སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།



ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས།  རྒས་པ་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཚེ་ཟད་རྒས་པའི་ནད་ལས་བསྲིང་བ་ཡི། །བཅུད་ལེན་གྱི་ནི་ཆོ་ག་བཤད་པར་བྱ། །འདི་ལ་ཕན་ཡོན་གནས་རྟེན་བྱ་ཐབས་བཞི།།

ཕན་ཡོན་ཚེ་རིང་ན་ཚོད་དར་ལ་འཇོག །ལུས་མདངས་སྟོབས་སྐྱེ་དབང་པོ་དྲན་པ་གསལ། །བློ་རྣོ་སྐད་མདངས་ལྡན་ཞིང་རོ་ཙར་བྱེད།།

དེ་གནས་ས་གཙང་དབེན་ཞིང་ཉམས་དགའ་ལ། །ཆུ་ཤིང་འཛོམ་ཞིང་བར་ཆད་མེད་པར་སྒྲུབ།།

རྟེན་ནི་ཧ་ཅང་རྒས་པ་མ་ཡིན་པས། །མེ་ཉི་ཆགས་སྤྱོད་ལུས་སེམས་དྲག་ལས་དང༌། །རུལ་སྐྱུར་རྗེན་ངད་ཚྭ་སོགས་སྤངས་བྱས་ལ། །ཚེས་གྲངས་བཟང་ལ་ལྷ་མཆོད་ཁྲུས་བྱས་འཇུག།

བྱ་བའི་ཐབས་ལ་གཙོར་སྒྲུབ་ཞོར་སྤྱད་གཉིས། །གཙོ་བོར་སྒྲུབ་པ་སྣུམ་བཅོས་དུགས་བྱས་ལ། །ཨ་རུ་སྐྱུ་རུ་རྒྱམ་ཚྭ་པི་པི་ལིང༌། །ཤུ་དག་བཅའ་སྒ་ཡུང་བ་བྱི་ཏང་ག །བུ་རམ་བ་ཆུར་སྦྱར་བའི་ཁྲུས་ཀྱིས་སྦྱང༌། །མ་སྦྱངས་བཅུད་ལེན་རོ་ཙ་སྦྱོར་བྱེད་པ། །དྲི་བཅས་ཚོས་ལྟར་བྱས་པ་དོན་མེད་འགྱུར། །ལྷ་མིན་ཁྲག་དེ་བཅུད་ལེན་མཆོག་ཡིན་པས། །ཤུན་པ་ཕྲལ་ལ་ཞག་གཅིག་ཆང་ནང་སྦང༌། །ཁུ་བཙགས་དྭངས་མ་ནང་པར་རན་ཙམ་བསྟེན། །རྗེས་ལ་འོ་མ་ཞུན་མར་སྐམ་ས་ཡི། །ཤ་ཁུ་ནད་དང་གང་འཕྲོད་བསྐོལ་ལ་བླུད། །ཡང་ན་སྒོག་སྐྱ་ཞུན་མར་སྦྱར་ལྡེ་གུ། ནས་སྣོད་བདུན་གསུམ་བཞག་པའི་ཞག་གྲངས་བསྟེན། །རླུང་ཤས་ཅན་གྱི་ཚེ་འཕེལ་རིང་འཇོག་ཡིན། །བྲག་ཞུན་མདོག་ནག་ས་མེད་བ་གཅིན་བྲོ། །སྣུམ་ཞིང་ཁ་བསྐ་ལྕི་བ་ལྕགས་གྱུར་མཆོག །གསེར་དངུལ་ཟངས་ལྕགས་སྦྱར་ཏེ་འོ་མས་དབུལ། །ཡང་ན་ནད་དང་གང་འཕྲོད་སྨན་ཆ་མཉམ།  །ལྕགས་ཀྱི་སྣོད་དུ་བཅུག་ལ་ཚད་ལྡན་བཟའ། །འདི་ལ་མོན་སྣེ་རྒྱ་སྲན་རྟག་ཏུ་སྤང༌། །ས་སྟེང་བྲག་ཞུན་མ་བཅོམ་ནད་ཡོད་མིན། །ཁྱད་པར་ཚ་ཤས་ཅན་གྱི་ཚེ་འཕེལ་མཆོག །ཙི་ཏྲ་ཀ་དང་སྦྲང་རྩི་མར་སྦྱར་བ། །ཟླ་བ་གཅིག་ཏུ་འཕྲོད་པའི་ཟས་དང་བསྟེན། །ཚེ་རིང་ལུས་རྒྱས་མེ་དྲོད་འབར་བར་འགྱུར། །བད་ཀན་གྲང་ནད་ཅན་གྱི་ཚེ་གནས་སོ། །དེ་དང་བ་ཆུར་སྦྱར་བསྟེན་མཛེ་ནད་འཇོམས། །ཨ་རུ་བར་སྐྱུར་འབྲས་བུའི་སྨན་མར་གྱིས། །དབང་གསལ་སྟོབས་སྐྱེ་འདུས་པའི་ནད་སེལ་ཏེ། །ན་ཚོད་དར་ལ་འཇོག་པའི་དམ་པ་ཡིན། །རྩི་བཞི་དྭངས་མ་ལྔ་ཡི་བཅུད་བླངས་པ། །ས་ཡི་དྭངས་མ་བྲག་ཞུན་ཤ་ཡི་གསོས། །རྡོ་ཡི་དྭངས་མ་ཅོང་ཞི་རུས་པའི་གསོས། །ཤིང་གི་དྭངས་མ་བུ་རམ་སྟོབས་ཀྱི་གསོས། །མེ་ཏོག་དྭངས་མ་སྦྲང་རྩི་མདངས་ཀྱི་གསོས། །རྩི་ཡི་དྭངས་མ་མར་དཀར་བཅུད་ཀྱི་གསོས། །ཤུག་འབྲུ་བ་ལུ་མཚེ་དང་མཁན་པ་བཞི། །དགུན་མི་སྐམས་པ་ཚེ་ཡི་གསོས་སུ་འགྱུར། །འདི་དགུའི་བཅུད་ལོངས་སྲོག་གཅོད་ནད་དགུ་གྲོལ། །རྒས་པའི་རྟགས་ནུབ་བཅུ་དྲུག་ལྟ་བུའི་ལུས། །སེང་གེའི་རྩལ་ལ་གླང་པོ་ལྟ་བུའི་སྟོབས། །རྨ་བྱའི་མདངས་ལྡན་མགྱོགས་པ་ཅང་ཤེས་རྟ། །ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་འགྱུར། །དེ་ཡི་སྦྱོར་ཐབས་ཆེན་པོ་ཆུང་ངུ་གཉིས། །དང་པོ་ཅོང་ཞི་བྲེ་གང་ཞོ་གཅིག་ཆུར། །བསྡུས་པའི་ཁུ་བ་བྲེ་གང་རྩིགས་མ་བཏོན། །བདུད་རྩི་བཞི་དང་བྲག་ཞུན་བྲེ་ཕྱེད་ཕྱེད།  །གུད་གུད་བསྡུས་པའི་ཁུ་བ་ཁྱོར་བ་རེ། །འོ་མ་མར་སྲང་སུམ་ཅུ་ཆུ་བཅད་ལ། །བུ་རམ་སྦྲང་བྲེ་དོ་སྦྱར་ཐོད་བཟང་བླུག །བཻ་རོ་ཙ་ན་ཨོཾ།  བཛྲ་ས་ཏྭ་ཧཱུཾ།  རཏྣ་སམྦྷྰ་བ།  ཨ་མི་ཏ་བྷ་ཧྲཱི།  ཀརྨ་བཛྲ་ཨཱ། །རིགས་ལྔ་ཡབ་ཡུམ་བྱང་སེམས་འཕྲོ་འདུ་བྱ། །ཟླ་བ་ཡར་ངོའི་ཚེས་གཅིག་ནང་པར་བཟའ། །དྲོ་གོང་རྒྱུན་བསྟེན་རྔུལ་མ་བྱུང་ཙམ་བཅག །ཆུང་བ་ཅོང་ཞི་ཕུལ་གང་སྤང་མེར་བསྲེགས། །ཆུ་ནང་བཏོན་ཏེ་འོ་མ་བྲེ་གང་དང༌། །མར་སྲང་གསུམ་བཅོས་ལུག་ཞོ་ཙམ་གྱུར་ལ། །བྲག་ཞུན་བཞི་ནམ་བདུད་རྩི་བཞི་ཁྱོར་རེ། །སྦྲང་ཕུལ་སུམ་ཆ་བུར་སྲང་གསུམ་དང་སྦྱར། །དར་ཙམ་བཙོས་ཏེ་སྣོད་བཟང་བཅངས་ལ་བསྟེན། །ཅོང་ཞི་ལྕགས་རྡོ་ཆ་མཉམ་མངར་གསུམ་སྦྱར། །ཐོད་པར་བླུག་ལ་རང་ཉིད་ཡི་དམ་བསྒོམ། །ཁཾ༌༈ལས་སྣོད་དེ་རིན་ཆེན་གཞལ་ཡས་ཁང༌། །ནང་དུ་ཨཱཿལས་བཅོམ་ལྡན་ཚེ་དཔག་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཤུདྔྷ་ཨཱ་ཡུརྔྷ་ར་ཎི་པུཥྜིཾ་ཀུ་རུ་ཡེ་སྭཱཧཱ། །སྤྲོ་བསྡུས་ཕྱོགས་བཅུའི་ཚེ་བཀུག་བུམ་པར་བསྟིམ། །བསྙེན་པ་ཁྲི་བསྐྱལ་འཆི་མེད་བདུད་རྩིའི་ཚེར། །རིལ་བུ་བདུན་ལྔ་གསུམ་ལ་སྔགས་བཏབ་བསྟེན། །ནད་གདོན་སྡིག་སྒྲིབ་དག་སྟེ་ཚེ་འཕེལ་བསམ། །ར་མོ་ཤ་ཡི་རྩ་བ་སོས་སྟོན་བརྐོས། །གཏུབས་ལ་ས་བཤལ་ཁུ་བ་ཐིམ་པར་བཙོ། །གྲིབ་སྐམས་དྲུས་ཕྱེ་སུམ་ཆ་བསྲེས་པ་ཡི། །དང་པོ་ཚ་བ་ཟན་ཆང་ཟན་དྲོན་བྱ། །འདྲིས་གོམས་ཕྱེ་ཕྲི་རམ་ཤག་ཆིག་ཚུགས་བཟའ། །ཆུ་སེར་སེལ་ཞིང་མཆོག་ཏུ་ཚེ་དབང་འཐོབ། །མེ་ཏོག་སྣ་ཚོགས་བསིལ་དྲོད་ཆ་མཉམ་ལ། །མངར་གསུམ་སྦྱར་ཏེ་དྲོ་གོང་རྒྱུན་བསྟེན་ན། །ཁྱད་པར་མདངས་ལྡན་འདུ་སྙོམས་རྒས་པ་སེལ། །མུ་ཟི་གསེར་འདྲ་ས་མེད་བཏུལ་བྱས་ལ། །ཨ་རུ་ར་དང་ཆ་མཉམ་མངར་གསུམ་སྦྱར། །སྲན་མ་སེ་བ་ནམ་ཞོར་བསྐྱེད་ལ་བཟའ། །ཁྲག་ཏུ་འཁྲུ་ན་མན་ངག་སྨན་གཅིག་(སྟེ་དང་པོ་དྲི་མ་ཁྲག་ཅན་གཅིག་འོང་དེ་གྲིབ་སྐམས་བྱས་པ་དང་བསྲེས་ལ་བཏང་བ་)གཅེས། །དྲོད་སྐྱེད་ཆུ་སེར་ནད་དང་མཛེ་ནད་སེལ། །ཅོང་ཞི་ས་དུག་བཏོན་ཏེ་འཕྲོད་སྨན་སྦྱར། །མངར་བའི་རྟ་བསྐྱོན་ཐུར་མགོ་རེ་རེ་བསྟེན། །ཡང་ན་དྲུས་ཕྱེ་པི་པི་ལིང་སྦྱར་ལ། །ཚ་བ་ཟན་ཆང་ཟན་དྲོན་བསྟེན་པར་བྱ། །གཅོང་ནད་ཀུན་ཞི་སྟོབས་ཆེ་ཚེ་འཕེལ་མཆོག །མར་ནག་ཤིང་ཏོག་ཤ་མོ་བསྲུང་བ་གཅེས། །དྲི་ཆེན་བཟང་དྲུག་ཨ་རུ་མངར་གསུམ་སྦྱར། །རིལ་བུར་བསྟེན་བྱས་ཡང་ན་དུག་བཏོན་ལ། །གྲིབ་སྐམས་དྲུས་ཕྱེ་སྤེལ་ལ་ཟན་ཆང་བསྟེན། །གདོན་སེལ་ཚེ་རིང་མཁའ་འགྲོས་བྱིན་གྱིས་རློབ། །སོ་མ་ར་ཛ་ཏིལ་ནག་མཛེ་རྒྱས་འཇོམས། །བྱི་ཏང་ག་དང་གོ་བྱེ་བཅའ་སྒ་གསུམ། །སྦྲང་མར་སྦྱར་ཟོས་རྒས་པའི་ནད་ལས་གྲོལ། །དེ་དག་ཟླ་གསུམ་ཟླ་དྲུག་ལོ་གཅིག་བསྟེན། །བཅུད་ཀྱིས་ལེན་གྱི་འབྲས་བུ་འགྲུབ་པར་འགྱུར། །གཡོག་འཁོར་མི་ལྡན་ཞར་ལ་སྤྱད་པས་ཀྱང༌། །གོང་གི་འབྲས་བུ་ཅི་རིགས་ཐོབ་པར་འགྱུར། །འདི་བར་ནད་གཞན་སྐྱེས་ན་བར་གཅོད་དེ། །ནད་གསོ་དེ་རྗེས་སྔར་གྱི་བཅུད་ལེན་བསྒྲུབ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་སྟེ་དགུ་བཅུ་པའོ།། །།



མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:44 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།