སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།



ལེའུ་དགུ་བཅུ་པ།  རྒས་པ་གསོ་བ་བཅུད་ལེན། 

དེ་ནས་ཞེས་པ་ནི་སྔ་ཕྱི་མཚམས་སྦྱོར་བ་དང་ཡང་ཞེས་པ་སླར་ཞུ་མུས་བསྐྱར་བའི་དོན་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོད་ཚིག་གིས་དྲངས་ཏེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། རྒས་པ་ཞེས་བྱ་བ་གསོ་བའི་སྐབས་ལ་ཅི་འདྲ་ལྟར་དུ་བསླབ་པར་བགྱི་ཞེས་འདྲི་ཞིང་འགྲོ་བ་ཀུན་གྱི་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་བདག་ཅག་འཁོར་རྣམས་ལ་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། ཚེ་ཟད་པའམ་ལུས་རྒས་པའི་ནད་ཅེས་བྱ་བ་འདི་ལ་དངོས་སུ་མ་གསུངས་ཀྱང་འདིའི་ཤུགས་རྟོགས་ཀྱི་དབང་གིས་ཡིན་ཏེ། རྒྱུ་ལུས་ཕུང་གི་འབྱུང་བ་རྣམ་པ་ལྔ་རྐྱེན་ལོ་གྲངས་ཀྱིས་ན་ཚོད་བརྒལ་བ་དང་ངལ་དུབ་སོགས་ལུས་སེམས་དྲག་ལས་ཀྱིས་འབྱུང་བ་ཉམས་ཤིང་ཟུངས་སྟོབས་ཀྱི་བཅུད་ཤོར་བས་འབྱུང་སྟེ། དེ་ཉིད་ལས་བསྲིང་བའི་བཅུད་ལེན་གྱི་ནི་ཆོ་ག་ལེགས་པར་བཤད་པར་བྱ་སྟེ་འདི་ལ་ཕན་ཡོན་དང༌། གནས་དང༌། རྟེན་དང༌། བྱ་ཐབས་དང་བཞི་ལས།

ཕན་ཡོན་ནི་ཚེ་རིང་ཞིང་ན་ཚོད་དར་མ་ལ་འཇོག་པ་དང༌། ལུས་ཀྱི་མདངས་དང་སྟོབས་བསྐྱེད་ལ་དབང་པོ་མིག་སོགས་དང་དྲན་པ་གསལ་ཞིང་བློ་རྣོ་ལ་སྐད་ཀྱི་གདངས་སམ་མདངས་དང་ལྡན་ཞིང་རོ་ཙ་བར་བྱེད་ནུས་སོ། །

དེ་ལྟར་བྱ་བའི་གནས་ནི་ས་གཙང་ལ་དབེན་ཞིང་ཉམས་དགའ་ལ་ཆུ་དང་ཤིང་རྣམས་འཛོམ་ཞིང་བར་ཆད་མེད་ཅེས་མི་དང་སེམས་ཅན་སོགས་ཀྱི་གནོད་པ་མེད་པར་སྒྲུབ་དགོས་ཏེ། ཟླ་ཟེར་ལས་ཀྱང༌། དུ་བ་ཉིན་མཚན་བརྟུལ་ཞུགས་སྦྲུལ། །བུད་མེད་གླེན་པས་མི་བགྲོད་པར། །ཞེས་འབྱུང་ངོ༌། །

ཡང་ལུས་རྟེན་ནི་ཧ་ཅང་གི་རྒས་པ་མ་ཡིན་པས་མེ་དང་ཉི་མ་ཆགས་སྤྱོད་སོགས་དང་ལུས་སེམས་དྲག་ཤུལ་གྱི་ལས་དང་ཟས་རུལ་སྐྱུར་རྗེན་དང་སྔོ་ངད་པ་ཅན་དང་ལན་ཚྭ་སོགས་སྤང་བར་བྱས་ལ། ཚེས་གྲངས་བཟང་བ་ལ་བསྟེན་སྐྱོབ་ཀྱི་ལྷ་མཆོད་པ་དང་ཁྲུས་བྱས་ནས་ལས་སུ་འཇུག་གོ།

བྱ་བའི་ཐབས་ལ་གཙོ་བོར་སྒྲུབ་པ་དང་ཞོར་དུ་སྤྱད་པ་གཉིས་ལས་གཙོ་བོར་སྒྲུབ་པ་ལ་སྣུམ་བཅོས་ནི་ཟས་སྣུམ་པ་དྲོད་ཅན་བསྟེན་པ་དང་དུགས་བྱས་ལ་ཨ་རུ་མཆུ་སྙུང་གི་མཆུ་དང༌། སྐྱུ་རུ་ར། རྒྱམ་ཚྭ་དང༌། པི་པི་ལིང༌། ཤུ་དག་དཀར་པོ། བཅའ་སྒ་དང༌། ཡུང་བ་དང༌། བྱི་ཏང་གབུ་རམ་རྣམས་བ་དམར་སེར་གྱི་ཆུར་སྦྱར་བའི་ཁྲུས་ཀྱིས་སྦྱང་དགོས་ཏེ། དེ་ལྟར་དུ་མ་སྦྱངས་པར་བཅུད་ལེན་དང་རོ་ཙའི་སྦྱོར་བ་བྱེད་པ་དྲི་མ་དང་བཅས་པ་ལ་ཚོས་མི་ལེན་པ་ལྟར་བྱས་པ་དོན་མེད་དུ་འགྱུར་བས་ན་དེ་ལྟར་ངེས་དགོས་ཤིང༌། ལྷ་མིན་ཁྲག་ཅེས་སྒོག་པ་ཡིན་ཏེ། སྙིང་པོ་བསྡུས་པར་ཡང༌། སྒྲ་གཅན་བདུད་རྩི་བརྐུ་བ་ན། །སྐེ་བཅད་པ་ལས་འཛགས་གྱུར་པའི། །བདུད་རྩི་ཐིགས་པ་སར་ལྷུང་བ། །སྒོག་པ་ཉིད་དུ་གྱུར་པ་ཡིན། །ལྷ་མིན་ལུས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེ་དེ་མི་ཟ། །སྔོན་དུས་བདུད་རྩི་ལས་བྱུང་བས། །དེ་ནི་བཅུད་ཀྱི་ལེན་མཆོག་ཡིན། །ཞེས་དེ་ཉིད་བཅུད་ལེན་གྱི་མཆོག་ཡིན་པས་ཤུན་པ་ཕྲལ་ལ་ཞག་གཅིག་ཆང་བཟང་པོའི་ནང་དུ་སྦངས་པ་དེའི་ཁུ་བ་བཙགས་པའི་དྭངས་མ་དེ་དང་ཏིལ་མར་ཞོའི་ཁ་ཆུ་དང་སྦྱར་བ་ནང་པར་རན་ཙམ་རེ་བསྟེན། དེའི་རྗེས་ལ་འོ་མ་དང༌། ཞུན་མར་དང༌། སྐམ་ས་ལ་གནས་པའི་ཤ་ཁུ་སོགས་རླུང་ཅན་ལ་དྲོ་བ། མཁྲིས་པར་བསིལ་བ་སོགས་ནད་དང་གང་འཕྲོད་པའི་རིགས་བསྐོལ་བ་བླུད། ཡང་ན་སྒོག་སྐྱ་བཙོས་ཏེ་བསྣུར་བ་ཞུན་མར་དང་སྦྱར་བའི་ལྡེ་གུ་ནས་ཀྱི་སྣོད་དུ་ཞག་བདུན་གསུམ་སྟེ་ཞག་ཉེར་གཅིག་བཞག་པའི་ཞག་གི་གྲངས་བསྟེན་ཞེས་པ་ལ་སྙིང་པོ་བསྡུས་པར་ཡང༌། ཞག་བཅུ་བཞག་པའམ་དེ་བཞིན་དུ། །ཞག་དང་མཉམ་བཞག་སྤྱད་པར་བྱ། །ཞེས་འབྱུང་བས་སྒོག་སྐྱ་ཞུན་མར་སྦྱར་བའི་ལྡེ་གུ་ནས་རྙིང་སྐམ་པོའི་དབུས་སུ་ཞག་བཅུ་བཞག་ན་དེ་ནས་ཞག་བཅུ་བསྟེན། གསུམ་བཞག་ན་གསུམ་བསྟེན་པ་སོགས་གང་བཞག་པའི་ཞག་དང་གྲངས་མཉམ་བསྟེན་པས་རླུང་ཤས་ཅན་གྱི་ཚེ་འཕེལ་ཞིང་གཞོན་ནུར་ཡུན་རིང་བར་དུ་འཇོག་པ་ཡིན་ནོ། །ཡང་ན་བྲག་ཞུན་མདོག་ནག་ཅེས་པ་འདི་ལ་སྙིང་པོ་བསྡུས་པར། སོས་ཀའི་ཚ་བས་གདུང་བྲག་ལ། །གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང༌། །དེ་ནི་བྲག་ཞུན་ཞེས་བྱར་བཤད། །དེ་དག་ཀུན་ཀྱང་ཁ་ཞིང་ཚ། །ཤས་ཆེར་མི་འཕྲོད་ཞུ་རྗེས་ཚད། །གཅོད་པར་བྱེད་དེ་དེ་ལས་ནི། །ལྕགས་ལས་བྱུང་བ་རབ་ཏུ་བསྔགས། །བ་གཅིན་དྲི་བྲོ་གནག་པ་དང༌། །གུ་གུལ་འདྲ་ཞིང་གསེག་མ་མེད། །སྤྱིན་བག་སྣུམ་ཞིང་སྐྱུར་བ་དང༌། །བསྐ་ཞིང་འཇམ་ལ་ལྕི་བ་དང༌། །བྲག་ཞུན་དེ་ནི་མཆོག་ཡིན་ནོ། །ཞེས་པ་ལྟར། ལྕགས་ཞུན་མདོག་ནག་ལ་ས་མེད་པ་བ་གཅིན་བྲོ་བ་མདངས་སྣུམ་ཞིང་རོ་ཁ་བསྐ་ལྗིད་ལྕི་བ་ལྕགས་ལས་གྱུར་པ་འདི་བྲག་ཞུན་གཞན་ལས་མཆོག་ཏུ་གྱུར་པ་ཡིན་པས་ན་དེ་དང་གསེར་དངུལ་ཟངས་ལྕགས་ནུས་ལྡན་བསྲེགས་པ་སྦྱར་ཏེ་འོ་མས་དབུལ་བ་དང༌། ཡང་ན་བསྒྱུར་ཁ་བྱ་དགོས་ཏེ། སྙིང་པོ་བསྡུས་པར་ཡང༌། ནད་དང་ནད་པ་རྗེས་མཐུན་པར། །སྨན་དང་བྲག་ཞུན་ཆ་མཉམ་བྱ། །ལྕགས་ཀྱི་སྣོད་དུ་སྦྱར་བར་བྱ། །ཞེས་པ་ལྟར་ཡང་ན་ནད་དང་གང་འཕྲོད་པའི་སྨན་ཆིག་རྐྱང་སྦྱོར་སྡེ་གང་རིགས་དང་བྲག་ཞུན་ཆ་མཉམ་ལྕགས་ཀྱི་སྣོད་དུ་བསྐོལ་ཞིང་སྦྱོར་བ་དེ་བཅུ་ལ་ཚད་ལྡན་དུ་བཟའ་དགོས་ཏེ། ཚད་ལྡན་གང་ཞེ་ན། སྙིང་པོ་བསྡུས་པར། དེ་ལྟར་བྲག་ཞུན་མི་རྣམས་ལ། །ཤིན་ཏུ་ཕན་པར་བྱེད་པ་ཡིན། །ཡོན་ཏན་མ་ལུས་སྐྱེད་བྱེད་ཅིང༌། །འཕྲལ་དུ་གནོད་པར་མི་བྱེད་དོ། །ཞག་བདུན་ཕྲག་གཅིག་ཕྲག་གསུམ་དང༌། །ཕྲག་བདུན་ཞོ་དོ་སྲང་ཕྱེད་ཕྱེད། །ཅེས་འབྱུང་བས། ཞག་བདུན་ཕྲག་གཅིག་དང་པོའི་ཞག་བདུན་ལ་ཞག་རེ་བཞིན་གསེར་ཞོ་གཉིས་དང་ལྗིད་མཉམ་པ་བཟའ། དེ་ནས་བདུན་ཕྲག་གསུམ་སྟེ་ཞག་ཉེར་གཅིག་ལ་སྔ་མ་ཞོ་གཉིས་ཀྱི་སྟེང་དུ་ཞོ་དོ་བསྐྱེད་པ་ཞོ་བཞི་ཟ། དེ་ནས་ཞག་ཕྲག་བདུན་ཏེ་ཞེ་དགུའི་བར་སྔར་ཕྱེད་ཀྱི་ཐོག་སྲང་ཕྱེད་འཕར་བ་སྲང་གང་ཟ་བ་དང༌། འདི་ལ་མོན་སྣེ་དམར་པོ་གོང་བཤད་དང༌། རྒྱ་སྲན་གྱི་རིགས་དང་ཕུག་རོན་གྱི་ཤ་སོགས་རྟག་ཏུ་སྤང་ཞེས་པ་ལ། སྙིང་པོ་བསྡུས་པར། རྒྱ་སྲན་མོན་སྣེ་དམར་རུ་དང༌། །ཕུག་རོན་ཤ་ནི་རྟག་ཏུ་སྤང༌། །ཞེས་དང༌། ས་སྟེང་དུ་གནས་པ་རྣམས་ཀྱི་ནད་བྲག་ཞུན་གྱིས་མ་བཅོམ་པའམ་མི་བཅོམ་པའི་ནད་གང་ཡང་ཡོད་པ་མིན་ཞེས་ཁྱད་པར་དུ་ཚ་བ་ཤས་ཅན་རྣམས་ཀྱི་ཚེ་འཕེལ་བའི་མཆོག་ཡིན་ནོ། །དེའི་རྒྱུ་མཚན་ཡང་བསྡུས་པར། གང་ཞིག་བྲག་ཞུན་གྱིས་ནི་མངོན་སུམ་དུ། །མ་བསལ་ནད་དེ་ས་སྟེང་ཡོད་མ་ཡིན། །དུས་སུ་ཆོ་ག་བཞིན་དུ་བསྟེན་བྱས་ན། །ནད་མེད་ཉམས་སྟོབས་རྒྱ་ཆེན་སྐྱེད་པར་བྱེད། །ཙི་ཏྲ་ཀ་དངསྦྲང་རྩི་མར་སྦྱར་བ། །ཞེས་པ་ལ། སྙིང་པོ་བསྡུས་པར། ཙི་ཏྲ་ཀ་ཡི་མེ་ཏོག་ནི། །སེར་པོ་དཀར་ནག་ལས་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་སྦྱར། །གོ་རིམ་བཞིན་དུ་ཡོན་ཏན་ཆེ། །དེ་ཡི་རྩ་བ་གྲིབ་མར་སྐམས། །ཕྱེ་མར་བྱས་ལ་སྦྲང་རྩི་མར། །འོ་མ་ཆུ་དང་ཟླ་གཅིག་བར། །བརྟུལ་ཞུགས་ཅན་གྱིས་བསྟེན་བྱས་ལ། །ཕན་པའི་ཟས་ནི་ཟ་བྱེད་ན། །ལོ་བརྒྱ་འཚོ་ཞིང་ནད་མེད་ལ། །ཡིད་གཞུངས་སྟོབས་དང་མདངས་ལྡན་ཞིང༌། །ལུས་རྒྱས་མེ་དྲོད་འབར་བར་འགྱུར། །ཏིལ་མར་ལྡེ་གུ་ཟླ་གཅིག་བར། །བསྟེན་ན་རླུང་ནད་གསོ་དཀའ་འཇོམས། །གཅིན་སྦྱར་ཤ་བཀྲ་མཛེ་ནད་འཇོམས། །དར་བར་སྦྱར་བས་གཞང་འབྲུམ་སེལ། །ཞེས་པ་ལྟར་ཟླ་བ་གཅིག་གི་བར་དུ་འཕྲོད་པའི་ཟས་ནི་ལུས་ཁམས་དང་སྨན་དང་རྗེས་མཐུན་གྱི་ཟས་ཚ་དྲོ་སྤེལ་བ་སྦྱར་ཏེ་བསྟེན་ན་ཚེ་རིང་ལ་ལུས་ཀྱི་སྟོབས་རྒྱས་ཤིང་ཁོང་པའི་མེ་དྲོད་འབར་བར་འགྱུར་བ་སོགས་བད་ཀན་དང་གྲང་བའི་ནད་ཅན་གྱི་ཚེ་ཡུན་རིང་དུ་གནས་པས་སོ། །དེ་དང་བ་དམར་སེར་གྱི་ཆུ་སྦྱར་བ་བསྟེན་པས་མཛེ་ནད་ཀྱང་འཇོམས་པ་དང༌། ཨ་རུ་ར་དང༌། བ་རུ། སྐྱུ་རུ་སྟེ་འབྲས་བུ་གསུམ་གྱི་སྨན་མར་གྱིས་དབང་པོ་གསལ་ལ་ལུས་ཀྱི་སྟོབས་སྐྱེ་བ་དང་འདུས་པའི་ནད་རྣམས་སེལ་ཏེ། ན་ཚོད་རྒན་གཞོན་དར་མ་ལ་འཇོག་པའི་མཆོག་དམ་པ་ཡིན་ལ། དེ་ལྟར་སྒོག་པས་རླུང༌། བྲག་ཞུན་གྱིས་ཁྲག་དང་མཁྲིས་པ། ཙི་ཏྲ་ཀས་བད་ཀན་གྲང་བ་དང་ཆུ་སེར། འབྲས་བུ་གསུམ་གྱིས་འདུས་པ་སེལ་ཏེ་ནད་གཞི་དང་སྦྱར་བའི་བཅུད་ལེན་ནོ། །དེ་ནི་རྩི་བཞི་དང་ཕྱི་འབྱུང་གི་དྭངས་མས་ནང་འབྱུང་གི་གསོས་བྱེད་པའི་རྟེན་འབྲེལ་དྭངས་མ་ལྔའི་བཅུད་བླངས་པ་ལ་སའི་དྭངས་མ་ནི་བྲག་ཞུན་སྤྱི་དང་ཁྱད་པར་ལྕགས་ཞུན་ཤའི་གསོས་དང༌། རྡོའི་དྭངས་མ་ནི་ཅོང་ཞི་སྤྱི་དང་བྱུང་ན་དམར་པོ་རུས་པའི་གསོས་དང༌། ཤིང་གི་དྭངས་མ་ནི་བུ་རམ་ལྷད་མེད་པ་སྟོབས་ཀྱི་གསོས་དང་མེ་ཏོག་གི་དྭངས་མ་ནི་སྦྲང་རྩི་སྟེ་བྱུང་ན་གྲོག་མ་སྦྲང་མར་སོང་བའི་མདངས་ཀྱི་གསོས་དང༌། རྩའི་དྭངས་མ་ནི་འབྲིའི་མར་དཀར་བཅུད་ཀྱི་གསོས་དང༌། རྩི་བཞི་ནི་ཤུག་འབྲུ་དང༌། བ་ལུ་དཀར་པོ་དང༌། ལུག་མཚེ་དང༌། མཁན་པ་དཀར་པོ་བཞི་ནི་བདུད་རྩི་ཟིལ་པ་ཅན་དང༌། དགུན་མི་སྐམས་པས་མྱ་ངན་མེད་པའི་ཤིང་ཡིན་པས་ཚེའི་གསོས་སུ་འགྱུར་ཞིང་འདི་དགུའི་བཅུད་ཇི་ལྟ་བ་བཞིན་དུ་ལོང་ན་སྲོག་གཅོད་ཀྱི་ནད་དགུ་ལས་གྲོལ་བར་འགྱུར་ཏེ་གཞན་དག་ལྟ་ཅི་སྨོས། རྒས་པའི་ནད་རྟགས་ནུབ་ཅིང་བཅུ་དྲུག་ལོན་པ་ལྟ་བུའི་ལུས་སུ་འགྱུར་ཞིང་སེང་གེ་བཞིན་གྱི་རྩལ་ཆེ་ལ་གླང་པོ་ལྟ་བུའི་སྟོབས་དང༌། རྨ་བྱར་འགྲན་བཟོད་པའི་བཀྲག་མདངས་དང་ལྡན་ཞིང་བང་མགྱོགས་པ་ཅང་ཤེས་རྟ་དང་མཚུངས་པ་དང༌། ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པ་མཐར་འཁྱོལ་ཞིང་རིང་བར་འགྱུར་རོ། །

དེའི་སྦྱོར་ཐབས་ལའང་ཆེན་པོ་དང་ཆུང་ངུ་གཉིས་ལས་ལར་ན་ཅོང་ཞི་དང་བྲག་ཞུན་སྲིད་པའི་བྱང་སེམས་དཀར་དམར་དུ་ཡང་གྲགས་པས་ན་ཆེན་པོའམ་དང་པོ་ཅོང་ཞི་ནི་རྡོ་རྒྱུད་དུ། ནད་རྣམས་མ་ལུས་ཞི་བྱེད་པ། །དཀར་དམར་སེར་ལ་སྣ་རིང་མཉེན། །ཕོ་མོ་གཉིས་ཀས་བསྟེན་བྱས་ན། །བདུད་རྩི་ལྟ་བུའི་ནུས་པ་ཡོད། །མིང་ནི་མ་ནིང་ཚིལ་བུ་སྟེ། །བཅུད་ལེན་རྣམས་ཀྱི་མཆོག་ཏུ་འགྱུར། །ཞེས་པ་འདི་བསྔགས་ལ་གཞན་གྱིས་ཀྱང་ཚབ་རུང་བ་དེ་ནས་ཙམ་བརྡུངས་པ་བྲེ་གང་ཆུ་ཞོ་གཅིག་སྟེ་དེའང་སྤྱིར། དཔའ་བོས། སྲང་གཉིས་ལ་ནི་ཁྱོར་གང་ངོ༌། །སྲང་བཞི་ལ་ནི་སྙིམ་པ་གང༌། །ཞེས་ཀྱང་ཞོ་གང་ཡིན་ལ་འདི་སྐབས་བྲེ་དྲུག་གི་ཆུར་གདུས་པའི་ཁུ་བ་ཆུ་བྲེ་གང་དུ་སོང་བ་དང་རྩིགས་མ་བཏོན། དེ་ནས་ཡང་གོང་གི་བདུད་རྩི་བཞི་དང་བྲག་ཞུན་རྣམས་བྲེ་ཕྱེད་ཕྱེད། གུད་གུད་དེ་སོ་སོར་གདུས་པའི་ཁུ་བ་ཁྱོར་བ་རེ། འོ་མ་དང་མར་སྲང་སུམ་ཅུ་རྣམས་བསྲེས་ཏེ་བསྐོལ་ནས་ཆུ་བཅད་ལ་བུ་རམ་དང་སྦྲང་རྩི་གཉིས་བྲེ་རེ་སྟེ་དོ་སྦྱར་བ་ཐོད་པ་བཟང་པོ་ཤིས་པར་བླུགས་ལ་མདུན་སྟེགས་ལ་བཞགཏིང་འཛིན་སྒོམ་པ་ནི་ཐོག་མར་བདུད་རྩི་བུམ་པ་ལས་བཤད་པ་ལྟར་གྱི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སོགས་སྔོན་འགྲོ་རང་ཉིད་ཡི་དམ་གྱི་བདག་བསྐྱེད་བྱ། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཐོད་པའི་དབུས་སུ་ཨོཾ་དང་མཱུཾ་ལས་རྣམ་པར་སྣང་མཛད་དཀར་པོ་ཡབ་ཡུམ་གཉིས་ཀས་གཡས་འཁོར་ལོ་གཡོན་ཐོད་པ་བསྣམས་པ། ཤར་དུ་ཧཱུཾ་དང་ལཾ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མཐིང་ག་གཉིས་ཀས་རྡོ་རྗེ་དང་ཐོད་པ་བསྣམས་པ། ལྷོར་ཏྲཱཾ་དང་མཾ་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་གཉིས་ཀས་རིན་ཆེན་དང་ཐོད་པ་བསྣམས་པ། ནུབ་ཏུ་ཧྲིའཿདང་བཾ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ་གཉིས་ཀས་པདྨ་དང་ཐོད་པ་བསྣམས་པ། བྱང་དུ་ཨཱཿདང་ཏཱཾ་ལས་དོན་གྲུབ་ཡབ་ཡུམ་ལྗང་གུ་གཉིས་ཀས་རྒྱ་གྲམ་དང་ཐོད་པ་བསྣམས་པ་སོགས་ཀྱི་ཐོད་པ་བདུད་རྩིས་གང་བར་བསྐྱེད་ལ། དེ་དག་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་གཉིས་སུ་མེད་པར་གྱུར་པར་བསམས། དེ་ལྟར་གྱི་རིགས་ལྔ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབས་སྨན་ལ་ཐིམ་པས་འཆི་བ་མེད་པའི་བདུད་རྩིར་གྱུར་བདག་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་ལ་ཕོག་དེའི་ཐུགས་རྒྱུད་བསྐུལ་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྣེར་མཆོད་པའི་ལྷ་མོ་དུ་མ་དང་བཅས་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་བཅས་སྤྱི་དང་ཁྱད་པར་སྤྲུལ་པའི་གནས་བལྟ་ན་སྡུག་གི་སྨན་བླ་རིག་འཛིན་དྲང་སྲོང་བཅས་པ་དང༌། ཟངས་མདོག་དཔལ་རི། མ་ར་ཏི་ཀ་སོགས་སུ་བཞུགས་པའི་འཆི་མེད་པདྨ་འབྱུང་གནས་དང་ལྷ་མོ་ཙནྡྲ་ལི་སོགས་ཞི་ཁྲོ་མཁའ་འགྲོའི་ཚོགས་ལ་ཕོག་ཐུགས་རྒྱུད་མཉེས་པར་བྱས་དེ་དག་གི་ཐུགས་རྗེ་དང་བྱིན་རླབས་དང་ཚེའི་དངོས་གྲུབ་ཐམས་ཅད་བསྩལ་ནས་ཐོད་པའི་སྨན་ལ་ཐིམ། སླར་ཡང་བདག་མདུན་ནས་འོད་ཟེར་གོང་བཞིན་འཕྲོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་དག་སྨན་བླ་རིགས་ལྔ་ཡབ་ཡུམ་དང་བཅས་ཀྱི་གོ་འཕང་ལ་བཀོད། སླར་དེ་དག་རྣམས་ཀྱི་ཚེ་རིང་བའི་ཚེའི་དཔལ་སོགས་སྣོད་བཅུད་ཀྱི་བཅུད་ཐམས་ཅད་དང་འབྱུང་བའི་བཀྲག་མདངས་ས་ལས་གྱུར་པ་སེར་པོ། མེ་དམར་པོ། ཆུ་སྔོན་པོ། རླུང་ཤིང་ལྗང་གུ། ལྕགས་དཀར་པོར་བསྡུས་ནས་སྨན་སྣོད་ཀྱི་ཐོད་པ་བདུད་རྩིས་གང་བར་ཐིམ་པར་དམིགས་པ་གཏད་དེ་སྔགས་ཀྱི་རང་སྒྲ་གྲག་པར་བསམས་ལ། བཻ་རོ་ཙ་ན་ཨོཾ། བཛྲ་ས་ཏྭ་ཧཱུཾ། རཏྣ་སམྦྷ་བ་ཏྲཱཾ། ཨ་མི་ཏཱ་བྷ་ཧྲཱིཿ། ཀརྨ་བཛྲ་ཨཿ། ཞེས་པའི་སྔགས་འདི་རྣམས་བསྙེན་པ་རབ་ཁྲི་ལྔ་དང་ཐ་མ་སྟོང་ཕྲག་ལྔ་བཟླས་ལ་མཐར་རིགས་ལྔ་ཡབ་ཡུམ་གྱི་བྱང་སེམས་ཀྱི་འཕྲོ་འདུ་སོགས་གོང་དུ་བསྟན་པ་ལྟར་བྱས་པ་དེ་ཡང་འོད་དུ་ཞུ་ནས་སྨན་དང་དབྱེར་མེད་དུ་འདྲེས་གཉིས་སུ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར་པ་རྟ་མགྲིན་གཤམ་གསལ་གྱིས་བསྲུང་བར་བསམས། ཟླ་བ་ཡར་ངོའི་ཚེས་གཅིག་གི་ནང་པར་སྐྱ་རེངས་དུས་ལྟོ་སྟོང་ལ་བཟའ་དགོས་ཏེ། དེ་ཡང་དྲོ་བའི་གོང་ལ་རྒྱུན་དུ་བསྟེན་ཞིང་རྔུལ་མ་བྱུང་ཙམ་དུ་བཅག་གོ། ཆུང་བ་ནི་ཅོང་ཞི་ཕུལ་གང་སྤང་མེར་ཚོས་པར་བསྲེགས་ལ་ཆུ་ནང་དུ་བཏོན་ཏེ་བཞག་ན་སོར་སྒྲ་དང་བཅས་ཞིག་འགྲོ། དེ་སྐམས་ནས་ཞིབ་པར་བཏགས་འོ་མ་བྲེ་གང་དང་མར་སྲང་གསུམ་བཅས་བཙོས་པ་ལུག་ཞོ་ཙམ་དུ་གྱུར་པ་ལ་བྲག་ཞུན་རིགས་བཞི་ནམ་གོང་གི་བདུད་རྩི་བཞི་ཁྱོར་བ་རེ་སྦྲང་ཕུལ་གྱི་སུམ་ཆ་དང་བུ་རམ་སྲང་གསུམ་དང་སྦྱར་བ་དེ་དར་ཙམ་ཞེས་ཡུན་རྒྱང་ཙམ་དུ་བཙོས་ཏེ་སྣོད་བཟང་པོར་བཅངས་ལ་བསྟེན་དགོས་ཤིང༌། ཡང་ན་ཅོང་ཞི་དང་ལྕགས་རྡོ་ཆ་མཉམ་པ་སྦྲང་བུར་ཀ་ར་སྟེ་མངར་གསུམ་དང་སྦྱར་བ་ཐོད་པ་གླིང་བཞི་པར་བླུགས་ལ་མདུན་གྱི་ཁྲིའུའི་སྟེང་དུ་བཞག་སྟེ་སྔོན་འགྲོ་གོང་ལྟར་བཏང་ནས། རང་ཉིད་སྐད་ཅིག་ཏུ་ཡི་དམ་བདུད་རྩི་བུམ་པའི་གསང་བདག་ལྟ་བུར་བསྐྱེད་དེ་བསྒོམ། མདུན་དུ་ལས་སྨན་སྣོད་དེ་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཨཱཿདཀར་པོ་ལས་འོད་འཕྲོས་འཕགས་པ་མཆོག་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཨཱཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིའི་བུམ་པ་འཛིན་པ། བུམ་པའི་ནང་དུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་དབུས་སུ་ཟླ་བའི་གའུ་བདུད་རྩིས་གང་བ་ཞིག་བསྐྱེད་ལ། དེ་རྟ་མགྲིན་སྐུ་མདོག་དམར་པོ་ཕྱག་གཡས་དབྱུག་ཏོ་དང་གཡོན་སྡིགས་མཛུབ་མཛད་པས་བསྲུང་བར་བསྒོམས། བདག་ཉིད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཚེ་དཔག་མེད་ལ་འཕྲོས། ཚེ་དཔག་མེད་ཀྱི་ཐུགས་ཀར་ཕོག་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་མཆོད་པ་ཕུལ་ཐུགས་རྒྱུད་མཉེས་པར་བྱས་པ་དང་སེམས་ཅན་ལ་ཕོག་གོ་འཕང་ལ་བཀོད་པ་བརྟན་གཡོ་འབྱུང་བའི་དྭངས་མ་བསྡུ་བ་སོགས་གོང་ལྟར་བྱས་ནས་བུམ་པ་དང་གའུར་ཐིམ་པར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཤུ་དྡྷ་ཨཱ་ཡུ་ར་ཎི་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ་ཞེས་བཟླ་ཞིང་འོད་ཟེར་སྤྲོ་བསྡུས་ཕྱོགས་བཅུའི་ཚེ་རྣམས་བཀུག་སྟེ་བུམ་པར་བསྟིམ་པ་སོགས་གོང་བཤད་ལྟར་བྱས་ཏེ་བསྙེན་པ་ཁྲི་བསྐྱལ་སླར་དེ་དག་འོད་དུ་ཞུ་ནས་འཆི་བ་མེད་པའི་བདུད་རྩི་ཆེན་པོའི་ཚེར་གྱུར་པར་བསམས་ལ་བསྟེན་ཐབས་རིལ་བུ་སྲན་རློན་ཙམ་བདུན་ནམ་ལྔ་གསུམ་གང་རིགས་ལ་གོང་གི་སྔགས་བཏབ་ལ་བསྟེན་ཏེ་དེས་ལུས་དཀར་པོར་མེར་གྱིས་ཁེངས་པས་ནད་གདོན་དང་སྡིག་སྒྲིབ་རྣམས་དག་སྟེ་ཚེ་འཕེལ་བར་བསམས། རྗེས་སུ་དམིགས་མེད་སྤྲོས་བྲལ་གྱི་ངང་ལ་བཞག་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་བཀྲ་ཤིས་པའི་ཚིགས་བཅད་སོགས་བྱ་ཞིང༌། གོང་བསྟན་གྱི་བཅུད་ལེན་འདི་དག་ནི་བསོད་ནམས་ལྡན་པ་གནས་བརྟན་འབྱོར་པ་ཅན་གྱི་སྤྱོད་ཡུལ་ཡིན་ཏེ། སློབ་དཔོན་དཔའ་བོས། ཁང་པར་གནས་པའི་སྟོབས་ལྡན་ཅན། །ཕུན་སུམ་ཚོགས་དང་ལྡན་ལ་ཕན། །ཞེས་པའི་ཕྱིར་རོ། །ཡང་རྩ་བའི་བཅུད་ལེན་ནི་ར་མོ་ཤའི་ཞེས་པ་ལ། ཡན་ལག་བརྒྱད་པར། དེ་ལས་གཞན་དུ་དེ་རྣམས་ལ། །ཉི་མ་རླུང་གི་ཆོ་ག་བསྟེན། །རླུང་དང་ཉིན་མཚན་བཅས་སྦྱར་བ། །བདེ་བའི་ལོངས་སྤྱོད་མེད་ན་ཡང༌། །གང་གི་ལུས་ལ་མི་གནོད་པ། །མཆོག་ཏུ་དེ་ནི་བཤད་པར་བྱ། །ཞེས་དང༌། གསང་སྔགས་རྙིང་མའི་རྒྱུད་བདུད་རྩི་བམ་པོ་བརྒྱད་པར། དང་པོ་སྲིད་པ་ཆགས་པའི་བཅུད། བདུད་རྩི་རྣམ་ལྔ་བརྐུས་པའི་ཚེ། །ཁ་ནས་ཐིགས་གཉིས་ལྷུང་བ་ནི། །བུ་མོ་བཟང་མོ་གཅིག་ཏུ་གྱུར། ཆུ་ཀླུང་གངྒའི་བྱེ་མ་ལ། །ཡོད་དེ་སྐྱེས་པ་བསྟན་པ་ནི། །ར་མཉེ་ཉེ་འུ་ཤིང་ཞེས་བྱ། །ཞེས་ཁྱབ་འཇུག་གིས་བདུད་རྩི་བརྐུས་པ་ན་ཕྱག་ན་རྡོ་རྗེས་འཁོར་ལོ་འཕངས་པ་དེའི་སྐེ་ལ་ཕོག་ནས་བདུད་རྩི་བོ་རྩིའི་ལྷ་མོར་གྱུར། དེའི་རཀྟ་ཟགས་པ་ཆུ་རླུང་གི་བྱེ་མ་ལ་སྐྱེས་པ་ར་མཉེ་དང་ཉེའུ་ཤིང་ཡིན་ཏེ་བཅུད་ལེན་ཐམས་ཅད་ཀྱི་མཆོག་གོ་ཞེས་འབྱུང་བས་ན་ར་མོ་ཤག་རྩ་བ་མྱུ་གུ་མ་དོན་པའི་སོས་ཀའམ་བཅུད་རྩ་བར་སྨིན་དུས་ཀྱི་སྟོན་ཀ་བརྐོས་པ་གཏུབས་ལ་ས་བཤལ་ཞིང་ཁུ་བ་རང་ཐིམ་བྱས་པར་བཙོས་ཏེ་གྲིབ་སྐམས་བྱས་ལ་དྲུས་པ་དང་ཕྱེ་སྟེ་ནས་རྙིང་གི་རྩམ་པ་སུམ་ཆ་གཉིས་བསྲེས་པའི་དང་པོ་ཚ་བ་སྟེ་ཐུག་པ། བར་དུ་ཟན་ཆང༌། ཐ་མ་ཟན་དྲོན་རྣམས་བྱ་ཞིང༌། དེ་ལ་འདྲིས་པ་དང་གོམས་ནས་རྩམ་ཕྱེ་ཕྲི་ནས་རམ་ཤག་དེ་ག་ཆིག་ཚུགས་ཏེ་རྐྱང་པར་བཟའ་དགོས་ལ་དེ་དག་གིས་ཆུ་སེར་གྱི་ནད་སེལ་ཞིང་མཆོག་ཏུ་ཚེ་ལ་དབང་ཐོབ་ཅིང་ཉེ་ཤིང་བ་ལ། སྙིང་པོ་བསྡུས་པར། ར་མཉེ་ཉེ་ཤིང་ཁུ་བར་བསྐོལ་བ་དང༌། །ཞུན་མར་ཁ་རེར་བཅས་པ་ཟ་བྱེད་ན། །དེ་ནི་འཚོ་བའི་ལམ་དུ་ཞུགས་གྱུར་ཚེ། །ནད་ཀྱི་རྐུན་པོས་ཆོམས་པར་མི་འགྱུར་རོ། །ཞེས་འབྱུང་བའང་རྟོགས་དགོས་སོ། །ཡང་མེ་ཏོག་གི་བཅུད་ལེན་ནི་དུག་རིགས་མིན་པའི་མེ་ཏོག་སྣ་ཚོགས་བསིལ་དང་དྲོད་ཆ་མཉམ་བཏུས་ནས་སྐམས་པའི་ཕྱེ་མ་ལ་མངར་སྦྲང་བུར་ཀ་ར་གསུམ་སྦྱར་ཏེ་དྲོ་བའི་གོང་སྟེ་འདུལ་བ་ལུགས་ཀྱི་གུང་ཚིགས་ཀྱི་གོང་ལྟ་བུར་རྒྱུན་དུ་བསྟེན་ན་ཁྱད་པར་དུ་མདངས་དང་ལྡན་ལ་འདུ་བ་སྙོམས་ཤིང་རྒས་པ་སེལ་ལོ། །ཡང་བའི་བཅུད་ལེན་ནི་མུ་ཟི་མདོག་གསེར་འདྲ་བ་ས་མེད་བརྟུལ་བར་བྱས་ལ་ཨ་རུ་ར་དང་ཆ་མཉམ་ཞིང་སྦྲང་བུར་ཀ་ར་མངར་གསུམ་སྦྱར་བ་ཐོག་མར་སྲན་མ་ཙམ་སྟེ་ཞོ་གང་གི་སུམ་གཅིགདེ་ནས་སེ་བ་ཙམ་སྟེ་ཉི་ཤུ་ཆ་ནས་རིམ་གྱིས་ནམ་ཞོར་ལོས་པར་བསྐྱེད་ལ་ཟ། ཁྲག་ཏུ་འཁྲུ་བ་ན་མན་ངག་སྨན་གཅིག་སྟེ་དང་པོ་དྲི་མ་ཁྲག་ཅན་ཞིག་འོང་སྟེ་གྲིབ་བསྐམས་བྱས་པ་དང་བསྲེས་ལ་བཏང་བ་གཅེས་ཏེ། དེས་མེ་དྲོད་བསྐྱེད་ལ་ཆུ་སེར་གྱི་ནད་དང་མཛེ་ནད་རྣམས་སེལ་ལོ། །རྡོའི་བཅུད་ལེན་ཅོང་ཞིས་དུག་བཏོན་ཏེ་ནད་དང་གང་འཕྲོད་པའི་སྨན་དང་སྦྱར། སྦྲང་བུར་ཀ་ར་སོགས་མངར་བའི་རྟར་བསྐྱོན་ལ་ཐུར་མའི་མགོ་རེ་རེ་བསྟན་ཞིང་ཅོང་ཞི་མ་ཞུ་ན་ཡུ་གུ་ཤིང་གི་ཐང་བཏང༌། ཡང་ན་ཅོང་ཞི་འོ་མར་བཙོས་པ་བསྐམས་ལ་དྲུས་པའི་ཕྱེ་སྟེ་རྩམ་པ་དང་པི་པི་ལིང་རྣམས་སྦྱར་ལ་དང་པོ་ཚ་བ་སྟེ་ཐུག་པ་དང༌། བར་དུ་ཟན་ཆང་དང༌། དེ་ནས་ཟན་དྲོན་རྣམས་འདྲིས་གོམས་ཀྱི་རིམ་པ་གོང་བཤད་ལྟར་བསྟེན་པར་བྱས་ན། གཅོང་ནད་ཀུན་ཞི་བ་དང་སྟོབས་ཆེ་ལ་ཚེ་འཕེལ་བའི་མཆོག་ཡིན་ཏེ་དེ་བསྟེན་རིང་མར་ནག་དང་ཤིང་ཏོག་གི་རིགས་དང་ཤ་མོ་རྣམས་མི་ཟ་བར་བསྲུང་བ་གཅེས་ཤིང་བདུད་རྩིའི་བཅུད་ལེན་ནི་དྲི་ཆེན་གྲིབ་བསྐམས་བྱས་པ་དང༌། ཅུ་གུར། ལི་ཤི། སུག་སྨེལ། ཀ་ཀོ་ལ། ཛཱ་ཏི་སྟེ་བཟང་དྲུག་དང༌། ཨ་རུ་སྦྲང་བུར་ཀ་ར་སྟེ་མངར་གསུམ་རྣམས་སྦྱར་བའི་རིལ་བུར་བསྒྲིལ་བ་ནང་རེ་བཞིན་བསྟེན་པར་བྱས་པ་དང༌། ཡང་ན་དྲི་ཆེན་ཆུར་བཤལ་བའི་དུག་བཏོན་ལ་གྲིབ་བསྐམས་བྱས་དྲུས་པའི་ཕྱེ་དང་རྩམ་པ་སྤེལ་བ་སྟེ་བསྲེས་ལ་ཟན་ཆང་སོགས་བསྟེན་ལུགས་གོང་བཤད་ལྟར་བྱས་ན་གདོན་གྱི་རིགས་སེལ་ལ་ཚེ་རིང་ཞིང་མ་དང་མཁའ་འགྲོས་བྱིན་གྱིས་རློབ་པར་འགྱུར་ཞིང༌། གཞན་ཡང་སོ་མ་ར་ཛ་དང་ཏིལ་ནག་ཆ་མཉམ་པའི་ཕྱེ་མས་མཛེ་རྒྱས་པ་འཇོམས་ཤིང༌། ཡང་བྱི་ཏང་ག་དང༌། གོ་བྱེ་དང༌། བཅའ་སྒ་གསུམ་སྦྲང་དང་མར་ལ་སྦྱར་བ་ཟོས་པས་རྒས་པའི་ནད་ལས་གྲོལ་བར་འགྱུར་ཏེ། སྙིང་པོ་བསྡུས་པར་ཡང༌། བྱི་ཏང་ག་དང་གོ་བྱེ་བཅའ་སྒ་རྣམས། །མར་གྱིས་སྦྱར་རྩི་བྱས་པ་གང་གིས་ཟོས། །རྒས་པའི་ཆུ་བོ་ནད་ཀྱི་རྦ་རླབས་ཅན། །ན་ཚོད་ལྡན་པའི་སྐྱེས་བུ་དེ་བརྒལ་འགྱུར། །ཞེས་སོགས་འབྱུང་བས། དེ་དག་གང་ཡང་རབ་ཟླ་གསུམ། འབྲིང་ཟླ་དྲུགཐ་མས་ལོ་གཅིག་བསྟེན་ན། བཅུད་ཀྱིས་ལེན་པའི་འབྲས་བུ་གང་བསམས་རྣམས་འགྲུབ་པར་འགྱུར་རོ། །

གཉིས་པ་གཡོག་འཁོར་དང་ལོངས་སྤྱོད་མ་ལྡན་པའི་དབུལ་པོས་ནི་ཞར་ལ་སྤྱད་པས་ཀྱང༌། གང་གི་འབྲས་བུ་ནས་ཅི་རིགས་པ་ཐོབ་པར་འགྱུར། འོན་ཀྱང་བཅུད་ལེན་འདི་རྣམས་བྱེད་པའི་བར་དུ་ནད་གཞན་སྐྱེས་ན་བཅུད་ལེན་གྱི་བར་གཅོད་དགོས་པ་ཡིན་ཏེ། སྔོན་ལ་ནད་གང་བྱུང་དེ་སྨན་དཔྱད་ཟས་སྤྱོད་ཀྱིས་གསོ་ཞིང་དེ་རྗེས་ལ་སྔར་གྱི་བཅུད་ལེན་འབད་པས་བསྒྲུབ་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་སྟེ་དགུ་བཅུ་པའོ། །དེ་ལྟར་ལེའུ་གཅིག་ནི་རྒས་པ་གསོ་བ་སྟེ་སྐབས་བཅུ་བཞི་པ་དང༌། དེ་ལྟར་གྱི་ལེའུ་གཅིག་ནི་ཡན་ལག་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 5:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།