀྱི་རིགས་སུམ་ཅུ། བཏུང་བ་བའི་འོ་མ་སོགས་དཀར་བཅུ་གཅིག ཆར་ཆུ་སོགས་ཆུའི་རིགས་བཅུ་དང༌། ཆང་གསར་སོགས་ཆང་གི་རིགས་བཅུ། དེའི་སྟེང་ཟས་ཚོད་རན་པར་ཟ་བའི་ཟས་ཡང་ལྕི་ལ་སོགས་པ་གཉིས་དང༌། ཟས་ཚོད་ཟིན་མ་ཟིན་གཉིས། ཚོད་དངོས་བསྟན་པ་གཅིག་དང༌། ཟས་ཟོས་རྗེས་ལ་སྐོམ་འཐུང་བ་སོགས་དགུ་སྟེ་བཅུ་བཞི་བསྡོམས་པས་ཕན་ཟས་ཕལ་ཆེར་བརྒྱ་དང་ཉེར་དྲུག ཟས་བསྡམ་པ་ལ་དངོས་སུ་དུག་དང་འདྲེས་པ་སྤོང་བ་སོགས་གནོད་ཟས་བཅོ་བརྒྱད། བཞི་པ་སྤྱོད་ལམ་གྱི་རྒྱུན་སྤྱོད་ལ་སྨན་མཆོག་རིན་ཆེན་བཅིང་བ་སོགས་ཚེ་རྐྱང་གི་སྤྱོད་པ་སོ་དྲུག མི་ཆོས་སྤྱོད་པ་སོགས་འཇིག་རྟེན་པའི་ཉེར་གཅིག དགེ་བའི་བཤེས་གཉེན་བསྟེན་པ་སོགས་དམ་པའིསྤྱོད་པ་ཉི་ཤུ་ཐམ་པ་སྟེ་དྲིལ་བས་དོན་བདུན། དུས་སུ་སྤྱོད་པའི་སྤྱོད་ལམ་དགུན་སྟོད་དགུན་སྨད་གཉིས་ལ་དྲུག་དྲུག དཔྱིད་ཟླ་གསུམ། སོས་ཟླ་དྲུག དབྱར་སྟོན་གཉིས་ལ་གཉིས་གཉིས་ཏེ་ཉེར་ལྔ། གནས་སྐབས་སྤྱོད་པ་བཀྲེས་སྐོམ་སོགས་བཅུ་གསུམ་པོ་ཤུགས་བཀག་པ་དང་བཙིར་བ་གཉིས་ཀྱིས་བསྒྱུར་བས་ཉེར་དྲུག་སྟེ། དེ་ལྟར་ན་གཉེན་པོ་བཅུའི་ཞི་བྱེད་ཚ་བསིལ་བསྡོམས་པས་བཞི་བརྒྱ་དང་ཉེར་བརྒྱད་དེ་ཀུན་དྲིལ་བས་གསོ་བྱེད་ཀྱི་གཉེན་པོ་སྟོང་དང་རྩ་གཉིས་འབྱུང་བ་ཡིན་ནོ། །གཉིས་པ་དེ་ལ་ཀླན་ཀ་སྤང་བ་ནི། ཁ་ཅིག་ན་རེ། ཞི་སྦྱང་དང་དཔྱད་ལ་སོགས་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་སྨན་རྣམས་དང་ཆོ་གའི་རྣམ་གྲངས་མང་པོ་ཞིག་མ་བགྲངས་པས་དེ་རྣམས་འདིར་ཆད་པའི་སྐྱོན་དང༌། བགྲངས་ན་མངས་ཆེས་པས་སྟོང་རྩ་གཉིས་ལྷག་པར་འགྱུར་བའི་སྐྱོན་ཀྱང་སྣང་ངོ༌། །ཞེ་ན་འདི་ནི་ཤིན་ཏུ་མི་འཐད་དེ། དཔེར་ན་རིན་པོ་ཆེའི་སྐབས་སུ་དངུལ་ཆུ་བཙོ་དཀྲུ་སྦྱང་བསད་བྱེད་པ་ལ་སྨན་གྱི་རྣམ་གྲངས་ཇི་སྙེད་ཅིག་དགོས་མོད་དུ་ཟིན་ཀྱང༌། ནད་ཀྱི་གཉེན་པོ་དངོས་ནི་ཆོ་ག་ཡན་ལག་ཐམས་ཅད་ཚང་བས་བསྒྲུབས་པའི་རིལ་བུ་དེ་ཉིད་ཡིན་པ་བཞིན་ཀུན་ལ་ཤེས་པར་བྱའོ། །འོ་ན་རྩ་གཉིས་ཞེས་བཤད་པ་ལ་བཅུ་གཉིས་སུ་མི་བྱེད་པར་མི་རིགས་སོ་ཞེ་ན། འདིའང་ཁྱེད་རང་རྣམས་ཀྱི་སྟོང་རྩ་གཉིས་འདྲེན་ཚུལ་ལ་རྨོངས་པའི་ངན་རྟོག་གི་དབང་དུ་སོང་བ་ཡིན་མོད། གཞན་དུ་ནི་རྩ་གཉིས་ཞེས་པ་རྩ་བའི་གཉིས་ཏེ། གཉིས་ཁོ་ནའི་དོན་ཡིན་ལ། དཔེར་ན་ཕྲེང་བ་བརྒྱ་རྩ་བརྒྱད་ཟེར་བའི་སྐབས་སུ་བརྒྱ་དང་བརྒྱད་མ་ཡིན་པར་བཅོ་བརྒྱད་ཡིན་དགོས་པར་འགྱུར་ཏེ། རྩ་གཉིས་ལ་བཅུ་གཉིས་སུ་འདོད་པ་དང་རྒྱུ་མཚན་མཚུངས་ཤིང་འཇིག་རྟེན་ནའང་ཉི་ཤུ་རྩ་གཉིས་ཟེར་བ་སྣང་མོད། བཅུ་རྩ་གཉིས་ཟེར་བ་མི་སྣང་ངོ༌། །

གསུམ་པ་གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་བཤད་པའང་གཞུང་དོན་འགོད་པ་དང༌། དེ་ལ་ཀླན་ཀ་སྤང་བ་གཉིས་ལས། དང་པོ་ལ། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་པའི་དེ་མ་ཐག་ཏུ། མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ། །བརྟག་ཐབས་རེག་མཐོང་གཉིས་ཀྱིས་ནད་ངོས་བཟུང༌། །འཁྲུལ་གཞི་གལ་འགགས་བཞི་ཡིས་དཔྱད་འཕྲང་བསལ། །གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲད། །གསོ་ཐབས་ལག་ལེན་བཅོ་བརྒྱད་ནད་དཔུང་གཞོམ། །སུམ་ཅུ་རྩ་གསུམ་ལག་ལེན་སྙིང་པོར་དྲིལ། །འདི་དག་ཕྱི་མ་རྒྱུད་ཀྱི་བསྡོམ་ཚིག་ཡིན། །ཞེས་གསལ་པོར་གསུངས་པ་ལྟར། དང་པོ་བརྟག་ཐབས་ལ་རྩ་ཆུ་གལ་འགག་གསུམ་གྱི། རྩ་ལ་སྤྱི་དོན་བཅུ་གསུམ་ཡོད་པའི་སྔོན་འགྲོ་ལྔ་ལ་ལག་ལེན་རེ་རེ། དངོས་གཞི་བརྒྱད་ཀྱི་དང་པོ་ཐ་མལ་པ་ལ་བརྟག་པའི་རྩ་རྒྱུད་གསུམ། གཉིས་པ་ལ་དུས་དོན་ཁམས་རྣམས་སྦྱོར་བ་དང༌། སྐོར་མགོ་དགྲ་གྲོགས་བརྩི་བ་གཉིས། གསུམ་པ་ལ་ངོ་མཚར་གྱི་རྩ་བདུན། བཞི་པ་ལ་ནད་མེད་ཀྱི་རྩ་གཅིག ལྔ་པ་ལ་སྤྱི་བྱེ་བྲག་གསུམ། དྲུག་པ་ལ་འཆི་རྩ་གསུམ། བདུན་པ་ལ་གདོན་རྩ་བརྟག་པ་དང་རིམ་འགྲོ་འབོགས་པ་གཉིས། བརྒྱད་པ་ལ་ཚེ་རྩ་བརྟག་པ་གཅིག་སྟེ་ཉེར་བདུན། ཆུ་ལ་སྤྱི་དོན་བརྒྱད་ཡོད་པའི་དང་པོ་ལྔ་ལ་རེ་རེ། དྲུག་པ་ལ་བརྟག་པའི་དུས་གསུམ་དང་བརྟག་ཚུལ་དགུ། སྤྱི་བྱེ་བྲག་གཉིས་ཏེ་བཅུ་བཞི། བདུན་པ་བརྒྱད་པ་གཉིས་ལ་རེ་རེ་སྟེ་ཉེར་གཅིག འཁྲུལ་སོ་རྩ་བའི་བཞི་ལ་ནད་གཞིའི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ་བ་སོགས་དྲུག་སྦྱར་བས་ཉེར་བཞི། རྒྱུ་རྐྱེན་ཡུལ་དུས་སོགས་བརྟག་པའི་ཐབས་བཞི་བཅུ་སྟེ་སོ་བཞི། གཉིས་པ་གསོ་ཚུལ་གྱིས་ཇི་ལྟར་གསོ་བ་ལ་གསུམ། གང་གིས་གསོ་བ་ལ་བཞི། སོས་པའི་ཚད་ལ་གསུམ་སྟེ། སྤྱིའི་གསོ་ཚུལ་བཅུ། མ་ཞུ་བ་ལ་གཉིས། རང་རྒྱུད་པའི་གསུམ། གཞན་རྒྱུད་ཀྱི་གཅིག་སྟེ་བྱེ་བྲག་གི་གསོ་ཚུལ་དྲུག ཁྱད་པར་གྱི་གསོ་ཚུལ་དགུའི་དང་པོ་ལ་སད་མདའ་གཉེན་པོ་ཁ་དམར་གསུམ། གཉིས་པ་ལ་བཞི། གསུམ་པ་ལ་དྲུག བཞི་པ་ལ་གསུམ། ལྔ་པ་ལ་གཉིས། དྲུག་པ་ལ་བཞི། བདུན་པ་ལ་གཉིས། བརྒྱད་པ་ལ་ལྔ། དགུ་པ་ལ་གཉིས་ཏེ། གསོ་ཚུལ་ཀུན་བསྡོམས་པས་ལག་ལེན་ཞེ་བདུན།

གསུམ་པ་གསོ་ཐབས་ལག་ལེན་བཅོ་བརྒྱད་ཡོད་པའི་དང་པོ་སྡེ་ཚན་ལྔ་ལས། ཐང་ལ་བསྡུས་ཐང་གྲུངས་ཐང་གཉིས། ཚ་གྲང་དྲོ་འཇམ་གྱི་ལག་ལེན་གསུམ་སྟེ་ལྔ། ཕྱེ་མ་ལ་ཐུན་ཚད་ཡོད་མེད་གཉིས། བརྡུང་ཚུལ་བཞི། སྨན་རྟ་གཉིས། འཕུལ་བྱེད་གཉིས། གཏོང་དུས་བཅས་པས་བཅུ་གཅིག །རིལ་བུ་ལ་འཐག་ལུགས་གཉིས་དང་དྲིལ་ལུགས་གཉིས། གཏོང་དུས་དང་ལྔ། ལྡེ་གུ་ལ་སྦྱོར་ལུགས་གཏོང་ལུགས་གཉིས། སྨན་མར་ལ་སྦྱོར་ལུགས་གཏོང་ལུགས་གཉིས། ཐལ་སྨན་ལ་སྤྱིའི་ལག་ལེན་གཅིག་དང་བྱེ་བྲག་ཅོང་ཞི། ཚྭ། ག་བུར་ནག་སྦྱོར། བིག་པན། རིན་པོ་ཆེ། མཚལ། ཤ་རུ་སོགས་བསྲེག་ལུགས་མི་འདྲ་བ་བརྒྱད། ཁཎྜ་ལ་འཆོས་ལུགས་གཅིག །སྨན་ཆང་ལ་སྦྲང༌། པུཥྤ། བུ་རམ་སོགས་ཚྭ་ཆང༌། ཟན་ཆང་སྟེ་འཆོས་ལུགས་མི་འདྲ་བ་ལྔ། རིན་པོ་ཆེ་ལ་སྦྱོར་ལུགས་གཅིག བསྟེན་ཐབས་དགུ་དང་ལོག་གནོན་གཅིག་སྟེ་བཅུ་གཅིག སྔོ་སྦྱོར་ལ་ཡན་ལག་བདུན་ཏེ་ཞི་བྱེད་ཀུན་བསྡོམས་པས་ལག་ལེན་ལ་ལྔ་བཅུ་རྩ་བདུན་ཡོད། དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད། ཅེས་པའི་བསྡུ་ལུགས་ནི། ཐལ་སྨན་ནི་ཕྱེ་མ། ཁཎྜ་ནི་ལྡེ་གུ། སྨན་ཆང་ནི་ཐང༌། རིན་པོ་ཆེ་ནི་རིལ་བུ། སྔོ་སྦྱོར་དུ་ཐང་ཕྱེ་སོགས་གང་བཤད་ཀྱང་དེ་དང་དེར་བསྡུ་དགོས་ཏེ་སྡེ་ཚན་ཇི་ཙམ་ཕྱེ་ཡང་ལག་ལེན་དུ་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔར་མ་འདུས་པའི་སྦྱོར་བ་མེད་པའི་ཕྱིར་རོ། །

གཉིས་པ་སྦྱོང་བྱེད་ལ་བདུན་གྱི་སྣུམ་བཅོས་ལ་རུང་མི་རུང་གཉིས། བསྟེན་ཐབས་གཉིས། ལེགས་ཉེས་ལོག་གནོན་གསུམ་སྟེ་བདུན། བཤལ་ལ་རུང་མི་རུང༌། རན་མི་རན། ཐུབ་མི་ཐུབ་གཉིས་དང་དྲུག སྔོན་འགྲོ་ཉེ་རིང་སོགས་གསུམ་སྣ་སེལ། དེད་དཔོན། ཁཎྜ། ཁ་འཛིན། གནད་ཀྱི་མན་ངག གཏོང་ཚུལ། གཏོང་དུས། ལྕག རླུང་གནོན་རྣམས་ལ་རེ་རེ་སྟེ་དགུ། འདོན་ཚད་གསུམ། ལོག་གནོན་ལ་བཞི། བྱ་ར་བ་ལྔ། རྗེས་གཅོད་སྤྱི་བྱེ་བྲག་གསུམ། སྐྱོན་གཉིས། ཡོན་ཏན་གཅིག་སྟེ་སོ་དྲུག སྐྱུགས་ལ་རུང་མི་རུང་གཉིས། སྦྱོར་བའི་སྔོན་འགྲོ་ཉེ་རིང་གསུམ། སྔོན་འགྲོ་མི་དགོས་པ་གཅིག སྦྱར་ཐབས་ལ་དངོས་གཞི་ཁ་འཛིན་གཉིས། བཏང་ཚུལ། ལྕག འདོན་ཚད་རྣམས་རེ་རེ། ལོག་གནོན་ལ་ལྔ། རྗེས་གཅོད་གསུམ། ཕན་ཡོན་གཅིག་སྟེ་ཉི་ཤུ། སྣ་སྨན་ལ་རུང་མི་རུང་གཉིས། སྦྱར་ཐབས་ཕན་ཡོན་གཏང་ཐབས་རེ་རེ་སྟེ་ལྔ། སྣ་སྦྱོང་རུང་མི་རུང་མི་རུང་གཉིས། སྦྱར་ཐབས་ཕན་ཡོན་བཏང་ཐབས་ལོག་གནོན་གཉིས་གཉིས་ཏེ་དྲུག །འཇམ་རྩི་རུང་མི་རུང་གཉིས། སྦྱོར་བ་གསུམ་བཏང་ཐབས་དང་གཏོང་དུས་ཕན་ཡོན་ཉེས་དམིགས་རྣམས་ལ་རེ་རེ་སྟེ་དགུ།  །ནི་རུ་ཧ་ལ་རུང་མི་རུང་གཉིས། སྦྱོར་བ་གསུམ། ཕན་ཡོན་གཉིས། བཏང་ཐབས་གཅིག །ཐེབས་མ་ཐེབས་གཉིས། ལྕག་གཅིག་སྟེ་བཅུ་གཅིག རྩ་སྦྱོངས་ལ་སྔོན་འགྲོ་ཉེ་རིང་གཉིས། སྣ་སེལ། མདུང་སྨན། བྱང་པ། སྦྱར་ཚད། སྣ་ཁྲིད། བཏང་ཐབས། ཐེབས་རྟགས། ལྕག་རྣམས་ལ་རེ་རེ། ལོག་གནོན་དྲུག རྗེས་གཅོད་ཕན་ཡོན་རེ་རེ་སྟེ་བཅོ་བརྒྱད་དེ་ལྟར་སྦྱོང་བྱེད་དྲུག སྤྱིའི་སྔོན་འགྲོ་སྣུམ་བཅོས་དང༌། བདུན་ག་དྲིལ་བའི་ལག་ལེན་ལ་བརྒྱ་དང་བཅུ་གཉིས་ཡོད་དོ།།

གསུམ་པ་དཔྱད་ལ་དྲུག་ཡོད་པའི་གཏར་བ་ལ་ཆ་དཔྱད་བརྟག་པ་གཅིག རུང་མི་རུང༌། རན་མི་རན། སྔོན་འགྲོ་རྣམས་གཉིས་གཉིས། དུས་ཚོད་ལ་གསུམ། དངོས་གཞི་བསྙལ་ཐབས་དང་གདབ་ཐབས་ལ་རེ་རེ། གདབ་དམིགས་ལ་རྒྱས་པ་དང་མདོར་བསྡུས་པ་གཉིས།  དམིགས་བསལ། ཁྲག་པྲ། དབྱུང་ཚད་རྣམས་ལ་རེ་རེ། ལོག་གནོན་དྲུག། སྐྱོན་བཞི། ཡོན་ཏན་གཅིག་སྟེ་ཉེར་བརྒྱད། བསྲེག་པ་ལ་སྤྲ་བའི་ཆོ་ག་གཉིས། རུང་མི་རུང་གཉིས། གདབ་ཐབས་བཞི། རྗེས་དང་ཕན་ཡོན་གཉིས་སྟེ་བཅུ། དུགས་ལ་རུང་མི་རུང་གཉིས། བྱ་ཐབས་ལ་བསིལ་དྲོད་གཉིས། ཕན་ཡོན་གཅིག་སྟེ་ལྔ། དུགས་ལ་རུང་མི་རུང་གཉིས། བྱ་ཐབས་གཉིས། ཕན་ཡོན་གཅིག་སྟེ་ལྔ། བྱུག་པ་ལ་རུང་མི་རུང་གཉིས། བྱ་ཐབས་དང་ཕན་ཡོན་གཉིས་ཏེ་བཞི། ཐུར་མ་ལ་རུང་མི་རུང་གཉིས། ཆ་བྱད་གཅིག གསང་ལ་སྤྱི་བྱེ་བྲག་གཉིས། དབྱེ་བ་གཉིས། ཆོ་ག་གཅིག བརྡེག་ཐབས་གཉིས། ལག་ཚོད་གཉིས། འཆི་ལྟས་གཅིག ལོག་པ་གཉིས། ཕན་ཡོན་གཅིག་སྟེ་བཅུ་དྲུག དཔྱད་ཀུན་བསྡོམས་པ་ལ་དྲུག་ཅུ་རེ་བརྒྱད། དེ་ལྟར་བརྟག་ཐབས་བརྒྱད་ཅུ་རྩ་གཉིས། གསོ་ཚུལ་ལ་ཞེ་བདུན། ཞི་བྱེད་ལ་ང་བདུན། སྦྱོང་བྱེད་ལ་བརྒྱ་དང་བཅུ་གཉིས། དཔྱད་ལ་དྲུག་ཅུ་རེ་བརྒྱད་རྣམས་དྲིལ་བས་གསོ་ཐབས་ཀྱི་ལག་ལེན་སུམ་བརྒྱ་དང་དྲུག་ཅུ་རེ་དྲུག་འབྱུང་བའི་དྲུག་པོ་ནི་ཤུགས་ལས་ཐོན་པ་ཡིན་ཏེ། དཔེར་ན་བཤལ་སྐབས་ཀྱི་ཁ་བསྒྱུར་སུམ་ཅུ་སོ་གསུམ་ཡོད་ཀྱང་ཁ་བསྒྱུར་སུམ་ཅུ་གནད་ཀྱི་མན་ངག་བདུན། ཞེས་གསུངས་པ་བཞིན་ཡིན་ཞིང༌། ཅིས་ཀྱང་དྲུག་ལྷག་པ་མི་མཛེས་ན་བསྡུ་བ་ལ་ཚེགས་མེད་དོ། །གཉིས་པ་དེ་ལ་ཀླན་ཀ་སྤང་བ་ནི། ངན་རྟོག་སྔ་མས་ཚིམ་པ་འགའ་ཞིག་ན་རེ། ཁྱོད་ཀྱི་སུམ་བརྒྱ་དྲུག་ཅུའི་འདྲེན་ལུགས་ནི། རང་བཟོ་འབའ་ཞིག་ཡིན་པས་སུ་ཞིག་ཡིད་ཆེས་པར་འགྱུར་ཏེ། སྔ་ཕྱིའི་སྨན་པ་ཀུན་དེ་ལྟར་མི་འདོད་པའི་ཕྱིར་ཞེ་ན་བདེན་མོད། ལོང་བའི་ལམ་སྣ་ལོང་བས་བྱས་པ་ལྟར་མི་ཤེས་པ་བརྒྱུད་མའི་ཅལ་སྒྲོག་དག་ལ་དཔྱོད་ལྡན་གང་ཞིག་མགུ་བར་འགྱུར། དབུལ་པོའི་གཏེར་བཞིན་གསེར་རང་གི་ནང་དུ་བཞག་ནས་བཟའ་བཏུང་གི་ལོངས་སྤྱོད་གཞན་ནས་འཚོལ་བ་ལྟར། ཕྱི་རྒྱུད་ཀྱི་དོན་ཕྱི་རྒྱུད་རང་དུ་བཞག་ནས་བཤད་རྒྱུད་ནས་ལེན་པ་ནི། ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེས། བདུད་རྩིའི་ཆུ་གཏེར་བྱུང་བའི་འགྲམ་ངོགས་སུ། །ལྷ་མིན་སྟོབས་ལྡན་མགོ་བོ་བྲལ་བ་ལ། །འཚོ་བྱེད་གཞན་ནས་འགུགས་འདི་འཆི་མེད་ཀྱི། ཆོ་གའི་ཚུལ་ལ་སྦྱངས་པ་ཆུང་བར་ཟད། །ཅེས་གསུངས་པ་བཞིན། གསོ་རིག་གི་ཚུལ་ལ་སྦྱངས་པ་དང༌། རྣམ་དཔྱོད་ཀྱིས་དབུལ་བར་ཟད་དོ། །

གསུམ་པ་ལན་རྒྱས་པར་བཤད་པ་ལ་གསུམ་སྟེ། བརྟག་ཐབས། གསོ་ཚུལ། བཅོས་ཐབས་བཤད་པའོ། །དང་པོ་ལ་ཇི་ལྟར་ཞུས་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་འདི་དག་ཕྱི་མ་རྒྱུད་ཀྱི་བསྡོམས་ཚིག་ཡིན། དྲང་སྲོང་རྣམས་ཀྱི་སེམས་ལ་དེ་ལྟར་ཆོངས། ཞེས་གསུངས་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་བོས་ཏེ། གོང་དུ་མདོར་བསྡུས་བརྟག་ཐབས་ཞེས་པའི་ཚིག་ལས་འཕྲོས་པའི་རེག་མཐོང་གཉིས་ཀྱིས་ནད་ངོས་འཛིན་པའི་རེག་པ་རྩ་ལ་ཇི་ལྟར་བརྟག་པ་བགྱི་ཞིང༌། མཐོང་བ་ཆུ་ལ་ཇི་ལྟར་བརྟག་པར་བགྱི། དེ་གཉིས་ལ་གལ་འགག་ཆེ་བ་བཞིའི་འཁྲུལ་སོ་ཇི་ལྟར་སེལ་བ་དང་བཅས་ཏེ། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་ལས་ཞེས་སོ། །

ལེའུ་དང་པོ། རེག་པ་རྩ་ལ་ངོས་བཟུང་ནས་བརྟག་པའི་ཐབས་བསྟན་པ། 

གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ། རེག་པ་རྩ་བཤད་པ། མཐོང་བ་ཆུ་བཤད་པ། གལ་འགག་བཞི་བཤད་པའོ། །དང་པོ་ལའང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་རེག་པའི་མདོར་བསྟན་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དེའང་ཡིད་ལས་སྐྱེས་ཀྱིས་ཇི་ལྟར་དྲིས་པ་བཞིན་དུ། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ནད་བརྟག་པ་རྣམས་ཀྱི་ནང་ནས་དང་པོ་སོར་མོས་རེག་པ་འཕར་རྩའི་སྒོ་ནས་ནད་ལ་བརྟག་པ་འདི་ནི་ནད་རླུང་སོགས་དང༌། དེའི་གནས་ཚུལ་བརྟག་མཁན་སྨན་པ་གཉིས་ཀྱི་བར་དུ་འདི་ནི་རྣམ་པར་མ་གྱུར་པ་རང་བཞིན་ཐ་མལ་དུ་གནས་པའོ། །འདི་ནི་རྣམ་པར་གྱུར་པའོ། །འདི་ནི་འཕེལ་བའོ། །འདི་ནི་ཟད་པའོ། །འདི་ནི་འཁྲུགས་པའོ། །འདི་ནི་རླུང་ངོ༌། །འདི་ནི་མཁྲིས་པའོ། །འདི་ནི་བད་ཀན་ནོ། །ཞེས་བྱ་བ་ལ་སོགས་པའི་དོན་མ་ནོར་བ་བརྡ་སྦྱོར་བའམ། ངག་གི་འཕྲིན་སྨྲ་བའི་ཕོ་ཉ་བ་དང་འདྲ་བ་ནི། འཕར་བའི་རང་བཞིན་དུ་གནས་པའི་རྩ་འདི་རྣམས་ཡིན་ནོ། །ཞེས་བརྟག་པའི་གཞི་ངོས་བཟུང་བའོ། །རྩ་དེ་ལ་ཇི་ལྟར་བརྟག་པར་བྱ་བའི་ཚུལ་ལ། སྔོན་འགྲོ་ཟས་སྤྱོད་བསླབ་པ་ལ་སོགས་སྤྱི་དོན་བཅུ་གསུམ་ཡོད་པ་ས་བཅད་ཙམ་སྟེ་རྟོགས་པར་སླའོ།།

གཉིས་པ་རྒྱས་པར་བཤད་པ་ལ་བཅུ་གསུམ་ཡོད་པའི། དང་པོ་སྔོན་འགྲོ་ནི། དང་པོ་ཞེས་པ་ནས་གཅེས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། རྩ་བལྟ་བ་ལ་ས་བཅད་བཅུ་གསུམ་ཡོད་པའི་དང་པོ་སྔོན་འགྲོའི་ཆོ་ག་ཟས་སྤྱོད་ཀྱི་སྤང་བླང་བསླབ་པ་ནི། སང་ཞོགས་རྩ་བལྟ་བའི་དོ་ནུབ་ནས་ནད་པ་ནད་མེད་གང་ཡིན་ཀྱང་ཤ་ཆང་སོགས་དྲོད་བཅུད་ཆེ་བའི་བཟའ་བཏུང་དང༌། མེ་ཉི་ལ་བྱུག་པ་དྲག་པོ་བྱེད་པ་དང༌། སྔོ་ངད་རུལ་སུངས་སོགས་འཇུ་དཀའ་བའི་རིགས་དང༌། ཇ་དང་ར་ཕག་གི་ཤ་ལ་སོགས་པ་བསིལ་ཆེ་བའི་བཟའ་བཏུང་རྣམས་ཀྱིས་ནད་གཞི་གསར་དུ་འཁྲུགས་པར་འགྱུར་བས་སྤང་བར་བྱ་ཞིང༌། བསིལ་དྲོད་སྙོམས་པའི་བཟའ་བཏུང་ཡིན་ཀྱང་ཧ་ཅང་འགྲངས་ཆེས་པ་དང༌། ལྟོགས་ཆེས་པ་དང་བུད་མེད་དང་ལྷན་དུ་ཉལ་པོ་བྱས་པ་དང༌། བྱ་ལས་ཀྱིས་གཉིད་ཆག་པ་དང༌། ཁ་ཏོན་ལ་སོགས་པ་སྨྲ་བརྗོད་མང་བ་དང༌། མྱ་ངན་དང་ཡིད་མི་བདེ་བ་སོགས་སེམས་ལས་དང༌། འགྲོ་འདུག་ལ་སོགས་ཏེ་མཐའ་གཉིས་དང་ལྡན་པའི་ཟས་སྤྱོད་རྣམས་སྤང་ནས་ལེགས་པར་བརྟག་པ་དེ་ཡིས་ནི་ནང་གི་འདུ་བ་རྣམས་མི་འཁྲུགས་ཤིང་གསལ་པོར་སྟོན་ནོ། །ཞེས་སྤྱིར་བཏང་ནས། དམིགས་བསལ་དུ་དེ་ལྟ་བུའི་ལོང་མེད་པའི་ནད་པ་གློ་བུར་དུ་བྱུང་བ་རྣམས་ལ་བརྟག་དགོས་པ་བྱུང་ན་ཡང་ནད་པ་དང་སྨན་པ་གཉིས་ཀའི་དབུགས་ཆད་དང་རྩོལ་བས་མ་དུབ་པའི་སྔར་མལ་དུ་ཆུད་པ་སོགས་ནད་པའི་རྩ་དཔངས་རྐྱེན་སྣ་ཚོགས་ཀྱིས་མ་བཏེག་པ་ཞིག་ཅིས་ཀྱང་གཅེས་པར་བཟུང་ལ་བརྟག་དགོས་པ་ཡིན་ནོ། །གཉིས་པ་བལྟ་དུས་བཤད་པ་ལ་གཉིས། གཞན་ལུགས་མི་འཐད་པ་དགག་པ་དང༌། གཞུང་དོན་བཤད་པའོ། །

དང་པོ་ནི། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་ཁ་ཅིག དུས་དོན་སྣོད་ཚ་གྲང་གཡས་གཡོན་ཕོ་མོ་ན་ཚོད་རྣམས་ཀྱིས་བྱེད་པས་གདགས་སྲིབས་གཉིས་སུ་འགྱུར་ཏེ། དབྱར་རྩ་སྦོམ་ཞིང་རིང་ཞེས་སོགས་སོ་སོར་ཕྱེ་ནས། དེ་དག་མཉམ་པའི་དུས་ནི་རི་རྩེར་ཉི་ཤར་ཏེ། དུས་མཚམས་དབུགས་སྙོམས་པ་རྩ་མལ་ན་སོ་སོར་གནས་པ་ཞེས་བྱ་བ་ཡིན། དབུགས་ནི་རྩ་རླུང་འབྱུང་འཇུག་གི་ངོ་བོ་གཅིག་ཡིན་པའི་ཕྱིར། ཞེས་སོགས་མང་དུ་ཟེར་རོ། །དེ་ལ་དབྱར་སྟོན་གྱི་རྩ་གདགས་དང་དགུན་དཔྱིད་ཀྱི་རྩ་སྲིབས་ཡིན་པ་ལ་རྒྱུ་མཚན་ཅི་ཡང་མེད་དོ། །ཡོད་དུ་ཆུག་ཀྱང་ཞོགས་པ་རྩ་ལྟ་བའི་དུས་ལ་སྦྱོར་བ་མི་འཐད་དོ། །གལ་ཏེ་འཐད་པ་ལྟར་ན། ནམ་ཟླ་དབྱར་སྟོན་དགུན་དཔྱིད་བཞིའི་དབུགས་སྙོམས་ཞེས་པ་དུས་བཞི་ལ་དབུགས་ཡོད་པ་ཡིན་ནམ། དེ་དུས་ཀྱི་མིའི་དབུགས་ལ་འདོད། དང་པོ་ལྟར་ན་དུས་བཞི་གང་ཟག་ཏུ་ཐལ་ཞིང༌། དུས་བཞིའི་མིའི་དབུགས་ལ་འདོད་ན་ནི། དཔེར་ན་དཔྱིད་ཟླ་ར་བའི་ཚེས་གཅིག་གི་ཞོགས་པ་རྩ་བལྟ་བའི་དུས་དེར་དབྱར་སྟོན་དགུན་དཔྱིད་བཞི་ཀའི་མིའི་དབུགས་སྙོམས་ཐུབ་པའི་སྐབས་ཨེ་འདུག །སྤྲུལ་པ་ཡིན་ན་མ་གཏོགས་རི་རབ་ཁབ་མིག་ཏུ་འཇུག་པ་དང་ཁྱད་པར་མེད་དོ། །དེ་བཞིན་དུ་གཡས་གཡོན་ཕོ་མོ་ན་ཚོད་རྣམས་ལ་སྦྱར་བའང་དོན་མ་ཡིན་ཏེ། བཀྲེས་པས་ཉེན་པ་ལ་རྒྱ་གར་ནག་གི་གཏམ་དང་མཚུངས་སོ། །

གཞན་ཡང་དུས་བཞིའི་རྩ་ལ་ཁམས་ལྔའི་འབྱུང་བ་རིམ་བཞིན་བརྩི་བ་སོགས་མི་འགྱུར་བའི་གཟེར་རྣམས་དགོས་མེད་དུ་ཐལ་ཏེ། རི་རྩེ་ཉི་ཤར་གྱི་དུས་གཅིག་ཁོ་ནར་དུས་བཞི་གའི་དབུགས་རྣམས་མཉམ་པར་རྒྱུ་ལ། རྩ་དང་དབུགས་རླུང་འབྱུང་འཇུག་གི་ངོ་བོ་གཅིག་ཡིན་པའི་ཕྱིར། རྩ་དང་དབུགས་རླུང་འབྱུང་འཇུག་གི་ངོ་བོ་གཅིག་པའང་མ་ཡིན་ཏེ། ཕྱི་ནང་དབུགས་ལ་ལན་ལྔ་འཕར་བར་འདོད། ཅེས་གསུངས་པའི་ཕྱིར། ཡང་ན་དུས་བཞིའི་རྩ་ལ་གདགས་སྲིབས་སམ་སྦོམ་ཕྲ་སོ་སོར་འབྱེད་པ་དང༌། དེ་རྣམས་མཉམ་པར་བཞག་པ་གཅིག་ལ་རྒྱུ་ཟེར་བ་འགལ་བ་ཡིན་ཏེ། དཔེར་ན་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཞོགས་པ་རྩ་བལྟ་བའི་ཚེ། དཔྱིད་ཀའི་དུས་རྩ་ཕྲ་བ་དེ་དང་དབྱར་གྱི་རྩ་སྦོམ་པ་དེ་གཉིས་མཉམ་པར་རྒྱུ་ན། དུས་རྩ་ལྔ་པོ་སོ་སོར་ངོས་ཟིན་པའི་སྐབས་མི་སྲིད་པའི་ཕྱིར་རོ། །སྐབས་འདིར་སྟོད་སྨན་ལ་སོགས་པ་མང་པོས་རྒྱ་ཆེར་མ་བཤད་ལ། བྱང་པ་བཀྲ་ཤིས་དཔལ་བཟང་པས། ནམ་ལངས་འབྱུང་བ་མཉམ་པའི་དུས། །ཟས་སྤྱོད་འཁྲུགས་ན་ངེས་པ་མེད། །ཉིན་མཚན་རོ་རྐྱང་རང་བཞིན་སྤང༌། །ཐོ་རངས་དབུ་མའི་དུས་སུ་བལྟ། །ཡར་མཐའ་སྐྱ་རེངས་ཤར་བ་ནས། །མར་མཐའ་རི་རྩེའི་ཉི་ཤར་བར། །དེའི་དུས་སུ་འཚམ་པར་སྨྲ། ཕྱི་ཡི་དབུགས་ནི་རླུང་ཡིན་ལ། །ནང་གི་དབུགས་ནི་དྲོད་དུ་བཤད། །གདགས་ནི་ཉིན་མོ་གཞན་པ་སྲིབས། །ཚ་དང་གྲང་བའང་གདགས་སྲིབས་ཏེ། །སྙོམས་པ་རྩ་མལ་གནས་དུས་བལྟ། །ཞེས་ཟེར་རོ། །དེ་ལ་ནམ་ལངས་འབྱུང་བ་བཞི་སྙོམས་པའི་དུས། ཞེས་པ་ནམ་ལངས་མ་གཏོགས་འབྱུང་བཞི་མི་སྙོམས་ན་ཉིན་མཚན་གཉིས་ཀར་མི་འཐད་དམ། ནད་པ་འབའ་ཞིག་ཏུ་ཐལ་ལ། ཉིན་མོ་རོ་མ་དང་མཚན་མོ་རྐྱང་མ། ཐོ་རངས་དབུ་མའི་དུས་ཞེས་པ་འདི། ཉིན་མཚན་དང་ཞོགས་པ་གསུམ་པོའི་དུས་ལ་སྦྱོར་རྒྱུ་ཡིན་ནམ། རྩ་བལྟ་ཡུལ་གྱི་མི་ལ་སྦྱོར་རྒྱུ་ཡིན། དུས་ལ་སྦྱོར་རྒྱུ་ཡིན་ན་ངོ་མཚར་ཆེ་སྟེ། ཁྱོད་སངས་རྒྱས་ལས་ཀྱང་མཁས་པ་ཞིག་ལ། མི་ལ་སྦྱོར་ན་ལག་པའི་བལྟ་རྩ་ལ་སྦྱོར་རམ་སྣའི་དབུགས་ལ་སྦྱོར། དང་པོ་མི་འཐད་དེ། ལག་པའི་བལྟ་རྩ་ལ་རོ་རྐྱང་དབུ་གསུམ་གྱི་རླུང་རྒྱུ་བར་སྨན་དཔྱད་གསང་སྔགས་གང་ནས་ཀྱང་མ་བཤད་ཅིང༌། རོ་རྐྱང་དབུ་གསུམ་པོ་བསྡོམས་པའི་དབུགས་གཅིག་ལ་བལྟ་རྩ་ལན་ལྔ་འཕར་གསུངས་པས་གྲངས་ཀྱང་མི་འགྲིག སྣ་སྒོ་ནས་རྒྱུ་བ་ལ་སྦྱོར་ན་ནི་ཉིན་མཚན་གཉིས་ལ་རོ་རྐྱང་དང་ཐོ་རངས་དབུ་མའི་རླུང་རྒྱུ་བའི་ངེས་པ་མེད་དེ། ཉིན་ཞག་རེ་ལ་འཕོ་ཆེན་བཅུ་གཉིས་དང༌། འཕོ་ཆེན་རེ་ལ་འཕོ་ཆུང་ལྔ་ལྔ་ཡོད་པའི་འཕོ་ཆུང་རེ་ལ་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་བ་ལས་རླུང་དང་ཡེ་ཤེས་ཀྱི་རླུང་འདྲེས་པ་མ་གཏོགས་ཡེ་ཤེས་ཀྱི་རླུང་ཟུར་དུ་ཕྱེ་ནས་རྒྱུ་བ་མེད་ཅིང༌། མདོར་ན་ལས་རླུང་ཕྱེད་དང་སོ་གསུམ་རེ་ན་ཡེ་ཤེས་ཀྱི་རླུང་གཅིག་ལས་མི་རྒྱུ་བའི་ཕྱིར་མི་ཤེས་པའི་རྟོག་གཟོ་ལས་གཞན་མ་ཡིན་ནོ། །ཐོ་རངས་དབུ་མའི་དུས་སུ་བལྟ་ཞེས་པའི་ཐོ་རངས་ཀྱང་ཁྱོད་ཀྱིས་ངོས་ཟིན་ཏེ། ཡར་མཐའ་སྐྱ་རེངས་ཤར་བ་ནས། །མར་མཐའ་རི་རྩེ་ཉི་ཤར་བར། །ཞེས་སོགས་པ་ལ་ངོས་བཟུང་བའི་ཕྱིར། དེར་མ་ཟད་ཡར་མཐའ་སྐྱ་རེངས་ཤར་བ་ནས་ཞེས་པས་བལྟ་དུས་ཀྱི་ངོས་འཛིན་ཀྱང་འཁྲུལ་ཏེ། བལྟ་དུས་མཁའ་ལ་ཉི་ཤར་ཀླུངས་མ་ཕེབས། །ཞེས་པ་དང་དངོས་སུ་འགལ་བའི་ཕྱིར།།

གཞན་ཉིན་མཚན་དང་ཚ་གྲང་ལ་གདགས་སྲིབས་སུ་བཞག་ནས། ཐོ་རངས་སྙོམས་པའི་དུས་ཞེས་པ་རྨོངས་པའི་གཏམ་ཡིན་ཏེ། ཐོ་རངས་ཀྱི་དུས་སུ་མཚན་མོའི་དབུགས་ནི་འདས་ཟིན་ལ་ཉིན་མོའི་དབུགས་ནི་མ་འོངས་པ་འབྱུང་རྒྱུ་ཡིན་པའི་ཕྱིར་ན་ཅིའི་སླད་དུ་སྙོམས་པར་འགྱུར། ཚ་གྲང་ཡང་མི་སྙོམས་ཏེ་ཐོ་རངས་རླུང་ལྡང་བའི་དུས་ཡིན་པའི་ཕྱིར། བྱང་པ་བདག་པོ་ནི། སྐབས་འདིར་ནད་མེད་ཀྱི་གཞི་རྩ་བརྟག་པའི་སྐབས་ཡིན་ཞེས་པ་ཐ་ཆད་པ་སྟེ། ནད་གློ་བུར་བའམ་ནད་པ་དང་སྨན་པ་གཉིས་ཀ་ལ་ལོང་སྐབས་མེད་ན་མ་གཏོགས། གཞན་མ་གཅོང་སྡེ་བཞི་ལ་སོགས་པའི་ནད་གཞི་ཅན་རྣམས་ལའང་བལྟ་དུས་ཉིད་གཅེས་པར་གཟུང་དགོས་ཤིང༌། དེ་ལྟ་བུའི་སྒོ་ནས་ལན་མང་དུ་མ་བརྟགས་ན་ཇི་ལྟ་བར་ཤེས་པར་མི་འགྱུར་བས་སོ། །

གཉིས་པ་གཞུང་དོན་ནི། བལྟ་དུས་ཞེས་པ་ནས་གནས་དུས་བལྟ་ཞེས་པའི་བར་གྱིས་བསྟན་ཏེ། ངོ་མཚར་གྱི་རྩ་བདུན་བརྟག་པ་དང་ལོང་སྐབས་ཡོད་ན་ནད་པ་ལའང་རུང་སྟེ་སྤྱིར་བཏང་གི་དབང་དུ་བྱས་ནས་རྩ་བལྟ་བའི་དུས་ནི། གློ་བུར་གྱི་རྐྱེན་གྱིས་མ་བསྐྱོད་པ་ཐ་མལ་དུ་གནས་པ་ཞིག་ངེས་པར་དགོས་ལ། དེ་དུས་ནམ་ཞིག་འབྱུང་ཞེ་ན། ནམ་མཁའ་ལ་ཉི་མ་ཤར་བ་ཀླུངས་སུ་ཉི་ཟེར་མ་ཕེབས་པ། རྩ་བལྟ་ཡུལ་གྱི་མི་དེའི་ནང་གི་དབུགས་དྲོན་མོ་དེ་ཕྱིར་རིང་དུ་མ་རྒྱུས་པ། ཕྱིར་རྒྱུ་བའི་དབུགས་བསེར་བུ་དང་འགྲོགས་པའི་གྲང་མོ་དེ་ནང་དུ་མ་སོང་བ། མལ་ས་ནས་མ་འགུལ་བར་ཟོ་བདེར་གནས་པ། ཁ་ཟས་དང་བཏུང་བ་མ་འཐུངས་པ་སྟེ། ཁྱད་ཆོས་དྲུག་ལྡན་དེའི་སྐབས་སུ་འབྱུང་ཞིང༌། དུས་དེར་བལྟས་ན་ངེས་པར་གསལ་བའི་རྒྱུ་མཚན་དངོས་ནི། གདགས་སྲིབས་དབུགས་སྙོམས་ཞེས་པ། འོག་ཏུ། ཡར་ཟུར་དོན་ལྔ་ཕྱིར་རྒྱུ་གདགས་ཀྱི་རྩ། །མར་ཟུར་སྣོད་དྲུག་ནང་རྒྱུ་སྲིབས་ཀྱི་རྩ། །ཞེས་གསུངས་པའི་དོན་གྱིས། དོན་ལྔའི་རླུང་ལ་གདགས་དང་སྣོད་དྲུག་གི་རླུང་ལ་སྲིབས་ཞེས་པའི་ཐ་སྙད་བཏགས་པ་དོན་བློ་ལ་འཆར་བདེ་བ་ལ་དགོངས་པ་ལྟར། ཁྱད་ཆོས་དྲུག་ལྡན་གྱི་དུས་དེར་ནང་དོན་སྣོད་དེའི་རླུང་རྣམས་ཀྱང་རྐྱེན་གྱིས་མ་སླད་པར་རང་སོར་གནས་པའི་ཕྱིར་རྒྱུ་བའི་སྣ་སྒོའི་དབུགས་ཀྱང་སྙོམས་ལ་ལག་པའི་རྩ་ཡང་ཐ་མལ་དུ་གནས་པར་འགྱུར་བ་ཡིན་པས་ན་དུས་དེར་རྩ་ལྟ་བར་བྱེད་དགོས་པ་ཡིན་ནོ།།

གསུམ་པ་བལྟ་གནས་བཤད་པ་ལ། གཞན་ལུགས་མི་འཐད་པར་དགག་པ་དང༌། གཞུང་དོན་གཉིས་ལས། དང་པོ་ནི། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་ཁ་ཅིག སྟོད་སྨད་དོན་སྣོད་ཐམས་ཀྱི་རྩ་དེར་མི་རྒྱུ་བས་འགལ་ལོ་ཞེ་ན། རྩ་ནི་ལུས་ཀྱི་མགོ་མཇུག་ཕྱི་ནང་དོན་སྣོད་ཀུན་ཏུ་འབྲེལ་བ། ཚོང་འདུས་ཀྱི་རྒྱ་སྲང་བཞིན་ཡིན་ལ། རྩའི་ནང་དུ་རླུང་ཁྲག་ཐམས་ཅད་ཀུན་ཏུ་རྒྱུ་བ་ཚོང་དཔོན་རྒྱ་གར་ནག་ཡུལ་ཀུན་ཏུ་འགྲོ་འོང་བྱེད་པ་དེས་གནས་གང་དང་གང་ན་མ་བདེ་བའི་ཚུལ་གཏམ་དུ་བརྗོད་པ་བཞིན། རྩ་ནང་གི་རླུང་དེས་ལུས་འདི་ལ་གང་ན་པའི་རྟགས་འཆར་བ་ཡིན་ཏེ། དཔེར་ན་རིའི་ངོས་ན་མི་རོ་རུལ་པ་ཞིག་ཡོད་དེ་ཞེས་སོགས་དང༌། སྤྱིར་དེ་ལྟར་ཡིན་ཡང་དོན་ལྔ་སྣོད་དྲུག་གི་རྩ་དེར་མི་རྒྱུ་སྟེ། རྩ་ཕྲ་མོ་བཅུ་གཉིས་སྡོམས་པའང་མིན་ལ།རྩའི་རྒྱུད་གཅིག་ཁོ་ན་ལ་ཕྲེད་དུ་རྩ་བཅུ་གཉིས་ཀྱང་མིན་ཞེ་ན། རྩའི་རྒྱུན་གྱི་ངོ་བོ་གཅིག་ཀྱང་དོན་སྣོད་ཀྱི་རྩ་རྣམས་ཐ་དད་དུ་ཡོད་པ་མི་འགལ་ཏེ། རེ་བའི་རྒྱུད་གཅིག་ཀྱང་ཚོན་གྱིས་ཁ་དོག་བསྒྱུར་བའི་རེ་སོའི་རྣམ་པ་ཐ་དད་སྣང་བ་བཞིན་ཡིན་ལ་ཞེས་ཟེར་རོ། །དེ་ལ་སྟོད་སྨད་དོན་སྣོད་ཐམས་ཅད་རྩ་དེར་མི་རྒྱུ་བས་འགལ་ལོ་ཞེས་དོགས་པ་ཁོང་ནས་བསླང་བའི་ལན་དུ། རྩའི་རྒྱུན་གྱི་ངོ་བོ་གཅིག་ཀྱང་དོན་སྣོད་ཀྱི་རྩ་རྣམས་ཐ་དད་དུ་ཡོད་པ་མི་འགལ་ཞེས་པས་དོགས་པ་དེ་སྤོང་མ་ཐུབ་པའི་ཁར་ཁས་བླང་པར་སོང་བས་ནོངས་ལ། རྩ་དེ་རྒྱ་སྲང་ལྟ་བུ་ཡིན་དུ་ཆུག་ཀྱང༌། ཚོང་དཔོན་དང་རླུང་ཁྲག་དཔེ་མི་མཚུངས་ཏེ། སྤྱིར་གྱི་བལྟ་རྩ་འདིའི་ནང་དུ་རླུང་ཁྲག་གཉིས་ཀ་རྒྱུ་བ་མེད་ཅིང༌། ཡོད་དུ་ཆུག་ནའང་རླུང་ཁྲག་དེ་སྤྱི་བོ་ནས་རྐང་མཐིལ་བར་ཇི་ལྟར་རྒྱུ་བར་ནུས། དེ་ལྟར་རྒྱུ་མ་ནུས་ན་མགོ་བོའི་ནད་རྟགས་འཆར་བའི་རྒྱུ་མཚན་སོམས་ཤིག དེས་ན་མི་རོ་རུལ་པའི་དྲིའི་དཔེ་ཡང་དོན་མེད་དུ་སོང་ལ། དོན་ལྔ་སྣོད་དྲུག་དེར་མི་རྒྱུ་ཞེས་པའི་དགོས་པ་འདི་ནི་བ་ལང་རྫི་བོ་ལ་ཡང་ཨེ་འཆར། རེ་བའི་རྒྱུ་གཅིག་ཀྱང་ཚོན་གྱི་ཁ་དོག་གིས་ཞེས་པས་རེ་སོའི་དོན་ཙམ་ཡང་མ་གོ་བའི་ཁར་རྩ་ཚོན་སྐུད་ལྟར་འདོད་པར་སྣང་བས་འོག་ཏུ་དགག་པར་བྱའོ།།

ཡང་བྱང་པ་བདག་པོ་ན་རེ། དོན་ཡིད་ལ་འཆར་རྒྱུ་གོ་བདེ་བ་ནི། འཕར་རྩ་ཁོང་སྟོང་ཡངས་པའི་ནང་ནས་མར། །དོན་སྣོད་བཅུ་གཉིས་རླུང་ཁྲག་ཕྲེང་བ་བཞིན། །རྦ་རླབས་བཞིན་དུ་མ་འདྲེས་སོ་སོར་རྒྱུ། །ཞེས་ཟེར་རོ། །དེ་ལ་འཕར་རྩ་ཁོང་སྟོང་ཅན་དེ་སྙིང་གཅིག་པུའི་རྩ་ཡིན་ནམ། དོན་སྣོད་ཐམས་ཅད་ཀྱི་རྩ་ཡིན་ཞེས་འདྲི། དང་པོ་མི་འཐད་དེ། སྙིང་རྩ་གཅིག་པུའི་ནང་ན་དོན་སྣོད་ཐམས་ཅད་ཀྱི་རླུང་ཁྲག་རྒྱུ་བའི་སྐབས་མེད་ཅིང༌། གཉིས་པ་ལྟར་ན་ཁྱོད་རང་གིས་སྟོད་སྨན་གྱི་འདོད་པ་དགག་པར་དེ་དོན་ལྔ་སྣོད་དྲུག་གི་རྩ་མ་ཡིན་ཏེ་རླུང་རྩ་ཡིན་པའི་ཕྱིར་ཞེས་བཤད་པ་དང་འགལ། དེར་མ་ཟད་སྟོང་སྨན་ལ་ཁ་འཕངས་པའི་ཐལ་འགྱུར་ནི། རིག་པ་ལ་མ་བྱང་བའི་གཏམ་ཡིན་ཏེ། གསལ་བ་དོན་ལྔ་སྣོད་དྲུག་གང་གིའང་རྩ་མ་ཡིན་ན་དེ་ལས་ནད་རྟོགས་པ་འགལ། རྟགས་རླུང་རྩ་ཡིན་ན་རླུང་ཁྲག་རྦ་རླབས་བཞིན་དུ་རྒྱུ་བ་འགལ། ཁྱབ་པ་ནི། ལག་པའི་བལྟ་རྩ་ཁོ་ན་མ་ངེས་ཏེ་འཁོར་གསུམ་ག་ལ་ལན་མེད་དོ། །གཞན་ཡང་རླུང་ཁྲག་ཕྲེང་བ་བཞིན་དུ་རྒྱུ་བ་ཡིན་ན་གཡུ་ཐོག་གི་རྩ་དཔྱད་བུ་དོན་མ་ལས། རྩ་རྒྱུད་ཡུངས་ཀར་ཕྲེང་བསྣན་འདྲ། །མུ་ཏིག་ཕྲེང་བ་ཞེས་བྱ་སྟེ། །ལོ་ཡི་ནང་དུ་ཕལ་ཆེར་འཆི། །དེ་ལ་མ་ཤི་ཚེ་རྩར་འགྱུར། །ཞེས་གསུངས་པས་མི་ཐམས་ཅད་ལ་རྩ་རྒྱུད་མུ་ཏིག་ཕྲེང་བ་ཡོད་པར་ཐལ་བ་སོགས་འཐད་པའི་སྐབས་མི་སྣང་ངོ༌། །ཡང་བྱང་པ་བཀྲ་ཤིས་དཔལ་བཟང་པ་ན་རེ། ཚང་ཞིང་མ་འདྲེས་ཚོན་སྐུད་འདྲ། །ཆགས་པའི་ཐོག་མ་ལྟེ་བ་སྟེ། །དེ་བས་རིམ་བཞིན་མཐའ་ལ་གྱེས། །ཞེས་དང༌།

བཅུ་གཉིས་མ་འདྲེས་ཚོན་སྐུད་བསྒྲིལ་བ་འདྲ། །ཞེས་གཞུང་ལའང་རས་གཅོད་ཀྱིས་བཅོས་ཤིང༌། འཚོ་བྱེད་ཐུགས་རྗེ་དང་བྱ་བ་ནང་སོ་བཀྲ་ཤིས་རྣམ་རྒྱལ་བ་སོགས་ཀྱང་བལྟ་རྩ་གཡས་གཡོན་ལ་རྩ་ཁ་དོག་མི་གཅིག་པ་དྲུག་དྲུག་ཚོན་སྐུད་བསྒྲིལ་བ་ལྟར་འདོད་པ་མཚུངས་སོ། །འདི་རྣམས་སོ་མ་རཱ་ཛ་ལས། །སྙིང་རྩ་མཁྲིག་མའི་གོང་ན་ཡར། །ཐི་གུ་བསྒྲིལ་བ་ལྟ་བུ་སྟེ། །ཞེས་པ་དང༌། རྩ་མཛོད་ཀྱི་འགྲེལ་བར། རུས་པ་འབུར་པོའི་ལྡེབས་ལ་བལྟ་རྩ་སྟེ། །དེ་ན་དོན་སྙིང་དང་ནང་གྲོལ་ཐམས་ཅད་ཀྱི་རྩ་ཐི་གུ་བསྒྲིལ་བ་ལྟ་བུ་བཞིན་དུ་རྒྱུའོ། །ཞེས་པའི་དོན་ལ་བསམས་པར་ཟད་མོད། རྩ་མཛོད་རྩ་འགྲེལ་ནི་བོད་ཀྱི་སྨན་པ་ཅི་ཡང་མི་ཤེས་པ་ཞིག་གིས་བརྩམས་པར་འདུག་པས་གཏན་ཚིགས་སུ་མི་རུང་ཞིང༌།

སོ་མ་རཱ་ཛ་ནི། སྒྲ་ཇི་བཞིན་བསྒྱུར་མ་ཤེས་པའི་ཉེས་པ་ཙམ་མ་གཏོགས། རྒྱ་ནག་གི་སྨན་དཔྱད་ཁུངས་ཐུབ་ཏུ་འདུག་མོད། དེ་ལས་ཀྱང་སྙིང་རྩ་ཐི་གུ་བསྒྲིལ་བ་ལྟར་བཤད་ཀྱི་དོན་སྣོད་ཀྱི་རྩ་ཀུན་བསྒྲིལ་བར་མ་བཤད། དོན་དུ་གཡས་གཡོན་གཉིས་ཀར་དོན་སྣོད་དྲུག་དྲུག་གི་རྩ་བསྒྲིལ་ནས་ཡོད་ན་སྙིང་ལས་གཞན་པའི་རྩ་རྣམས་འཕར་བའི་རྒྱུ་མཚན་ཅི་ཡིན། མཆིན་རྩ་གློ་རྩ་སོགས་འཕར་ན་རུ་ཐུང་དང་སྒང་རྩ་སོགས་ཀྱང་མི་འཕར་བའི་རྒྱུ་ཅི་ལ་ཐུག གལ་ཏེ་སྙིང་རྩ་འཕར་བའི་ཤུགས་ལས་གཞན་རྣམས་ཀྱང་མཉམ་དུ་འཕར་བ་ཡིན་ནོ་ཞེ་ན། འོ་ན་དོན་སྣོད་ཀྱི་རྩ་རེ་རེ་དེ་དང་དེའི་རླུང་ཁྲག་རྒྱུ་བ་ལ་བརྟེན་ནས་འཕར་པ་མ་ཡིན་བར་ཐལ་བས་ནད་སོ་སོར་མ་འདྲེས་པར་རྟོགས་ག་ལ་ནུས། གཞན་ཡང་དོན་སྣོད་ཀྱི་རླུང་ཁྲག་ཐམས་ཅད་ཕྱིར་རྒྱུ་བ་ཁོ་ན་ཡིན་ལ། ཡར་ཟུར་དོན་ལྔ་ཕྱིར་རྒྱུ་གདགས་ཀྱི་རྩ། །མར་ཟུར་སྣོད་དྲུག་ནང་རྒྱུ་སྲིབས་ཀྱི་རྩ། །ཞེས་གསུངས་པ་དང་འགལ། དེར་མ་ཟད། ཚོན་རྩ་གཉིས་ཀྱིས་གློ་སྙིང་སྟོད་ནད་བརྟག །ཀན་རྩ་གཉིས་ཀྱིས་ཕོ་མཆིན་བར་ནད་བརྟག །ཆག་རྩ་གཉིས་ཀྱིས་མཁལ་རྐེད་སྨད་ནད་བརྟག །ཅེས་གསུང་བའི་མགོ་བོའི་ནད་བརྟག་པ་ལ་མགོ་བོའི་རྩ་དང༌། རྐེད་པའི་ནད་བརྟག་པ་ལ་རྐེད་པའི་རྩ། རྐང་པའི་ནད་བརྟག་པ་ལ་རྐང་པའི་རྩ་དང༌། རླུང་མཁྲིས་བད་ཀན་ལ་སོགས་པའི་ཕྲ་རགས་བརྟག་པ་ལ་དེ་དང་དེའི་རྩ་རྣམས་ཀྱང་ལག་པའི་བལྟ་གནས་སུ་རྒྱུ་དགོས་པར་འགྱུར་ཏེ། དོན་སྣོད་ཀྱི་རྩ་སོ་སོར་དགོས་པའི་རྒྱུ་མཚན་དང་མཚུངས་སོ། །གཞན་ཡང་སྣོད་དྲུག་གི་མཁྲིས་པ་མ་གཏོགས་གཞན་རྣམས་ལུས་ཀྱི་དབུས་ན་གནས་ལ། ལོང་དང་ལྒང་པའི་རྩ་གཡས་སུ་རྒྱུ་ཞིང༌། རྒྱུ་མ་དང་ཕོ་བ་བསམ་སེའི་རྩ་གཡོན་དུ་རྒྱུ་བའི་རྒྱུ་མཚན་རང་ཅི་ཞེ་ན། ལན་ཅི་ཡོད། སོ་མ་རཱ་ཛ་ལས། སྣོད་རྣམས་དོན་གྱི་རྗེས་སུ་འབྲང༌། །ཞེས་པའི་ཚིག་ཙམ་ཡང་མ་མཐོང་བར་ཟད་དོ། །ཡང་ཉིང་ལག་ལྔ་ལ་བལྟས་པས་དོན་ལྔའི་ནད་ཤེས་ཟེར་བ་ལག་པ་གཡས་གཡོན་ལ་ཁྱད་པར་ཡོད་དམ་མེད། ཁྱད་པར་ཡོད་ན་སོར་མོ་ལྔ་ག་ལ་དོན་ལྔའི་རྩ་མི་རྒྱུ་སྟེ་བལྟ་རྩ་ངོ་བོ་བཞིན། ཁྱད་པར་མེད་ན་ནི་སྐྱེས་པའི་ལག་པ་གཡས་ལ་གློ་མཆིན་མཁལ་མ་གཡས་དང༌། ལག་པ་གཡོན་དུ་སྙིང་མཆེར་མཁལ་མ། གཡོན་གྱི་རྩར་རྒྱུ་བ་ཡང་ཁས་ལེན་དགོས་པས། གོང་དུ་རང་གིས་བཤད་པའི་དོན་ཐམས་ཅད་ཉམས་པར་འགྱུར་ཞིང་ཐུག་མེད་དུ་ཐལ་བ་དང༌། ཡང་ཆགས་པའི་དང་པོ་ལྟེ་བ་ཡིན་ཞེས་སོགས་ལ་དཔགས་ན་བལྟ་རྩ་ནི་དབུ་མ་ཡིན་ཞེས་འདོད་པར་སྣང་སྟེ། དེ་ལྟ་ན་དབུ་མའི་ནང་དུ་རླུང་ཁྲག་རྒྱུ་བ་ཁས་བླངས་པས་དེ་འདྲའི་དབུ་མ་ངོ་མཚར་ཆེའོ། །མདོར་ན་འཕར་རྩ་རྣམས་གང་ལ་བརྟེན་ནས་འབྱུང་བ་དང༌། དེས་ནད་གང་ཡིན་རྟོགས་ནུས་པའི་རྒྱུ་མཚན་ཟུར་ཙམ་ཡང་མ་གོ་བཞིན་དུ་གཞུང་ལུགས་ལ་འགྲེལ་བ་རྩོམ་པའི་སྤོབས་པ་ཧ་ཅང་ཡང་ཆེས་པ་ཡིན་ནོ། །དེས་ན་ཁོ་བོས་རྡོ་རིང་མཛེས་བྱེད་དུ། ནད་རྟགས་རྩ་ལ་རྟོགས་པའི་རྒྱུ། །ཐུན་མོང་མིན་པའི་གནད་གང་ཡིན། །ཞེས་དྲིས་པ་ལ་ལོ་ཉི་ཤུ་སོང་ནས་ཀྱང་དོན་དང་མཐུན་པའི་ལན་མ་བྱུང་བ་ཡིན་ནོ།།

གཉིས་པ་གཞུང་དོན་ནི། བལྟ་གནས་ཞེས་པ་ནས་བོལ་ལ་བརྟག་ཅེས་པའི་བར་གྱིས་སྟོན་ཏེ། རྩ་བལྟ་བའི་གནས་ངེས་པ་ནི། ལག་པའི་མཁྲིག་མའི་གཉེར་མ་དང་པོ་སྟེ། གོང་མ་དེ་ནས་རྩ་བལྟ་ཡུལ་རང་གི་ཚོན་གང་མར་ལ་འཇལ་བའི་རུས་པ་འབུར་པོའི་ཟད་མཚམས་ཀྱི་ལྡེབས་དེར་སྨན་པའི་མཛུབ་གུང་སྲིན་ལག་གསུམ་ལ་རྒྱ་ནག་གི་བརྡར་ཚོན་ཀན་ཆག་ཅེས་གྲགས་པ་དེ་གསུམ་ལ་འདུས་པ་སྟེ། དབར་ཡངས་དྲགས་པ་དང༌། དོག་དྲགས་པ་མ་ཡིན་པའི་མ་རེག་ཙམ་སྙོམས་པར་བཞག་སྟེ་བལྟ་བའོ། །དེ་ཁོ་ནར་བརྟག་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འཕར་རྩ་ཙམནི་མགོ་སྐེ་རྐང་པ་སོགས་ལུས་ཀྱི་སྟོད་སྨད་ཀུན་ལ་ཡོད་མོད་ཀྱང༌། དོན་སྙིང་འཕར་བ་དང་ཉེ་བ་སྐེ་དང་མཆན་འོག་ལྟ་བུར་བལྟས་ན་རི་གཟར་གྱི་ཕུ་ཆུ་དྲག་ཏུ་འབྲུབ་པའི་རྩར་མི་འགའ་ཞིག་ཕར་ཚུར་དུ་ལབ་ཀྱང་ཆུ་སྒྲ་དེའི་དབང་དུ་སོང་ནས་ལབ་ཀྱི་བརྡ་མི་འབྱོར་བ་དང་མཚུངས་ཏེ། དོན་སྙིང་ལས་གཞན་པའི་ནད་མི་རྟོགས།

དེ་བཞིན་དུ་དོན་སྙིང་དང་རིང་བ་མགོ་དང་རྐང་པའི་འཕར་རྩ་ལ་བལྟས་པའི་ཚེ་རྒྱ་གར་ནག་སོགས་ཐག་རིང་པོ་ནས་འོངས་པའི་འགྲོན་པོའི་གཏམ་ལ་བདེན་རྫུན་སྣ་ཚོགས་འབྱུང་བ་དང་འདྲ་སྟེ། ནད་ཇི་ལྟ་བ་རྟོགས་པར་མི་ནུས་སོ། །དེ་ལྟར་ན་གོང་དུ་བཤད་པའི་བལྟ་གནས་འདི་ཉིད་ལུས་ཀྱི་ལུས་ཀྱི་སྟོད་སྨད་དོན་སྣོད་ཐམས་ཅད་དུ་ཉེ་རིང་འཚམ་པ་ཡིན་ཏེ། དཔེར་ན་ཕུ་ཆུ་འབྲུབ་པའི་ས་ཇི་ལྟར་རིག་པ་ནས་མི་མང་ཉུང་གང་ཡང་རུང་བས་སྐད་གསང་མཐོན་པོ་སྨྲས་པ་དེ། གནས་དེ་ལས་གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་སུ་བྱས་པའི་ཚུལ་རོལ་ནས་དབང་པོ་སྐྱོན་མེད་པས་དབྱར་ཀའི་དུས་སུ་ཉན་པའི་ཚེ་ན། ཆུ་སྒྲ་དང་མི་སོ་སོའི་སྐད་མ་འདྲེས་པར་ཐོས་པ་བཞིན་དུ་ནད་རྟགས་རྣམས་ཀྱང་གསལ་བར་སྟོན་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། བལྟ་རྩ་འདིར་ལུས་ཀྱི་སྟོད་སྨད་དོན་སྣོད་ཕྱི་ནང་སོགས་ཀྱི་ནད་རྟགས་ཐམས་ཅད་རྒྱུ་བས་ན། ཚོང་འདུས་ཆེན་པོའི་རྒྱ་སྲང་བཞིན་གནས་པ་ཡིན་ནོ། །གལ་ཏེ་གཞན་དག་ན་རེ། སྙིང་རྩ་གཅིག་པོ་དེའི་ནང་དུ་དོན་སྣོད་སོགས་སྟོད་སྨད་ཕྱི་ནང་ཐམས་ཅད་ཀྱི་རླུང་ཁྲག་རྣམས་མི་རྒྱུ་བས་ན་ནད་རྟགས་རྣམས་རྟོགས་པ་འགལ་ལོ། །ཞེ་ན་མི་འགལ་ཏེ། ནད་རྟགས་རྣམས་རླུང་ཁྲག་དང་བསྡོམས་ཏེ་རྒྱུ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱའོ། །ཚོང་ཟོང་དང་འདྲ་བའི་རླུང་དང་བད་ཀན་དང༌། ཁྲག་དང་མཁྲིས་པ་ལ་སོགས་ནད་རྟགས་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ཏུ་རྒྱུ་བས་ན་དྲག་པར་འཕར་བའི་ཚུལ་འདི་ཉིད་ཚོང་དཔོན་བཞིན་ཟོང་གང་ན་ཅི་ཡོད་ཀྱི་གཏམ་སྨྲ་བར་བྱེད་དོ། །དེའང་ཇི་ལྟར་སྨྲ་ན། ཟོང་སོ་སོའི་མིང་ནས་སྨྲས་པ་ལྟར་འདི་ནི་སྙིང་གི་ནད་ཚ་བའོ། །འདི་ནི་རྒྱུ་མའི་ནད་གྲང་བའོ། ཞེས་སོགས་དང༌། འདི་ནི་མགོ་བོའི་ནད་དོ། །འདི་རྐང་པའི་ནད་དོ། །འདི་ནི་བར་གྱི་ནད་དོ་ཞེས་དང༌། འདི་ནི་རླུང་གི་ནད་དོ། །འདི་ནི་མཁྲིས་པའི་ནད་དོ། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཕ་ཙེའི་རེ་སོ་ལྟར་དཀར་ནག་སྤེལ་བའི་ཚུལ་གྱིས་སྟོན་ནོ། །སྙིང་པོའི་གནད་ནི་བཤད་རྒྱུད་ཀྱི་འགྲེལ་པར་བཤད་ཟིན་པར་ལྟར། སྙིང་གི་རྩ་བ་ནས་གྱེས་པའི་རྩ་དྲུག་སྟེ། གཉིས་མགྲིན་པར་བརྒྱུད་ནས་མགོ་བོར་གྱེས། གཉིས་མཆན་ཁུང་རྒྱུད་ནས་ལག་པར་གྱེས། གཉིས་སྣེ་ཁུང་བརྒྱུད་ནས་རྐང་པར་གྱེས་པ་འདི་རྣམས་སྙིང་དྲག་ཏུ་འཕར་བའི་དབང་གིས་འཕར་བ་ཡིན་ཏེ། སྙིང་དང་རྩའི་འཕར་ཚུལ་གཅིག་ཁོ་ནར་མངོན་སུམ་གྱིས་བལྟས་པས་ཤེས་སོ།།

དེས་ན་ལུས་ཀྱི་སྟོད་སྨད་ཕྱི་ནང་གང་དུ་ཚ་གྲང་གི་ནད་ཅི་བྱུང་ཀྱང་སོ་སོའི་མཚན་ཉིད་དང་ཆོས་མཚུངས་པའི་རྟགས་རྣམས་གསལ་བར་སྟོན་པ་ཡིན་ནོ། །དེའང་ཕ་རྩེའི་རེ་སོ་ཞེས་པ་སྣལ་མའི་རྒྱུད་དུ་མ་གཤིབས་པ་ཐགས་མ་བཏགས་གོང་ལ་དགོངས་པ་མིན་པར། སླེའུ་འམ་ཕ་ཙེ་ཐགས་སུ་གྲུབ་ཟིན་པའི་རེ་སོ་ཞེས་སྐབས་སྐབས་སུ་དཀར་ནག་ལྟ་བུ་སྤེལ་བ་ཞིག་འབྱུང་བ་ནི་རྣམ་པ་མིག་ཡུལ་དུ་ལམ་པ་དེ་ཉིད་དཔེར་མཛད་པ་དེ། དོན་ལ་ལག་པ་གཡས་པའི་ཚོན་གྱི་ཡར་ཟུར་དུ་སྙིང་གི་ནད་རྟགས་གདགས་ཏེ་ཁ་དོག་དཀར་བའི་རྣམ་པ་དང༌། མར་ཟུར་དུ་རྒྱུ་མའི་ནད་རྟགས་སྲིབས་ཏེ་ནག་པའི་རྣམ་པ་དང༌། དེ་བཞིན་དུ་ཀན་གྱི་ཡར་ཟུར་དུ་མཆེར་པའི་ནད་རྟགས་དཀར་བའི་རྣམ་པ་དང༌། མར་ཟུར་ཕོ་བའི་ནད་རྟགས་ནག་པའི་རྣམ་པ། ཆག་འོག་གི་ཡར་ཟུར་དུ་མཁས་གཡོན་གྱི་ནད་རྟགས་དཀར་བའི་རྣམ་པ། མར་ཟུར་དུ་བསམ་སེའི་ནད་རྟགས་ནག་པའི་རྣམ་པ་རྣམས་ཡིད་ཡུལ་དུ་བྱས་པས་རེ་སོའི་དཔེ་གྲུབ་མོད། དོན་དུ་རྩ་ལ་དཀར་ནག་སྤེལ་བའི་རེ་སོ་འདྲ་བ་ནི་མེད་དོ། །བླ་རྩ་ནི་རུས་པ་འབུར་པོའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་བརྟག་ཅིང༌། འཆི་མི་འཆི་ཐེ་ཚོམ་དུ་གྱུར་པའི་ཚེ་ན། འབྱུང་བ་རྣམས་མཐའ་ནས་རིམ་གྱིས་སྡུད་པའི་ཕྱིར་འཆི་རྩ་བོལ་གོང་དུ་བརྟགས་པས་འཕྲལ་ལ་ཤེས་སོ། །བཞི་པ་མནན་ཚད་ལ་མི་མཐུན་པ་ཆེར་མེད་ལ། གཞུང་དོན་ནི། མནན་ཚད་ཅེས་པ་ནས་བྱུང་བ་ཡིན། ཞེས་པའི་བར་གྱིས་བསྟན་ཏེ། ཚོན་གྱིས་པགས་པ་དང༌། ཀན་གྱིས་ཤ་དང༌། ཆག་གིས་རུས་པ་ལ་ཐུག་པར་ནོན་པ་ཙམ་དུ་རྩ་སོ་སོར་གསལ་བར་མནན་པར་བྱའོ། །དེ་ལྟར་ཚོན་ཀན་ཆག་གསུམ་པོ་ལ་གནོན་པའི་ཤེད་ཆེ་ཆུང་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཉྭ་སུལ་གྱི་སྲུབས་ནས་ཐོན་པའི་རྩ་དབྱིབས་དེ་ས་འོག་ནས་རིམ་གྱིས་ཐོན་པའི་ལ་ཕུག་དང་འདྲ་བ་དེ་ཤའི་རྔམས་གྲུ་མོ་ལ་ཉེ་བ་དེ་ཟབ་ཅིང༌། མཁྲིག་མ་ལ་ཉེ་བ་དེ་ཤ་རྔམས་མི་ཟབ་པའི་ཁྱད་པར་ལས་བྱུང་བ་ཡིན་ནོ་ཞེས་བྱའོ། །འདི་ལ་སྲན་མ་གསུམ་དྲུག་དགུ་སོགས་ཀྱི་ལྗིད་དང་མཐུན་པ་ཕྱེད་ཅེས་མཁས་མདོག་གི་ལུགས་སུ་སྣང༌། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་དུ། མནན་པས་གསལ་ན་མནན་ནས་བལྟ། །བཏེག་ནས་གསལ་ན་བཏེག་ནས་བལྟ། །ཇི་ལྟར་གསལ་བ་དེ་ལྟར་བལྟ། །ཞེས་འདི་གཅིག་པུ་ལེགས་པར་བཤད་པའོ། །

ལྔ་པ་བལྟ་ཚུལ་ལ་གཞན་ལུགས་མི་འཐད་པ་དགག་པ་དང༌། གཞུང་དོན་བཤད་པའོ། །དང་པོ་བྱང་པ་བདག་པོས་རྩོམ་པ་བར་པ་དང་བཀའ་ཕྲེང་མུན་སེལ་གཉིས་ཀར། མོ་ལ་ཚོན་གྱི་ཡར་ཟུར་ལྡོག་པར་བྱ། །ཅིའི་ཕྱིར་སྙིང་རྩེ་གཡས་སུ་བསྟན་པའོ། །ཞེས་ཟེར་མོད། ཡང་བྱང་པ་བཀྲ་ཤིས་དཔལ་བཟང་ན་རེ། དོན་སྣོད་གཉིས་གཉིས་གདགས་སྲིབས་འབྲེལ། །དོན་གྱི་རྗེས་སུ་སྣོད་འབྲང་ཕྱིར། །གསལ་དང་མི་གསལ་ཚུལ་དུ་གནས། །དབང་པོ་གཞུ་ཡི་ཕྱི་ནང་བཞིན། །ཐབས་དང་ཤེས་རབ་གོ་བཟློག་པའི། །སྙིང་རྩེ་རོ་མའི་དབང་གིས་ཡིན། །ཟེར་རོ། །འོ་ན་མོ་ལ་སྙིང་མེ་ཁམས་དང་ལོང་ལྕགས་ཁམས་དང༌། གློ་བ་ལྕགས་ཀྱི་ཁམས་དང་རྒྱུ་མ་མེ་ཁམས་མི་མཐུན་ཕྱོགས་སྡེབ་དགོས་པར་འགྱུར་ཞིང༌། མོ་ལ་ཚོན་རྩ་གཉིས་པོ་གཡས་གཡོན་བཟློག་ཅེས་པ་ཅི་ཡང་མ་གོ་བར་ཟད་པས་ཆེན་པོ་དག་གཞུང་ལའང་དབང་ཆེན་བྱེད་པར་ཟད་དོ། །དེ་ལ་དོན་གྱི་རྩ་རྣམས་གསལ་ཞིང་སྣོད་ཀྱི་རྩ་རྣམས་མི་གསལ་བའི་དཔེར། འཇའ་ཚོན་གྱི་ཕྱི་ནང་བཞིན་འགྲེལ་པས་ཀྱང་རྒྱས་པར་བཤད་མོད། འཇའ་ཚོན་ལ་ཕྱི་ནང་ཡོད་པར་མཐོང་པ་ངོ་མཚར་གྱི་གནས་ཡིན་ཞིང༌། གལ་ཏེ་གསལ་མི་གསལ་ཙམ་ཡོད་དུ་ཆུག་ཀྱང་དོན་སྣོད་ཀྱི་རྩའི་འཕར་ཚུལ་ལ་གསལ་མི་གསལ་ཡོད་པར་མི་འགྲུབ་སྟེ། གཡས་གཡོན་དུ་རྩ་དྲུག་དྲུག་ཚོན་སྐུད་བསྒྲིལ་བ་འཕར་བ་ལྟར་ཁས་མ་བླངས་སམ། ཁ་དོག་དག་གི་གསལ་མི་གསལ་འབྱུང་བ་ནི་ནམ་ཡང་མི་རིགས་ཏེ། རྩའི་འཕར་ཚུལ་མིག་གི་ཡུལ་མ་ཡིན་པའི་ཕྱིར། དོན་སྣོད་གཉིས་གཉིས་གདགས་སྲིབས་སུ་འབྲེལ་བ་དང༌། དོན་གྱི་རྗེས་སུ་སྣོད་འབྲང་བ་འང་མི་འཐད་དེ། གདགས་སྲིབས་ནི་ཚ་གྲང་ལ་ཁྱོད་རང་འདོད་ན་ཚ་གྲང་འབྲེལ་བ་ཤེས་བྱ་ལ་མི་སྲིད་དེ། དེ་གཉིས་མི་མཐུན་ཕྱོགས་འགལ་བ་ཡིན་པའི་ཕྱིར། དོན་གྱི་རྗེས་སུ་སྣོད་འབྲངས་ན་སྣོད་དྲུག་གི་རྩ་སོ་སོར་བཤད་མི་དགོས་ཏེ། སྣོད་རྣམས་དོན་གྱི་རྗེས་སུ་འབྲངས་པའི་ཕྱིར། ཡང་ཐབས་དང་ཤེས་རབ་གོ་བཟློག་པའི། སྙིང་རྩ་རོ་མའི་དབང་གིས་ཡིན། །ཞེས་པ་རྩ་རོ་མ་གང་དུ་གནས་པའི་ཕྱོགས་སུ་སྙིང་རྩེ་གཏད་ཅིང༌། དེའང་ཐབས་ཤེས་གོ་བཟློག་སྟེ་བརྩི་དགོས་ཞེས་པའི་དོན་དུ་སྣང་མོད། དེ་ལྟ་ན་སྐྱེས་པའི་སྙིང་རྩེ་གཡས་སུ་གཏོད་དགོས་པར་འགྱུར་ཏེ། སྐྱེས་པ་ལ་རོ་མ་གཡས་ལ་ཡོད་པའི་ཕྱིར། བུད་མེད་ལ་དེ་ལས་བཟློག་ན་རོ་མ་དང་སྙིང་རྩེ་གཉིས་ཀ་གཡོན་དུ་གཏོང་དགོས་པར་འགྱུར་པས། སྨན་དཔྱད་གསང་སྔགས་གང་དང་ཡང་མི་མཐུན་པར་སྣང་མོད། ཇི་ལྟར་མི་མཐུན་ཞེ་ན། གཞུང་འདི་ནས། སྙིང་གི་རྩེ་མོ་དེ་ལྟར་བསྟན་པའི་ཕྱིར། །ཞེས་སྐྱེས་པ་ལ་སྙིང་རྩེ་གཡོན་དང༌། བུད་མེད་ལ་གཡས་སུ་བསྟན་པར་གསུངས་ཤིང༌། གསང་སྔགས་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པ་ལས། །ཟླ་བའི་རྩེ་མོ་གཡོན་པའོ། །ཞེས་གསུངས་ཀྱི། བུད་མེད་ལ་རོ་རྐྱང་བཟློག་པར་མ་བཤད། ཡང་མིའི་སྙིང་རྩེ་འཕྲེད། དུད་འགྲོའི་ཐུར། བྱང་ཆུབ་སེམས་དཔའི་གྱེན་ཞེས་པའི་དབྱེ་བ་བྱས་པ་ལ་དགོས་པ་ཅི་ཡོད། འོ་ན་བྱང་ཆུབ་སེམས་དཔའ་ལ་རྩ་བལྟ་དགོས་པ་བྱུང་ཚེ་སྙིང་རྩ་གཡས་གཡོན་གཉིས་ཀ་ལ་བརྟག་དགོས་པའམ། ཡང་ན་གཡས་གཡོན་གཉིས་ཀ་ལ་སྙིང་རྩ་མི་རྒྱུ་བར་ཁས་ལེན་པར་འགྱུར། དེས་དུད་འགྲོ་ལའང་མཚུངས། ཁྱེད་ཅག་དུད་འགྲོ་རྣམས་ལའང་རྩ་བལྟ་བར་བྱེད་དམ། དུད་འགྲོ་ཡང་མི་བཞིན་དུ་ལངས་ན་སྙིང་རྩེ་འཕྲེད་ལ་འོང་བ་གཞིར་བཅས་སོ། །

གཉིས་པ་གཞུང་གི་དོན། བལྟ་ཚུལ་ཞེས་པ་ནས་གོང་ལྟར་ངེས་ཞེས་པའི་བར་གྱིས་བསྟན་ཏེ། རྩ་བལྟ་བའི་གནས་ངོས་བཟུང་ནས་ཇི་ལྟར་བལྟ་བའི་ཚུལ་ནི་སྨན་པའི་ལག་པའི་སོར་མོ་རྣམས་མ་གྲངས་པའི་འཇམ་ཞིང་མཉེན་ལ་རང་དྲོད་དང་ལྡན་པ་ཡིས། མི་ཕོ་ལ་རྩ་བལྟ་བའི་ཚེ་ཐོག་མར་ལག་པ་གཡོན་དང༌། མོ་ལ་བལྟ་བའི་ཚེ་ལག་གཡས་སུ་ཐོག་མར་བརྟག་པར་བྱའོ། །དེའང་དང་པོ་ནད་པ་སྐྱེས་པའི་ལག་པ་གཡོན་པ་ལ་སྨན་པའི་ལག་པ་གཡས་པས་བརྟག་སྟེ། ཇི་ལྟར་ཞེ་ན་ཚོན་གྱི་ཡར་ཟུར་གྱི་འོག་ཏུ་སྙིང་དང༌། མར་ཟུར་གྱི་འོག་ཏུ་རྒྱུ་མའི་ས་ཡུལ་དང༌། དེ་བཞིན་དུ་ཀན་གྱི་ཡར་ཟུར་གྱི་འོག་ཏུ་མཆིན་པ་དང་མར་ཟུར་དུ་ཕོ་བའི་རྩ། ཆག་གི་ཡར་ཟུར་དུ་མཁལ་མ་གཡོན་དང༌། མར་ཟུར་དུ་བསམ་སེའུ་རྣམས་རིམ་བཞིན་བརྟག་པར་བྱའོ། །ནད་པ་དེ་ཉིད་ཀྱི་ལག་པ་གཡས་པ་ལ་སྨན་པའི་གཡོན་པས་བལྟ་སྟེ། ཚོན་གྱི་ཡར་ཟུར་དུ་གློ་བ་དང༌། མར་ཟུར་དུ་ལོང༌། ཀན་འོག་གི་ཡར་ཟུར་དུ་མཆིན་པ་དང༌། མར་ཟུར་དུ་མཁྲིས་རྩ། ཆག་གི་ཡར་ཟུར་དུ་མཁལ་མ་གཡས་དང་མར་ཟུར་དུ་ལྒང་པའི་རྩ་རྣམས་ཡིན་པ་ལྟར་བློ་ཡུལ་དུ་བྱས་ཏེ་སོ་སོའི་གནས་མ་འདྲེས་པར་བརྟག་པར་བྱ་དགོས་པ་ཡིན་ནོ། །མོ་སྟེ་བུད་མེད་ལ་ཚོན་འོག་གི་རྩའི་ཡར་ཟུར་མར་ཟུར་གཉིས་པོ་སྐྱེས་པ་ལས་གོ་བཟློག་སྟེ་བརྟག་དགོས་སོ། །ཅིའི་ཕྱིར་ཞེ་ན། སྐྱེས་པ་ལ་གློ་བ་གཡས་དང་སྙིང་གཡོན་ལ་ཉེ་བའམ། བུད་མེད་ལ་གློ་བ་གཡོན་དང་སྙིང་གཡས་སུ་ཉེ་རིང་གི་ཁྱད་པར་མེད་ཀྱང་སྙིང་གི་རྩེ་མོ་བཤད་མ་ཐག་པ་དེ་ལྟར་བསྟན་པའི་ཕྱིར་རོ། །འོ་ན་སྙིང་གི་རྩེ་མོ་དེ་ལྟར་སྟོན་པའི་རྒྱུ་མཚན་རང་ཅི་ཞེ་ན་བཤད་པར་བྱའོ། །རོ་རྐྱང་གི་གནས་ཚུལ་ནི་གོང་དུ་བཤད་པ་ལྟར་སྐྱེས་པ་བུད་མེད་ལ་ཁྱད་པར་མེད་ཀྱང་སྙིང་གི་རྩེ་མོ་ན་ཡིད་འཇུག་གི་བུ་ག་ཡོད་པ་དེ་སྐྱེས་པ་ཐབས་ཀྱི་རང་བཞིན་ཡིན་པས་རྐྱང་མ་ལ་གཏོད། བུད་མེད་རང་ཤེས་རབ་ཀྱི་རང་བཞིན་ཡིན་པས་རོ་མ་ལ་བལྟ་བར་གསང་སྔགས་ལས་གསུངས་པའི་དོན་དུ་སྣང་ངོ༌། །དེས་ན་ཚོན་རྩ་གཉིས་པོ་མ་གཏོགས་གཞན་མ་ཀན་གཉིས་དང་ཆག་གཉིས་ཀྱི་གནས་ཀྱི་ངེས་པ་ནི་གོང་དུ་སྐྱེས་པའི་སྐབས་སུ་བཤད་པའི་རང་རང་གི་སྐལ་བ་སོ་སོ་ལས་མི་འགྱུར་བའི་ཕྱིར་གོང་ལྟར་ཡིད་ལ་ངེས་དགོས་ཞེས་བྱ་བའི་དོན་ཏོ།།

དྲུག་པ་ཐ་མལ་གྱི་རྩ་བརྟག་པ་ལ། གཞན་ལུགས་མི་འཐད་པ་དགག་པ་དང༌། གཞུང་དོན་གཉིས་ལས། དང་པོ་ལ། བྱང་པ་བཀྲ་ཤིས་དཔལ་བཟང་པའི་འགྲེལ་པར། སྐྱེས་པ་སྟེ་ཕོ་དང༌། མོ་སྟེ་བུད་མེད་དང༌། ཟ་མ་སྟེ་མ་ནིང་གསུམ་དུ་རྟེན་ཐམས་ཅད་འདུས་པའི་ཕྱིར་ཞེས་དང༌། ཕོ་རྩ་རླུང་གི་རང་བཞིན་གྱི་རྩ་དང༌། མོ་རྩ་སྟེ་མཁྲིས་པའི་རང་བཞིན་གྱི་རྩ་དང༌། བྱང་ཆུབ་སེམས་རྩ་སྟེ་བད་ཀན་གྱི་རང་བཞིན་གྱི་རྩ་དང་གསུམ་ཞེས་པ་དང༌། རྩ་གསུམ་པོ་དེ་ལ་བརྟེན་ནས་རླུང་མཁྲིས་བད་ཀན་འཕེལ་ཟད་བདུན་ཅུ་རྩ་བཞིའི་རིགས་འགྲེལ་བྱས་པའི་རྩའི་དབྱེ་བ་བྱེད་པ་དང༌། བྱང་ཆུབ་སེམས་རྩར་གྲགས་པའི་བད་ཀན་དང་རྗེས་མཐུན་གྱི་རྩ་ཡོད་པ་དེ་ལ་སྡོམ་པ་མི་སྐྱེ། གསང་སྔགས་ཟབ་མོའི་སྣོད་དུ་མི་རུང༌། ཆོས་བྱེད་པའི་སྐལ་བ་མེད་པ་སོགས་ཉེས་པ་མང་ཞེས་དང༌། རྐྱང་པ་ཕོ་མོ་ཁོ་ནར་སྐྱེ། ཕྱོགས་མཐུན་པ་ལ་ཕལ་ཆེའོ། །ཕོ་མོ་གཉིས་ཕྲད་གཉིས་ཀ་སྐྱེ། །དར་གུད་དབང་གིས་རེ་མོས་འབྱུང༌། །མ་ནིང་ནང་ཕྲད་རིགས་དང་བྲལ། །སེམས་རྒྱུད་འགྱུར་བས་འགྱུར་བའང་སྲིད། །ཅེས་ཟེར་རོ། །དེ་ལ་ཟ་མ་དང་མ་ནིང་གཅིག་པར་འདོད་པ་འཁྲུལ་ཏེ། ཟ་མ་ནི་སྐྱེས་པའི་དབང་པོ་ཕྱུངས་པ་ལ་འདུལ་བ་མདོ་རྩར་བཤད་ལ། མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །ཅེས་ཟླ་སྟོད་ལ་ཕོ་དང་ཟླ་སྨད་ལ་མོར་འགྱུར་བའི་རིགས་གཅིག་དང༌། སྐྱེས་པ་དང་བུད་མེད་གཉིས་ཀའི་མཚན་མ་མི་གཅིག་ལ་ཡོད་པ་དང༌། གཉིས་ཀའི་མཚན་མ་མེད་པ་གཅིག་སྟེ་གསུམ་ལས་མ་བཤད།

འོན་ཀྱང་སྐྱེས་པའི་དབང་པོ་དང་ལྡན་ཡང་མཚན་དོན་བྱེད་མི་ནུས་པའི་རིགས་གཅིག་དང༌། བུད་མེད་མོ་གཤམ་ཞེས་པའི་རིགས་གཉིས་ཀྱང་གསུངས་པ་རྣམས་ལ་ནི་མ་ནིང་གི་རྩ་ཡོད་པའི་ངེས་པ་མེད་དོ། །རླུང་གི་རང་བཞིན་ཅན་གྱི་རྩ་ལ་ཕོ་རྩ་སོགས་འབྱུང་བའི་ངེས་བཟུང་དེ་ལྟ་ན། མི་རྒན་པོ་ལ་ཕོ་རྩ་དང་དར་མ་ལ་མོ་རྩ་དང་བྱིས་པ་ལ་བྱང་ཆུབ་སེམས་རྩ་ཁོ་ནར་བཟུང་དགོས་ཤིང༌། སྐྱེས་ཕོ་མོ་གཉིས་ཀ་ལ་དར་མའི་སྐབས་སུ་བུ་མོ་འབའ་ཞིག་སྐྱེ་ལ། རྒས་ནས་བུ་ཕོ་ཁོ་ན་སྐྱེ་བར་འདོད་དགོས་ལ། བད་ཀན་རང་བཞིན་ཅན་གྱི་མི་ཐམས་ཅད་ལ་བུ་བུ་མོ་གང་ཡང་མི་འབྱུང་ཞིང༌། སྡོམ་པ་མི་སྐྱེ་བ་སོགས་ཧ་ཅང་ཐལ་ཆེས་སོ། །དེར་མ་ཟད་མ་ནིང་གི་རྩ་ཡོད་པས་མ་ནིང་དུ་འགྱུར་བ་མ་ཡིན་ཏེ། བལྟ་རྩའི་མ་ནིང་གི་རྩ་དེ་རྟེན་གྱི་མ་ནིང་དུ་འཇོག་བྱེད་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན། དེ་ཡི་དབང་གིས་གཅིག་འབྱུང་དེ་ནས་མིན། །ཞེས་པའི་སྐབས་སུ་སྐྱེས་པ་ལ་ཕོ་རྩ་ཡོད་ཅིང༌། བུད་མེད་ལ་མོ་རྩ་ཡོད་ན་མོ་རྩའི་དབང་གིས་བུ་མོ་གཅིག་འབྱུང་ཞེས་ཁྱོད་རང་འདོད་དགོས་ན། འཁྲིག་པའི་བྱ་བ་ནུས་པའི་གང་ཟག་དེ་སྡོམ་པ་མི་སྐྱེ་བའི་མ་ནིང་དུ་ཇི་ལྟར་འགྱུར་སོམས་ཤིག སེམས་རྒྱུད་འགྱུར་བས་འགྱུར་བའང་སྲིད། ཅེས་པ་ཕོ་མོའི་དབང་པོ་ལ་བསམས་པ་ཡིན་ནམ། ལག་པའི་རྩ་ལ་བསམས་པ་གང་ཡིན། དབང་པོ་ལ་བསམས་པ་ཡིན་ན་སེམས་རྒྱུད་འགྱུར་བས་ཕོ་མོའི་དབང་པོ་འགྱུར་མི་འགྲོ་སྟེ། དཔེར་ན་བུད་མེད་སྐྱེས་པའི་སེམས་རྒྱུད་དང་ལྡན་པར་འབྱུང་མོད། སྐྱེས་པ་ཇི་ལྟར་འགྱུར། རྩ་ལ་བསམས་པ་ཡིན་ན་ནི་སེམས་རྒྱུད་འགྱུར་བ་ལ་ལྟོས་ཅི་ཞིག་དགོས་ཏེ། ཕོ་ལ་མོ་རྩ་དང་མོ་ལ་ཕོ་རྩ་འབྱུང་ཞིང༌། མཚན་དོན་བྱེད་ནུས་པའི་ཕོ་མོ་གཉིས་ཀ་ལ་བྱང་ཆུབ་སེམས་རྩ་འམ་མ་ནིང་གི་རྩ་འབྱུང་བར་ཁྱོད་རང་ཡང་འདོད་དགོས་པའི་ཕྱིར། རྒྱུན་རྩ་གསུམ་པོ་ལ་རླུང་མཁྲིས་བད་ཀན་འཕེལ་ཟད་བདུན་ཅུ་རྩ་བཞིའི་བཤད་པ་བྱས་པ་ནི་ལྐུགས་མའི་རིགས་འགྲེ་ཞེས་མཁས་པ་རྣམས་སྙིང་རྗེ་སྐྱེ་བའི་གནས་ཡིན་ནོ།།

གཉིས་པ་གཞུང་གི་དོན་ནི། ཐ་མལ་ཞེས་པ་ནས་དེ་ནས་མིན་ཞེས་པའི་བར་གྱིས་བསྟན་ཏེ། རྩ་བལྟ་བའི་ཡུལ་དུ་གྱུར་པའི་མི་དེ་ཉིད་རླུང་ལ་སོགས་པའི་ནད་གང་གིས་ཀྱང་མ་བསླད་མ་བཅོས་པར་ཐ་ལ་ནད་མེད་དུ་གནས་པ་དེ་དག་གི་བལྟ་རྩའི་དབྱེ་བ་རིགས་ཀྱི་སྒོ་ནས་བསྡུས་ཏེ་བསྟན་ན་ཕོ་རྩ་དང་མོ་རྩ་དང་བྱང་ཆུབ་སེམས་རྩ་ཞེས་བྱ་གསུམ་དུ་མ་འདུས་པ་མེད་དེ། ལུས་ཅན་ཐམས་ཅད་ཐབས་དང་ཤེས་རབ་དང་གཉིས་སུ་མེད་པ་དེ་གསུམ་དུ་མ་འདུས་པ་མེད་པའི་དོན་གྱིས་སོ། །དེ་གསུམ་པོ་སོ་སོར་འབྱེད་པའི་མཚན་ཉིད་རྩ་ནི། ཕོའི་ཞེས་པ་ནི་སྦོམ་ལ་རགས་པར་འཕར་བ་ཡིན་ཞིང༌། མོའི་རྩ་ནི་ཕྲ་ལ་མྱུར་བའི་ཚུལ་དུ་འཕར་ལ། བྱང་ཆུབ་སེམས་རྩ་ཞེས་པ་ནི་རྒྱུན་རིང་ཞིང་འཇམ་ལ་མཉེན་པར་འཕར་བ་ཞིག་ལ་ཟེར་རོ། །དེའི་རྒྱུ་མཚན་ཡང་སྐྱེས་ཕོ་མོ་གང་ཡིན་ཡང་རུང་ཐབས་གཙོ་ཆེ་ན་ཕོ་རྩ་དང་ཤེས་རབ་གཙོ་ཆེ་ན་མོ་རྩ་དང༌། དེ་གཉིས་མཉམ་པའམ་གཉིས་སུ་མེད་ན་བྱང་ཆུབ་སེམས་རྩ་ཞེས་པའི་བརྡ་བཏགས་པ་ཡིན་ཏེ། དཔེར་ན་རྐྱང་མ་ལ་ཐབས་དང༌། རོ་མ་ལ་ཤེས་རབ། དབུ་མ་ལ་མ་ནིང་ངམ་ཀུན་སྤངས་ཞེས་གསུངས་པ་ལྟར་རོ། །དེས་ན་ཕོ་ལ་ཕོ་རྩ་དང་མོ་ལ་མོ་རྩ་དང༌། མ་ནིང་ལ་མ་ནིང་གི་རྩ་འབྱུང་བ་ཤས་ཆེ་མོད། མཐའ་གཅིག་ཏུ་མ་ངེས་ཞེས་པ་ལ་ཕོ་ལ་མོ་རྩ་ཆགས་ན་ཚེ་རིང་ཞིང༌། །མོ་ལ་ཕོ་རྩ་ཆགས་ན་བུ་དཔལ་ཆེ། །ཞེས་ཁ་རྗེ་ཆེ་ལ། བཟའ་མིའི་དབང་དུ་བྱས་པའི་གཉིས་ཀ་ལ་བྱང་ཆུབ་སེམས་དཔའི་རྩ་བྱུང་ན་ཚེ་རིང་བ་དང༌། ནད་དཀོན་པ་དང༌། རང་ལས་མཐོ་བ་རྣམས་ཀྱིས་ཡས་ནས་བྱམས་པ་དང༌། དམའ་བ་རྣམས་ཀྱིས་མས་ནས་སྡང་བ་དང༌། ཉེ་བ་དྲུང་གསུམ་དགྲར་ལྡང་བ་དང༌། མ་ནིང་གི་རྩ་ཡིས་རྟེན་ཅིང་འབྲེལ་པར་འབྱུང་བ་བུ་མི་འབྱུང་བས་མཐའ་ཕུགས་རབས་ཀྱང་ཆད་པར་འགྱུར་བ་དང༌། བཟའ་མི་གཉིས་ཀ་ལ་ཕོ་རྩ་ནང་ཕྲད་པར་གྱུར་ན་བུ་ཕལ་ཆེར་སྐྱེ་ཞིང༌། མོ་རྩ་ནང་ཕྲད་པར་གྱུར་ན་བུ་མོ་ཕལ་ཆེར་མང་བར་སྐྱེ་ལ། ཕོ་ལ་བྱང་ཆུབ་སེམས་རྩ་ཡོད་ན་ཡང་མོ་ལ་ཕོ་རྩ་ཡོད་ན་ཕོ་རྩ་དེའི་དབང་གིས་བུ་གཅིག་འབྱུང་ལ། དེ་ནས་བྱང་ཆུབ་སེམས་རྩའི་དབང་གིས་མི་འབྱུང་ལ། མོ་ལ་མོ་རྩ་ཡོད་ཀྱང་བུ་མོ་གཅིག་འབྱུང་སྟེ་དེ་ནས་མི་འབྱུང༌། དེ་ལས་བཟློག་སྟེ། མོ་ལ་བྱང་ཆུབ་སེམས་རྩ་ཡོད་ན་ཡང་རིགས་འགྲེ་བས་ཤེས་སླའོ།།

བདུན་པ་དུས་བཞིའི་རྩ་ལ་ཁམས་ལྔའི་འབྱུང་བ་བརྩི་བ་ལ། གཞན་ལུགས་མི་འཐད་པ་དགག་པ་དང༌། གཞུང་དོན་གཉིས་ལས། དང་པོ་ནི། རྩ་མཛོད་ཀྱི་འགྲེལ་པར། དཔྱིད་གསུམ་གྱི་དཔྱིད་ཟླ་ར་བའི་ཚེས་བཅུ་དྲུག་ལ་སྐར་མ་གྲེ་འོང་བ་དེ་ནས་བཟུང་སྟེ། ཚེས་བཅོ་ལྔ་ལ་སྐར་མ་དབོ་འོང་བ་ཚུན་ཆད་ཡིན་ནོ་ཞེས་སོགས་དུས་བཞི་ཀ་ལ་སྦྱར་ནས་བཤད་དོ། །འདི་ནི་མདོ་ཉི་མའི་སྙིང་པོར། ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །ཞེས་དང༌། ཟླ་རངས་ཚེས་བཅོ་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡི། །རང་བཞིན་ཡང་ནི་བརྗོད་པར་བྱ། །ཞེས་པའི་ལུང་ལ་བརྟེན་པར་སྣང་ཡང༌། སེང་གེའི་ཡ་མགལ་དང་ཕག་པའི་མ་མགལ་སྦྱར་བ་ལྟར་འགྲིག་པའི་ཐབས་མེད་ཚུལ་རྒྱས་པར་རིམ་གྱིས་འབྱུང་བ་ལྟར་རོ། །ཡང་བྲང་ཏི་དཔལ་ལྡན་འཚོ་བྱེད་དང་སྟོད་སྨན་ནམ་མཁའ་རྒྱལ་མཚན་གྱིས་འགྲེལ་པ་དང་མཐུན་པར། དཔྱིད་ར་སྟག་གི་ཟླ་བ་བྱ་མས་ནམ་ཚོད་འཛིན། །རྒྱལ་སྟོད་ལ་ཉ། །ཞེས་སོགས་རེ་རེ་བཞིན་སྦྱར་ནས་བཤད་མོད། འདི་ནི་ཉི་མའི་སྙིང་པོར། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །ཅེས་དང༌། རྒྱལ་ཡང་མཚན་མོ་ཐོབ་པར་བྱེད། །ཅེས་སོགས་ཀྱི་རྗེས་སུ་འབྲངས་ནས་རྒྱུད་ལ་རང་བཟོ་བྱས་པ་མ་དག་པའི་ཚིག་ལ་འབྲུ་གཉེར་བར་ཟད་ཅིང༌། ཡང་བྱང་པ་བདག་ཆེན་ན་རེ། སྨན་གཞུང་གི་དུས་བཞི་ཁམས་ལྔ་བརྩི་བ་སོགས་ནག་རྩིས་དང་སྦྱོར་རྒྱུ་ཡིན་པ་ལ་སྔོན་གྱི་ལོ་རྒྱུས་བཤད་པ་དང༌། སྙན་བརྒྱུད་དང་མཐུན་ཚུལ་བཤད་པ་གཉིས་ལས། དང་པོ་ནི། རྒྱ་བོད་གཉིས་སྔོན་རྩོད་གཞི་ཆེན་པོ་བྱུང་བའི་དུས་བོད་ཀྱིས་གཡོ་བྱས་ཏེ། དུས་འཛོལ་འཇུག་པའི་ཆེད་དུ་བོད་ཀྱི་རྩིས་པ་ཀུན་གྱིས་ཡིག་ཆ་བཅོས་ནས་ལོ་གསར་རྒྱལ་གྱི་ཟླ་བ་ཞེས་རྒྱལ་ཟླ་ལ་དཔྱིད་ཟླ་ར་བར་བྱས་པས་བོད་སོ་ནམ་གྱི་ཟླ་བ་ཞེས་ཧོར་ཟླ་ལས་ཟླ་བ་རེའི་སྔ་ཁྱད་ཡོད་པ་འདི་བྱུང་བ་ཡིན་ནོ། །ཞེས་དང༌། གཉིས་པ་ནི་དྲང་སྲོང་སྙན་བརྒྱུད་ལས། དཔྱིད་ཟླ་དང་པོ་སྟག་ལ་འབྲིང་པོ་ཡོས། །དཔྱིད་ཟླ་ཐ་ཆུང་འབྲུག་གི་ཟླ་བའོ། །ཞེས་སོགས་འདྲེན་པར་བྱེད་དོ། །འདི་ནི་མཁས་གཏམ་མ་ཡིན་ཏེ། རྒྱུད་འདི་དཔྱིད་ཟླ་གསུམ་ལ་བྱ་མ་ས་ག་ལག་སོར་གྱིས་ནམ་ཚོད་འཛིན་པ་མ་དག་པའི་སྒྲུབ་བྱེད་དུ་དཔྱིད་ར་ཟླ་བ་གཅིག་གིས་སྔ་བསྣུར་བའི་ལོ་རྒྱུས་སྨོས་པ་ལ་དོན་མེད་དེ། ཕྱི་རྒྱུད་དུ་རྒྱལ་ཟླ་ལ་དཔྱིད་རར་མ་བྱས་པའི་ཕྱིར། རྒྱལ་ཟླ་ལ་དཔྱིད་རར་བཅོས་པ་འདིའང་རྒྱ་བོད་འཁྲུགས་པའི་དུས་བཅོས་པ་མིན་གྱི། དེའི་སྔོན་དུ་རྒྱ་མོ་བཟས་བཅོས་པའི་ལོ་རྒྱུས་འོག་ཏུ་སྟོན་ནོ། །ཁྱེད་ལྟར་ན་རྒྱ་བོད་འཁྲུགས་པའི་དུས་རྒྱལ་ཟླ་ལ་དཔྱིད་རར་བཅོས་པ་ཡིན་ན་ཧོར་ཟླ་བཅུ་གཅིག་པ་མགོ་ཟླ་ལ་དཔྱིད་ར་སྟག་ཏུ་བྱེད་པ་ད་ལྟ་ཆེས་མང་ན་འདི་ནམ་གྱི་ཚེ་བཅོས་ཞེས་འདྲི་ན་ལན་གྱིས་དབུལ་བར་འགྱུར་རོ། །ཡང་ཕྱི་རྒྱུད་ཀྱི་ཟླ་འགོ་དཔྱིད་ར་སྟག་ཡིན་པའི་སྒྲུབ་བྱེད་དུ། དྲང་སྲོང་སྙན་བརྒྱུད་ཀྱི་ཚིག དཔྱིད་ཟླ་དང་པོ་སྟག་ལ་འབྲིང་པོ་ཡོས། །ཞེས་འདྲེན་པ་འདིའང་ནག་རྩིས་ལ་སྦྱངས་པའི་གཏམ་མ་ཡིན་ཏེ། ནག་རྩིས་པ་ཀུན་དཔྱིད་ར་སྟག་ཡིན་པ་ལ་མ་མཐུན་པ་མིན། དཔྱིད་ར་སྟག་དེ་ཉ་སྐར་དང་བསྒྲིག་པའི་ཚེ་ཁ་ཅིག་གིས་མགོ་ཟླ་ལ་བྱེད། ལ་ལས་རྒྱལ་ཟླ་ལ་བྱེད། འགའ་ཞིག་གིས་མཆུའི་ཟླ་བ་ལ་བྱེད་ཅེས་མ་མཐུན་པ་འདི་མ་གོ་བར་སྣང་བས་སོ།།

ཡང་བཀྲ་ཤིས་དཔལ་བཟང་པ་ན་རེ། དབོ་དང་ནག་པ་ས་ག་དཔྱིད། །ཅེས་སོགས་དང༌། ཁྲ་དང་བྱའུ་ས་གས་ནམ་ཚོད་འཛིན། །ཞེས་རྒྱུད་ཀྱང་བཅོས་ཤིང༌། འགྲེལ་པར་ཡང༌། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་ཁྲ་ཞེས་དབོ་ཡིས་ནམ་ཚོད་འཛིན་པ་དེ་ནམ་སྐྱེལ་ཞེས་སོགས་བཤད་ཟིན་ནས། རྗེས་སུ་དེ་ཉིད་འཁྲུལ་པའི་རང་ཚང་རིག་ནས། རྟ་པ་ཁྲ་དང་བྱའུ་དཔྱིད་ཅེས་སོགས་བསྒྱུར་མོད་ཀྱང་བྱང་པ་བདག་པོའི་རྗེས་སུ་འབྲངས་པ་ཙམ་མ་གཏོགས་ཁུངས་དང་རྒྱུ་མཚན་གཞན་མི་སྣང་ཞིང༌། འགྲེལ་པར་ནི་ལུགས་སྔ་ཕྱི་གཉིས་ཀ་བྲིས་སྣང་བས་འགལ་བའི་ཁུར་པོས་ངལ་བར་མ་གྱུར་གྲང༌། དེར་མ་ཟད། རྒྱ་ནག་ལོ་འགོ་སྟག་ནས་རྩོམ་ཞེས་པ་དང༌། ལོ་འགོ་བྱི་བ་ཟླ་འགོ་སྟག ཅེས་པའང་འགལ་སྣང་ངོ༌། །བྱང་པ་ཐུགས་རྗེ། དཀོན་ཅོག་བདེ་ལེགས། མཚོ་སྨད་པ་རྣམས་ཀྱིས་འཁྲུལ་པའི་རི་མོ་མང་དུ་བཀོད་པ་མཐའ་དག་ལ་དཔྱོད་པ་ནི་བློ་གྲོས་ཀྱི་གྲོན་དུ་སྣང་བས་སྤྲོས་པ་མ་བྱས་སོ། །

གཉིས་པ་གཞུང་དོན་ལ། དུས་དོན་ཁམས་དང་རྩ་སྦྱར་བ་དང༌། མ་བུ་དགྲ་གྲོགས་བརྩི་བ་གཉིས་ཀྱི་དང་པོ་ནི་དུས་བཞི་ཞེས་པ་ནས། ཕྱེ་ནས་ནི་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་འདིར་དཔྱིད་ཟླ་ར་བར་འཁྲུལ་མེད་དུ་ངོས་མ་ཟིན་ན་དུས་རྩ་ངོས་མི་ཟིན། དུས་རྩ་ངོས་མ་ཟིན་ན་ནད་དང་ནད་མེད་ཀྱི་རྩ་གང་ཡིན་ངོས་མི་ཟིན་པ་ཆོས་ཉིད་དུ་འདུག་པས། གཞུང་གི་འབྲུ་རེ་རེ་ནས་ནས་མི་བསྣོན་པར་ཅུང་ཟད་ཕྱེ་ནས་བཤད་པར་བྱའོ། །

དེ་འང་ལོ་གཅིག་ལ་དུས་གསུམ་དང་བཞི་དང་ལྔ་དང་དྲུག་ཏུ་བཤད་པའི་དབང་གིས་ཟླ་འགོ་གང་ནས་འཛིན་པ་ལ་མི་མཐུན་པ་ཤ་སྟག་ཏུ་སྣང་མོད་ཀྱི། ཕྱི་རྒྱུད་ཀྱི་རྩ་བལྟ་བའི་སྐབས་ནས་བཤད་པ་འདི་ནག་རྩིས་ཁོ་ནའི་ལུགས་ཡིན་པས་ནག་རྩིས་ཀྱི་གཞུང་འཁྲུལ་མེད་དང་བསྟུན་པ་མ་གཏོགས་མི་མཐུན་བཞིན་དུ་ལུགས་གཞན་རྣམས་དང་བསྟུན་མི་དགོས་སོ། །ནག་རྩིས་འདི་ཉིད་སྔོན་རྒྱ་ནག་ཏུ་རྩིས་འགོ་ཟུག་པ་ནས་ད་ལྟའི་བར་དུ་རྒྱ་ཧོར་གྱི་རྒྱལ་ས་བརྗེས་ཀྱང་དུས་བཞིའི་ཟླ་བའི་ངོས་འཛིན་ལ་མི་མཐུན་པ་གཏན་མེད་ཀྱང༌། བོད་ཡུལ་འདི་ན་དོན་ལ་དཔྱོད་པའི་བློ་གྲོས་ཀྱི་མཐུ་ཞན་པས་ཡིན་མིན་གྱི་འགོ་སྟག་མ་ཕྱེ་བར་ཕྱོགས་རེ་ལ་ཞེན་པའི་ལུགས་མི་འདྲ་བ་གསུམ་སྣང་ངོ༌། །དེའང་ཐམས་ཅད་ཟླ་འགོ་དཔྱིད་ར་སྟག་ལ་བྱེད་པ་མཐུན་མོད། དེ་ལྟར་ནའང་དེང་སང་ཡོངས་སུ་གྲགས་པའི་ཧོར་ཟླའམ་ཉ་སྐར་དང་བསྟུན་པའི་ཚེ། ཧོར་ཟླ་བཅུ་གཅིག་པ་མགོའི་ཟླ་བ་ལ་དཔྱིད་ར་སྟག་ཏུ་བྱེད་པ་གྲ་ཕུག་པ་བའི་ལུགས། ཧོར་ཟླ་བཅུ་གཉིས་པ་རྒྱལ་ཟླ་དཔྱིད་ར་སྟག་ཏུ་བྱེད་པ་གཙང་ནས་མང་ར་བ་དང༌། དབུས་ནས་བསམ་རྒྱལ་བའི་ལུགས། ཧོར་ཟླ་དང་པོ་མཆུའི་ཟླ་བ་ལ་དཔྱིད་ར་སྟག་ཏུ་བྱེད་པ་ས་ཀར་དང་བདག་ཆེན་པའི་ལུགས། འདི་གསུམ་དུ་མ་འདུས་པའི་ནག་རྩིས་བོད་ནའང་མེད་དོ། །དེ་ལ་ནག་རྩིས་གཞུང་སྔ་འགྱུར་ཀོང་ཙེ་འཕྲུལ་རྩིས་དང༌། ཕྱིས་འགྱུར་བའི་ནག་རྩིས་གསར་མ་སོགས་བཅོས་སླད་མ་སོང་བ་རྣམས་ལས། དཔྱིད་ཟླ་ར་བ་མ་ནོར་ན། །མོན་གྲེ་ཟངས་ཀྱི་སྒོ་མོས་ཚེས། །རྟ་པ་གསེར་གྱི་སྒོ་མོས་ཉ། །དབྱར་ཟླ་ར་བ་མ་ནོར་ན། །སྨིན་དྲུག་མཐིང་གི་སྒོ་མོས་ཚེས། །ཟེའུ་ཟུར་རྨེ་ཞེས་བྱས་ཉ། །སྟོན་ཟླ་ར་བ་མ་ནོར་ན། །རྟ་པ་གསེར་གྱི་སྒོ་མོས་ཚེས། །བྱ་སྤོ་མས་ཉ་དེ་བཞིན་དུ། །དགུན་ཟླ་ར་བ་མ་ནོར་ན། །ལྷ་མཚམས་ལྕགས་ཀྱི་སྒོ་མོས་ཚེས། །བྱ་སྦོ་མས་ཉ་དེ་བཞིན་དུ། །དགུན་ཟླ་ར་བ་མ་ནོར་ན། །ལྷ་མཚམས་ལྕགས་ཀྱི་སྒོ་མོས་ཚེས། །སྨིན་དྲུག་མཐིང་གི་སྒོ་མོས་ཉ། །ཞེས་དང༌། དཔྱིད་ཟླ་ར་བ་སྟག་གི་ཟླ་བ་མ་ནོར་བ་ནི། བྱ་གཞུག་ལྕགས་ཀྱི་སྒོ་མོས་ཚེས་ནས། རྟ་པ་གསེར་གྱི་སྒོ་མོས་ཉ་ལ། རང་རྟགས་སུ་སྟག་གཅན་གཟན་གྱི་རྒྱལ་པོ་གྲ་འདོན། གཅན་གཟན་ཐམས་ཅད་འཇུག ཕྱི་རོལ་ཏུ་ཤིང་གི་ཁམས་འཕེལ་བས་ས་ལ་དྲོད་བག་ཙམ་ཕེབས། ཤིང་རྩི་ཁ་འབུས། བར་ན་ཅོ་ག་སྐད་འདོན། བྱ་རོག་ཚང་གསོག རླུང་དམར་འགོ་ལྡང༌། ཉེར་གསུམ་ཕྱི་ཐོལ་འབབ། ཅེས་སོགས་མི་འགྱུར་བའི་གཟེར་གྱིས་བཤད་སྣང་ལ། ས་བདག་གི་ལྷ་རྒྱུད་ལས། ཐེ་སེ་གནམ་ལོ་རྟ་རུ་ཞོན། །དཔྱིད་ཟླ་ར་བའི་བཅུ་གསུམ་ལ། །ཉི་མ་སྟག་ལ་ཞོན་ནས་ནི། །གཟའ་ནི་ཕུར་བུས་སྣ་དྲངས་ཏེ། །སྐར་མ་རྒྱལ་ལ་སྐྱ་བར་བྱེད། །ཅེས་དང༌། དེ་དང་མཐུན་པར་རྩིས་ཀྱི་མདོ་བྱང་ལས་བཤད་ཅིང༌། སྦ་བཞེད་དུ། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་སྐར་མ་རྒྱལ་ལ་བསམ་ཡས་རྨང་བཏིང་ཞེས་འབྱུང་ལ། གཞན་ཡང་མཛངས་བླུན་རྒྱ་ནག་འགྱུར་ལས། དེ་ནས་བཅོམ་ལྡན་འདས་དཔྱིད་ཟླ་ར་བའི་ཚེས་གཅིག་ལ་ཆོ་འཕྲུལ་གྱི་གནས་སུ་བཞུགས་ཏེ་ཞེས་དང༌། དེ་དང་ཁ་ཆེ་པཎ་ཆེན་གྱིས། ཟླ་བ་ཉ་དང་སྐར་མ་མཆུ། །འཛོམ་པའི་ཆེས་གཅིག་ནས་བརྩམས་ཏེ། །ཟླ་བ་ཕྱེད་ན་ཆོ་འཕྲུལ་ཆེ། །ཁྭ་ད་སྐད་འབྱིན་ཨུ་དུམ་ཝཱར་སྐྱེ། །ཞེས་བཤད་ཅིང༌།

དེར་མ་ཟད་རྒྱ་ནག་ཧོར་གྱིས་འཛིན་པའི་དུས། འཕགས་པ་རིན་པོ་ཆེས་ཧོར་ཡུལ་དུ་ལོ་གསར་གང་བྱེད་བོད་དུ་མཛད་པས་ཧོར་ཟླ་དང་པོ་ལ་ལོ་གསར་བྱེད་པ་ད་ལྟའི་བར་དུ་མ་ཉམས་པ་དང༌། ཀརྨ་པཀྵི། རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ་གསུམ་གྱིས་ཧོར་ཡུལ་དུ་བྱོན་པ་དང༌། ཆོས་རྗེ་དེ་བཞིན་གཤེགས་པས་རྒྱ་ནག་ཏ་མིང་གི་དུས་བྱོན་པ་རྣམས་ཀྱི་རྣམ་ཐར་ནའང༌། ཧོར་ཟླ་དང་མཐུན་པའི་ལོ་གསར་མཛད་སྣང་བ་དང༌། རྒྱ་ཆུ་མིག་རིང་མོ་དང་སྙེ་ཐང་པ་གྲགས་པ་སེང་གེས་རྒྱར་ཕྱིན་པའི་བསྟན་བཅོས་ནའང༌། དཔྱིད་ར་རྟ་པའི་ཟླ་བ་ཉིད་ལ་བྱས་སྣང་བ་དང༌། རྗེ་ཡིད་བཟང་རྩེ་པས་རྒྱར་གུ་ཤྲཱི་བསོད་ཤེས་པ་ལ་ཞུ་བྱ་བཏང་བའི་ལན་དང༌། དེའི་དུས་ཐོན་པའི་རྒྱའི་ལི་ཐོ་རྣམས་ལས་ཀྱང་འཕགས་པ་རིན་པོ་ཆེའི་དེ་དང་མཐུན་པ་བྱང་པ་བདག་པོའི་དྲི་ལན་ན་བྲིས་སྣང༌། ཁྱད་པར་དུ་སོ་མ་རཱ་ཛ་ལས། དཔྱིད་དང་དབྱར་དང་སྟོན་དང་དགུན། །རིང་མཉམ་ཐུང་མནམ་མཉམ་དུ་མཉམ། །ཞེས་དང༌། དབྱར་ཟླ་འབྲིང་པོ་བྱང་གི་མཐའ། །དགུན་ཟླ་འབྲིང་པོ་ལྷོ་ཡི་མཐའ། །སྟོན་དཔྱིད་འབྲིང་པོ་དབུས་སུ་མཉམ། །ཞེས་དང༌། དཔྱིད་ལ་སྐར་མ་རྟ་དང་ཁྲ། །བྱིའུ་ཅོ་ག་འབྲིང་པོ་ལ། །ཞེས་པ་རྣམས་དང༌། བཤད་རྒྱུད་དུ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་ལོག །གསུམ་ནི་ལྷོ་དང་བྱང་དུ་འགྲོ་ཞེས་བྱ། །ནམ་དང་ཉི་མ་ཕྱེད་ན་མཉམ་པ་ཡིན། །བརྒྱད་དང་བཅུ་ནས་སྒྲ་སྒྲོགས་ཆད་པར་འགྱུར། །ཞེས་པ་དང༌། རྒྱུད་འདིར་ཉི་མ་གང་ལོག་དབྱར་དགུན་འབྲིང་པོར་བརྩི། ཞེས་པའི་དོན་རྣམས་གནད་གཅིག་ཏུ་འབབ་པ་ཡིན་པས། དཔྱིད་ར་སྟག་གི་ངོས་འཛིན་ལ་འཁྲུལ་པ་མེད་མོད། དེས་ན་རྒྱ་ནག་ཏུ་རྩིས་འགོ་ཟུག་པ་ནས་ད་ལྟའི་བར་དུ་དཔྱིད་ར་སྟག་རྟ་པས་ཉ་བ་ལ་ལོ་གསར་བྱེད་པ་འཕྱུག་པ་མེད་ཅིང༌།

བོད་དུའང་མེས་ཨག་ཚོམ་ཡན་ལ་འཁྲུལ་པ་མེད་མོད། འོན་ཀྱང་མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དབོན་ལ་རྒྱ་མོ་བཟའ་ཕྱི་མ་བསུས་པས་སྲས་གྲོངས་ནས་མེས་དང་འདུས་པ་ལས་སྲས་པོ་ལེགས་པ་ཞིག་འཁྲུངས་ཀྱང༌། ཆེན་མ་ཚེ་སྤོང་བཟས་ཕྲོགས་ནས་ལོ་གསུམ་བཞི་ཙམ་མ་དབང་བས་ཡི་མུག་སྟེ། བོད་དུ་བློན་པོ་རིག་པ་ཅན་འབྱུང་བ་དང་ནོར་ལོངས་སྤྱོད་འདུ་བའི་ས་དཔྱད་ཐམས་ཅད་ཉམས་སུ་བཅུག རྩིས་གཞི་ཐམས་ཅད་བསྡུས་ནས་ཟླ་བ་རེས་ཟླ་འགོ་སྔ་བསྣུར། ལོ་གསར་ཟླ་བ་གང་ཡིན་པ། །ང་ལ་མ་འདྲི་རྒྱལ་ལ་དྲིས། །ཞེས་པའི་མདོ་སྡེ་ཀོལ་བུ་ཆུང་བྱ་བ་བརྩམས་ནས་ལོ་འགོ་དང་ས་བདག་ཐམས་ཅད་འཕྱུགས་སུ་བཅུག་པ་ཡིན་ལ། རྗེས་སུ་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལ། ཞེས་མིང་ཁོང་རང་གིས་བཏགས་ཤིང་ཞང་པོ་ངོས་བཟུང་བས་ཡིད་ཆེས་ཏེ་སྔར་ས་དཔྱད་ཉམས་སུ་བཅུག་པ་གསོ་བ་དང༌། རྩིས་གཞི་བཅོས་པ་རྣམས་བསྒྱུར་བའི་ལུགས་སུ་བྱས་ཀྱང་འཕྲོ་ལ་བསྡུས་པའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་པ་ལ་ཧོར་ཟླ་བཅུ་གཉིས་པ་རྒྱལ་ལ་དཔྱིད་ར་སྟག་ཏུ་འདོད་པ་འདི་བྱུང་བ་ཡིན་ནོ། །ཡང་དེ་ནས་རིང་ཞིག་ལོན་པའི་དུས་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སུ། རྒྱ་བོད་ཞང་དབོན་ལོ་གསར་ཟླ་བ་ལ་འཁྲུགས་པའི་དུས་བཏབ་པ་ལ་རྒྱལ་ཟླ་ལ་དཔྱིད་རར་བྱེད་པའི་རྩིས་གཞི་དེ་ནས་ཀྱང་ཟླ་བ་གཅིག་གིས་སྔ་བསྣུར་ཏེ། རིན་ཅེན་དཔུངས་པ་དང་སྣང་གསལ་སོགས་སུ་དཔྱིད་ཟླ་ར་བ་རྐང་མགོ་བདུན། འབྲིང་པོ་ལ་དྲུག ཐ་ཆུང་ལ་ལྔ་ཞེས། དཔྱིད་ར་ལ་དགུན་ཉི་ལྡོག་པའི་གྲིབ་ཚོད་དང༌།

སྡོང་བསྡུས་སུ། དབྱར་ཉི་སྟོན་ར་བརྒྱད་གསུམ་དག་ལ་ལྡོག །དགུན་ཉི་དཔྱིད་ར་གསུམ་གསུམ་དག་ལ་ལྡོག །ཅེས་དང༌། འབྱུང་བ་ཀུན་འདུས་སུ། དགུན་ཉི་ཉི་མ་དཔྱིད་ར་སྟག་ལ་ལྡོག །ཅེས་དང༌། སྣང་གསལ་དུ། ཐེ་སེ་རྒྱལ་པོ་རླུང་ལ་ཞོན། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་མགོའི་ཟླ་བ་ལ་དཔྱིད་ར་སྟག་ཏུ་འཛིན་པ་བཅོས་ནས་ལྷ་སར་ཞིང་རྨོ་བའང་བྱས་ཤིང༌། དེ་དུས་རྒྱ་ལ་དམག་བརྫངས་པས་བོད་རྒྱལ་ཏེ་བོད་ཁ་དྲོ་བའི་ཟླ་བ་ཞེས་སམ་བོད་སོ་ནམ་པའི་ཟླ་བ་ཞེས་རྒྱ་ལས་ཟླ་བ་གཉིས་ཀྱིས་སྔ་བ་འདི་བྱུང་ཞིང༌། ལུང་དེ་རྣམས་ཚད་མར་བྱས་པ་ལ་བརྟེན་ནས་དེང་སང་གི་ཧོར་ཟླ་བཅུ་གཅིག་པ་མགོ་ཟླ་ལ་དཔྱིད་ར་སྟག་ཏུ་འདོད་པ་འདི་ཡིན་ནོ། །དེ་ལྟར་ལུགས་ངན་གཉིས་པོ་དེ་ལ་གོང་དུ་བཤད་པའི་གནོད་བྱེད་དང་ལུགས་སྔོན་མའི་སྒྲུབ་བྱེད་ཀྱི་ལུང་རིགས་ཐམས་ཅད་འབབ་པར་མ་ཟད་རྒྱ་གར་གྱི་གསུང་རབ་རྣམས་ཀྱིས་ཀྱང་གནོད་པར་སྣང་སྟེ། མདོ་སྡེ་པདྨ་དཀར་པོ་ལས། ཉི་མ་རྒྱུ་བའི་ལམ་ཡོད་དེ། དགུན་གྱི་དུས་ནི་ལྷོ་ཕྱོགས་ཀྱི་ལམ་དུ་རྒྱུ་བ་ལས་ཆབ་རོང་སྟེང་དུ་བབས་ཏེ་གནམ་མཐའ་འོག་དུ་གྲང་བར་འགྱུར་རོ། །སྟོན་དང་དཔྱིད་ནི་ལམ་དྲང་པོར་འགྲོ་སྟེ། དེ་བས་ན་སྟོན་དཔྱིད་གཉིས་གྲང་དྲོ་རན་པར་འགྱུར། དབྱར་ནི་བྱང་ཕྱོགས་ཀྱི་ལམ་ལ་རྒྱུ་སྟེ། མིའི་སྟེང་ཐད་ཀར་དུ་འབབ་པ་ལས། གནམ་མཐའ་འོག་ཏུ་ཉི་མ་ཚ་བར་འགྱུར། ཞེས་དང༌། ཀོའུ་ཤི་ཀས་ཞུས་པ་ལས། དགུན་ཟླ་འབྲིང་པོའི་འཁྱགས་པ་བཞིན། །བྱུང་བའི་རྗེས་སུ་སྨིན་པ་ཡིན། །ང་ཡི་བསྟན་པ་ཟབ་མོ་འདི། །སྟོན་ཟླ་ར་བའི་ཆུ་བཞིན་དུ། །སྨིན་པའི་དབང་གིས་རྒྱས་པ་ཡིན། །ཞེས་པ་དང༌། ཉི་མའི་སྙིང་པོ་ལས། དཔྱིད་ཟླ་ཐ་ཆུང་མར་ངོ་ཡི། །ཚེས་གཅིག་ལ་ནི་ས་རི་སྟེ། །ཞེས་དང༌།

མཛོད་འགྲེལ་ལས། དེ་ལ་དགུན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་ཐུང་དུ་འགྱུར་རོ། །ཞེས་དང༌། ཡན་ལག་བརྒྱད་པར། དེ་ལ་དགུན་ཟླ་ཐ་ཆུང་སོགས། །གསུམ་ནི་བྱང་དུ་འགྲོ་ཞེས་བྱ། །ཞེས་བྱ་བ་ལ་སོགས་པའི་དོན་ལའང་བསམས་པར་གྱིས་ཤིག དེར་མ་ཟད་འཇིག་རྟེན་པའི་ཐ་སྙད་དང་འགལ་བ་ཡིན་ཏེ། དགུན་ཉི་དཔྱིད་ཀ་ལོག་པ་དང༌། དབྱར་ཉི་སྟོན་ཀ་ལོག་ཅེས་སོགས་ཀྱི་ཚིག་ཙམ་ལའང་ངོ་ཚ་བ་མ་གྱུར་གྲང༌། དེས་ན་དེང་སང་གི་རྩིས་པ་རྣམས་ཀྱིས་དཔྱིད་ར་སྟག་གི་ངོས་འཛིན་ནོར་བ་གཉིས་ཀྱི་རྗེས་སུ་འབྲངས་པ་ལས་ནག་རྩིས་རང་ནས་བཤད་པའི་ངན་པ་དགུ་འཛོམ་དང༌། ཟིན་ཕུང་ཧལ་ཁྱི་སོགས་ས་བདག་གནས་པའི་ས་དང༌། རྒྱུ་བའི་དུས་འཕྱུགས་པ་ལ་བརྟེན་ནས་བཀྲ་མི་ཤིས་པའི་རྣམ་གྲངས་ཇི་སྙེད་ཅིག་འདི་ལྟར་འཕེལ་བར་འགྱུར་བ་ཡིན་ནོ། །

གཉིས་པ་གཞུང་དོན་རང་ལུགས་སུ་བཤད་པ་ནི། གོང་དུ་གཞན་ལུགས་རྣམས་བཀག་པའི་གྲུབ་དོན། ཧོར་ཟླ་དང་པོ་དཔྱིད་ར་སྟག་གི་ཟླ་བར་འཁྲུལ་མེད་དུ་བསྒྲུབས་ཟིན་པ་དེ་ནས་འགོ་བཟུང་སྟེ་ལོ་གཅིག་གི་དུས་མཚམས་ལྔ་དང༌། དོན་ལྔ་དང༌། ཁམས་ལྔ་དང༌། རྩ་ལྔ་རྣམས་སྦྱར་ཏེ་བཤད་པར་བྱའོ། །དེ་ལྟར་ནག་རྩིས་ཀྱི་གཞུང་ལས། ཤར་ཕྱོགས་ཤིང་ལ་ལྷོ་ཕྱོགས་མེ། །ནུབ་ཕྱོགས་ལྕགས་ལ་བྱང་ཕྱོགས་ཆུ། །མཚམས་བཞི་ས་རུ་ཤེས་པར་བྱ། །ཤིང་ལས་སྟག་ཡོས་གཉིས་སུ་འཆད། །མེ་ལས་རྟ་སྦྲུལ་གཉིས་སུ་འཆད། །ལྕགས་ལས་བྱ་སྦྲེལ་གཉིས་སུ་འཆད། །ཆུ་ལས་བྱི་ཕག་གཉིས་སུ་འཆད། །ས་ལས་ཁྱི་འབྲུག་གླང་ལུག་བཞི། །གང་ལས་འཆད་པ་སྲོག་ཡིན་ནོ། །ཞེས་དང༌། ལོའི་སྲོག་བསྟན་པ། སྟག་ཡོས་ཤིང་ལ་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །གཤེད་བཞི་སྲོག་ནི་ས་ཡིན་ནོ།  །ཞེས་པས་དུས་མཚམས་རྣམས་ཁམས་དང་སྦྱར་ལ། དོན་སྣོད་ལ་སྦྱར་བ་ནི་སོ་མ་རཱ་ཛ་ལས། སྙིང་དང་རྒྱུ་མ་མེ་ཡི་ཁམས། །མཆེར་པ་ཕོ་བ་ས་ཡི་ཁམས། །མཁལ་གཡོན་བསམ་སེའུ་ཆུ་ཡི་ཁམས། །གློ་བ་ལོང་ནི་ལྕགས་ཀྱི་ཁམས། །མཆིན་པ་མཁྲིས་པ་ཤིང་གི་ཁམས། །མཁལ་གཡས་ལྒང་པ་ཆུ་ཡི་ཁམས། །ཞེས་པ་དང༌། དེ་བཞིན་དུ་ཁམས་དང་རྩ་སྦྱར་བ་དེ་ལས། ས་དང་ཆུ་དང་ཤིང་དང་ལྕགས། །མེ་དང་འབྱུང་བ་ལྔ་དང་རྩ། །མཆེར་པ་མཁལ་མ་མཆིན་པ་དང༌། །གློ་དང་སྙིང་སྟེ་ལྔ་དག་གོ། ཞེས་སོགས། དེ་ལྟར་དུས་དོན་རྩ་རྣམས་སོ་སོར་ཁམས་སྦྱར་ནས། ད་ནི་དེ་རྣམས་གཅིག་ཏུ་སྦྱར་བ་ནི། དེ་ནས་ཇི་ལྟར་ནང་གི་ལུས། །ཕྱི་རོལ་ཇི་བཞིན་གནས་པ་ནི། །ཞེས་དང༌།

ཇི་ལྟར་ཕྱི་རོལ་ཇི་བཞིན་ནང༌། །ཞེས་གསུངས་པ་དང༌། བཤད་རྒྱུད་དུ། དེ་ལ་དགུན་ཟླ་འབྲིང་པོ་ལ་སོགས་པ། །ཉི་མ་བྱང་དུ་འགྲོ་བའི་དུས་ཀྱི་ཚེ། །ཤིན་ཏུ་རྣོ་ཚ་རྩུབ་པའི་ངོ་བོར་འགྱུར། །རླུང་དང་ཉི་མ་དག་གི་ནུས་སྟོབས་ཀྱིས། །ཟླ་བ་ས་ཡི་ཡོན་ཏན་ཟད་པར་བྱེད། །འདིར་ནི་ཚ་བསྐ་ཁ་བའི་རོ་སྟོབས་ཆེ། །མི་རྣམས་ཀྱི་ནི་མཐུ་སྟོབས་ཉིན་རེ་འཕྲོག །ཆར་དུས་ལྷོ་ཕྱོགས་འགྲོ་ཚེ་སླར་སྟོབས་བསྐྱེད། །བསིལ་བ་ཟླ་བའི་སྟོབས་ལྡན་ཉི་མ་འབྲི། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས་ཕྱི་རོལ་ཏུ་ཉི་མའི་བགྲོད་པ་ལ་བརྟེན་ནས་དུས་བཞི་འབྱུང་ཞིང༌། དུས་བཞིའི་ཁམས་དབང་ཐང་དང་མཐུན་པར་ནང་གི་ཁམས་རྣམས་ཀྱང་འཕེལ་འགྲིབ་ཏུ་འགྱུར་བ་ལས། དཔྱིད་ཟླ་ར་འབྲིང་གཉིས་ཀྱི་ཟླ་བའི་བདག་པོ་སྟག་ཡོས་ཀྱི་ཁམས་ཤིང་ཡིན་པས། དེའི་དུས་སུ་ཕྱི་རོལ་དུ་ཤིང་གི་ཁམས་འཕེལ་བ་ལ་བརྟེན་ནས་ཤིང་རྩི་ཁ་འབུས། རྒྱུ་དེས་ན་ཤིང་ཁམས་མཆིན་མཁྲིས་ཀྱི་རྩ་དར་བས་ཅོ་གའི་སྐད་དམ་པི་ཝང་གི་རྒྱུད་ལྟར་ཕྲ་ལ་གྲིམས་པར་འཕར་བའི་དུས་ཡིན། དཔྱིད་མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་རྟ་པ་དང་ཁྲས་ནམ་ལྡང་བར་སྣང་ལ། བྱེའུ་ཅོ་ག་རང་སྐད་འབྱིན་པའི་དུས་ཞེས་བྱ། དེ་བཞིན་དུ་དབྱར་ར་འབྲིང་གི་ཟླ་བདག་སྦྲུལ་དང་རྟའི་ཁམས་མེ་ཡིན་པས། དུས་དེར་ཕྱི་རོལ་ཏུ་མེ་ཁམས་འཕེལ་བ་ལ་བརྟེན་ནས་རི་ཀླུངས་ཀུན་དྲོ་ཞིང་ཚ། རྒྱུ་དེས་ནང་དུ་མེ་ཁམས་སྙིང་དང་རྒྱུ་མའི་རྩ་དར་བས་ཁུ་བྱུག་གི་སྐད་དམ་བལ་སྐུད་ལྟར་སྦོམ་ལ་རིང་བར་འཕར་བའི་དུས་ཡིན། དབྱར་མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་ས་ག་དང་སྣྲོན་གྱིས་ནམ་ལྡང༌། བར་སྣང་དུ་བྱའི་རྒྱལ་པོ་ཁུ་བྱུག་གི་རང་སྐད་འབྱིན་པའི་དུས་ཞེས་བྱ། སྟོན་ཟླ་ར་འབྲིང་གི་ཟླ་བདག་སྤྲེའུ་དང་བྱའི་ཁམས་ལྕགས་ཡིན་པས། དུས་དེར་ཕྱི་རོལ་ཏུ་ལྕགས་ཁམས་འཕེལ་བ་ལ་བརྟེན་ནས་རྩི་ཏོག་དང་འབྲུ་རྣམས་སྨིན། རྒྱུ་དེས་ནང་དུ་ལྕགས་ཁམས་གློ་ལོང་གི་རྩ་དར་བས། བྱིད་པོ་སྟེ་རྒྱ་མཆིལ་མགོ་དམར་གྱི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་བའི་དུས་ཡིན། སྟོན་མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་གྲོ་བཞིན་དང་ཁྲུམས་སྟོད་ཀྱིས་ནམ་ལྡང༌། བར་སྣང་དུ་བྱིའུ་འུར་པ་ཞེས་བྱ་བ་གཤོག་སྒྲ་འབྱིན་པའི་དུས་ཞེས་བྱ།

དགུན་ཟླ་འབྲིང་གི་ཟླ་བདག་ཕག་དང་བྱི་བའི་ཁམས་ཆུ་ཡིན་པས། དུས་དེར་ཕྱི་རོལ་ཏུ་ཆུ་ཁམས་འཕེལ་བ་ལ་བརྟེན་ནས་ས་ཆུ་ཐམས་ཅད་འཁྱགས་པའི་སྒང༌། རྒྱུ་དེས་ནང་དུ་ཆུ་ཁམས་མཁལ་མ་གཉིས་དང་ལྒང་པ་བསམ་སེའུ་རྣམས་ཀྱི་རྩ་དར་བས། ཆུ་བྱ་དཀར་ཆུང་ཕུག་རོན་ཙམ་མཆུ་དང་རྐང་པ་དམར་པོ་ཡོད་པ་མཐིང་རིལ་ཞེས་གྲགས་པའི་སྐད་ལྟར་འཇམ་ལ་དལ་བར་འཕར་བའི་དུས་ཡིན། དགུན་མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་སྨིན་དྲུག་དང་རི་དགས་མགོ་ཅན་ཞེས་བྱ་བས་ནམ་ལྡང༌། བར་དུ་ཤ་བ་ནག་པོ་དུ་སྐད་འདོན་པའི་དུས་ཞེས་བྱ། དེ་ལྟར་དུས་བཞིའི་ར་བ་འབྲིང་པོ་གཉིས་གཉིས་བཤད་ནས། ད་ནི་དུས་བཞི་སོ་སོའི་ཟླ་བ་ཐ་ཆུང་བཞི་རིམ་པ་བཞིན་འབྲུག་དང༌། ལུག་དང༌། ཁྱི་དང༌། གླང་རྣམས་ཁམས་ས་ཡིན་པས། དུས་དེར་ཕྱི་རོལ་ཏུ་ས་ཁམས་འཕེལ་བ་ལ་བརྟེན་ནས་ནང་དུ་ས་ཁམས་མཆེར་བ་དང་ཕོ་བའི་རྩ་དར་བས་ནས་ཟན་ཏེ་བོད་མཆིལ་སྐྱ་སྦབ་ཀྱི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་བའི་དུས་ཡིན། དེའང་ཟླ་བ་སོ་སོའི་མཚན་ཉིད་ནི། འབྲུག་ཟླ་ལ་འབྲུག་འགོ་མ་ཡོང༌། སྐར་མ་ནག་པས་ནམ་ལྡང༌། ལུག་ཟླ་བ་ལ་ལུག་བྲེག །སྐར་མ་ཆུ་སྟོད་ཀྱིས་ནམ་ལྡང༌། ཁྱི་ཟླ་བ་ལ་ཁྱི་འཇུག སྐར་མ་ཐ་སྐར་གྱིས་ནམ་ལྡང༌། གླང་ཟླ་ལས་གླང་བརྟག སྐར་མ་རྒྱལ་གྱིས་ནམ་ལྡང་ཞེས་ནམ་ཚོད་འཛིན་པའི་དུས་ཡིན་ནོ། །མདོར་ན་བཤད་ཟིན་གྱི་མི་འགྱུར་པའི་གཟེར་དེ་རྣམས་ལ་ཡུལ་གྱི་དབང་ལས་མཐའ་ཅིག་ཏུ་ངེས་པ་མ་རྙེད་པ་དང༌། ཟླ་བཤོལ་འབྱུང་བའི་འགྲོས་ལ་བརྟེན་ནས་ཉ་སྐར་ཇི་ལྟ་བ་མ་འགྲིག་ཀྱང༌། ཉི་མ་གར་ལོག་དབྱར་དགུན་འབྲིང་པོ་བརྩི། །ཞེས་པའི་ཚིག་རྐང་གཅིག་པོ་འདིས་མི་འགྱུར་བའི་གཟེར་བཏབ་པ་ཡིན་པས། དབྱར་ཉི་གང་དུ་ལྡོག་པའི་ཟླ་བ་དེ་ཉིད་དབྱར་འབྲིང་རྟའི་ཟླ་བ་དང༌། དགུན་ཉི་གང་དུ་ལྡོག་པའི་ཟླ་བ་དེ་དགུན་འབྲིང་བྱི་བའི་ཟླ་བ་དང༌། དེའི་ཤུགས་བསྟན་གྱིས་དཔྱིད་ཉིན་མཚན་མཉམ་པའི་ཟླ་བ་དེ་དཔྱིད་འབྲིང་ཡོས་ཀྱི་ཟླ་བ་དང༌། སྟོན་ཉིན་མཚན་མཉམ་པའི་ཟླ་བ་དེ་སྟོན་འབྲིང་བྱའི་ཟླ་བར་བཟུང་བ་ཉིད་ཀྱིས་ལག་ལེན་ལ་འཁྲུལ་བ་མི་འབྱུང་བ་ཡིན་ནོ། །སོ་མ་རཱ་ཛ་དང་གཞུང་འདིའི་དངོས་བསྟན་ལ་དུས་བཞི་ཐ་ཆུང་བ་རྣམས་ཀྱི་ཞག་བཅུ་གཉིས་བཅུ་གཉིས་ཡར་བཅད་པའི་ལྷག་མ་བཅོ་བརྒྱད་ཕྲག་བཞི་བསྡོམས་པའི་ཞག་བདུན་ཅུ་རྩ་གཉིས་མ་གཏོགས་ས་ཁམས་མཆེར་རྩ་མི་རྒྱུ་བར་གསུངས་པ་ནི། ལོ་གཅིག་གི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་པོ་ཁམས་ལྔ་ལ་གྲངས་མཉམ་དགོས་པ་མཛེས་མཛེས་ཙམ་གྱི་དབང་དུ་མཛད་པ་ཡིན་གྱི། དོན་ལ་གླེང་བ་དེ་ལྟར་བྱས་ན་གཏན་མི་རུང་ངོ༌། །དེ་ལྟར་མིན་ན་དཔྱིད་ཤིང་ཁམས་སོགས་དང༌། ལྷག་མ་བཅོ་བརྒྱད་ཀྱང་ས་ཁམས་སུ་འབྱུང་བའི་རྒྱུ་མཚན་ཅི་ཡང་ཡོད་པ་མ་ཡིན་ནོ། །

དེས་ན་གཞུང་རང་གི་དངོས་བསྟན་ལ་ཁྱིམ་ཞག་གཞིར་བཞག་མཛད་སྣང་ན་ཡང༌། སྨན་པ་ཕལ་ཆེར་ནི་དབང་རྟུལ་དད་པའི་རྗེས་འབྲངས་མ་གཏོགས་དཔྱོད་ལྡན་ཉུང་བས་ཁྱིམ་དང་ཁྱིམ་ཞག་གི་འཕོ་མཚམས་ཇི་ལྟ་བ་མི་ཤེས་ཤིང༌། ཉིན་མཚན་ཁོ་ན་རྩིས་ན་ཞག་མི་ཐུབ་མི་ཐོན་ལ། ལོ་མཚན་ཉིད་པ་ཁྱིམ་ལོ་ཡིན་ཞིང༌། ཞག་མཚན་ཉིད་པ་ཁྱིམ་ཞག་ཡིན་ཀྱང༌། ཟླ་བ་མཚན་ཉིད་པ་དེའི་ཚེས་ཟླ་ཁོ་ན་ཡིན་པས། མོ་དྲུག་ཉི་ཤུ་རྩ་དགུ་ལ། །ཕོ་དྲུག་སུམ་ཅུ་ཐམ་པའོ། །ཞེས་སོ་མ་རཱ་ཛ་ལས་བཤད་པ་བཞིན། ཕོ་ཟླ་སྟག་འབྲུག་རྟ་སྤྲེ་ཁྱི་བྱི་རྣམས་ལ་ནམ་ལངས་ནས་ནམ་ཞག་གཅིག་ཏུ་བྱས་པའི་ཉིན་ཞག་སུམ་ཅུ་ཐམ་པ་དང༌། མོ་ཟླ་གླང་ཡོས་སྦྲུལ་ལུག་བྱ་ཕག་རྣམས་ཉིན་ཞག་ཉི་ཤུ་རྩ་དགུ་བརྩིས་པས་ངེས་པར་འགྲིག་ཡོང་བ་ཡིན། དེ་ལྟར་དུས་བཞི་ངོས་འཛིན་དང་ཕྱི་ནང་གི་ཁམས་ཀྱི་འཕེལ་འགྲིབ་དོན་སྣོད་ལ་སྦྱོར་ཚུལ་སོགས་ཤེས་པ་མ་བྱུང་འདུག་པས་གཞུང་དོན་ཇི་ལྟ་བ་དཔེ་འཁྱུད་མ་བྱས་པར་རྟོགས་སླ་བར་བསྡུས་ཏེ་བསྟན་པ་ཡིན་པས་དཔྱོད་ལྡན་ཡོད་ན་ལེགས་པར་རྟོགས་ཤིག

གཉིས་པ་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ལ་སྐོར་འགོ་དངོས་དང༌། རྩ་ལ་བརྩི་ཚུལ་གཉིས་ལས། དང་པོ་ནི། ད་ནི་ཞེས་སོགས་རྐང་པ་གསུམ་སྟེ། དེ་ལྟར་དུས་བཞི་དང་ཁམས་ལྔར་ཕྱེ་ཟིན་ནས། ད་ནི་ཁམས་ལྔ་པོ་དེ་ལ་མ་བུ་དང་དགྲ་གྲོགས་ཀྱི་སྐོར་འགོ་ཇི་ལྟར་བྱ་བའི་ཚུལ་ཤེས་པར་བྱའོ། །དེ་ཡང་ཤིང་མེ་ས་ལྕགས་ཆུ་ལྔ་པོའི་གོ་རིམ་ལ་མ་བུའི་སྐོར་འགོ་དང༌། མེ་ཆུ་ས་ཤིང་ལྕགས་ལྔའི་གོ་རིམ་ལ་དགྲ་གྲོགས་ཀྱི་སྐོར་འགོ་བརྩི་བར་བྱའོ། །ཇི་ལྟར་བརྩི་ན་ཚིག་རྐང་སྔ་མ་ལ། ཡར་འདེད་མ་ལ་མར་འདེད་བུ། །ཞེས་བྱ་སྟེ། ཆུ་མ་ལྕགས་ལ་ལྕགས་མ་ས། །ས་མ་མེ་ལ་མེ་མ་ཤིང༌། །ཤིང་གི་མ་ནི་ཆུ་ཡིན་ནོ། །ཞེས་དང༌། ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ། །ཞེས་དང༌། ཚིག་རྐང་གཉིས་པའི་དོན་མར་འདེད་དགྲ་ལ་ཡར་འདེད་གྲོགས་ཞེས་བྱ་སྟེ།

མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་དགྲ་ཤིང་ལ་ཤིང་དགྲ་ལྕགས། །ལྕགས་ཀྱི་དགྲ་ནི་མེ་ཡིན་ནོ། །ཞེས་དང༌། ལྕགས་གྲོགས་ཤིང་ལ་ཤིང་གྲོགས་ས། །ས་གྲོགས་ཆུ་ལ་ཆུ་གྲོགས་མེ། །མེ་ཡི་གྲོགས་ནི་ལྕགས་ཡིན་ནོ། །ཞེས་པས་གྲུབ་བོ། །གཉིས་པ་མ་བུ་དགྲ་གྲོགས་དེ་རྩ་ལ་བརྩི་ཚུལ་ནི། མ་བུ་ཞེས་སོགས་ཤློཀ་གཅིག་སྟེ། མ་བུ་དགྲ་གྲོགས་ཀྱི་དེ་ཉིད་ནང་དོན་སྣོད་ཀྱི་འབྱུང་བ་སྙིང་དང་རྒྱུ་མ་མེ། གློ་ལོང་ལྕགས་ཞེས་སོ་སོར་མ་ནོར་བར་བརྟགས་ནས་བརྩིས་པས། དཔེར་ན་དཔྱིད་ཤིང་ཁམས་མཆིན་རྩ་རྒྱུ་བའི་སྐབས་སུ་ཤིང་མ་ཆུ་སྟེ་ཆུ་ཁམས་མཁལ་རྩའི་རྩ་ལ་མཚན་ཉིད་མཐིང་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར་བའོ། །རང་རྩ་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་བ་ལ་དར་བ་ཞེས་བྱ་སྟེ་རབ་ཏུ་བཟང་ཞིང༌། གྲོགས་རྩ་ས་ཁམས་མཆེར་རྩའི་མཚན་ཉིད་ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར་ན་དབང་ཐང་ཆེ་བ་དང༌། ཤིང་དགྲ་ལྕགས་ཁམས་གློ་རྩའི་མཚན་ཉིད་ནི་བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་ན་དགྲ་གློ་བུར་དུ་འོང་བའམ། ཡང་ན་གསོ་དཀའི་ནད་ཀྱིས་འཆི་བར་འགྱུར་ཞེས་པའོ། །སྤྱི་དོན་བརྒྱད་པ་ངོ་མཚར་གྱི་རྩ་བདུན་ནད་མེད་ཀྱི་མི་ལ་བརྟག་པ་ལ་གཞན་ལུགས་མི་འཐད་པ་དགག་པ་དང༌། གཞུང་དོན་ནོ། །དང་པོ་ནི། བྱང་པ་བཀྲ་ཤིས་དཔལ་བཟང་པ་ན་རེ། མོ་རྩིས་པྲ་ལ་མ་བརྟེན་པར། །རང་གཞན་སྔ་ཕྱིའི་བྱ་བ་ཀུན། །ལྐོག་ཏུ་གྱུར་པ་བདེ་བླག་ཏུ། །རྟོགས་ཕྱིར་ངོ་མཚར་རྩ་ཞེས་བྱ། །ཞེས་ཟེར་རོ། །འདི་དག་མོ་ལ་མ་བརྟེན་པ་མ་ཡིན་གྱི། མོ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཇུ་ཞགས་སམ། ཇུ་ཐིག་ཀྱང་བ་སྦལ་ཁྱུང་གསུམ་གྱི་ལུས་ལ་ཤིང་མེ་ས་ལྕགས་ཆུ་ལྔ་མ་བུ་དགྲ་གྲོགས་རྩིས་ནས་ལུང་སྟོན་པ་ལས་མེད་ཅིང༌། རྩིས་ཀྱང་ལོ་སྐོར་དྲུག་ཅུའི་སྲོག་ལུས་དབང་ཐང་རླུང་རྟ་དང་སྤར་སྨེ་ལ་ཁམས་སྦྱར་བའི་སྐོར་འགོ་རྩིས་ནས་བཟང་ངན་ལུང་སྟོན་པ་ལས་གཞན་མེད་པའི་ཕྱིར་རོ། །དེས་ན་མདུད་པ་དང་གབ་རྩེ་ཆོ་ལོ་རྡེའུ་ལ་མ་ལྟོས་པར་ནད་མེད་ལ་རྩ་བལྟས་པས་མོ་རྩིས་བྱས་པ་ལས་ངེས་ཤེས་འདྲོངས་པའི་ལུང་སྟོན་ནུས་པ་ནས་ངོ་མཚར་གྱི་རྩ་ཞེས་བྱའོ། །གཉིས་པ་གཞུང་དོན་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི། དང་པོ་མོ་འདེབས་པའི་ངོ་ངག་དང་འདྲ་བར་ཁྱིམ་ཕྱྭ་སོགས་དོན་རིགས་མི་འདྲ་བའི་ས་བཅད་བདུན་ཡོད་དོ། །

གཉིས་པ་རྒྱས་བཤད་ལ་གཞན་ལུགས་མི་འཐད་པ་དགག་པ་དང༌། གཞུང་གི་དོན་གཉིས་ལས། དང་པོ་ནི། འགྲེལ་པ་བྱེད་པོ་ཀུན་མཐུན་པར། །ངོ་མཚར་གྱི་རྩ་བདུན་ག་ལ། །ལ་ཉེ་བརྟག་པ་དང་མ་བུ་དགྲ་གྲོགས་བརྩི་བའི་ཚུལ་གཉིས་གཉིས་གསུངས་པས་དེ་མ་གོ་བར། གོང་འོག་གཉིས་ཀ་ལ་དགྲ་གྲོགས་ཁོ་ན་བརྩི་བར་བྱེད་ཅིང༌། ལྡན་པ་མཉམ་གསུམ་གཅིག་རབ་ལྷག་པ་དྲུག །ཅེས་སོགས་ཀྱི་རིགས་འགྲེས་མ་བུ་དགྲ་གྲོགས་བརྩི་ལུགས་ལུང་མ་བསྟན་བྱས་ལ། དེའང་ཐོག་མར་ཁ་ཅིག་དཔྱིད་ཀ་ལ་སྦྱར། ཁ་ཅིག་དབྱར་ག་དང་སྟོན་ལ་སྦྱར། ལ་ལ་དགུན་དང་མཚམས་ལ་སྦྱོར་དགོས་བྱུང་བ་དང༌། དེ་ལྟར་བྱས་པས་བརྟག་ལུགས་གཉིས་པོ་ཟློས་པར་གྱུར་པ་དང༌། ཡང་ན་གང་རུང་དོན་མེད་དུ་ཐལ་བ་དང༌། མིན་ན་སྔ་ཕྱི་དོན་མ་གཅིག་པས་འགལ་བའི་སྐྱོན་ཡོད་པ་དང༌། དེ་ལྟར་མ་མཐུན་པས་གཞུང་ལ་རས་གཅོད་ཀྱིས་ཚིག་གོང་འོག་བསྒྱུར་དགོས་བྱུང་བ་སོགས་ལོག་པའི་ལམ་དུ་རྣམ་པ་འཁྱམས་པ་ཡིན་ནོ།།

གཉིས་པ་གཞུང་དོན་ལ། ཟུར་མཁར་བ་དྷརྨ་སྭ་མིའི་བཞེད་པས། ངོ་མཚར་གྱི་རྩ་བདུན་ག་ལ་བརྟག་ལུགས་མི་འདྲ་བ་གཉིས་གཉིས་གསུངས་པས་སྔ་མ་སྔ་མ་རྣམས་ལ་ཉེའི་སྒོ་ནས་བརྟག་ཅིང༌། ཕྱི་མ་ཕྱི་མ་རྣམས་མ་བུ་དགྲ་གྲོགས་ཀྱི་སྒོ་ནས་བརྟག་པར་གསུངས་པ་ལྟར་དོན་ལ་གནས་པ་ལས། དང་པོ་ནི་ཁྱིམ་ཕྱྭ་ལ་ལ་ཉེ་བརྟག་པ་དང༌། དགྲ་གྲོགས་བརྩི་བ་གཉིས་ལས། དང་པོ་ནི། དང་པོ་ཞེས་སོགས་ཚིག་རྐང་དྲུག་གིས་སྟོན་ཏེ། ཐོག་མར་བྱིང་འཐིབས་སོགས་ངོས་འཛིན་ལུགས་ལ་དཔྱད་རྒྱུ་མང་པོ་འདུག་ཀྱང༌། འདིར་བསྡུས་ཏེ་སྟོན་པར་འདོད་པས། དོན་ཡིད་ལ་བཅགས་རྒྱུ་ནི་དུས་དབྱར་དགུན་སྟོན་དཔྱིད་སོགས་གང་ཡིན་ཡང་རུང༌། རྩའི་རྒྱུན་གཅིག་པུ་དེ་ལ་བྱིང་ཞིང་འཐིབས་པ་ཞེས་བྱ་སྟེ། རྩ་གཏིང་དུའང་ཆེར་མི་གསལ་ན་མི་གཙང་བ་འཕོག་པའི་རྩ་ཡིན་ཞིང༌། རྨུགས་ཤིང་འཐིབས་པ་ཞེས་བར་དུ་མི་གསལ་ན་མྱ་ངན་འོང་བའི་རྩ་དང༌། འབྲུབ་ཅིང་བརྒྱལ་བ་ཞེས་སྟེང་དུ་དྲག་པོར་འཕར་བའི་སྐབས་འགར་མི་འཕར་ན་བྲེད་དངངས་འོང་བའི་རྩ། སྐྱེ་ཚེར་འདྲ་བ་ཞེས་སོར་མོ་འབིགས་པ་ལྟར་འཕར་ན། སྡུག་བསྔལ་ཐར་མེད་ཀྱི་རྩ། ཆུ་ཚན་ཁོལ་འདྲ་ཞེས་ཧ་ཅང་ཤེད་མི་ཆེ་བ་ཁྲི་ལི་ལི་འཕར་ན་མི་ཁ་འོང་བའི་རྩ། མེ་ལྕེ་ཆད་འདྲ་ཞེས་འཕར་གྲངས་ཤེད་མི་སྙོམས་པ་རེས་ཆེ་རེས་ཆུང་བྱེད་ན། ནོར་ལ་གོད་ཁ་འོང་བའི་རྩ་ཡིན་པས་གང་ལ་འཚམ་པའི་རིམ་གྲོ་འབོགས་དགོས་ཤིང༌། དངོས་སུ་མ་གསུངས་ཀྱང་སྐྱོན་ཅན་གྱི་རྩ་དེ་རྣམས་མ་ཡིན་པར་དུས་རྩ་སོ་སོའི་མཚན་ཉིད་དང་མཐུན་པའི་རྩ་འདུག་ན་ཁྱིམ་བཟང་བའི་ལུང་བསྟན་པར་བྱའོ། །

གཉིས་པ་དགྲ་གྲོགས་བརྩི་བ་ནི། དེ་དག་ཅེས་སོགས་ཤློཀ་གཅིག་གིས་སྟོན་ཏེ། བྱིང་ཞིང་འཐིབས་པ་སོགས་སྐྱོན་ཅན་གྱི་རྩ་དྲུག་པོ་དེ་དག་གི་ནང་ནས་གང་ཡང་རུང་བ་གཅིག་དུས་མཚམས་ལྔ་པོ་རང་རང་གི་རྩ་དར་བའི་དུས་རང་གི་མཆིན་རྩ་ལ་བྱིང་འཐིབས་སོགས་གང་བྱུང་ཡང་མི་གཙང་བ་སོགས་རྩ་བལྟ་ཡུལ་རང་ཉིད་ལ་འོང་བའི་ངོ་ཞེས་བྱ། ཤིང་མ་ཆུ་ཁམས་མཁལ་རྩ་བྱིང་འཐིབས་སོགས་བྱུང་ན་མ་དང་ཞང་པོ་ལ་མི་གཙང་བ་སོགས་འབྱུང༌། ཤིང་བུ་མེ་ཁམས་སྙིང་རྩ་ལ་བྱིང་འཐིབས་སོགས་བྱུང་ན་བུ་དང་ཚ་བོ་ལ་མི་གཙང་བ་སོགས་འབྱུང་བའི་ངོ་ཡིན་ཞིང༌། ཤིང་ཁམས་མཆིན་རྩ་རང་གི་མཚན་ཉིད་དང་མཐུན་པ་འདུག་ན་སྐྱོན་དེ་རྣམས་གང་ཡང་མེད་པས་བཟང་ཞེས་ལུང་བསྟན་པར་བྱའོ། །གཉིས་པ་མགྲོན་ཕྱྭ་ལའང་གཉིས་ཀྱི་དང་པ་ལ་ཉེ་ནི། མགྲོན་ཕྱྭ་ཞེས་སོགས་རྐང་པ་ལྔས་སྟོན་ཏེ། མགྲོན་པོ་འོང་མི་འོང་བརྟག་པའི་ཚེ་ན། གཞི་པ་རང་གི་གཙོ་ཆེ་ཤོས་སམ་གང་བརྩེ་བ་ཞིག་ལ་བརྟག་པ་དེ། དུས་ནམ་ཡིན་ཡང་རུང༌། རྩ་གཞན་ལས་མཆིན་རྩ་ལྷག་པར་དུ་དྲག་ན་མགྲོན་པོ་ཡོང་རྒྱུ་དེ་ཁོ་རང་གི་གཞི་ལ་ཡོད་ཅིང༌། གློ་རྩ་དྲག་ན་ལམ་དུ་ཞུགས། སྙིང་རྩ་དྲག་ན་ཉེ་བ་ཙམ་དུ་སླེབས། མཆེར་རྩ་དྲག་ན་ཕྱིན་ལ་ཁད། མཁལ་རྩ་དྲག་ན་མགྲོན་པོ་ལ་ལམ་དུ་དགྲ་འོང་ཞེས་བྱ་སྟེ། རིམ་པ་དེ་ལྟར་བརྟག་པར་བྱའོ། གཉིས་པ་དགྲ་གྲོགས་ནི། ཡང་ན་ཞེས་སོགས་རྐང་པ་དྲུག་གིས་བསྟན་ཏེ། སྔ་མ་ལ་ཉེའི་བརྟགས་ལུགས་དེར་མ་ཟད་རྣམ་གྲངས་སུ་ཡང་ན་དུས་རྩ་དཔྱིད་ལ་སོགས་པ་གང་ཡིན་པ་དེ་རང་དང་དེའི་མ་ཆུ་ཁམས་མཁལ་རྩ་གང་དར་ཡང་མགྲོན་པོ་གཞི་རང་ལ་གནས་ཤིང༌། དུས་རྩ་དེའི་བུ་རྩ་དར་ན་ལམ་ལ་ཞུགས། དུས་རྩའི་དགྲ་རྩ་དར་ན་ད་ལྟ་སླེབ་ཅེས་བྱ་སྟེ། འདི་རྣམས་ཀྱི་རྩ་དར་ཞེས་པ་ཁམས་རང་རང་དང་མཐུན་པ་རྩའི་མཚན་ཉིད་ཅན་དཔེར་ན་དཔྱིད་དུས་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པ་ལ་བྱ་ཞིང༌། གུད་ཅེས་བྱ་བ་མཚན་ཉིད་དེ་ལས་གཞན་པ་ལ་ངོས་བཟུང་བར་བྱའོ། །ཞར་བྱུང་དུ་རང་ཉིད་གཞན་དུ་དོན་གཉེར་བར་འགྲོ་བའི་ཚེ། དོན་དེ་འགྲུབ་བམ་མི་འགྲུབ་བརྟག་པ་ལའང་ལ་ཉེ་ནི། དུས་མཚམས་ནམ་ཡིན་ཡང་རུང་སྙིང་རྩ་ལྷག་པར་དུ་དྲག་ན། དགྲའི་བར་ཆད་འོང་ཞིང༌། མཆིན་རྩ་ལྷག་པར་དྲག་ན་དོན་འགྲུབ་ལ། མཁལ་རྩ་ལྷག་པར་དྲག་ན་སྟོང་ལོག་བྱེད་པ་ཡིན་ཞེས་བྱའོ། །དགྲ་གྲོགས་ནི། དུས་མཚམས་གང་ཡིན་གྱི་རྩའི་དགྲ་རྩ་དེ་དར་ན་དོན་མི་འགྲུབ་ཅིང༌། དུས་རྩའི་གྲོགས་རྩ་དར་བ་བྱུང་ན་དོན་འགྲུབ་ཅེས་བྱའོ།།

གསུམ་པ་དགྲ་ཕྱྭ་བརྟག་པ་ལ་གཉིས་ཀྱི། ལ་ཉེ་ནི། དགྲ་ཕྱྭ་ཞེས་སོགས་རྐང་པ་གཉིས་ཀྱིས་སྟོན་ཏེ། རང་ཉིད་དགྲ་ལ་ཕར་རྒོལ་རྒྱུ་ཡིན་པའི་ཚེ་ན་རྩ་གཞན་ལས་གློ་རྩ་དྲག་ན་ཐུབ་སྟེ་རང་ཉིད་རྒྱལ། ཡང་མཆེར་རྩ་ལྷག་པར་དུ་དྲག་ན་མི་ཐུབ་སྟེ་དགྲའི་གཡུལ་ངོ་མཐོ་བར་འགྱུར་ཞེས་པའོ། །དགྲ་གྲོགས་ནི་དགྲ་ཡི་ཞེས་སོགས་ཤློཀ་གཅིག་གིས་སྟོན་ཏེ། དཔྱིད་ར་ཤིང་གི་ཁམས་མཆིན་རྩའི་མཚན་ཉིད་ཅན་དུ་རྒྱུ་བའི་དུས་སུ་ཤིང་དགྲ་ལྕགས་ཁམས་གློ་རྩའི་ཐད་དུ་ལྕགས་དགྲ་མེ་ཁམས་སྙིང་རྩའི་མཚན་ཉིད་ཅན་རྒྱུ་ན་ཕར་རྒོལ་བས་དགྲ་བོ་ཐུབ་པར་འགྱུར་ཡང༌། རང་དཔྱིད་ཤིང་ཁམས་མཆིན་རྩའི་ཐད་དུ་ཤིང་དགྲ་ལྕགས་ཁམས་གློ་རྩའི་མཚན་ཉིད་ཅན་འཕར་བ་བྱུང་ན་དགྲ་བོ་ཐུབ་པར་མི་འགྱུར་རོ། །ཡང་ཕ་རོལ་པོས་སྔོན་ལ་ཚུར་རྒོལ་དུ་བྱུང་བའི་དུས་སུ་བཤད་མ་ཐག་པ་དེ་དང་འདྲ་བ་སྟེ། མཆིན་རྩ་དེ་གློ་རྩའི་མཚན་ཉིད་ཅན་དུ་འཕར་ན། དགྲ་ཡིས་ཚུགས་ཏེ་ཁོ་རང་རྒྱལ་ལ། ཡང་ཚུར་རྒོལ་དུ་བྱུང་དུས་དཔྱིད་ཟླ་ར་འབྲིང་ལྟ་བུ་རང་མཆིན་རྩ་དང་མཁལ་རྩ་དར་ན། དགྲས་ཚུགས་པར་མི་འགྱུར་ཏེ། རང་རྒྱལ་བ་ཙམ་མོ། །བཞི་པ་གྲོགས་ཕྱྭ་ལ་གཉིས་ཀྱི་ལ་ཉེ་ནི། གྲོགས་ཕྱྭ་ཞེས་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། གྲོགས་ཡོང་མི་ཡོང་ནོར་བདག་ཁོ་རང་གི་རྩ་ལ་བལྟས་པ་ཡིས་མཆིན་རྩ་ལྷག་པར་དྲག་ཏུ་འཕར་ན་ནོར་ཇེ་ཆེར་འཕེལ་ཞིང་ཕྱིར་གོད་མི་ཡོང་ཀྱང་སྙིང་རྩ་དང་མཆེར་རྩ་གཞན་པས་ཞན་ན་ནོར་མི་འཕེལ་བར་མ་ཟད་གོད་ཁ་འོང་ཞེས་བྱའོ། །དགྲ་གྲོགས་ནི། གྲོགས་ཀྱི་ཞེས་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། གཞིས་བྱེས་གང་ཡང་རུང་བར་རང་ལ་གྲོགས་འབྱུང་མི་འབྱུང་བརྟག་པའི་རྩ་ནི་དཔྱིད་ར་འབྲིང་དུས་མཆིན་རྩ་དེ་གྲོགས་མཆེར་རྩའི་མཚན་ཉིད་དུ་བྱུང་ན་གྲོགས་རབ། ཤིང་མ་ཆུ་ཁམས་མཁལ་རྩ་ལྟར་འཕར་ན་གྲོགས་འབྲིང༌། རང་མཆིན་རྩའི་མཚན་ཉིད་དུ་འཕར་ན་གྲོགས་ཐ་མ་ཙམ་ཡོང༌། དཔྱིད་མཆིན་རྩ་དེ་བུ་སྙིང་རྩ་ལྟར་འཕར་ན་གྲོགས་མེད་ལ། མཆིན་རྩ་དེ་དགྲ་གློ་རྩ་ལྟར་འཕར་ན་གྲོགས་དགྲས་ཁྱེར་ཏེ་མེད་ཅེས་བྱའོ། །

ལྔ་པ་གདོན་ཕྱྭ་ལའང་གཉིས་ཀྱི། ལ་ཉེ་ནི། གདོན་ཕྱྭ་ཞེས་སོགས་ཤློཀ་གཅིག་གིས་སྟོན་ཏེ། ནད་མེད་ལ། གདོན་གྱི་གནོད་པ་ཇི་ལྟར་འདུག་བརྟག་ན། ཤིང་ཁམས་མཆིན་རྩ་གཞན་བས་དྲག་ན་གཉན་དང་རྒྱལ་པོ་གནོད་པར་བཟུང་དགོས་ཤིང༌། མེ་ཁམས་སྙིང་རྩ་དྲག་ན་བཙན་དང་བདུད། ལྕགས་ཁམས་གློ་རྩ་དྲག་ན་རྒྱལ་འགོང་དང་དཀོར་བདག །ས་ཁམས་མཆེར་རྩ་དྲག་ན་ས་བདག་དང་མ་མོ། ཆུ་ཁམས་མཁལ་རྩ་དྲག་ན་ཀླུ་སྲིན་དང་དམ་སྲི་བཟུང་བར་བྱའོ། །དགྲ་གྲོགས་ནི། མ་ཡི་ཞེས་སོགས་རྐང་པ་ལྔས་སྟོན་ཏེ། དཔྱིད་ར་འབྲིང་གི་དུས་ཤིང་མ་ཆུ་ཁམས་མཁལ་རྩ་དྲག་ན་ཕ་མ་ཤི་བའི་ཆགས་འདྲེར་ངོས་བཟུང༌། ཤིང་བུ་མེ་ཁམས་སྙིང་རྩ་དྲག་ན་བུ་ཚ་བོ་དང་ཞང་པོ་ཕྱོགས་ཀྱི་འདྲེར་ངོས་བཟུང༌། ཤིང་དགྲ་ལྕགས་ཁམས་གློ་རྩ་དྲག་ན་ཕ་རོལ་གྱི་དགྲ་བོས་རྦད་པའི་འདྲེར་ངོས་བཟུང༌། ཤིང་གྲོགས་ས་ཁམས་མཆེར་རྩ་དྲག་ན་ནོར་གྱི་རྗེས་ལ་འབྲངས་པའི་ཕྱི་འདྲེར་ངོས་བཟུང༌། རང་ཤིང་ཁམས་མཆིན་རྩ་དྲག་ན་གྲོགས་ཀྱི་འགོས་འདྲེར་ངོས་བཟུང་བས་ཆོག་གོ། དྲུག་པ་མེ་ཆུ་གོ་བཟློག་ལའང་གཉིས་ཀྱི་ལ་ཉེ་ནི། མེ་ཆུ་སོགས་ཤློཀ་གསུམ་དང་རྐང་པ་གཅིག་གིས་སྟོན་ཏེ། མེ་དང་ཆུ་གོ་བཟློག་པ་ལྟར། ཕ་ན་བའི་ཚེ་ན་བུ་ནད་མེད་དེ་ལ་བལྟ་སྟེ། དེ་ལྟར་བལྟས་པས་དུས་རྩ་ལ་མ་ལྟོས་པར་ནམ་ཡིན་དུ་མཆིན་རྩ་དེ་ཚང་བར་འདུག་ན་ཕ་མི་འཆི་ཞིང་མ་ཚང་ན་འཆི།

དགྲ་གྲོགས་ནི། དཔྱིད་དུས་ཤིང་མ་ཆུ་ཁམས་མཁལ་རྩ་དར་ན་མི་འཆི་གུད་ན་འཆི། ཡང་ན་བུ་ན་བ་ལ་ཕ་ནད་མེད་དེ་ལ་བལྟ་སྟེ། ལ་ཉེ་ནི། དུས་ལ་མ་ལྟོས་པར་སྙིང་རྩ་ཚང་ན་བུ་མི་འཆི་ཞིང་མ་ཚང་ན་འཆི། དགྲ་གྲོགས་ནི། དཔྱིད་ཤིང་བུ་མེ་ཁམས་སྙིང་རྩ་དར་ན་མི་འཆི་གུད་ན་འཆི། མ་དང་བུ་མོའི་རྩ་ལའང་ཕ་བུའི་བལྟ་ལུགས་ཇི་ལྟ་བ་དེ་ལྟར་བལྟ་བར་བྱའོ། །ཡང་ཁྱིམ་ཐབས་གཉིས་ཀྱི་དབང་དུ་བྱས་ནས་ཁྱོ་ན་བའི་ཚེ་ཆུང་མ་ནད་མེད་ལ་རྩ་བལྟས་པ་ཡི་ལ་ཉེ་ནི། དུས་ལ་མ་ལྟོས་བར་མཆིན་རྩ་མ་ཚང་ན་ཁྱོ་དེ་འཆི་ལ། ཚང་ན་མི་འཆིའོ། །ཆུང་མ་ན་ན་ཁྱོ་ནད་མེད་ལ་རྩ་བལྟས་པས་མཁལ་རྩ་མ་ཚང་ན་ཆུང་མ་འཆི། ཚང་ན་འཚོའོ། །དགྲ་གྲོགས་ནི། ཡང་ན་ཁྱོ་དེ་གྲོགས་ཀྱི་ཚུལ་དང་ཆུང་མ་དེ་དགྲའི་ཚུལ་དུ་བྱས་ལ་བརྩི་སྟེ། ཆུང་མ་ན་བའི་ཁྱོ་ལ་རྩ་བལྟས་པས་དཔྱིད་དུས་ཤིང་དགྲ་ལྕགས་ཁམས་གློ་རྩ་དར་ན་ཆུང་མ་མི་འཆི་ལ། གུད་ན་འཆི། ཁྱོ་ན་བའི་ཆུང་མ་ལ་རྩ་བལྟས་པས་དཔྱིད་དུས་ཤིང་གྲོགས་ས་ཁམས་མཆེར་རྩ་དར་ན་ཁྱོ་མི་འཆི་ལ། གུད་ན་འཆི། བདུན་པ་བུ་རྩ་བརྟག་པ་ལའང་གཉིས་ཀྱི་ལ་ཉེ་ནི། སྦྲུམ་མའི་ཞེས་སོགས་རྐང་པ་གསུམ་སྟེ། བུད་མེད་སྦྲུམ་མའི་རྩ་ནི་སྤྱིར་འབུར་ལ་འདྲིལ་བར་འཕར་བ་ཡིན་མོད་ཀྱི། དེའི་ཁར་ཁྱད་པར་དུ་མཁལ་རྩ་གཡས་པ་དྲག་ན་བུ་ཕོ་སྐྱེ་ཞིང༌། གཡོན་པ་དྲག་ན་བུ་མོ་སྐྱེ་བར་འགྱུར་ཞེས་བྱའོ། །དགྲ་གྲོགས་ནི་བུ་ཡི་ཞེས་སོགས་རྐང་པ་གཉིས་ཏེ། བུད་མེད་ཁོང་ན་བུ་ཡོད་པ་དེའི་རྩ་ལ་སྤྱིར་གྱི་འབུར་ལ་འདྲིལ་བ་ཡོད་པའི་ཁར། དཔྱིད་ལྟ་བུར་ཤིང་མ་ཆུ་ཁམས་མཁལ་རྩ་དང་ཤིང་བུ་མེ་ཁམས་སྙིང་རྩ་གཉིས་ལྷག་པར་དུ་དྲག་པར་འཕར་ན་བུ་བཙས་ནས་གསོ་བར་སླ་ཞིང༌། ཤིང་དགྲ་ལྕགས་ཁམས་གློ་རྩ་ཁྱད་པར་དུ་དྲག་པ་བྱུང་ན་གསོ་དཀའ་ཞེས་བྱའོ།།

དགུ་པ་ནད་དང་ནད་མེད་འཕར་བའི་གྲངས་ལ་བརྟག་པ་བསྟན་པ་ལ་གཉིས་ཏེ། སྤྱིར་བཏང་དང་དམིགས་བསལ་ལོ། །དང་པོ་ལ་གཞན་ལུགས་དང་གཞུང་དོན་གཉིས་ཀྱི་དང་པོ་ལ། སྔ་ཕྱིའི་སྨན་པ་གཞན་རྣམས་ཀྱིས་ཞིབ་ཏུ་མ་བཤད་ཀྱང༌། བྱང་པ་བཀྲ་ཤིས་དཔལ་བཟང་པའི་འགྲེལ་པར། སྨན་པའི་ཕྱི་ནང་གི་དབུགས་ཀྱི་རྒྱུ་བ་ལ་འབྱུང་བ་བཞི་ཡོད་པ་ལས། དེ་ཡང་གཉིས་སུ་འདུས་ཏེ། ཕྱིར་རྒྱུ་བ་དང་ཕྱིར་གནས་པ་དེ་དལ་བས་ས་ཆུ་གཉིས་ཀྱི་བྱེད་ལས་ཡིན། ནང་དུ་འཇུག་པ་དང༌། ནང་དུ་གནས་པ་དེ་མྱུར་བས་མེ་རླུང་གི་བྱེད་ལས་ཡིན་པས། ནམ་མཁའ་ནི་སྤྱིར་ཁྱབ་པོ་ཞེས་དང༌། དེ་ལྟར་འབྱུང་བ་ལྔ་ཚང་བའི་སྨན་པའི་དབུགས་གཅིག་ལ་རྩ་བལྟ་བྱའི་ཡུལ་དེའི་རྩའི་འཕར་བའི་གྲངས་ཀྱང་འབྱུང་བ་ལྔ་ལྡན་གྱི་ཕྱིར་ལན་ལྔ་འཕར་ཏེ། ཕྱི་དབུགས་འབྱུང་བ་དང་རྒྱུ་བ་ས་ཆུ་གཉིས་དལ་བས་ལན་གསུམ། ནང་དུ་འཇུག་པ་དང་གནས་པ་མེ་རླུང་གཉིས་བྱེད་ལས་མྱུར་བ་དང་རྩའང་ལན་གཉིས་འཕར་བ་ཡིན་ནོ། །ཞེས་དང༌། རླུང་གི་རང་བཞིན་ཅན་ལ་ལན་ལྔ་ལས་ཅུང་མང་བ་དང༌། མཁྲིས་པའི་རང་བཞིན་ཅན་ལ་དེ་ལས་ཀྱང་མང་བ་དང༌། བད་ཀན་རང་བཞིན་ཅན་ལ་དེ་ལས་ཉུང་བ་འབྱུང་ཞིང༌། དེ་བཞིན་དུ་ཡུལ་དུས་ན་སོ་རྣམས་ལའང་སྦྱར་ཏེ་རྒྱས་པར་བཤད་དོ། །འདི་རྣམས་ལས་འཐད་པ་ནི་འགའ་ཡང་མ་མཐོང་སྟེ། ཐོག་མར་སྨན་པའི་དབུགས་ཕྱིར་རྒྱུ་ས་ཆུ་དང་ནང་རྔུབ་མེ་རླུང་དུ་གང་ནས་བཤད། གསུང་རབ་རང་བཟོས་བསླད་པ་ནི་བདུད་ཀྱི་ལས་ཡིན་པས་འདོར་བར་བྱའོ། །སངས་རྒྱས་ཀྱི་གསུང་རབ་རྣམས་ལས་ནི། དང་པོ་སྣ་ཡི་ཀ་བ་ནི། །ནང་སྟེ་གཉིས་ཀ་ཆུ་ཡིན་ལ། །ཕྱི་རོལ་གཉིས་ནི་མེ་རུ་འདོད། །སྟེང་གཉིས་རླུང་སྟེ་འོག་གཉིས་ས། །དབུས་ནི་ནམ་མཁའ་ཡེ་ཤེས་ཡིན། །ཞེས་དང༌། ཕྱི་རོལ་ས་ནི་སོར་བཅུ་གཉིས། །མེ་ཆུ་རླུང་མེ་མཁའ་བཅུ་དྲུག །ཡོན་ཏན་དབང་གིས་རིམ་བཞིན་ཡིན། །ཞེས་སོགས་ཀྱིས་རླུང་ཕྱིར་རྒྱུ་ནང་རྒྱུ་གཉིས་ཀ་ལ་འབྱུང་བ་ལྔ་རྒྱུ་བའི་རིང་ཐུང་དང་ཁ་དོག་སོགས་བཤད་ཀྱི། ཁྱོད་ཀྱི་ལྟར་མ་བཤད། སྨན་པའི་སྣའི་དབུགས་དང་བལྟ་བྱའི་རྩ་འཕར་ཚུལ་གཉིས་ཀའི་འབྱུང་ལྔའི་གྲངས་དང་བྱེད་ལས་མྱུར་བུལ་འདྲ་མཉམ་ཡིན་ན་སྣ་སྒོའི་དབུགས་གཅིག་ལ་རྩ་ལན་ལྔ་འཕར་བའི་རྒྱུ་མཚན་གར་ཡོད། རྩ་ལ་ཡུལ་དུས་ནད་ཁམསན་ཚོད་ཀྱི་འཕར་ལུགས་དབྱེ་བ་དེ་ལྟར་ཡིན་ཆུག་ཀྱང༌། འོ་ན་སྨན་པ་རང་གི་དབུགས་ལའང་ཡུལ་དུས་ནད་ཁམས་སོགས་ཀྱི་ཁྱད་པར་རྩ་བལྟ་ཡུལ་ཇི་ལྟ་བ་བཞིན་འབྱུང་བས་ཞིབ་ཏུ་བཤད་དགོས་ལ། དེ་རྣམས་ནི་བཞག་མཚམས་ལས་བརྒལ་བའི་ཐུག་མེད་ཅེས་བྱ་སྟེ་རྣམ་པར་འཁྱམས་པ་ཡིན་ནོ། །

ཡང་སྙན་བརྒྱུད་རྡོ་རྗེ་ཚིག་རྐང་དུ། དེ་ལས་མང་ཀུན་ཚ་བ་སྟེ། །དྲུག་བདུན་ཚ་བ་ཆུང་ངུ་ཡིན། །བརྒྱད་ན་འབྲིང་ལ་དགུ་ན་ཆེ། །བཅུ་ན་ལ་འདས་འཚོ་མི་འགྱུར། །ཞེས་དང༌། ལྔ་ལས་ཉུང་ཀུན་གྲང་བ་དང༌། །བཞི་ལས་ཆུང་ངུ་གསུམ་ན་འབྲིང༌། །གཉིས་འཕར་གྲང་བ་ཆེན་པོ་ཡིན། །གཅིག་འཕར་གྲང་བ་གཏིང་འཁར་སྤང༌། །ཞེས་ཟེར་རོ། །དེ་ལ་སྨན་པའི་དབུགས་ཁུག་པ་གཅིག་ལ་རྩ་ལན་གྲངས་བརྒྱད་ལས་མང་བ་འཕར་བ་ཤེས་བྱ་ལ་མི་སྲིད་ཅིང༌། དེས་མཚུངས་གྲང་བ་གཏིང་འཁར་བའི་རྩ་གཅིག་འཕར་བ་དང་སྨན་པའི་དབུགས་གཅིག་བསྙམས་པ་སྲིད་མི་སྲིད་ཀྱང་བློ་དང་ལྡན་པ་རྣམས་ཀྱིས་ལེགས་པར་སོམས་ཤིག །གཉིས་པ་གཞུང་དོན་ནི། ནད་དང་ནད་མེད་ཅེས་སོགས་ཤླཽཀ་གཉིས་ཀྱི་སྟོན་ཏེ། རྩ་བལྟ་བའི་ཡུལ་གང་ལ་ནད་དང་ནད་མེད་པའི་དབྱེ་བ་སོ་སོར་ངོས་ཟིན་པའི་ཆེད་དུ་རྩ་འཕར་བའི་གྲངས་ཀྱི་སྒོ་ནས་སྤྱིར་བསྟན་པ་ལ་ནད་གང་གིས་ཀྱང་གཙེས་པ་མེད་པའི་ཐ་མལ་གྱི་རྒྱུ་རྩ་དེ་སྨན་པའི་དབུགས་ཀྱང་རྐྱེན་གཞན་གྱིས་མ་བསླད་པའི་སྣའི་སྒོའི་ཕྱི་ནང་ནས་དབུགས་འབྱུང་འཇུག་གནས་གསུམ་ལ་གཅིག་ཏུ་བྱས་པའི་ཕྱིར་རྒྱུ་བ་ལ་རྩ་ལན་གཉིས། བར་དུ་གནས་པའི་སྐད་ཅིག་མ་གཅིག་ལ་གཅིག །ནང་དུ་འཇུག་པ་ལ་གཉིས་ཏེ་ལན་ལྔར་འཕར་བར་འདོད་དོ། །དེའང་གྲངས་བཅུ་བཅོ་ལྔ་ལྟ་བུ་ཉུང་ཉུང་ལས་བརྟགས་པས་ཐིངས་དཀའ་བས་ན་འཕར་གྲངས་བརྒྱ་ལས་མི་ཉུང་བའི་བར་དུ་ལེགས་པར་བརྟགས་པས། རེས་ཆེ་རེས་ཆུང་བ་དང༌། སྟོད་སྨད་ལ་ཕྲ་སྦོམ། རེས་དྲག་རེས་དལ། གཏིང་དང་ཁར་བྱིངས་རྒྱས། སྐབས་སུ་སྡོད་ཅིང་དེ་དང་ཆ་འདྲའི་འཐེན་པ་དང༌། སྐབས་སུ་ཐང་ཞིང་རེས་འགའ་སྡོད་པ་སོགས་ཀྱི་སྐྱོན་གང་ཡང་མེད་པར་རྒྱུན་སྙོམས་པ་ཁོ་ནར་འཕར་བ་དེ་ནད་མེད་ཀྱི་རྩར་འདོད་དོ། །

རྒྱུ་མཚན་དེའི་ཕྱིར་སྨན་པའི་ཕྱི་ནང་གི་དབུགས་གཅིག་ལ་རྩ་ལན་ལྔ་ལྔ་སྟར་ཆགས་འཕར་བ་དེ་ལས་བཟློག་པ་ལ་ནད་ཅན་གྱི་རྩ་ཞེས་བྱ་སྟེ། དེའང་སྔ་ལས་གྲངས་མང་བ་འཕར་ན་ཚ་བའི་ནད་ཡོད་པའི་རྟགས་ཡིན་གྱི། ལྔ་ལས་ཉུང་བ་འཕར་ན་གྲང་བའི་ནད་ཡོད་པའི་རྩ་ཡིན་ཞེས་སྤྱིར་བསྟན་ནས། རྩ་དཔྱད་ཉི་འོད་རབ་གསལ་དུ། སྨན་པའི་ཕྱི་ནང་གི་དབུགས་གཅིག་ལ་རྩ་ལན་དྲུག་འཕར་ན་ཚ་བ་ཙམ། བདུན་འཕར་ན་རབ་ཏུ་ཚ་བ། བརྒྱད་འཕར་ན་ཚ་བ་ལ་འདས་པ། ཞེས་དང༌། བཞི་འཕར་ན་གྲང་བ་ཙམ། གསུམ་འཕར་ན་རབ་ཏུ་གྲང་བ། གཉིས་འཕར་ན་གྲང་བ་གཏིང་འཁར་བ་ཞེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་དམིགས་བསལ་ལ། གཞན་ལུགས་མི་འཐད་པ་དང༌། གཞུང་དོན་གཉིས་ལས། དང་པོ་ནི། བྱང་པ་བཀྲ་ཤིས་དཔལ་བཟང་པའི་འགྲེལ་པར། མཐའ་བཅུ་གཉིས་སུ་མ་ལྷུངས་པའི་སྙོམས་པ་དེ་ནད་མེད་ཀྱི་རྩ་ཡིན་ལ། མ་སྙོམས་ན་ནད་ཅན་ཡིན་པར་བསྟན་མོད་ནའང༌། སྙོམས་དྲགས་ན་སྐྱོན་དུ་འགྲོ་བའང་ཡོད་པས་ན། འོན་ཀྱང་ནད་མེད་པའི་རྩ་ལ། རྩ་རྒྱུད་མུ་ཏིག་ཕྲེང་བ་ཞེས་བྱ་བ་འབྱུང་ལ། དེའི་མཚན་ཉིད་ནི། དོན་དང་སྣོད་ལ་དྲག་ཞན་མེད། །འཕར་ཚུལ་གདགས་སྲིབས་ཅིག་ཅར་འཕར། །དེ་ནི་མུ་ཏིག་འཕྲེང་འདྲ་སྟེ། །ཟླ་གཅིག་ནང་དུ་འཆི་བར་འགྱུར། །གཞི་རྩ་ལ་སྲིད་ཕ་ཡི་དགྲ། །ཞེས་དང༌། སྐྱེས་བུ་རྣམས་ཀྱི་དབུགས་ཕྱིར་ལ་འགྲོ་བའི་ཚེ་བ་སྤུ་བུ་གའི་ནང་ན་ཡོད་པའི་རླུང་ཚུན་ཆད་ཤ་ལྤགས་ཀྱི་ཕྱི་ནས་ཁོག་ནང་དུ་འདུས་ཏེ་གཟོད་ཕྱིར་ལ་ཤ་ལྤགས་ཀྱི་སྣ་དང་ཁ་ནས་དབུགས་རྒྱུ་ལ། དེའི་ཕྱིར་རླུང་ཁྲག་གི་རླབས་རྣམས་དབུགས་ཕྱིར་འགྲོ་བའི་ཚེ། སྨན་པའི་སོར་མོ་ཡར་ཟུར་རྣམས་ལ་ཕོག་པས་དོན་གྱི་རྩ་ཤེད་ཆེ་བར་འཕར་ལ། སྣོད་ཀྱི་རྩ་མི་མངོན་པའི་ཚོད་ཙམ་དུ་འཕར་རོ། །དབུགས་ནང་དུ་འཇུག་པའི་ཚེ། རླུང་ཁྲག་རྣམས་ཀྱི་རླབས་རླུང་དང་སྦྲགས་ནས་སྨན་པའི་སོར་མོ་རྣམས་ཀྱི་མར་ཟུར་ལ་ཕོག་པས། སྣོད་ཀྱི་རྩ་རྣམས་ཤེད་ཆེ་བར་འཕར་ལ། དོན་གྱི་རྩ་རྣམས་ཤེད་ཆུང་བ་ཙམ་དུ་འཕར། དེ་ལྟར་མ་ཡིན་པར་ཕྱིར་རྒྱུ་དུས་དོན་བརྟག་ན། ནང་དུ་རྒྱུ་དུས་དོན་ལས་སྣོད་དྲག་པར་འཕར་ན་གདགས་སྲིབས་གོ་ལོག་པར་འགྱུར་བས། དེ་ལྟ་བུ་མ་ཡིན་ནོ་ཞེས་དང༌། གོང་རྒལ་ལག་པའི་རྒྱབ་ཏུ་འཁྱོག །གཞི་རྩ་ལ་སྲིད་ཞང་པོ་ལ། །ཡུལ་འབུད་རབས་ཆད་གྱོད་ཀྱི་ངོ༌། །ཞེས་དང༌། མ་ཚང་མ་བུ་དགྲ་གྲོགས་གང༌། །སྟོང་པ་དེ་དེ་རབས་ཆད་འགྱུར། །གསར་དུ་དོན་སྣོད་རྩ་མ་ཚང༌། །མ་ཚང་དང་མཚུངས་ལ་དུས་སྒོ། །ཞེས་དང༌།

སྡོད་པ་གཞི་རྩ་ལ་བྱུང་ན། །གང་ལ་སྐྱེས་པའི་ཟླ་བ་བརྟག །དེས་ན་རང་རྩ་དེ་དུས་ཡིན། །ཞེས་དང༌། དུས་དེའི་མ་རྩ་སྡོད་པ་དང༌། །གྲངས་ངེས་མ་ཞང་ནད་གཞི་ཆེ། །ཞེས་དང༌། གློ་བུར་རྩ་རྒྱུད་ཐམས་ཅད་སྡོད། །བླ་མ་མི་དཔོན་ཆེན་པོར་འགྱུར། །རྩ་རྒྱུད་ཐམས་ཅད་སྡོད་དེ་བཟང༌། །ཞེས་སོགས་མང་པོ་ཞིག་སྨྲས་སོ། །འདི་རྣམས་ལ་མི་འཐད་པ་འབའ་ཞིག་སྣང་སྟེ། རྩ་སྙོམས་དྲགས་ན་སྐྱོན་དུ་ཡོད་ཅེས་པ་འདི་འཐད་ན། བླ་རྩ་སྙོམས་པར་ལན་བརྒྱར་འཕར་བ་ནི། །ཞེས་སོགས་ཀྱི་གཞུང་འདིས་ཅི་ཞིག་བྱ། ཚིག་འདི་ལ་དཔགས་ན་མུ་ཏིག་ཕྲེང་བ་སོགས་ལས་ཀྱང༌། སྐྱོན་མེད་དུ་འདྲེན་པ་འདྲ་ན། སྙོམས་མ་སྙོམས་ཀྱི་ཐ་སྙད་གང་ལ་བྱེད། མུ་ཏིག་ཕྲེང་བའི་ངོས་འཛིན་ཀྱང༌། ཁྱོད་ཀྱི་ལྟར་བདེན་ན་གཡུ་ཐོག་མགོན་པོ་འཁྲུལ་ཏེ། དེའི་རྩ་དཔྱད་བུ་དོན་མ་ལས། རྩ་རྒྱུད་ཡུངས་ཀར་ཕྲེང་མནན་འདྲ། །མུ་ཏིག་ཕྲེང་བ་ཞེས་བྱ་སྟེ། །ལོ་ཡི་ནང་དུ་ཕལ་ཆེར་འཆི། །དེ་ལ་མ་ཤི་ཚེ་རྩར་འགྱུར། །ཞེས་བཤད་སྣང་བའི་ཕྱིར། ཡང་གདགས་སྲིབས་གཉིས་ཅིག་ཅར་དུ་འཕར་བ་ཞེས་འདོད་པའི་གདགས་སྲིབས་འདི་གང་ལ་ཟེར། དབྱར་དགུན་ཉིན་མཚན་ཕོ་མོ་གཡས་གཡོན་གྱི་གདགས་ཅིག་ཅར་འབྱུང་བ་ནི་ཤེས་བྱ་ལ་མི་སྲིད། དོན་སྣོད་དང་ཚ་གྲང་གི་གདགས་སྲིབས་ཀྱང་ཁྱོད་ཀྱི་ལུགས་ལ་ཅིག་ཅར་དུ་འཕར་བ་མི་སྲིད་དེ་དབུགས་ཕྱིར་རྒྱུ་བའི་ཚེ་དོན་རྣམས་འཕར་ཞིང༌། ནང་དུ་རྔུབ་པའི་ཚེ་སྣོད་རྣམས་འཕར་བར་ཁས་བླངས་པའི་ཕྱིར། དེ་ལྟ་ན་རིམ་ཅན་དུ་འབྱུང་བ་མ་ཡིན་ནམ། ལར་དབུགས་འབྱུང་འཇུག་དང༌། རྩའི་འཕར་ཚུལ་གཅིག་མི་གཅིག་དང༌། དོན་སྣོད་ཀྱི་རྩ་རིམ་ཅན་དང་ཅིག་ཅར་གྱི་འཕར་ཚུལ་གཅིག་མི་གཅིག་དང་དོན་སྣོད་ཀྱི་རྩ་རིམ་ཅན་དང་ཅིག་ཅར་གྱི་འཕར་ཚུལ་མངོན་སུམ་དུ་སྣང་བ་འདི་ཙམ་ཞིག་ཀྱང་ཐོག་མར་ཡིད་ལ་མ་ངེས་པའི་ཁ་བཤད་སྨྲ་བ་ནེ་ཙོའི་འདོན་པ་དང་ཁྱད་པར་ཅི་ཞིག་ལེགས་པར་སོམས་ཤིག །ཡང་སྐྱེས་བུ་རྣམས་ཀྱི་དབུགས་ཕྱིར་འགྲོ་བའི་ཚེ་ཁོང་པའི་རླུང་ཁྲག་རྣམས་ཀྱང་ཕྱིར་འགྲོ་ལ། ནང་དུ་རྔུབ་པའི་ཚེ་རླུང་ཁྲག་རྣམས་ཀྱང་ནང་དུ་རྒྱུ་བའི་དོན་གྱིས་ཚོན་གྱི་ཡར་ཟུར་ཤེད་ཆེ་ལ། མར་ཟུར་ཆུང་བ་ཡོང་ཞེས་པ་དེ་ལྟ་ན་སྣའི་དབུགས་དང་རྩའི་འཕར་ཚུལ་གྱི་རྒྱུ་བ་གཅིག་ཏུ་ཐལ་ཞིང༌། ཕྱི་ནང་དབུགས་ལ་ལན་ལྔ་འཕར་བར་འདོད་ཅེས་པའི་གཞུང་འདིས་ཀྱང་ཅི་ཞིག་བྱ། ཡང་སྡོད་པ་གཞི་རྩ་ལ་བྱུང་ན། གང་ལ་སྐྱེས་པའི་ཟླ་བ་བརྟག །དེས་ན་རང་རྩ་དེ་དུས་ཡིན། །ཞེས་དང༌། དུས་དེའི་མ་རྩ་སྡོད་པ་ན། །གྲངས་དེས་མ་ཞང་ནད་གཞི་ཆེ། །ཞེས་པ། རྩ་བལྟ་ཡུལ་བྱིས་པ་ན་གཞོན་ཡིན་པའི་ཕ་མ་ལ་བཤད་རྒྱུ་ཡོད་ན་མ་གཏོགས། གཞན་མ་ན་སོ་དར་མ་དང༌། རྒན་པོ་སོ་སོ་ལ་རང་རང་སྐྱེས་པའི་ཟླ་བ་གང་ཡིན་རྒྱུས་ཡོད་པ་གང་ཞིག་འབྱུང༌། དེ་ལྟར་རྒྱུས་མེད་བཞིན་དུ་ངོས་འཛིན་དགོས་ན་ཧ་ཅང་ཐལ་ཆེས་ཏེ། དཔེར་ན། སྨན་པ་ཁོ་རང་ཟླ་བ་གང་ལ་སྐྱེས་སྨྲ་རྒྱུ་མེད་པའི་ཕྱིར་ན། དེའི་གྲོགས་ཅི་ལྟར་བརྩི། དེས་ན་བརྗོད་འདོད་ཙམ་དུ་ཟད་དོ། །ཡང་རྩ་རྒྱུད་ཐམས་ཅད་སྡོད་པ་བཟང་ཞེས་པ་གང་ལས་བཤད། འོ་ན་རྩ་རྒྱུད་དྲུག་ག་གཤིབས་ནས་འཕར། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་ཟེར་ན་ལན་དུ་ཅི་སྐད་ཟེར། དེར་མ་ཟད་སྐྱོན་ཅན་གྱི་རྩ་དེ་དག་ཐམས་ཅད་གཞི་རྩ་ལ་འབྱུང་བར་འདོད་པ་ལྟར་སྣང་མོད། གོང་རྒལ་དང་ལྕམ་དྲལ་ནི་གཞི་རྩ་ལ་ཡོད་པ་སྲིད་ནའང༌། མུ་ཏིག་ཕྲེང་བ་དང༌། མ་ཚང་གཅོད་སྡོད་སོགས་མི་རུང་བར་འབྱུང་བའམ། གདོན་གྱིས་བསྐྱོད་ན་མ་གཏོགས་གཞི་རྩ་ལ་འབྱུང་མི་སྲིད་དོ། །དེས་ན་འདི་སྐབས་ཀྱི་བཤད་པ་རྣམས་དང༌། གོང་རྒལ་གྱི་ཁ་དམར་འདོགས་ལུགས་མི་ཤེས་བཞིན་དུ་སྨྲ་བ་ལ་དགའ་བའི་རང་བཟོ་ཤ་སྟག་སྟེ། གཏི་མུག་ལ་ཐུག་གོ །ཡང་འཁྲུལ་སོའི་སྐབས་སུ།།

དེ་ལ་གཞན་ཡང་ཕོ་རྩ་ནི། །སྦོམ་ལ་རགས་ཀྱང་སྟོང་པ་ཡིན། །མོ་རྩ་གྲིམས་ཀྱང་ཞན་པ་ཡི། བུ་རྩ་འབུལ་འདྲིལ་ལས་གཞན་མེད། །བྱང་ཆུབ་སེམས་རྩ་རྒྱུན་རིང་འཇམ། །གྲང་བའི་རྩ་ནི་གཙོ་བོར་ཞན། །ཞེས་ཟེར་བ། འོ་ན་ཕོ་རྩ་སྦོམ་ལ་རགས་ཀྱང༌། སྟོང་པ་ཡིན་ན། རགས་པའི་དོན་གང་ལ་བྱེད། དཔེར་ན་འབྲུག་དང་དུད་འགྲོ་ལའང་རགས་པ་ཞེས་ཤེད་ཡོད་པ་དང༌། ཉམས་པ་ཤེད་མེད་པའི་དོན་མ་ཡིན་ནམ། དེས་ན་ཤེད་ཡོད་པ་དང༌། སྟོང་པ་གཉིས་གཞི་གཅིག་ཏུ་ཇི་ལྟར་འཚོག ཁྱོད་ཀྱིས་ཕོ་རྩ་ངོས་འཛིན་པའི་སྐབས་སུ་རགས་པ་ནི་སྟོད་སྨད་དང་ཕྲ་རགས་ཀྱི་དབྱེ་བ་ཆེར་མེད་པར་གཅིག་ཏུ་རགས་པར་འཕར་བའོ། །ཞེས་བཤད་པ་ཕྲ་རགས་ཀྱི་དབྱེ་བ་ཆེར་མེད་ན་གཅིག་ཏུ་རགས་པ་ཇི་ལྟར་འབྱུང༌། མདོར་ན་རགས་པ་ཙམ་ཡང་ངོས་མ་ཟིན་པར་སྣང་ངོ༌། །ཡང་མོ་རྩ་གྲིམས་ཀྱང་ཞན་པ་བད་ཀན་སྐྱ་པོའི་རྩ་ཆ་འདྲབའོ། །ཞེས་ཟེར་ན་ཡང་མི་རུང་དེ། མོ་ཡི་རྩ་ནི་ཕྲ་ལ་གྲིམས་པར་འཕར་ཞེས་པ་དང༌། བད་ཀན་སྐྱ་བོའི་རྩ་ནི་བྱིང་ལ་གུད། །ཅེས་པ་གཉིས་ཇི་ལྟར་འདྲ། མོ་རྩ་དེ་བད་ཀན་སྐྱ་བོའི་རྩ་དང་འདྲ་ན། ཚ་བའི་རྩ་དང་འདྲ་བའི་འཁྲུལ་སོ་འབྱུང་བའི་སྐབས་ཨེ་འདུག བྱང་ཆུབ་སེམས་རྩ་རྒྱུན་རིང་འཇམ་ལ་མཉེན་པ་ཡིན་མོད། གྲང་བའི་རྩ་ནི་གཙོ་བོར་ཞན་ན་རྒྱུན་རིང་འཇམ་པ་དང་དོན་གཅིག་ཏུ་ཐལ་བས་འཁྲུལ་གཞི་སེལ་བ་མ་ནུས་སོ།།

གཉིས་པ་གཞུང་དོན་ནི། འོན་ཀྱང་ཞེས་སོགས་ཤློཀ་གཉིས་ཀྱིས་སྟོན་ཏེ། གོང་དུ་ནད་ཅན་དང་ནད་མེད་ཀྱི་རྩའི་ངོས་འཛིན་ཚུལ་རགས་པ་སྤྱིར་བཏང་ནས། དེ་ལྟར་བཤད་པ་ཡིན་མོད་ཀྱི། འོན་ཀྱང་ནད་མེད་ཡིན་དུ་ཟིན་ཀྱང༌། རྩ་རྒྱུད་ལ་མུ་ཏིག་གི་ཕྲེང་བ་ལྟར་ཡོད་པ་དང༌། རྩ་རུས་པ་འབུར་པོའི་གོང་དུ་རྒལ་བ་དང༌། ཚོན་ཀན་ཆག་གི་ཡར་ཟུར་མར་ཟུར་གྱི་འོག་ཏུ་རྩ་མ་ཚང་བ་དང༌། འཕར་འཕྲོ་ལ་སྡོད་པ་དང༌། སྡོད་ལ་ཁད་ཀྱིས་འཐེན་པ་དང༌། སོར་མོའི་འོག་ཏུ་རྩའི་རྒྱུན་གཉིས་གཤིབས་པ་ལྕམ་དྲལ་ལ་སོགས་པ་རྣམས་ལས་འགའ་ཞིག་ནི་གཞི་རྩ་ལ་ཡོད་པ་དང་ལ་ལ་གཞི་རྩ་ལ་མེད་ཀྱང་མི་རུང་བ་སྣ་ཚོགས་འབྱུང་བའི་ལྟས་ལ་འཆར་བའང་ངེས་མེད་དུ་སྲིད་པའི་ཕྱིར་ན་ཁར་དམར་མི་གདགས་གོང་དུ་གཞི་རྩ་ལ་ཡོད་མེད་དྲིས་ནས། ཡོད་ཟེར་ན་ཧ་ཅང་གི་སྐྱོན་ཆེ་བ་མེད། གཞི་རྩ་ལ་མེད་པར་གསར་དུ་བྱུང་བར་ཤེས་ན་དེ་དང་དེའི་ཁ་དམར་གང་ལ་གང་འཚམ་པས་གདགས་པ་སྟེ། དེ་ལྟར་གཏན་ལ་ཕབ་པར་བྱའོ། །དེ་ལྟར་མ་བྱས་པར་གཞི་རྩ་ལ་ཡོད་མེད་སོགས་གང་ཡང་མ་རྟོགས་པར་སྨྲས་ན། ཁ་དམར་ལོག་པར་འགྲེ་བ་ཡོད་དོ། །དེར་མ་ཟད་ཕོ་མོ་བུ་རྩ་གསུམ་པོའི་རྩའང་ཞིབ་ཏུ་མ་ཤེས་ན་ཚ་བའི་ནད་དུ་འཁྲུལ་སོ་ཡོད་དེ། ཕོ་རྩ་སྦོམ་ལ་རགས་པ་དང་ཚ་བའི་རྩ་དྲག་རྒྱས་འདྲ། མོ་རྩ་ཕྲ་ལ་མྱུར་བར་དང་ཚ་བའི་གྲིམ་མགྱོགས་འདྲ། བུ་རྩ་འབུར་འདྲིལ་དང་ཚ་བའི་འདྲིལ་འཁྲང་འདྲ་བ་དང༌། བྱང་ཆུབ་སེམས་རྩའི་རྒྱུན་རིང་འཇམ་མཉེན་དང་གྲང་བའི་བུལ་ཞན་ལྷོད་པར་འཁྲུལ་བ་ཡོད་ཅིང༌། དོན་སྣོད་ཀྱི་རྩ་གང་ཡང་རུང་བ་མ་ཚང་བ་དང༌། འཕར་ཚུལ་རིགས་མི་མཐུན་གྱིས་བར་དུ་གཅོད་པ་དང༌། གྲངས་གང་ཡང་རུང་བར་སྡོད་པ་རྣམས་འཆི་རྩའི་སྡོད་རྣམས་སུ་འཁྲུལ་བ་ཡོད་པས། མི་དེའི་གཞི་རྩ་སྔོན་ཆད་བལྟ་མ་མྱོང་བས་རྒྱུས་མེད་པ་རྣམས་ལ་ཕོ་རྩ་ཡོད་དམ་མོ་རྩ་ཡོད་ཅེས་པ་སོགས་ཐོག་མར་དྲི་བ་འདི་ནི་གཅེས་པར་བཟུང་ཞིག་ཅེས་གདམས་པའོ། །སྤྱི་དོན་བཅུ་པ་སྤྱི་དང་བྱེ་བྲག་རྩའི་ནད་ངོས་བཟུང་བ་ལ་གཉིས་ཏེ། སྤྱི་རྩ་གཉིས་བཤད་པ་དང༌། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ལ་གཞན་ལུགས་མི་འཐད་པ་དང་གཞུང་དོན་ནོ། །དང་པོ་ལ། རྩ་མཛོད་ལས། ཚ་བའི་སྤྱི་རྩ་ལྔ་དང༌། གྲང་བའི་ལྔ། འདྲེས་པའི་ལྔ་ཞེས་བཤད་ཀྱང་དོན་མི་གཅིག་པས་མི་འགལ་ལ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་དུ། འདྲིལ་བ་གུད་ལ་གོ་ལྡོག་པ། །དོན་སྣོད་རླུང་ཁྲག་ཕྲེང་ཞེས་པ། །ཕྲེང་བ་གཤིབས་ལྟར་སོ་སོར་གསལ། །ཞེས་པ་མུ་ཏིག་ཕྲེང་བ་དང་ཁྱད་པར་མེད་པ་མི་འཐད་ཅིང༌། གྲིམས་པ་སྙུགས་ཡིན་སྙིང་ཚད་སོགས། །སྙུགས་ལྷོད་གྲང་བུལ་གྲང་བ་གསར། །ཞེས་དང༌། སྙུགས་ཞེས་བྱ་བ་གྲིམས་ལྷོད་ཡིན། ཞེས་ཟེར་བ་གཏན་མི་འཐད་དེ། སྙུགས་ཞེས་པ་གྲིམས་པའི་དོན་མ་ཡིན་པར་ཐལ། ལྷོད་པ་ཡིན་པའི་ཕྱིར། ལྷོད་པ་མ་ཡིན་ཏེ། གྲིམས་པ་ཡིན་པའི་ཕྱིར། གྲིམས་ལྷོད་གཉིས་གོ་ཟློག་གམ་འགལ་བ་ཡིན་ཏེ། གྲིམས་པ་ལྷོད་ལས་གོ་ལྡོག་པ་ཞེས་ཁྱོད་རང་གིས་བཤད་པའི་ཕྱིར། དེར་མ་ཟད་གྲིམས་པ་དེ། སྙུགས་ཡིན་ན་སྙིང་ཚད་དུ་མ་ཟད། མཁྲིས་པ་ཙམ་ལའང་འབྱུང་ཞིང༌། རྒྱས་ཚད་ཐོད་པ་ཆག་པ་ལའང་འབྱུང་བས་སྙུགས་སུ་ཅིའི་ཕྱིར་འགྲོ། དེས་མཚུངས་སྙུགས་ལྷོད་པ་ཡིན་ཞིང༌། གྲངས་བུལ་བས་གྲང་བ་གསར་པར་ངོས་འཛིན་པ་ལ་རྒྱུ་མཚན་མེད་དེ། གུད་བུལ་ལྷོད་སྟོངས་སོགས་གྲང་བ་སྤྱིའི་རྩར་བཤད་པའི་ཕྱིར།

གཉིས་པ་གཞུང་དོན་འདི་ལ། སྤྱིར་བཤད་པ་དང་ཚ་གྲང་སོ་སོར་བཤད་པའོ། །དང་པོ་ནི། ནད་ངོས་བཟུང་བ་ཞེས་རྐང་པ་གཉིས་ཏེ། གོང་དུ་ནད་དང་ནད་མེད་ཀྱི་རྣམ་དབྱེ་མདོ་ཙམ་བཤད་ནས། །ད་ནི་ནད་པའི་རྩ་ལ་ནད་ངོས་བཟུང་བ་ལའང་སྤྱིའི་སྒོ་ནས་འཛིན་པ་དང༌། བྱེ་བྲག་སོ་སོའི་ངོས་འཛིན་གཉིས་ཀྱི། དང་པོ་སྤྱི་རྩ་དྲུག་ཅེས་བྱ་བས་ཚ་གྲང་གཉིས་པོའི་ལ་ཤན་ཐོག་མར་དབྱེ་བ་བཤད་པར་བྱའོ། །གཉིས་པ་ཚ་གྲང་སོ་སོའི་ཚ་བའི་སྤྱི་རྩ་ནི། དྲག་རྒྱས་ཞེས་ཤློཀ་གཅིག་སྟེ། རྩ་དྲག་པ་དང༌། རྒྱས་པ་དང༌། འདྲིལ་བ་དང༌། མགྱོགས་པ་དང༌། གྲིམས་པ་དང༌། འཁྲང་བ་དང་དྲུག་ནི། ཚ་བའི་ནད་ཙམ་ལ་འབྱུང་བའི་རྩ་ཡིན་ལ། དེའང་དྲག་རྒྱས་སོགས་གང་ཡང་རུང་ངོ༌། །གཅིག་གཉིས་ཙམ་ཚང་ན་ཚ་བ། གསུམ་བཞི་ཚང་ན་རབ་ཏུ་ཚ་བ། ལྔ་དྲུག་ཚང་ན་མཆོག་ཏུ་ཚ་བ་ཞེས་བྱའོ། །དེ་དག་བསྡུ་ན་རྩ་དཔངས་མཐོ་བ་ལ་དྲག་རྒྱས་སོགས་ཀྱི་མང་ཉུང་ལས། འཁྲུགས་ཀྱི་ཚ་བའི་ནད་སྟོབས་ཆེ་ཆུང་རྗེས་སུ་དཔག་ཅིང་འཕར་གྲངས་མང་བའི་ཁར། ཚ་བའི་རྩ་དྲག་རྒྱས་སོགས་མང་ཉུང་ལ་རིམས་གསར་པའི་ནད་སྟོབས་ཆེ་ཆུང་དཔག་ལ། སྙུགས་ཞེས་བྱ་བ་རྩ་དཔངས་དམའ་བའི་གཏིང་དུ་སོང་བའི་ཁར། ཚ་བའི་རྩ་དྲག་རྒྱས་སོགས་མང་ཉུང་ལས་རྙིངས་པའི་ཚ་བ་སྟོབས་ཆེ་ཆུང་རྗེས་སུ་དཔག་པར་བྱའོ། །དེ་ལྟར་གྲང་སྙུགས་གསུམ་མམ་ཚ་བ་གསར་རྙིང་གཉིས་སུ་འདུས་པས། སྙུགས་ཀྱི་གོ་དོན་འདི་ལྟར་འཐད་དེ། ཚ་བ་གསར་པའི་སྐབས་སུ་བད་རླུང་ཤས་ཆེ་བས་སྟེང་དུ་འཐོན་ཏེ་དཔངས་མཐོ་ལ། རྙིངས་ནས་རླུང་ཞི་སྟེ་བད་ཀན་དང་ཚ་བ་བསྡོངས་པས། གཏིང་དྲག་རྒྱས་གྲིམས་པ་འབྱུང་བ་ཡིན།

གཉིས་པ་གྲང་རྩ་ནི། གྲང་རྩ་སོགས་རྐང་པ་གཉིས་ཏེ། གྲང་བའི་སྤྱི་རྩ་ནི་ཞན་པ་དང་བྱིང་བ་དང་གུད་པ་དང་བུལ་བ་དང་ལྷོད་པ་དང་སྟོང་པ་དང་དྲུག་ཡིན་ལ། དེའང་སྙུགས་ཏེ་རྩ་གཏིང་དུ་ཞན་བྱིང་སོགས་མང་ཉུང་ལས་གྲང་བ་གསར་པའི་སྟོབས་ཆེ་ཆུང་དང༌། འཕར་གྲངས་ཉུང་བའི་ཁར་ཞན་བྱིང་སོགས་བྱུང་ཀྱང་྄རང་བ་གསར་པ་ཡིན་ཞིང༌། གྲང་བ་དེའི་རྩ་ཞན་བྱིང་སོགས་མང་ཉུང་ཇི་ཙམ་རིགས་པ་རྩ་དཔངས་མཐོ་བའི་ཁར་བྱུང་ན་གྲང་བ་རྙིངས་པའི་སྟོབས་ཆེ་ཆུང་རྗེས་སུ་དཔགས་ཏེ་ཤེས་པར་བྱའོ། འདིར་ཡང་གྲང་བ་གསར་པ་ནི་བད་ཀན་ཁོ་ན་ཤས་ཆེ་བས་རྩ་རིང་སྟེ་སྙུགས་སུ་འཕར་བ་ཡིན་ཞིང༌། གྲང་བ་དེ་རྙིངས་པ་ཆུའི་ནུས་པ་ཆུང་དུ་སོང་སྟེ་མཇུག་ཏུ་རླུང་གི་རྩ་དཔངས་མཐོ་བར་རིགས་པས་གྲུབ་བོ། །གཉིས་པ་ནི། བྱེ་བྲག་སོགས་ཤློཀ་གཅིག་སྟེ། ནད་བྱེ་བྲག་ཏུ་བརྟག་པ་ལ་རྣམ་པ་གཉིས་ཏེ། རྩ་རླུང་སོ་སོའི་སྒོ་ནས་ནད་ཀྱི་རིགས་དབྱེ་བ་དང༌། ཚོན་ཀན་ཆག་གསུམ་པོའི་འོག་གི་རྒྱུ་བ་བཅུ་གཉིས་པོ་དེས་ལུས་ཀྱི་སྟོད་སྨད་དོན་སྣོད་གང་དུ་བབས་པ་བརྟག་པའོ། །དང་པོ་ལ། ནད་རྐྱང་པར་བརྟག་པ་དང༌། ལྡན་འདུས་སུ་བརྟག་པ། ཚ་བ་གཙོ་ཆེར་བརྟག་པ། གྲང་བ་གཙོ་ཆེར་བརྟག་པ། ནོར་འཕྲང་བསལ་བ་ལྔ་ལས། དང་པོ་ནི། དང་པོ་སོགས་ཤློཀ་གཅིག་སྟེ། དང་པོ་རྩ་སོ་སོ་རྒྱུད་བརྟག་པའི་རྐྱང་པ་ནི། རླུང་རྐྱང་པའི་རྩ་ནི་རྐྱལ་བ་སྟེང་དུ་ཐོན་པ་ལ་མནན་མི་བཟོད་པའི་སྟོང་པ་ཡིན་པ་ལ་སྐབས་ངེས་མེད་དུ་སྡོད་པ་ཡིན་ཞིང༌། མཁྲིས་པ་རྐྱང་པའི་རྩ་ནི་བར་དུ་ཕྲ་ལ་གྲིམས་པར་འཕར་བ་ཡིན་ལ། བད་ཀན་རྐྱང་པ་སྐྱ་བོའི་རྩ་ནི་གཏིང་དུ་བྱིང་ལ་གུད་པས་རྒྱུ་བ་དཀའ་བའོ། །གཉིས་པ་ལྡན་འདུས་ནི། རླུང་ཚད་ཅེས་སོགས་ཤློཀ་གཅིག་སྟེ། རླུང་དང་ཚད་པར་ལྡན་པའི་རྩ་ནི་རླུང་གི་ཆ་ནས་སྟོང་པ་ཡིན་ཞིང༌། ཚད་པའི་སྒོ་ནས་མགྱོགས་པར་རྒྱུག་པའོ། །བད་རླུང་ལྡན་པའི་རྩ་ནི་རླུང་གི་དབང་ལས་སྟོང་པ་ཡིན་ལ། བད་ཀན་གྱི་དབང་གིས་དལ་བ་ཡིན་ནོ། །འདུས་པ་བད་ཀན་སྨུག་པོའི་རྩ་ནི་རླུང་གི་ཆ་ནས་སྦོམ་ལ་ཁྲག་གི་ཆ་ནས་ཁེངས་པ་མཆིན་པར་བད་ཀན་ཞུགས་པའི་དབང་གིས་ཀན་རྩ་ཞར་བ་ལྟར་འཕར་བ་ཡིན་ནོ། །གསུམ་པ་ཚ་བ་ཤས་ཆེར་བརྟག་པ་ལ་རིགས་ཀྱི་ཚ་བ་དང༌། གནས་ཀྱི་ཚ་བ་གཉིས་ལས་དང་པོ་ནི། ཁྲག་གི་ཞེས་སོགས་ཤློཀ་གསུམ་དང་རྐང་པ་གཉིས་ཀྱི་ས་སྟོན་ཏེ། ཁྲག་གི་རྩ་ནི་ངོ་བོ་འབུར་ལ་འདྲིལ་བ་ལ་སྦྲུམ་མའི་རྩ་ལས་ཅུང་ཟད་དལ་བར་འཕར་བའོ། །ཆུ་སེར་གྱི་རྩ་ནི་འདར་ཞིང་རྒྱུ་བར་དཀའ་བའོ། །སྲིན་གྱི་རྩ་ནི་འཁྱིག་པ་ཞེས་ལག་པ་ལ་འཁྱུད་པ་ལྟར་ཞེང་དུ་ལེབ་མོར་འཕར་བའོ། །འཁྲུགས་ཚད་ཀྱི་རྩ་ནི་སྦོམ་ལ་རྒྱས་ཤིང་འབུར་ལ་འདྲིལ་དུ་འཕར་བའོ། །འགྲམས་ཚད་ཀྱི་རྩ་ནི་ཕྲ་ཞིང་མཁྲང་ལ་གྲིམས་པར་འཕར་བའོ། །རིམས་ཚད་ཀྱི་རྩ་ནི་ཕྲ་མོ་ལ་མགྱོགས་པར་འཕར་བའོ། །སྦྱར་དུག་གི་རྩ་ནི་རྩུབ་ཅིང་སྤུན་ལ་འཆོལ་བར་རྒྱུ་ཞིང་གཏིང་དུ་སོང་བས་མངོན་མི་བཏུབ་བོ། །ཤ་དུག་གི་རྩ་ནི་ཕྲ་མགྱོགས་ཡིན་པ་ལ་སྐབས་འགར་ཞར་བ་དང་བྱིང་བར་རྒྱུ་བའོ། །མ་སྨིན་པའི་ཚ་བའི་རྩ་ནི་ཕྲ་མགྱོགས་ཡིན་པ་ལ་རླུང་ལྟར་བརྟག་མི་ཐུབ་པར་གཡོ་བའོ། །རྒྱས་ཚད་ཀྱི་རྩ་ནི་དྲག་ལ་གྲིམས་པས་མནན་མི་བཟོད་པར་འཕར་བའོ། །སྟོངས་ཚད་ཀྱི་རྩ་ནི་སྟོངས་པ་མནན་མི་བཟོད་པ་ལ་མྱུར་བར་རྒྱུག་པའོ། །གབ་པའི་ཚད་པའི་རྩ་ནི་དཔངས་དམའ་ལ་གཏིང་གྲིམས་པར་འཕར་བའོ། །ཚད་པ་རྙིངས་པའི་རྩ་ནི་ཕྲ་མོ་ལ་གཏིང་གྲིམས་པར་འཕར་བའོ། །རྙིངས་པའི་ཚད་པའི་རྩ་ནི་ཕྲ་མོ་ཡིན་པ་ལ་གཏིང་ན་མགྱོགས་པར་རྒྱུག་པའོ།།

གཉིས་པ་གནས་ཀྱི་ཚད་པའི་རྩ་ནི། རྨ་ཚད་སོགས་རྐང་པ་དྲུག་སྟེ། རྨ་ལ་ཚད་པ་ཞུགས་པའི་རྩ་ནི་སྦོམ་འཁྲང་མགྱོགས་པར་འཕར་བའོ། །ཟུག་རྔུ་སྟེ་ལུས་ལ་མདེའུ་ལུས་པའི་རྩ་ནི་གཡས་གཡོན་གང་ན་ཡོད་པ་དེ་ཞར་ཞིང་རྩ་གཉིས་ལྕམ་དྲལ་ལྟར་བྱེད་པའོ། །འདིར་ལྕམ་དྲལ་ཞེས་པ་གཡས་གཡོན་གྱི་སྦོམ་ཕྲ་ལ་འདོད་པ་མི་འཐད་དེ། མ་མགོན་གཉིས་ལ་ལྕམ་དྲལ་དང༌། འདུལ་བ་ལས། སྲིང་མོ་ལྕམ་ལ་མིང་པོ་དྲལ་ཞེས་པའི་ལྕམ་དྲལ་དང༌། སྒོ་སྦུས་འབྱེད་ལ་ལྕམ་དྲལ་ཟེར་བ་ཀུན་གཉིས་གཤིབས་པའི་དོན་ཡིན་པའི་ཕྱིར་རོ། །མགོ་བོ་ཆག་པ་དེ་རྨ་བྱུང་ན་ཚབས་ཆེ་ཆུང་བརྟག་པ་ནི། ཤ་ལ་སྐྱོན་ཆེ་ན་ཚོན་གྱི་འོག་གི་རྩ་དྲག་པར་འཕར་ཞིང༌། རུས་པ་ལ་སྐྱོན་ཡོད་ན་ཀན་འོག་གི་རྩ་ལྷག་པར་གྲིམས་ལ། ཀླད་པ་ལ་སྐྱོན་ཡོད་ན་ཆག་གི་འོག་གི་རྩ་འདར་བ་ཡིན་ནོ། །ལུས་ཀྱི་ཕྱི་ནང་གང་ལ་རྣག་ཡོད་ཀྱང་དེའི་རྟགས་ཀྱི་རྩ་ནི་འདར་བའམ་ཡང་ན་ཚ་བའི་རྩ་ལྟ་བུ་ལ་ལྷག་པར་དུ་སྤུན་པར་འཕར་བའོ། །བཞི་པ་གྲང་ཤས་ཆེ་བའི་རྩ་ནི། གྲང་རྩ་ཞེས་སོགས་རྐང་པ་ལྔས་སྟོན་ཏེ། གྲང་བའི་ནད་རྣམས་ཀྱི་ནང་ནས་མ་ཞུ་གསར་པའི་རྩ་ནི་སྦོམ་ལ་འཁྲང་བ་དང༌། མ་ཞུ་རྙིང་པའི་རྩ་ནི་ཤེད་ཆུང་ཞིང་རྩ་རྒྱུན་ཕྲ་བ་དང༌། སྐྲན་གྱི་རྩ་ནི་འཕར་སྟངས་ཞན་ཅིང་ཞར་བར་འཕར་བ་དང༌། དམུ་ཆུ་དང༌། འོར་དང༌། སྐྱ་རྦབ་གསུམ་འདྲ་བར་རྩ་རྒྱུད་ཕྲ་ཞིང་གཏིང་དུ་བྱིང་བ་འདྲེགས་པ་ལྟར་དམ་པ་དང༌། སྐྱུག་ན་ནད་གང་གིས་སྐྱུག་ཀྱང་རྩའི་སྟོད་ན་ཞན་ཅིང༌། འཁྲུ་ན་གང་གིས་འཁྲུ་ཡང་སྨད་ཞན་པ་དེ་རྩ་ཤེད་ཆུང་བར་འཐད་དོ། །བྱང་པས། གྲང་བས་འཁྲུ་སྐྱུགས་བྱེད་ན་རྩའི་སྟོད་སྨད་ཞན་ལ། ཚ་བས་འཁྲུ་སྐྱུགས་བྱེད་ཀྱང་རྩ་ཤེད་ཆུང་དུ་འགྲོ་ཞིང་དེའང་སྐྱུག་ན་སྟོད་ཞན་ལ་འཁྲུ་ན་སྨད་ཞན་པར་འཐད་ཀྱི། ལུས་ཤེད་ཆུང་དུ་སོང་ནས་རྩ་དྲག་ཏུ་འགྲོ་ན། ཡུན་རིངས་ཟུངས་ཟད་ནད་ལ་རྩ་རྒྱས་འབྲུབ། །ཅེས་པ་དང་ཁྱད་པར་ཅི་ཞིག་ཡོད། དེ་དུས་ནད་འཁྲུག་པ་ལ་བསམས་པ་ཡིན་ན་ནི་གྲང་བས་འཁྲུ་སྐྱུགས་བྱེད་པ་ལའང་མཚུངས་སོ།།

ལྔ་པ་འཁྲུལ་སོ་བསལ་བ་ནི། འོན་ཀྱང་ཞེས་སོགས་ཤློཀ་གཅིག་གིས་སྟོན་སྟེ། ནད་སྤྱི་དང་བྱེ་བྲག་སོ་སོར་གསལ་བར་བཤད་མ་ཐག་པ་ལྟར་ཡིན་མོད། འོན་ཀྱང་དེ་ལྟར་མཐའ་གཅིག་ཏུ་མ་ངེས་པའི་རྩ་ལ་ནོར་བའི་འཕྲང་དྲུག་ཅེས་བྱ་བའང་ཡོད་པས་ཞིབ་ཏུ་བརྟག་དགོས་ཏེ། ཁྲག་རྩ་དང་རླུང་རྩ་གཉིས་ལ་རྐྱལ་པའི་རྩ་སྟེང་དུ་ཐོན་པའི་སྒོ་ནས་ནོར་ར་རེ་ཡོད་ཀྱང་ཞིབ་ཏུ་བརྟགས་ན་ཁྲག་རྩ་མནན་བཟོད་ཅིང་རླུང་རྩ་མནན་མི་བཟོད་པའི་ཁྱད་པར་ཡོད། རྒྱས་ཚད་སྟོང་ཚད་གཉིས་ལའང་མྱུར་དུ་རྒྱུག་པར་བྱེད་པའི་སྒོ་ནས་ནོར་ར་རེ་ཡོད་ཀྱང༌། རྒྱས་ཚད་ཀྱི་རྩ་དྲག་ལ་མནན་བཟོད་པ་ཡིན་ལ། སྟོང་ཚད་ལ་དེ་སྟེང་དུ་སྟོང་པའི་ཆ་ཡོད་པས་ཁྱད་པར་ཆེ། བད་ཀན་དང་ཁྲག་རྒན་ཀྱི་རྩ་གཉིས་གཏིང་དུ་བྱིང་བར་བྱེད་པའི་སྒོ་ནས་ནོར་ར་རེ་ཡོད་ཀྱང༌། ཞིབ་པར་བརྟགས་ན་བད་ཀན་གྱི་རྩ་ལ་གུད་པ་དང་དལ་བ་ཡོད་ལ། ཁྲག་རྒན་ལ་ཤེད་ཆེ་བ་ཡོད་པས་མི་ནོར་པ་ཡིན་ནོ། །གཉིས་པ་ཚོན་ཀན་ཆག་གསུམ་གྱི་སྟོད་སྨད་དོན་སྣོད་སོ་སོར་བརྟག་པ་ནི། དེ་དག་ཅེས་སོགས་ཤློཀ་གསུམ་གྱིས་སྟོན་ཏེ། ནད་དེ་དག་རྣམས་ཀྱང་ཧྲིལ་ཀྱིས་དྲིལ་ན་ལུས་སྟོད་སྨད་བར་གསུམ་དང་དོན་སྣོད་གར་བབས་ཀྱི་ནད་སོ་སོར་བརྟག་པར་བྱ་བ་ལས། མདོར་ན་སྨན་པའི་ཚོན་རྩ་གཡས་གཡོན་གཉིས་ཀྱིས་གློ་སྙིང་དང་ལུས་སྟོད་ནད་བརྟག་པར་བྱ་ཞིང༌། ཀན་རྩ་གཡས་གཡོན་གཉིས་ཀྱིས་ཕོ་མཆིན་སོགས་བར་གྱི་ནད་རྣམས་བརྟག་ལ། ཆག་རྩ་གཡས་གཡོན་གཉིས་ཀྱིས་མཁལ་སྐེད་མན་གྱི་སྨད་ནད་རྣམས་བརྟག་པ་དང༌། སོར་མོ་དྲུག་གི་ཡར་ཟུར་རྣམས་གདགས་དང་མར་ཟུར་རྣམས་སྲིབས་ཏེ་དེ་གཉིས་སྤེལ་བའི་ཚུལ་གྱིས་རྩ་ཡི་དོན་ལྔ་དང་སྣོད་དྲུག་གི་ནད་དང་ནད་མེད་བརྟག་གོ དེའང་སོར་མོའི་ཡར་ཟུར་རྣམས་དོན་ལྔའི་ནད་རྟགས་འཕར་ཚུལ་ཕྱིར་རྒྱུ་བའི་གདགས་ཀྱི་རྣམ་པའི་རྩ་དང༌། མར་ཟུར་རྣམས་སུ་སྣོད་དྲུག་གི་ནད་རྟགས་འཕར་ཚུལ་ནང་དུ་རྒྱུ་བ་སྲིབས་ཀྱི་རྣམ་པའི་རྩར་བརྟག་དགོས་ཏེ། ཅིའི་ཕྱིར་ཞེ་ན། དོན་སྣོད་སོ་སོའི་ནད་རྟགས་ཕལ་ཆེར་ཆོ་རོལ་ཏུ་མི་འབྱུང་ཞིང༌། སྣོད་རྣམས་རང་རང་གི་ཁམས་དང་མཐུན་པའི་དོན་གྱི་རྗེས་སུ་འབྲངས་པ་ལ་བརྟེན་ནས། དོན་རྣམས་གདགས་དང་སྣོད་རྣམས་སྲིབས་སྤེལ་བའི་རྒྱུ་མཚན་གྱིས་དོན་རྩ་ལ་ཚ་བའི་ནད་རྟགས་དང་སྣོད་རྩ་ལ་གྲང་བའི་ནད་རྟགས་མཉམ་དུ་འབྱུང་བ་སྲིད་ཀྱི། དེ་ལས་ལྡོག་པ་སྣོད་རྩ་ལ་ཚ་བའི་རྟགས་དང༌། དོན་རྩ་ལ་གྲང་བའི་རྟགས་མཉམ་དུ་འབྱུང་བ་ཤེས་བྱ་ལ་མི་སྲིད་དོ། །ལུས་ཀྱི་སྟོད་སྨད་གཉིས་ལའང་དེ་བཞིན་དུ་ཤེས་པར་གྱིས་ཞེས་པ་སྟེ། མི་གཅིག་ལ་སྟོད་ཚ་སྨད་གྲང་ཡོད་པ་འབྱུང་མོད། སྨད་ཚ་སྟོད་གྲང་འཛོམ་པ་མི་སྲིད་པས་ན། བརྟག་ཚུལ་སྤྱི་བྱེ་བྲག་ཕྲ་རགས་སོ་སོར་བཤད་པ་དེ་དག་མ་འདྲེས་པར་ཕྲ་མོ་རྣམས་ཀྱང་ཞིབ་མོའི་སྒོ་ནས་དབྱེ་བ་ཕྱེད་པར་རྟོགས་ཤིག །ཅེས་གདམས་པར་སྣང་ངོ༌། །

དེ་ལྟར་ཡང་རྩ་དཔྱད་བུ་དོན་མ་ལས། གཡས་ཀྱི་ཚོན་འོག་ཚ་གྱུར་ན། །སྙིང་ལ་ཚ་བ་ཡོད་ཅེས་བྱ། གྲང་ནད་ཕལ་ཆེར་རྒྱུ་མ་གྲང༌། །ཞེས་གསུངས་པས་ཁོ་བོས་བཤད་པ་དེ་རྣམས་ལ་འཁྲུལ་པ་མི་སྣང་ངོ༌། །སྤྱི་དོན་བཅུ་གཅིག་པ་འཆི་རྩ་ནི། འཆི་རྩ་སོགས་རྐང་པ་གཅིག་སྟེ། འཆི་རྩ་བཤད་པ་ལ་གསུམ་སྟེ། རྩ་རྒྱུད་འགྱུར་བ། མ་ཚང་བ། སྡོད་པ། དང་པོ་ལ། གཞན་ལུགས་མི་འཐད་པ་དང༌། གཞུང་དོན་ནོ། དང་པོ་ལ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་དུ། དར་ལྕེ་རླུང་གིས་བསྐྱོད་འདྲ་ནི། སྟོང་ཞིང་སྦོམ་ལ་འཕར་འཕྲོ་འདར། །ཅུང་ཟད་འཕར་སྙམ་པུ་རུ་རུ། །རླུང་གི་ནད་ཀྱི་འཆི་ཞེས་བྱ། །ཞེས་དང༌། མོ་འདེབས་ཁྲ་ཡི་སྒྲོ་ཚུགས་ལྟར། །གྲིམས་ཤིང་མྱུར་ལ་འདར་བ་སྟེ། །དེ་རྗེས་འཕར་སྙམ་ཁྲི་ལི་ལི། །མཁྲིས་པའི་ནད་ཀྱིས་འཆི་ཞེས་བཤད། །ཅེས་དང༌། ཐིག་ཟགས་ཆུ་གཞུག་འདྲ་བ་ནི། །བུལ་བར་འཕར་རྗེས་འཕར་འཕྲོ་འདར། །གང་ཡང་བད་ཀན་ནད་ཀྱིས་འཆི། །ཞེས་དང༌། འཕར་དུས་འདར་ཞིང་རྒྱུག་པ་ལ། །རྗེས་ཐོག་ཉིད་ལ་སྟོང་ཞིང་དལ། །སྐབས་སུ་ཉ་གཞུག་ཉ་ཚུལ་འཁྱིལ། །རླུང་མཁྲིས་ལྡན་པའི་ནད་ཀྱིས་འཆི། །ཞེས་དང༌། མཆིལ་པ་སྒུམ་བུ་འཐུ་འདྲ་ནི། །ཐུང་ཞིང་འཇམ་པར་འཕར་རྗེས་སུ། །ཅུང་ཟད་འཕར་སྙམ་བྱེད་ཅིང་འདར། །བད་རླུང་ལྡན་པའི་ནད་ཀྱིས་འཆི། །ཞེས་ཟེར་རོ། །འདི་རྣམས་ཤིན་ཏུ་གསལ་བར་སོ་མ་རཱ་ཛ་ལས། །ལ་ཁར་དར་འཕྱར་གྱུར་པ་སྟེ། །དེ་ལྟར་འདྲ་བར་འབྲུབ་པའོ། །ཞེས་དང༌། ཁྲའི་འཇུག་རྩེ་ཞེས་པའི་དོན་ལ། མཐིང་རིལ་རྐང་པར་རྡོ་བཏགས་འདྲ། །ཀྲིལ་ཀྲིལ་འཕར་ཞིང་སྡོད་པའོ། །ཞེས་དང༌། རྩ་ནི་ཁང་རུལ་ཐིགས་པ་འདྲ། །སྔར་ཟགས་ཕྱི་ཟགས་མི་སླེབས་པའོ། །ཞེས་དང༌། ཉ་ནི་ཆུ་ནས་ཕྱུངས་འདྲ་བ། །རྩ་ནི་ཡོད་མེད་འགུལ་ཙམ་མོ། །ཉ་གཞུག་དག་ནས་བཟུང་འདྲ་སྟེ། །དལ་མནན་ཀྱུར་ཀྱུར་དྲག་མནན་ན། །མི་གསལ་མི་འགུལ་ཞན་པའོ། །ཞེས་པ་དང༌།

སྡོད་པ་བྱིའུ་མཆིལ་པ་ནི། །སྒུམ་བུ་འཐུ་བ་འདྲ་བ་སྟེ། །བཞི་ལྔ་དྲག་འཕར་སྡོད་པའོ། །ཞེས་གསལ་བར་བཤད་པ་འདི་རྣམས་ཕྱི་རྒྱུད་ཀྱི་ཁུངས་ཐུབ་ཚད་ལྡན་ཡིན་ན་ནི་ཁྱོད་ཀྱིས་བཤད་པ་འདི་རྣམས་མི་ཤེས་པའི་རྟོག་བཟོ་འགྲོ་བ་བསླུ་བའི་ཐབས་ལས་གཞན་མ་ཡིན་ལ། དེས་མཚོན་ནས་དར་ལྕེ་རླུང་བསྐྱོད་རླུང་གི་ནད་ཀྱིས་འཆི་ཞེས་སོགས་ཀྱང་རང་བཟོ་ཁོ་ན་ཡིན་ཞིང༌། ཁྱད་པར་དུ་སྦལ་པ་མཆོངས་འདྲ་ཞེས་སོ་མ་རཱ་ཛར་བཤད་སྣང་ཡང་རྒྱུད་འདིར་མ་གསུངས། གླང་ཆེན་ཁ་ཆུ་ཞེས་སོགས་སོ་མ་རཱ་ཛར་ཡང་མ་བཤད། གཉིས་པ་གཞུང་དོན་ནི། རྩ་རྒྱུད་ཅེས་སོགས་ཤློཀ་གཉིས་ཏེ་འཆི་བའི་རྩ་ལས་རྒྱུད་འགྱུར་བའི་རྣམ་གྲངས་མི་འདྲ་བར་དར་ལྕེ་རླུང་གིས་བསྐྱོད་པ་འདྲ་བར་འབྲུབ་འདར་བ་དང༌། ཁྲའི་གཞུག་རྩེ་འདར་བར་སྲིལ་སྲིལ་འཕར་ཞིང་སྡོད་པ་དང༌། ཐིགས་ཟགས་ཀྱི་ཆུ་གཞུག་འདྲ་བར་སྔ་ཟགས་ཕྱི་ཟགས་མི་སྙོམས་པ་དང༌། ཉ་མོ་རྔམ་པ་ཞེས་ཆུ་ནས་ཕྱུང་བ་ལག་པས་མནན་པ་དང་འདྲ་བར་ཤེད་ཆེར་མནན་ན་མི་འཕར་ཞིང་ཅུང་ཟད་མནན་ན་ཀྱུར་ཀྱུར་བྱེད་པ་དང༌། བྱིའུ་མཆིལ་པ་སྒུམ་བུ་འཐུ་བ་དང་འདྲ་བར་བཞི་ཙམ་མགྱོགས་པར་འཕར་ནས་སྡོད་པ་རྣམས་གང་ཡང་འཆི་བའི་རྩ་ཡིན་ནོ། །དེར་མ་ཟད་ལུས་སྟོབས་ཅན་གྱི་མི་ལ་གློ་བུར་གྱི་ནད་གག་ལྷོག་གླང་ཐབས་སོགས་ཀྱིས་ན་བ་ལ་རྩ་ལྡོག་སྟེ་མི་གསལ་བའམ་ཤིན་ཏུ་ཕྲ་བར་འཕར་བ་དང༌། ནད་ཡུན་རིང་ཞིང་ཟུངས་ཟད་པའི་ནད་ལ་རྩ་རྒྱས་ཤིང་འབྲུབ་པ་དང༌། གྲང་བའི་ནད་ཀྱིས་མནར་བ་ལ་ཚ་བའི་རྩ་དང༌། ཚ་བའི་ནད་ཀྱིས་མནར་བ་ལ་གྲང་བའི་ནད་ཀྱི་རྩ་འབྱུང་བ་དང༌། ཡང་གློ་ཚད་དང༌། ཤ་དུག་དང༌། བད་ཀན་ཕོ་བར་འདྲིལ་པའམ་མཁྲིས་པ་ཕོ་བར་འདྲིལ་བའི་ནད་འདི་བཞི་ལ་ནད་མེད་ཀྱི་རྩ་འབྱུང་བ་རྣམས་གང་འདུག་ཀྱང་མི་དེ་འཆི་བར་འགྱུར་བ་ཡིན་ཞེས་བྱའོ། །

གཉིས་པ་མ་ཚང་བའི་འཆི་རྩ་ནི། མ་ཚང་ཞེས་སོགས་རྐང་པ་བདུན་ཏེ། མ་ཚང་བས་འཆི་རྩར་འགྱུར་བ་དག་ཀྱང་ཡོད་མོད་ཀྱི། ངེས་པར་འཆི་འམ་མི་འཆི་ཤེས་པར་བྱ་བ་ལ་ནི། ནང་དོན་སྣོད་དང་འབྲེལ་པའམ་འབྱོར་བའི་ཕྱིའི་དབང་པོའི་རྟགས་ལས་རྗེས་སུ་དཔགས་ཏེ་ཁ་དམར་གདགས་དགོས་པ་ལས་དེའང་སྙིང་རྩ་མ་ཚང་བ་ངོ་ཤེས་ན་ནི་ལྟ་ཅི་སྨོས། མ་ཤེས་ཀྱང་ལྕེ་ཤིན་ཏུ་ནག་ཅིང་མིག་འབུར་ཚུགས་སུ་བལྟ་ན་སྙིང་རྩ་མ་ཚང་བས་འཆི་བ་ཡིན། ཞེས་བྱ། དེས་མཚོན་ནས་གློ་རྩ་མ་ཚང་ཞིང་སྣ་གཤོག་གཉིས་ཞོམ་ན། ནང་སྤུ་སྟེ་བ་སྤུ་གྱེན་ལ་ལོག་པ་དང༌། མཆིན་རྩ་དེ་མ་ཚང་ཞིང་མིག་གྱེན་ལ་ལྡོག་ལ་སྨིན་མ་ཚོམ་བུར་འཁྱིལ་བ་དང༌། མཆེར་རྩ་མ་ཚང་ཞིང་མ་མཆུ་ཐུར་དུ་འཕྱང་ལ་ལྷེན་སྣ་ནང་དུ་རྡིབ་པ་དང༌། མཁལ་རྩ་མ་ཚང་ཞིང་སྣ་བའི་ཨུཏྟའི་སྒྲ་ཆད་ལ་རྣ་བ་རྒྱབ་ཏུ་འབྱར་བ་དེ་འདྲ་བྱུང་བའི་ཚེ་གོ་རིམ་ཇི་ལྟ་བར་ཞག་གཅིག་དང་གཉིས་དང་གསུམ་དང་ལྔ་དང་བརྒྱད་ལ་འཆི་ཞེས་སོ་སོར་ཁ་དམར་གདགས་པར་བྱའོ། །གསུམ་པ་སྡོད་པའི་འཆི་རྩ་ནི། སྡོད་པ་ངོས་འཛིན། ངོ་ལོན་གྱི་ཆོ་ག འཁྲུལ་སོ་བསལ་བ་གསུམ་ལས། དང་པོ་ནི། སྡོད་ལ་ཞེས་སོགས་ཤློཀ་གཅིག་སྟེ་རྩ་སྡོད་སའི་སྒོ་ནས་འཆི་མི་འཆི་ངོས་འཛིན་པ་ལ། དེ་ལ་དབྱེ་ན་སྡོད་དང་འཆི་སྡོད་དངོས་དང་འདྲེ་སྡོད་ཅེས་བྱ་བ་གསུམ་དུ་ཡོད་པ་ལས། དང་པོ་ན་སྡོད་ནི། དཔེར་ན་གློ་བ་ན་བའི་དུས་སུ་གློ་རྩ་སྡོད་ན་ན་སྡོད་ཅེས་བྱ་སྟེ། མྱུར་དུ་འཆི་བ་མ་ཡིན་ཞིང༌། འདྲེ་སྡོད་ནི་འཕར་གྲངས་མང་ཉུང་ངེས་མེད་དུ་སྡོད་ཅིང་རེས་དྲག་རེས་དལ་བའི་སྐབས་འགར་ཡང་སྡོད་པར་བྱེད་པ་འདི་ཡང་འཆི་བའི་སྡོད་དུ་མི་བཟུང་ལ། འཕར་གྲངས་གང་ལ་སྡོད་ཀྱང་དེ་གའི་དུས་ངེས་པར་སྡོད་པ་ནི་འཆི་སྡོད་དངོས་ཡིན་པ་ལས། དེ་ཡང་གྲངས་མང་བའི་མཚམས་སུ་སྡོད་ན་རིང་ཞིག་ནས་འཆི་ལ། གྲངས་ཉུང་བའི་དུས་སུ་སྡོད་ན་མྱུར་དུ་འཆི་ཞེས་ཤེས་པར་བྱའོ། །གཉིས་པ་ངོ་ལོན་ནི། འདྲེ་ལ་ཞེས་སོགས་རྐང་པ་གཉིས་ཏེ། སྡོད་གསུམ་པོ་དེའི་ནང་ནས་འདྲེ་སྡོད་ལྟར་འདུག་ན་འདྲེ་ལ་ཡས་བྱིན་ཞིང༌། ན་སྡོད་ལྟར་འདུག་ན་གང་ན་བ་དེའི་གཉེན་པོའི་སྨན་གང་ལ་གང་འཚམ་གྱིས་བཅོས་པས་ཕན་ཞིང་རྩའི་སྡོད་སངས་འགྲོ་ལ། དེ་ལྟར་རིམ་གྲོ་དང་སྨན་དཔྱད་བྱས་པས་བདེ་སྐྱེད་མེད་ན་ཅི་ནས་ཀྱང་འཆི་བར་འགྱུར་བའི་ལྟས་ཡིན་ནོ། །གསུམ་པ་འཁྲུལ་སོ་ནི། ནད་བྱིང་སོགས་རྐང་པ་གཉིས་ཏེ། དེ་ལྟར་བཤད་མོད། འོན་ཀྱང་གྲང་བའི་ནད་འགའ་ཞིག་ལ་བརྟེན་ནས་རྩ་གཏིང་དུ་བྱིང་ནས་མི་གསལ་བ་དང༌། རྟ་ལ་སོགས་པས་བསྡབས་ནས་བརྒྱལ་བའམ་རྦ་རླབས་ཐེབས་པ་སོགས་རྐྱེན་གྱིས་གབ་ནས་མི་གསལ་བ་དང༌། གདོན་ཚབས་ཅན་གྱིས་སྦས་ཏེ་མི་གསལ་བ་རྣམས་རྩ་ལྡོག་སྟེ་མེད་པ་ལྟར་གྱུར་ཀྱང་འཕྲལ་དུ་འཆི་བའི་ངེས་པ་མེད་པས་ཕལ་ཆེར་འཚོ་ཞེས་ཁ་དམར་གདགས་པར་བྱའོ། །

སྤྱི་དོན་བཅུ་གཉིས་པ་གདོན་རྩ་བསྟན་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ། ངོ་ལོན་གྱི་ཆོ་གའོ། །དང་པོ་ནི། གདོན་རྩ་སོགས་རྐང་པ་གཉིས་ཏེ། གདོན་རྩ་ཡིན་ངེས་པའི་འཕར་ལུགས་ནི། རྩ་རྒྱུད་གཡས་གཡོན་སྟོད་སྨད་དོན་སྣོད་ཚ་གྲངས་སོགས་མི་སྙོམས་པའི་ཁར་འཕྲལ་འཕྲལ་དུ་འགྱུར་ལྡོག་མང་ཞིང༌། གྲངས་ངེས་མེད་དུ་སྡོད་འཐེན་དང་ལྕམ་དྲལ་སོགས་སྐྱོན་ཅན་གྱི་རྩ་གང་ཡང་འཕར་བར་བྱེད་པ་སྟེ། །ཞེས་པའོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། སྙིང་གི་ཞེས་སོགས་ཤློཀ་གསུམ་གྱིས་སྟོན་ཏེ། གདོན་རྩ་རྩ་རྒྱུད་མི་སྙོམས་ཤིང་སྡོད་འཐེན་ལྕམ་དྲལ་སོགས་སྐྱོན་ཅན་གྱི་རྩ་གང་ཡང༌། བྱེ་བྲག་ཏུ་སྙིང་གི་རྩ་ལ་བྱུང་ན་རང་གིས་བརྟེན་པའི་ལྷ་དང་སྲུང་མ་དང་རྒྱལ་པོས་གནོད་པར་བརྟག་དགོས་ཤིང༌། གློ་བའི་རྩ་ལ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་དུ་བརྟག་ལ། མཆིན་རྩ་ལ་བྱུང་ན་ས་བདག་དམ་སྲི་དང་གྲེ་མོ་རྣམས་སུ་བརྟག་དགོས་པ་དང༌། མཆེར་རྩ་ལ་བྱུང་ན་གཉན་དང་ས་བདག་ཏུ་བརྟག་དགོས་པ་དང༌། མཁལ་མ་གཡས་པའི་རྩ་ལ་བྱུང་ན་ཀླུ་དང་གཉན་ཡིན་པར་བརྟག །མཁལ་མ་གཡོན་པའི་རྩ་ལ་བྱུང་ན་མཚོ་སྨན་དང་ཀླུ་སྲིན་དང་སྲིན་མོ་རྣམས་སུ་བརྟག་དགོས་པ་ཡིན་ནོ། །དེ་ཡང་མདོར་བསྡུ་ན། རྩ་ཆེ་བ་ཞེས་སྦོམ་ལ་ཡུན་རིང་དུ་འཕར་བའི་མི་སྒྲུང་བ་སྟེ་གསལ་པོ་མིན་པ་གཡས་ལ་འདུག་ན་ཕོ་གདོན་དང༌། ཆུང་བ་ཞེས་ཕྲ་ལ་ཡུན་ཐུང་བ་འཕར་ཞིང་མི་སྒྲུང་མི་གསལ་བ་དེ་གཡོན་ལ་འདུག་ན་མོ་གདོན་དུ་ངོས་བཟུང་བས་ཆོག་གོ །ཡང་རྣམ་པ་གཉིས་སུ་ན་རླུང་གི་ནད་ལ་དཀོར་བདག་རྒྱལ་པོ་གནོད་ཅིང༌། གློ་ཚད་གཟེར་ཐུང་ལ་བཙན་དང་བདུད་ཀླུ་བཙན་རྣམས་གནོད་ལ། རིམས་དང་མཁྲིས་ནད་རྐྱང་པ་ལ་མ་མོ་བྱང་སྨན་ཞེས་བྱ་བ་གནོད་པ་དང༌། དམུ་ཆུ་དང༌། སྐྲན་དང༌། འབྲས་དང༌། ལྷོག་པ་རྣམས་ལ་ཀླུ་གཉན་དང་ས་བདག་ལྷན་སྐྱེས་སུ་གནོད་ཅེས་བྱའོ། །གསུམ་པ་ངོ་ལོན་ལ། ངོས་ཟིན་ཞེས་སོགས་རྐང་པ་གསུམ་སྟེ། དེ་ལྟར་ལེགས་པར་བརྟགས་པས་གདོན་ངོས་ཟིན་ནས། དེ་ལ་ཕན་པའི་ཐབས་ཀྱི་བོན་ཆོག་སྣ་ཚོགས་པ་དང༌། སྔགས་པའི་མདོས་གཏོར་དང༌། བླ་མ་བཟང་པོས་བསྐྲད་པ་དང་བྱིན་གྱིས་རློབས་པ་དང༌། སངས་རྒྱས་ཀྱི་བཀའ་ཡིན་ངོ་ཤེས་པ་རྣམས་བསྒྲག་པ་དང༌། དགེ་འདུན་ལ་ཚོགས་གསོག་དང༌། སྐྱེ་བོ་ལ་སྦྱིན་གཏོང་གི་སྒོ་ནས་བསོད་ནམས་གསོག་པ་ལ་སོགས་པ་ཡུལ་སོ་སོའི་ལུགས་དང་སྦྱར་ཏེ་གང་ལ་གང་འཚམ་པས་བཅོས་པར་བྱའོ། །ཞེས་པའི་དོན་ཏོ།།

སྤྱི་དོན་བཅུ་གསུམ་པ་ཚེ་རྟགས་བླའི་རྩ་ལ་བརྟག་པ་དེ་ལ། བླ་རྩ་སྤྱིར་བསྟན་པ། སྐྱོན་བཤད་པ། གདོན་ངོས་བཟུང་བ། ཡོན་ཏན་བཤད་པ་དང་བཞི་ལས། དང་པོ་ལ་གཞན་ལུགས་དང༌། གཞུང་དོན་ནོ། །དང་པོ་ནི། དེང་སང་ཡན་གྱི་སྨན་པ་མཁས་བླུན་ཐམས་ཅད་ཀྱིས། འདི་ནས་བཤད་པའི་བླ་རྩ་ཞེས་པ་འདི་དང༌། བཤད་རྒྱུད་ལས། གཅིག་ནི་དབུགས་དང་འགྲོགས་ཏེ་རྒྱུ་བ་ཡིན། །ཞེས་པ་གཉིས་གཅིག་ཏུ་བཟུང་ནས་བླ་རྩ་འདི་དབུགས་དང་འགྲོགས་ནས་རྒྱུ་བ་དང༌། གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན། །ཞེས་པ་བླ་གནས་ལ་ངོས་བཟུང་བ་འབའ་ཞིག་བྱས་སྣང་ངོ༌། །འཐད་པའི་སྐབས་སུ་སཱ་ལའི་འདབ་མ་ཙམ་ཡང་མེད་དེ། མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་བརྟག་པའི་བླ་རྩ་ནི་དབུགས་དང་འགྲོགས་ནས་རྒྱུ་བ་མ་ཡིན་ཏེ། དབུགས་ཀྱི་རྒྱུ་བ་དང་རྩའི་འཕར་ཚུལ་མི་གཅིག་པའི་ཕྱིར་ཏེ། ཕྱི་ནང་གི་དབུགས་འབྱུང་འཇུག་གཅིག་ལ། རྩ་ལན་ལྔ་འཕར་བ་གསུངས་པའི་ཕྱིར། བླ་དང་འདྲ་སྟེ་འཁྱམས་པ་ཞེས་པ་དེ་བླ་གནས་སུ་གཏན་མི་རུང་སྟེ། འཁྱམས་པ་ཞེས་སོགས་ངེས་མེད་ཀྱི་དོན་ཡིན་ལ། བླ་གནས་ཟླ་བ་ཡར་ངོ་མར་ངོའི་ཚེས་རེ་བཞིན་ཕོ་མོའི་ཁམས་ཡི་གེའི་གཟུགས་ཀྱི་རིམ་པ་བཞིན་དུ་འཕོ་བར་གསུངས་པས་ངེས་པའི་དོན་ཁོ་ན་ཡིན་པའི་ཕྱིར་རོ། །ཞིབ་པར་ཁོ་བོའི་བཤད་རྒྱུད་ཀྱི་འགྲེལ་པར་བཤད་པ་ལས་ཤེས་སོ། །གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན། །ཞེས་པ་དང༌། བླ་རྩ་འཁྱམས་པོ་ཞེས་རྒྱུད་འདི་ནས་བཤད་པའི་བླ་རྩ་འདི་ཡིན་པ་ཤིན་ཏུ་གསལ་ཏེ། ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་བྱུང༌། །ཞེས་པ་འདི་ཙམ་ཡང་མ་མཐོང་ཞིང་གོ་བར་མ་གྱུར་རམ། དེ་ལྟར་ཡིན་ཏེ་སྤྱིར་འཕར་རྩ་ཡིན་ནོ་ཅོག་སྙིང་ཁོ་ན་དང་འབྲེལ་བ་ལས་སྙིང་འཕར་བ་དང་མཐུན་པར་རྩ་ཡང་འཕར་བ་ཡིན་ཞིང༌། ཁྱད་པར་དུ་བླ་རྩ་འདི་གྲེ་ཁུང་ཨ་སོའི་འོག་ཙམ་ནས་གྱེས་ཏེ་མར་ཟུར་ཆུ་རྒྱུས་ཀྱི་གསེབ་བརྒྱུད་ནས་སྲིན་ལག་ཏུ་འཕར་བའི་རྩ་འདི་ཉིད་ཡིན་ལ། ཆོས་མངོན་པ་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པ་ལྟར་རྣམ་པར་ཤེས་པའི་རྟེན་དེ་ལ་སྲོག་དང་ཚེ་ཞེས་བྱ་ལ། སྲོག་དང་ཚེ་དེ་གནས་པའི་རྟེན་ངོ་བོ་དེ་ལ་བླ་ཞེས་གྲགས་ཏེ། དེ་དག་ཚེ་སྲོག་དང་ལྷན་ཅིག་པའི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་ཏུ་འཁྱམས་པ་ལས། གལ་ཏེ་མི་དེ་དབང་ཐང་ཞན་པའི་ཚེ་ན་མཚན་མོ་རྒྱུ་བའི་འབྱུང་པོ་རྣམས་ཀྱིས་བཟུང་ནས་ལོངས་སྤྱོད་དུ་རུང་བ་ཞིག་ཡོད། འཇིག་རྟེན་པ་དང་སྔགས་བོན་གསུང་རབ་ཀྱི་བརྡ་དང་ཐ་སྙད་འགའ་ཞིག་ལའང་བླ་འཁྱམས་པ་དང་ཡར་བའི་སྐབས་འགའ་ཞིག་ཏུ་བླ་འདྲེས་འཛིན་པ་ཡིན་པས། དེ་བོན་ཆོག་གི་སྒོ་ནས་བླ་བསླུ་བ་དང༌། ཚེ་དབང་དང་ཚེ་ཆོག་གི་སྒོ་ནས་བླ་བསླུ་བར་ཡང་བཤད་སྣང་བས་སོ། །ཚེ་ཆོག་འཆི་བསླུས་ཁུགས་པ་སྲིད་པ་ཙམ། །ཞེས་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།

དེས་ན་མི་མ་ཡིན་གྱིས་བླ་ལ་འཚེ་བ་བྱས་པས་བླ་དེ་ལ་བརྟེན་པའི་ཚེ་སྲོག་ལ་གནོད་པ་ཡིན་གྱི། ཚེ་སྲོག་ལ་དངོས་སུ་གནོད་ནུས་པ་མ་ཡིན་ནོ། །མི་ལ་འབྱུང་པོ་ཞུགས་པའི་བརླམས་པ་ཞེས་བྱ་བ་ལའང་དེ་ཉིད་བླའམ་མདངས་དེ་མིའི་སྲིན་ལག་གི་རྩ་ནས་ཞུགས་ཏེ། སྙིང་གི་གནས་སུ་རྣམ་པར་ཤེས་པ་མྱོས་པར་བྱེད་པ་ཡིན་ལ། གང་ཟག་ནུས་པ་ཅན་གྱིས་སྲིན་ལག་བསྡམས་པའི་ཚེ་ཕྱིར་འདོན་མི་ནུས་པ་དང༌། སྲིན་ལག་ལ་གྲི་ལྕགས་སོགས་ཀྱི་སྲུང་བ་སོར་གདུབ་ཏུ་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེས་ན་བླ་དེ་རྒྱུ་བའི་ལམ་ལ་བླ་རྩ་དང༌། ཕྱི་རོལ་ཏུ་འཁྱམས་པ་དངོས་དེ་ལ་བླ་ཞེས་བྱ་བ་ཡིན་ནོ། །གཉིས་པ་གཞུང་དོན་ནི། ཚེའི་རྟགས་ཞེས་སོགས་ཤློཀ་གཉིས་ཀྱིས་སྟོན་ཏེ། ཚེ་རིང་ཐུང་གི་རྟགས་གསལ་པོར་སྟོན་པའི་བླའི་རྩ་ལ་བརྟག་པ་ནི། ཡེ་གདོད་མ་ནས་རང་གི་སེམས་ལ་རང་དབང་མ་ཐོབ་པར་ཁ་ཕྱིར་བལྟས་པ་ལ་བརྟེན་ནས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་སྲིད་པའི་གནས་སུ་ལུས་ངན་གྱི་སྐྱེ་བ་བླངས་པ་དེའི་རྣམ་པར་ཤེས་པའི་རྟེན་ཚེ་སྲོག་ཡིན་ལ། ཚེ་སྲོག་གི་རྟེན་དུ་བླ་རྩ་འཁྱམས་པོ་ཞེས་བླ་གནས་རྒྱུ་བའི་བླ་ཚེ་འཁྱམས་པོ་ཞེས་བྱ་བ་དེ་འབྱུང་བ་ཡིན་ནོ། །རྒྱུ་མཚན་དེས་བླ་རྩ་དེ་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ན་ཐ་མལ་དུ་གནས་ན་བླ་ཚེ་དེ་རང་གི་མལ་དུ་གནས་ཞེས་བྱ་སྟེ་ཚེ་ལ་བར་ཆད་མི་འགྱུར་ལ། བླ་རྩ་དེ་ཐ་མལ་དུ་མ་གནས་པར་དལ་བྲེལ་མི་སྙོམས་པ་དང༌། སྡོད་འཐེན་སོགས་འགྱུར་ལྡོག་བྱེད་ན་བླ་ཚེ་དེ་ལའང་སྐྱོན་བྱུང་བའི་རྟགས་ཡིན་པས་ཚེ་མི་བརྟན་ཞིང༌། བླ་རྩ་དེ་གཞན་དུ་བྲོས་ནས་བླ་རྩ་ཁོ་རང་གི་གནས་སུ་མི་འཕར་ན་རྩ་དེ་ལ་རྒྱུ་བའི་བླ་ཚེ་དེ་ཡང་གཞན་དུ་ཡར་བའི་རྟགས་ཡིན་པས་འཆི་བ་ཞེས་བྱ་ལ། སླར་བླ་དེ་འགུགས་པའི་ཐབས་ཀྱི་བླ་བསླུ་དང༌། ཚེ་ཆོག་འཆི་བསླུ་རྣམས་ལ་འབད་ན་ཁུགས་པའང་སྲིད་པ་འབྱུང་ཞེས་པའི་དོན་ནོ། གཉིས་པ་ཡར་མར་ཞེས་སོགས་ཤློཀ་གཉིས་དང་རྐང་པ་གསུམ་གྱིས་སྟོན་ཏེ། ཤ་སྲུབས་ཡར་མར་གྱི་ཆུ་རྒྱུས་ཀྱི་འོག་ཏུ་ཞ་ནས་རང་གནས་ཀྱིས་མི་རྒྱུ་ན། རྩ་བལྟ་ཡུལ་གྱི་མི་དེ་བནྡེ་དང་བོན་པོ་ཡིན་ན་ཁོ་རང་གི་སྲུང་མ་བདུད་དུ་བབས་པ་ཡིན་ཞིང༌། སྐྱེ་བོ་ཡིན་ན་གཞན་གྱིས་འཕངས་པའི་ཟོར་ཁ་དང་ཀླུ་གཉན་དང་འགྲས་པ་ཡིན་ཞེས་བྱའོ། །སྐྱེས་པ་ཕོ་ལ་བླ་རྩ་གཡས་པ་འཁྱིག་ཅིང་སྡོད་ན་དེའི་ཕ་ཁུ་དང་སྤུན་ཟླ་འཆི་ཞིང༌། གཡོན་པ་འབྲུབ་ཅིང་སྡོད་ན་བུད་མེད་འཆི་ལ། བླ་རྩ་གཡས་གཡོན་གཉིས་ཀ་འཁྱིག་ཅིང་སྡོད་ན་རྩ་བལྟ་ཡུལ་རང་ཉིད་གྲི་རུ་འཆི་བ་དང༌། འཁྱིག་པ་དེའི་ཁར་ཐང་གཅིག་ལས་མི་སྡོད་ན་ནོར་ལ་གོད་ཁ་དང་གཞན་གྱི་ཁ་ཡོགས་ངན་པ་ཡོང་ཞེས་བྱའོ། །དེས་མཚུངས། བུད་མེད་དེ་ལ་བླ་རྩ་གཡས་པ་འཁྱིག་ཅིང་སྡོད་ན་ཁྱོ་ཕོ་ཕྱོགས་ཀྱི་ཉེ་རིགས་འཆི་ཞིང༌། གཡོན་པ་འཁྱིག་ཅིང་སྡོད་ན་མོ་རང་གི་ཕ་མིང་འཆི་ལ། གཡས་གཡོན་གཉིས་ཀའི་བླ་རྩ་འབྲུབ་ཅིང་སྡོད་ན་མོ་རང་བུ་དང་ཁྱོ་ཕོ་དེ་འཆི་ཞེས་པ་དང༌། བླ་རྩ་གཉིས་པོ་གང་ཡང་རུང་བ་སྟོང་ཞིང་བརྒྱལ་བ་ལྟར་མི་འཕར་ན་ནོར་ལ་གོད་ཁ་འོང་ཞིང༌། ཐང་འཁྱིག་དུ་འདུག་ན་གཞན་དང་ཁ་སྨྲས་སམ་ཁ་མཆུ་འོང་ཞེས་བྱའོ། །

གསུམ་པ་གདོན་རྩ་ནི། མལ་མི་ཐུབ་ན་ཞེས་སོགས་རྐང་པ་གཉིས་ཏེ། བལྟ་ཡུལ་བུ་ལ་ཡིན་ཀྱང་བླ་རྩ་དེ་རང་གི་གནས་སུ་ཐ་མལ་དུ་གནས་པའི་རང་དབང་མི་ཐུབ་པར་འགྱུར་ལྡོག་སྟོན་དགོས་པ་བྱུང་ན་གདོན་གྱི་རྩ་ཡིན་པར་ངོས་བཟུང་ནས་དེའི་ཁར་བྱེ་བྲག་ཏུ་སྦོམ་ཞིང་འབྲུབ་པ་འདུག་ན་ཕོ་གདོན་དང༌། ཐུང་ཞིང་རྩུབ་པ་འདུག་ན་མོ་གདོན་དུ་བཟུང་ལ་དེ་དང་འཚམ་པའི་རིམ་གྲོ་འབོགས་པར་བྱའོ། །

བཞི་པ་སྐྱོན་མེད་གྱི་རྩ་ནི། བླ་རྩ་ཞེས་སོགས་རྐང་པ་གསུམ་སྟེ། བཤད་མ་ཐག་པའི་བླ་རྩ་དེ་རང་གི་གནས་སུ་སྐྱོན་གང་གིས་ཀྱང་མ་བསླད་པར་དལ་བྲེལ་ཕྲ་སྦོམ་སྙོམས་པར་ལན་བརྒྱའི་བར་དུ་འཕར་བ་ནི། ཚེ་ལོ་བརྒྱའི་བར་དུ་ཐུབ་སྟེ་ལྔ་བཅུ་ཙམ་ནས་སྐྱོན་དང་བཅས་པ་འདུག་ན་ལྔ་བཅུ་ཐུབ་ལ། དེ་བཞིན་དུ་བཞི་བཅུ་སོགས་དང༌། མདོར་ན་སྐྱོན་མེད་དུ་འཕར་ན་ཐེངས་རེས་ལོ་རེ་རེ་ཐུབ་པར་བཤད་པ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །འདིར་ནི་སྤྱིར་བཏང་རགས་པའི་དབང་དུ་བྱས་ནས་གསུངས་ཀྱི་དོན་དུ་ལྔ་བཅུ་ཡན་ལ་མཐའ་གཅིག་ཏུ་ངེས་པ་མེད་དོ།།

གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ནས་གསུངས་སོ་ཞེས་པའི་བར་སྟེ། དེ་ལྟར་ཞེས་སོགས་གོང་དུ་རྩ་བལྟ་བའི་སྔོན་འགྲོ་ནས་བཟུང་སྟེ་སྤྱི་བྱེ་བྲག་གི་རྣམ་དབྱེ་མ་འདྲེས་པ་དེ་དག་སོ་སོར་རྟོག་པ་ཞིབ་མོས་ལེགས་པར་བརྟགས་ཤིང་དཔྱོད་པའི་སྨན་པ་དེ་ཉིད་མི་གཞན་གྱིས་གསང་གཏམ་གལ་ཆེ་བ་སྐད་གདངས་ཆུང་དུས་ཤུབ་བུར་སྨྲ་བ་ལ་སྒྲིམས་ཏེ་ཉན་པ་དང་འདྲ་བ་ཤེས་པ་གཞན་དུ་མ་གཡེངས་པར་རྩའི་འཕར་ཚུལ་སོགས་དོན་དེ་ཉིད་གཅིག་པུ་ལ་བསྡུས་ནས་ནད་མེད་དང་ནད་ཅན་སོགས་ཀྱི་རྣམ་དབྱེ་མ་འདྲེས་པར་སོ་སོར་འབྱེད་པ་ལ་སྤྲོ་བ་གྱིས་ཤིག །ཅེས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་སོ།  །ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། རེག་པ་རྩ་ལ་ནད་ངོས་བཟུང་པའི་ལེའུ་སྟེ་དང་པོའོ། །ཞེས་སོགས། །མངྒ་ལཾ།

མཐའ་མའི་འདོན་ཐེངས་།: 29.09.2011 ཉིན། 2:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།