སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་པ། འོར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་དགུ་པ། འོར་ནད་གསོ་བ།




ལེའུ་དགུ་པ། འོར་ནད་གསོ་བ། 

དེ་མ་ཁད་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག འོར་ནད་གསོ་བ་ལ་རྒྱུ་དང་རྐྱེན་དང་དབྱེ་བ་དང་ངོས་བཟུང་བར་རྟགས་དང་བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན།

རྒྱུ་རྐྱེན་ཟས་དང་དུས་དང་རྐྱེན་གྱིས་བསྐྱེད་པ་གསུམ་ལས་དང་པོ་ཁ་ཟས་མ་ཞུ་བར་དྭངས་སྙིགས་འདྲེས་པ་མཆིན་པ་ནས་ཟུངས་སུ་མ་གྱུར་པར་ཁྲག་ངན་མང་དུ་འཕེལ་ཞིང་རྒྱས་པ་དེ་ཉིད་ཤ་ལྤགས་ལ་བྱེར་བས་ཆུ་སེར་བསྐྱེད་ཅིང་ཆུ་སེར་དེ་འོར་དུ་ལྷུང་སྟེ་གཡོ་བར་འགྱུར་རོ།།དུས་ཀྱི་བསྐྱེད་པ་ནི་གོང་གི་སྐྱ་རྦབ་རྙིངས་པ་ལས་འབྱུང་བ་ཡིན་ཞིང༌། རྐྱེན་གྱིས་བསྐྱེད་པ་ནི་ནད་ཀུན་ཀྱང་བཅོས་ཉེས་པའམ་འཁྲུགས་པ་ལས་འབྱུང་བ་ཡིན་ནོ།།

དེའི་དབྱེ་བ་ལ་རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་དང་བཞི། བསྣད་པ་དང་དུག་ལས་བྱུང་བ་དང་རྣམ་པ་དྲུག་ཏུ་བཤད་དོ།།

དེའི་རྟགས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ལས། སྤྱི་རྟགས་ལ་རྩ་རྣམས་ཐམས་ཅད་ནི་ཚ་ཞིང་འཁྱུག་ལ་ལུས་དང་ཡན་ལག་སྤྲོས་པ་ཆུང་ལ་སྒྱིད་ལུག་པར་སྙོམ་པ་ལ་ངལ་བ་སྟེ་ཐང་ཆད་པ་དང་མེ་དྲོད་ཆུང་ཞིང་ཁ་ཟས་མི་འཇུ་བ་དང་དང་ག་འགགས་ལ་དེའི་རྗེས་སུ་ལུས་ཀུན་གཡོ་ཞིང་སྐྲངས་པར་བྱེད་པ་སྟེ་ཁྱད་པར་དུ་གདོང་དང་རྐང་པའི་བོལ་དང་བྲང་དང་གསུས་པ་དང་ཆུ་སོ་རྣམས་སྐྲངས་ཤིང་ཤ་དང་པགས་པའི་བར་རྣམས་སུ་ཆུ་སེར་གྱིས་ཁེངས་ནས་འོག་ཏུ་གང་བཅུག་པ་དེ་ཕྱོགས་ཡོན་པོར་སྐྲངས་པ་ཡིན་ལ།

བྱེ་བྲག་ཏུ་ཕྱེ་བའི་རྟགས་ལ་རླུང་འོར་ནི་ལུས་འདར་ཞིང་བརྩེ་བ་དང་སྐྲངས་ཤིང་པགས་པ་རྩུབ་ཅིང་གསོབ་ལ་སྐྲངས་དེ་ཡང་ཉིན་ཆེ་ལ་མཚན་མོ་ཆུང་བར་འོང༌། མཁྲིས་པའི་འོར་ནི་རྔུལ་མང་སྐོམ་དད་ཆེ་ལ་འཁྲུ་ཞིང་སྐྲངས་སྐྱེན་པ་དང་མིག་དང་ཆུ་མདོག་དང་པགས་པ་རྣམས་སེར་ལ་དྲོས་ནས་སྐྱེ་བ་ཡིན་ནོ། །ཁྲག་འོར་ནི་རྩ་རྣམས་གཟེར་ཞིང་འཁྱུག་ལ་མིག་དང་ཆུ་མདོག་དམར། བད་ཀན་གྱི་འོར་ནི་ལུས་པོ་གྲང་ཞིང་གྲང་པའི་ཚེ་ན་མི་བདེ་ལ་སྐྲངས་པ་དེ་ཉིན་པར་ཆེ་ལ་མཚན་མོ་ཆུང་བ་ཡིན་ནོ། །བསྣད་འོར་ནི་ལུས་ལ་མཚོན་ཕོག་པའི་ལམ་ལ་བརྟེན་ཆུ་སེར་གཡོས་ཏེ་ཚ་ལ་ཁ་དོག་དམར་རོ། ། དུག་རེག་པའམ་སེ་ཞོ་ཐར་ནུ་སོགས་ཁོང་དུ་སོང་བ་ནི་དུག་གི་རྟགས་དང་ལྡན་པ་ལས་ཤེས་པར་དགོས་སོ།།

བཅོས་པའི་ཐབས་དེ་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས་སྤྱི་བཅོས་ལ་གསར་པའི་དུས་ལ་ལྟོ་སྨྱུང་བར་བྱ་ལ་འཇུ་བ་སླ་བ་རྣམས་ཕོ་བའི་མེ་གསོ་བའི་ཕྱིར་བསྟེན། བོང་ང་དཀར་པོ་ཐང་མ་སྒྲོན་ཤིང་དུག་མོ་ཉུང་དང་བྱི་ཏང་ག་ཕོ་བ་རིས་རྣམས་བསྐོལ་བའི་ཁུ་བའམ་ཐང་གིས་འོར་ནད་རྣམས་སེལ། ཚ་གྲང་དང་བསྟུན་སྒ་དང་གུར་ཀུམ་གང་རིགས་བསྣན་པའི་སེ་འབྲུ་ལྔ་པས་ཕོ་བའི་མེ་དྲོད་བསྲུང་ལ་ཨ་བར་སྐྱུར་གསུམ་སྟེ་འབྲས་བུ་གསུམ་གྱི་ཐང་དང་ཧོང་ལེན་དང་སྒ་པི་ཕོ་སྟེ་ཚ་བ་གསུམ་དང་དུར་བྱིད་རྣམས་བ་ཆུ་དང་བཅས་ལྕགས་ཀྱི་སྣོད་དུ་བསྐོལ་བའི་ཁུ་བ་ལ་སྤོས་དཀར་དང་སྦྲང་རྩི་སྦྱར་བའི་ཁྲུས་ཀྱིས་སྦྱང༌། སྤོས་དཀར་དང་བྲག་ཞུན་དང་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཐང་གིས་བསྡུས་ལ་སླེ་ཏྲེས་དང་ཐང་མ་སྒྲོན་ཤིང་སྤོས་དཀར་དང་ཨ་རུ་ར་བ་སྤྲུ་བ་རྣམས་བ་ཆུར་སྦྱར་བ་བླུད་པས་འོར་ཀུན་འཇོམས།

 ཁྱད་པར་རླུང་ལ་ཕྱི་རྒྱུད་ཀྱི་བའི་རྣམ་ལྔའི་མར་བཟའ་བ་དང་བྱུག་པ་དང་འཇམ་རྩིར་བཏང་བ་དང༌། ཁ་རུ་ཚྭ་དང་ཞུན་མར་དང་སྒ་སྦྱར་བའང་བྱུག་པར་བྱ་ལ། མཁྲིས་པའི་འོར་ལ་དནྡ་དུར་བྱིད་ཤྲྰི་ཁཎྜ་ཐར་ནུ་ཁྲོན་བུ། ལྕུམ་རྩ། རེ་ལྕག དོང་ག སྔོན་བུ། རྒྱ་ཚ། ཆུ་མ་རྩི། ཟངས་དྲེག པི་པི་ལིང༌། རྒྱ་ཏིག དུག་ཉུང༌། གསེར་གྱི་མེ་ཏོག་རྣམས་བསྣན་པས་སྦྱངས་པའི་རྗེས་ལ་ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་དྲུག་དང་འགྲོན་བུ་དང་མི་ཐོད་ཀྱི་ཐལ་བ་དང༌། སྒ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་གྱི་ཐལ་བ་དང་བྲག་ཞུན་དང་སོ་མ་ར་ཛ་རྣམས་ཀ་ར་དང་སྦྱར་བས་མཁྲིས་པའི་འོར་སྐེམ་པར་བྱེད་དོ། །ཁྲག་འོར་ལ་གོང་ལྟར་སྦྱངས་པའི་རྗེས་ལ་ཕྱི་མ་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་ལ་གཟེ་མ་དང་ལྕམ་པ་སྡིག་སྲིན་སླེ་ཏྲེས་སྐྱེར་པ་སོགས་ཆུ་སེར་གྱི་སྨན་གྱིས་བསྒྱུར་ལ་སེང་ལྡེང་གི་ཁུ་བས་དབུལ་ཏེ་དོན་སྣོད་གང་དུ་བབས་པའི་རྩ་ཁ་ཕྱེ་ཙམ་མང་དུ་གཏར་བར་བྱའོ། །བད་ཀན་གྲང་འོར་ལ་གོང་གི་མཁྲིས་སྨན་གསུམ་བཞག་པའི་ན་ལེ་ཤམ་བསྣན་པས་སྦྱང་བའི་རྗེས་སུ་ཕྱི་རྒྱུད་ཀྱི་ཐལ་སྨན་རྣོན་པོས་བསྐམ། བསྣད་པའི་འོར་ལ་གང་ཉེའི་རྩ་ནས་ཁྲག་དབྱུང་ལ་ཏིག་ཏ་བྲག་ཞུན་ཧོང་ལེན་སྲོ་ལོ་ཙནྡན་དཀར་པོ་སོགས་བསིལ་བས་བྱུག་གོ། །དུག་གིས་བསྐྱེད་པ་ལ་ནི་སྤྱི་བཅོས་ལྟག་སྤྲད་དུ་དུག་གི་བཅོས་ལེའུ་གྱ་བདུན་པ་ལྟར་གྱིས་གསོ་བར་སྦྱར་བར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འོར་ནད་གསོ་བའི་ལེའུ་སྟེ་དགུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།