སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་པ། འོར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་དགུ་པ། འོར་ནད་གསོ་བ།



ལེའུ་དགུ་པ། འོར་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག འོར་ནད་གསོ་བ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཟས་དུས་རྐྱེན་གྱིས་བསྐྱེད་པ་གསུམ། །དང་པོ་ཁ་ཟས་མ་ཞུ་དྭངས་སྙིགས་འདྲེས། །མཆིན་གནས་ཟུངས་སུ་མ་གྱུར་ཁྲག་ངན་རྒྱས། །དེ་ཉིད་ཤ་ལྤགས་བྱེར་བས་ཆུ་སེར་སྐྱེད། །ཆུ་སེར་འོར་དུ་ལྷུང་སྟེ་གཡོ་བར་འགྱུར། །དུས་བསྐྱེད་སྐྱ་རྦབ་རྙིངས་ལས་འབྱུང་བ་ཡིན། །རྐྱེན་བསྐྱེད་ནད་ཀུན་བཅོས་ཉེས་འཁྲུགས་ལས་འབྱུང༌།།

དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །བསྣད་དང་དུག་ལས་བྱུང་བ་དྲུག་ཏུ་བཤད།།

རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་རྟགས་རྩ་རྣམས་ཐམས་ཅད་ཚ་ཞིང་འཁྱུག །ལུས་དང་ཡན་ལག་སྙོམ་ལ་ངལ་བ་སྟེ། །དྲོད་ཆུང་ཁ་ཟས་མི་འཇུ་དང་ག་འགག །དེ་རྗེས་ལུས་ཀུན་གཡོ་ཞིང་སྐྲངས་པ་སྟེ། །ཁྱད་པར་གདོང་བོལ་བྲང་གསུས་ཆུ་སོ་སྐྲངས། །ཤ་དང་པགས་པའི་བར་རྣམས་ཆུ་སེར་ཁེངས། །འོག་ཏུ་གང་བཅུག་ཡོན་པོར་སྐྲངས་པ་ཡིན། །བྱེ་བྲག་རྟགས་ལ་རླུང་འོར་ལུས་འདར་བརྩེ། །སྐྲངས་རྩུབ་གསོབ་ལ་ཉིན་ཆེ་མཚན་མོ་ཆུང༌། །མཁྲིས་འོར་མིག་ཆུ་ལྤགས་སེར་དྲོས་ན་སྐྱེ། །ཁྲག་འོར་རྩ་རྣམས་གཟེར་འཁྱུག་མིག་ཆུ་དམར། །བད་ཀན་ལུས་གྲང་གྲང་ན་མི་བདེ་ལ། །སྐྲངས་པ་ཉིན་ཆེ་མཚན་མོ་ཆུང་བ་ཡིན། །བསྣད་འོར་མཚོན་ལམ་ལ་བརྟེན་ཚ་ལ་དམར། །དུག་རེག་ཁོང་སོང་དུག་རྟགས་ལྡན་པས་ཤེས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་གསར་དུས་སྨྱུང་བྱ་འཇུ་སླ་བསྟེན། །བོང་ང་ཐང་ཤིང་དུག་ཉུང་བྱི་ཏང་ག །ཕོ་བ་རིས་བསྐོལ་ཁུ་བས་འོར་ནད་སེལ། །སེ་འབྲུ་ལྔ་པས་ཕོ་བའི་མེ་དྲོད་བསྲུང༌། །འབྲས་བུ་གསུམ་ཐང་ཧོང་ལེན་ཚ་བ་གསུམ། །དུར་བྱིད་བ་ཆུ་ལྕགས་སྣོད་བསྐོལ་ཁུ་ལ། །སྤོས་དཀར་སྦྲང་རྩི་སྦྱར་བའི་ཁྲུས་ཀྱིས་སྦྱང༌། །སྤོས་དཀར་བྲག་ཞུན་འབྲས་གསུམ་ཐང་གིས་བསྡུས། །སླེ་ཏྲེས་ཐང་ཤིང་སྤོས་དཀར་ཨ་རུ་ར། །བ་སྤྲུ་བ་ཆུར་སྦྱར་བླུད་འོར་ཀུན་འཇོམས། །ཁྱད་པར་རླུང་ལ་བ་ཡི་རྣམ་ལྔའི་མར། །བཟའ་དང་བྱུག་དང་འཇམ་རྩིར་བཏང་བ་དང༌། །ཁ་རུ་ཚྭ་དང་ཞུན་མར་སྒ་སྦྱར་བྱུག །མཁྲིས་འོར་སྦྱངས་རྗེས་བཟང་དྲུག་འགྲོན་ཐོད་ཐལ། །ཚ་བ་གསུམ་ཐལ་བྲག་ཞུན་སོ་མ་ར། །ཀ་ར་སྦྱར་བས་མཁྲིས་འོར་སྐེམ་པར་བྱེད། །ཁྲག་འོར་སྦྱངས་རྗེས་ཉི་ཤུ་རྩ་ལྔ་ལ། །ཆུ་སེར་སྨན་བསྒྱུར་སེང་ལྡེང་ཁུ་བས་དབུལ། །རྩ་ཁ་ཕྱེ་ཙམ་མང་དུ་གཏར་བར་བྱ། །བད་ཀན་གྲང་འོར་སྦྱངས་རྗེས་ཐལ་སྨན་བསྐམ། །བསྣད་པའི་འོར་ལ་ཁྲག་དབྱུང་བསིལ་བས་བྱུག །དུག་བསྐྱེད་པ་ལ་དུག་གི་གསོ་བ་སྦྱར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འོར་ནད་གསོ་བའི་ལེའུ་སྟེ་དགུ་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།