སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་དགུ་པ། ནད་ཀྱི་སློང་རྐྱེན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་དགུ་པ། ནད་ཀྱི་སློང་རྐྱེན་བསྟན་པ།

གཉིས་པ་ནད་ཀྱི་རྐྱེན་བཤད་པ་ལ་གསུམ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་སློང་རྐྱེན་ནོ་ཞེས་པའི་པར་གྱིས་བསྟན་ཏེ། ནད་ཀྱི་རྒྱུ་བསྟན་ཟིན་པའི་རྗེས་སུ་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། བཤད་མ་ཐག་པའི་ནད་ཀྱི་རྒྱུ་དེ་ལྟ་བུ་ལ་ཟུག་རྔུ་མངོན་གྱུར་དུ་སྐྱེད་པར་བྱེད་པའི་རྐྱེན་ནི་དུ་ཙམ་ཡོད་སྙམ་ན་རྣམ་པ་གསུམ་དུ་ཡོད་དེ། སྐྱེ་མཆེད་དང༌། གསོག་ལྡང་དང༌། སློང་རྐྱེན་དངོས་ཏེ་གསུམ་མོ། །སྐྱེ་མཆེད་དང་གསོག་ལྡང་ནད་ཀྱི་རྐྱེན་དུ་འགྱུར་བ་ཅི་ཡིན་ནམ་སྙམ་ན་ནད་ཀྱི་རྣམ་པ་མང་དུ་སྐྱེ་ཞིང༌། སྟོབས་འཕེལ་བའམ་མཆེད་པར་བྱེད་པས་ན་སྐྱེ་མཆེད་ཅེས་པ་དང༌། ནད་ལྐོག་གྱུར་དུ་གསོག་ཅིང་མངོན་གྱུར་དུ་ལྡང་བར་བྱེད་པས་ན་གསོག་ལྡང་ཞེས་པ་གཉིས་ཀྱང་ནད་སློང་བའི་རྐྱེན་དུ་ཅི་ནས་ཀྱང་རིགས་ཤིང༌། རྐྱེན་དངོས་ནི་ནང་ལྐོག་གྱུར་དུ་བསགས་པ་རྣམས་མངོན་སུམ་སློང་བར་བྱེད་པས་ན་སློང་རྐྱེན་སྨོས་པ་ཡིན་པས་རྐྱེན་དེ་གསུམ་དུ་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རང་རྒྱུད་ཅན་རྐྱང་བའི་སློང་རྐྱེན་དང༌། གཞན་རྒྱུད་ཅན་ལྡན་འདུས་ཀྱི་སློང་རྐྱེན་བཤད་པའོ། །དང་པོ་ལ་གསུམ་སྐྱེ་མཆེད། གསོག་ལྡང༌། སློང་རྐྱེན་དངོས་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །

དང་པོ་ནི། སྐྱེ་མཆེད་ཅེས་པ་ནས་སྐྱེད་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་སློང་རྐྱེན་གསུམ་གྱི་ནང་ནས་དང་པོ་སྐྱེ་མཆེད་ཅེས་པ་ནི་དུས་དང་དབང་པོ་དང་སྤྱོད་ལམ་རྣམས་དམན་ལྷག་ལོག་པ་ལས་ནད་རྣམས་སྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དུས་ཀྱི་སྒོ་ནས། དབང་པོའི་སྒོ་ནས། སྤྱོད་ལམ་གྱི་སྒོ་ནས་འབྱུང་བའི་སྐྱེ་མཆེད་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དུས་དོན་ལས་ཀྱི་སྦྱོར་བ་རྣམས། །དམན་དང་ལོག་པ་ལྷག་པ་དང༌། །ཡང་དག་སྦྱོར་བས་ནད་དང་ནི། །ནད་མེད་རྒྱུ་གཅིག་ཡིན་ཞེས་བྱ། །ཞེས་བྱ་བ་ཡིན་ཏེ། དེ་ལ་དུས་ནི་བསིལ་བ་དང་ཚ་བ་དང་ཆར་འབབ་པའི་དུས་ཏེ་གསུམ་མོ། །དོན་ནི་འབྱུང་བ་ཆེན་པོའི་ཡོན་ཏན་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲིའོ། །དེ་ཡང་ལུང་ལས། དོན་ནི་སྒྲ་སོགས་ཡིན་ཞེས་བྱ། །སྤྱོད་ཡུལ་ཡུལ་དང་ཡོན་ཏན་ཡིན། །ཞེས་བཤད་པ་ཡིན་ནོ། །ལས་ནི་བྱ་བ་སྟེ་ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པའོ། །དེ་ལྟར་དུས་དང་དོན་དང་ལས་ནི་དུས་དོན་ལས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་འབྲེལ་བའོ། །ཇི་ལྟ་བུ་ཞེ་ན། དམན་དང་ལོག་པ་ལྷག་པ་དང༌། །ཞེས་བྱ་བ་དང༌། དེ་བཞིན་དུ་ཡང་དག་པའི་སྦྱོར་བ་སྟེ། གང་དུས་ལ་སོགས་པའི་སྦྱོར་བ་དམན་པ་དང་ལོག་པ་དང་ལྷག་པ་སྟེ། དེ་ནི་ནད་ཀྱི་རྒྱུ་གཅིག་པུ་ཡིན་ལ། དེ་རྣམས་ཉིད་ཀྱིས་ཡང་དག་པའི་སྦྱོར་བ་གང་ཡིན་པ་ནི་ནད་མེད་པའི་རྒྱུ་གཅིག་པུ་ཡིན་ནོ། །དེ་ལ་ཡང་དག་པའི་སྦྱོར་བ་སྨོས་པ་ནི། ནད་དང་ནད་མེད་པའི་རྒྱུ་གོ་རིམ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་འདིར་ལོགས་ཤིག་ཏུ་བསྟན་པ་ཡིན་ནོ། །རྒྱུ་གཅིག་ཡིན་ཞེས་བྱ་བ་ནི་རྒྱུ་གཅིག་པུ་ཡིན་པ་སྟེ། གཅིག་གི་སྒྲ་ནི་གཙོ་བོར་གྱུར་པའི་ཚིག་ཡིན་ནོ། །དེ་ཡང་དཔེར་ན་གཞུ་འཛིན་པ་ནི་སྲིད་སྒྲུབ་གཅིག་པུ་ཡིན་ནོ། །ཞེས་ཟེར་བ་ལྟ་བུའོ། །དེ་ལ་དུས་ཀྱི་སྦྱོར་བ་དམན་པ་ནི། རང་གི་རང་བཞིན་ལས་ཉམས་པའོ། །ལྷག་པའི་སྦྱོར་བ་ནི་རང་གི་རང་བཞིན་ལས་ལྷག་པར་འགྱུར་བའོ། །ལོག་པ་ནི་རང་གི་རང་བཞིན་ལས་ཕྱིན་ཅི་ལོག་ཏུ་བྱེད་པའོ། །དེ་ཡང་དཔེར་ན་དམན་པའི་བསིལ་བ་དང༌། དམན་པའི་ཚ་བ་དང༌། དམན་པའི་ཆར་ནི་དམན་པའི་སྦྱོར་བའོ། །དཔེར་ན་གྲང་བའི་དུས་ཀྱི་གནས་སྐབས་སུ་ཤིན་ཏུ་ཚ་བ་དང༌། ཚ་བའི་དུས་ཀྱི་གནས་སྐབས་སུ་ཤིན་ཏུ་གྲང་བ་དང༌། ཆར་འབབ་པའི་དུས་ཀྱི་གནས་སྐབས་ཆར་མེད་པ་ནི་ལོག་པའི་སྦྱོར་བའོ། །དཔེར་ན་ལྷག་པར་བསིལ་བ་དང༌། ལྷག་པར་ཚ་བ་དང༌། ལྷག་པར་ཆར་འབབ་པ་ནི་ལྷག་པའི་སྦྱོར་བ་སྟེ། སྦྱོར་བ་འདི་གསུམ་ནི་ནད་ཀྱི་རྒྱུ་ཡིན་ནོ། །མཉམ་པའི་སྦྱོར་བ་ནི་ཡང་དག་པའི་སྦྱོར་བ་སྟེ། རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་ནི་ནད་མེད་པའི་རྒྱུ་ཡིན་ནོ། །ཞེས་དང༌། དུས་ཀྱང་གྲང་དང་ཚ་བ་དང༌། །ཆར་དུས་དབྱེ་བས་གསུམ་དུ་འདོད། །ཅེས་བྱ་བ་ལ་དེ་བཞིན་དུ་དུས་ཀྱང་གྲང་བ་དང་ཚ་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡིན་ཏེ། དེ་ལ་གྲང་བ་ནི་དགུན་སྟོད་དགུན་སྨད་ཅེས་བྱའོ། །ཚ་བ་ནི་སོས་ཀའོ། །དབྱར་ནི་ཆར་གྱི་དུས་སོ། །དེའི་དམན་པའི་སྦྱོར་བ་ནི་ལྷག་པའི་སྦྱོར་བ་དང༌། ལོག་པའི་སྦྱོར་བ་བསྟན་པའི་ཕྱིར་རོ། །དེ་དམན་གྲང་སོགས་ཆུང་བ་དང༌། །ལྷག་སྦྱོར་ཤིན་ཏུ་ཆེས་མཚན་ཉིད། །རང་གི་མཚན་ཉིད་ཕྱིན་ཅི་ལོག །ལོག་པའི་སྦྱོར་བ་ཡིན་པར་བཤད། །ཅེས་བྱ་བ་ལ་དེ་བཞིན་དུ་གྲང་བ་དང་ཚ་བ་དང་ཆར་གྱི་དུས་དགུན་དང་སོས་ཀ་དང་དབྱར་ཞེས་བྱ་བའི་མཚན་ཉིད་ཅན་སྔར་ཅི་ཙམ་གྱི་ཚད་དུ་བསྟན་པ་དེ་ལས་གང་ཆུང་ཞིང་ཤིན་ཏུ་དམན་པར་སྣང་བ་དེ་ཉིད་ནི་དུས་དང་མི་སྦྱོར་བ་ཡིན་པས་ན་ཆུང་བའམ་དམན་པའི་སྦྱོར་བ་ཞེས་བྱའོ། །ལྷག་པའི་སྦྱོར་བ་ནི་གང་གསུམ་པོ་དེ་དག་རང་གི་ཚད་ལས་ཀྱང་ཆེས་ལྷག་པར་སྟོན་པ་དེ་ནི་ལྷག་པའི་སྦྱོར་བ་ཞེས་བྱའོ། །ལོག་པའི་སྦྱོར་བ་ནི་རང་གི་མཚན་ཉིད་ལས་ཕྱིན་ཅི་ལོག་པ་སྟེ། ཇི་ལྟར་དགུན་གྱི་ཚེ་ཚ་བ་དང༌། སོས་ཀའི་དུས་གྲང་བ་དང༌། དབྱར་གྱི་དུས་སུ་ཆར་མི་འབབ་པའོ། །ཞེས་དང༌། རང་འགྲེལ་ལས། ལོ་གཅིག་ལ་དུས་ཀྱང་གསུམ་དུ་དབྱེ་སྟེ། དགུན་ཟླ་བཞི། དཔྱིད་ཟླ་བཞི། དབྱར་ཟླ་བཞི་སྟེ་དེ་ལ་དུས་འདི་གསུམ་ཚུལ་གྱི་ཡང་ཆུང་ངུ་དང་ཆེན་པོ་དང་ལོག་པ་རྣམ་གསུམ་ལས་མི་དང༌། སྲོག་ཆགས་དང༌། ཕྱི་རོལ་གྱི་འབྲུ་འབྲས་དང་རྩི་ཤིང་ལ་སོགས་པ་ལ་གནོད་པར་འགྱུར་བ་སྟེ། དགུན་གྲང་བའི་ཚེ་ལྷག་པ་ནི་ཧ་ཅང་ཆུང་ཆེས་ན་ཡང་དུས་ཀྱི་སྦྱོར་བ་ཆུང་བ་ཞེས་བྱ་སྟེ། དེ་ཡང་མི་བཟང་ངོ༌། །ཡང་ན་ལྷག་པ་ཧ་ཅང་ཆེས་ན་ཡང་གནོད་དེ་མི་རུང་ངོ༌། །དགུན་གྱི་ཚུལ་དང་མི་འདྲ་བར་གྱུར་པ་ནི་དུས་ལོག་པ་ཞེས་བྱ་སྟེ། འདི་ལྟ་བུ་ཡང་ནད་དང་གནོད་པར་འགྱུར་བ་ཞེས་བྱའོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། དུས་ནི་ཞེས་པ་ནས་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏེ། སྐྱེ་ཞིང་མཆེད་པར་བྱེད་པའི་སློང་རྐྱེན་ལས་དུས་དམན་ལྷག་ལོག་པ་ཞེས་བྱ་བ་ནི་ཚ་བའི་དུས་སོས་ཀ་དང༌། གྲང་བའི་དུས་དགུན་དང༌། ཆར་གྱི་དུས་དབྱར་ག་གསུམ་དམན་པ་ནི་རིམ་པ་བཞིན་དུ་ཚ་བའི་ཤས་ཆུང་བ་དང༌། གྲང་བའི་ཤས་ཆུང་བ་དང་ཆར་བ་ཆུང་བ་སྟེ། དེ་བཞིན་དུ་ལྷག་པ་ནི་ཚ་བ་དང༌། གྲང་བ་དང་ཆར་བ་རྣམས་ཆེ་དྲགས་པ་ལ་བྱ་ལ། ལོག་པ་ནི་དུས་དེ་གསུམ་གྱི་སྐབས་སུ་ཚ་གྲང་ཆར་གསུམ་མེད་པ་ཞེས་བྱ་སྟེ། ཅུང་ཟད་དམན་པ་ཙམ་ལ་མི་བྱའོ། །ཤུགས་ལས་དུས་དེ་གསུམ་གྱི་ཚེ་རང་རང་གི་གནས་ལུགས་དང་མཐུན་པར་ཚ་གྲང་ཆར་གསུམ་སྙོམས་པར་འབྱུང་བ་ནི་དམན་ལྷག་ལོག་གསུམ་དང་བྲལ་བ་ཞེས་བྱ་སྟེ་ནད་མེད་པའི་རྒྱུའི་གཙོ་བོ་ཡིན་ནོ། །གཉི་སཔ་སྐྱེ་མཆེད་དང་དབང་པོའི་སྒོ་ནས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱི་རང་འགྲེལ་ལས། ནང་དུ་འགྱུར་བ་དེ་དག་གི་རྒྱུ་ཡང་མདོར་ན་རྣམ་པ་གསུམ་སྟེ། ཡུལ་དང་དུས་དང་ལས་ངན་པར་བྱེད་པ་སྟེ་གསུམ་མོ། །འདི་གསུམ་པོ་རེ་རེ་ལ་ཆུང་ངུ་བསྟེན་པ་དང༌། རབ་ཏུ་བསྟེན་པ་དང༌། ལོག་པར་བསྟེན་པ་དང་གསུམ་དུ་དབྱེའོ། །དེ་གསུམ་པོ་རེ་རེ་ལའང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་དབྱེ་ན་དགུ་དགུ་རུ་འགྱུར་རོ། དེ་ཇི་ལྟར་ཞེ་ན། མིག་གི་དབང་པོའི་ཡུལ་གཟུགས་སྣང་བ་ཡིན་ཏེ། ཡུལ་དེ་ལ་གང་ལྟར་ཡང་རུང་སྟེ། རང་གི་ཡུལ་མི་བལྟ་བའམ་ཡང་ཞིབ་ཏུ་ལེགས་པར་མི་བལྟ་བར་ཅུང་ཟད་ཙམ་མམ། འོལ་སྤྱི་ཙམ་ཞིག་བལྟ་བ་དེ་ལྟ་བུ་ནི་གཟུགས་མིག་གིས་བལྟ་བ་ཆུང་བར་སྦྱོར་བ་ཞེས་བྱའོ། །གཟུགས་ལ་མིག་གིས་ཧ་ཅང་ཡུན་རིང་དུ་བལྟ་ན་དེ་ནི་རབ་ཏུ་སྦྱོར་བ་ཞེས་བྱ་སྟེ། དེ་ལྟ་བུ་ཡང་ནད་དུ་འགྱུར་བས་མི་རུང་ངོ༌། །ཡང་གཟུགས་ཆུང་ཆེས་པ་ལ་བལྟ་བའམ་ཉི་མ་ལྟ་བུ་ལ་ལྷང་ལྷང་པོ་འཚེར་ཆེས་པ་ལ་མིག་ཚུགས་སུ་བལྟ་བའམ། གཟུགས་འཇིགས་པའི་བལྟ་བའམ་མིག་གི་དྲུང་ཉིད་དུ་གཟུགས་གཞན་པ་ལ་བླཏ་བའམ། ཡང་ན་གཟུགས་ཧ་ཅང་ཐག་རིང་ཆེས་པ་ལ་རྒྱང་མར་མིག་ཚུགས་སུ་བལྟ་བའམ། གཟུགས་ཡིད་དུ་འོང་བ་ལ་བལྟ་བའམ། གཟུགས་མི་སྡུག་པ་ལ་མིག་གིས་བལྟ་བ་དེ་ལྟ་བུ་ལོག་པར་བལྟ་བ་ལ་བརྟེན་པ་ཞེས་བྱའོ། །དེ་ལྟ་བུ་ལའང་ནད་དུ་འགྱུར་ཏེ་མི་རུང་ངོ༌། །དེ་བཞིན་དུ་རྣ་བ་ལ་སོགས་པའི་ཡུལ་སྒྲ་ལ་སོགས་པ་ཡང་རྣམ་པ་གསུམ་དུ་བལྟ་སྟེ། རྣ་བའི་ཡུལ་སྒྲ་ཆེན་པོ་དྲག་པོ་ལ་ཉན་པའམ། རུལ་པོ་མནམ་པོ་མནམ་པ་ཡང་མི་རུང་སྟེ། སོ་སོའི་དབང་པོ་ཡུལ་གྱི་ཚུལ་དུ་སྦྱར་ལ། ཆུང་ངུ་དང༌། ཆེན་པོ་དང༌། ལོག་པ་དང་རྣམ་པ་གསུམ་དུ་བརྟེན་ཞིང་སྦྱོར་བ་ལས་གནོད་པའི་ནད་དུ་འགྱུར་བའི་ཚུལ་གོང་མ་དང་འདྲ་བར་སྦྱར་རོ། །ཞེས་པ་དང་། དེ་བཞིན་དུ་ཟླ་ཟེར་སོགས་ལས་ཀྱང་རྒྱས་པར་བཤད་པ་རྣམས་ལས་རྟོགས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། དབང་པོ་ཞེས་པ་ནས་སྦྱོར་བར་བཤད་ཅེས་པའི་བར་གྱིས་བསྟན་ཏེ། སྐྱེ་མཆེད་ཀྱི་སློང་རྐྱེན་གྱི་ནང་ནས་དབང་པོ་དམན་ལྷག་ལོག་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང་དེའི་ཡུལ་གཟུགས་ལ་སོགས་པ་ལྔ་པོ་རྣམས་ལྷན་ཅིག་བྱེད་པའི་རྐྱེན་གྱིས་ཕྲད་པ་ན་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ཤིན་ཏུ་ཆུང་བ་ལ་ལོངས་སྤྱོད་པའམ། ཡང་ན་ཡུལ་དེ་རྣམས་ལ་དབང་པོ་རྣམས་སོ་སོར་མི་སྦྱོར་བ་ནི་དམན་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་དབང་པོ་རྣམས་རང་རང་གི་ཡུལ་ལྷག་པར་གཟིར་ཞིང་ཤས་ཆེར་གཏད་དྲགས་པ་ནི་ལྷག་པ་ཞེས་བྱ་བའི་སྦྱོར་བ་ཡིན་ལ། ཡུལ་ལྔ་པོ་དབང་པོ་རྣམས་དང་ཤིན་ཏུ་ཉེ་བ་དང༌། ཡང་ན་ཤིན་ཏུ་རིང་བ་དང་དེ་བཞིན་དུ་ཧ་ཅང་ཆེ་དྲགས་པའམ་ཆུང་དྲགས་པ་དང༌། འཇིགས་སུ་རུང་ཞིང་ཤིན་ཏུ་མི་སྡུག་པའི་གཟུགས་སྒྲ་ལ་སོགས་པ་ལ་ལོངས་སྤྱོད་པ་ནི་ལོག་པའི་སྦྱོར་བ་ཞེས་བྱ་སྟེ། དེ་ལྟ་བུ་ཡང་ནད་ཀྱི་རྐྱེན་ཞེས་བྱ་བར་བཤད་པ་ཡིན་ནོ། །གསུམ་པ་སྐྱེ་མཆེད་སྤྱོད་ལམ་གྱི་སྒོ་ནས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། སློབ་དཔོན་གྱིས། དེ་རྣམས་ཀྱི་ནི་ལྡང་བའི་རྒྱུ། །དབང་དོན་མི་འཚམ་ཕྲད་པ་དང༌། །དུས་དང་ཉེས་པའི་ལས་རྣམས་སོ། །དེ་ཡང་དམན་ལྷག་ལོག་སྦྱོར་བས། །དབྱེ་བ་རྣམ་པ་གསུམ་དུ་འགྱུར། །དབང་དོན་རང་ཡུལ་ཆུང་ངུའམ། །མི་སྦྱོར་བ་ནི་དམན་པ་སྟེ། །ཤས་ཆེར་གཏད་པ་ལྷག་སྦྱོར་ཡིན། རབ་ཕྲའི་འོད་དང་འཇིགས་པ་དང༌། །ཤིན་ཏུ་ཉེ་དང་ཤིན་ཏུརིང༌། །ཡིད་དུ་མི་འོང་མི་སྡུག་པའི། །གཟུགས་ལ་མིག་ནི་བལྟ་བྱེད་པ། །ལོག་སྤྱོར་དེ་ནི་མི་བཟད་ཡིན། །དེ་བཞིན་རབ་དྲག་རུལ་ལ་སོགས། །དཔང་དོན་ཇི་བཞིན་ཤེས་པར་བྱ། །དུས་ཀྱང་གྲང་དང་ཚ་བ་དང༌། །ཆར་དུས་དབྱེ་བས་གསུམ་དུ་འདོད། དེ་དམན་གྲང་སོགས་ཆུང་བ་དང༌། །ལྷག་སྦྱོར་ཤིན་ཏུ་ཆེ་མཚན་ཉིད། །རང་གི་མཚན་ཉིད་ཕྱིན་ཅི་ལོག །ལོག་པའི་སྦྱོར་བ་ཡིན་པར་བཤད། །ལུས་ངག་ཡིད་ཀྱི་དབྱེ་བ་ཡིས། །ལས་ཀྱང་དབྱེ་བ་གསུམ་དུ་འདོད། །ལུས་ལ་སོགས་པའི་ལས་དམན་ལ། །འཇུག་པ་དམན་པའི་མིང་ཅན་ཡིན། །བརྟུན་ངས་འཇུག་པ་ལྷག་སྦྱོར་རོ། །ཤུགས་བཀག་པ་དང་བཙིར་བ་དང༌། །མི་བཟད་ལུས་ཀྱི་ལས་རྣམས་དང༌། །གཅུས་དང་རྡེག་འཆོས་གོམ་འཁྱོར་སོགས། །བལྡད་བཞིན་སྨྲ་བར་བྱེད་པ་དང༌། །འདོད་ཆགས་ཞེ་སྡང་འཇིག་ཚོགས་དང༌། །སྲོག་གཅོད་ལ་སོགས་ལས་རྣམས་དང༌། །རྣམ་བཅུ་དེ་ཡང་དམན་པ་ཡིན། །འདི་དག་གཞན་དུ་བྱས་པ་རྣམས། །དེ་དག་མ་ལུས་ལོག་སྦྱོར་ཡིན། །འདི་དག་ནད་ཀྱི་རྒྱུ་ཡིན་ནོ། །ཞེས་དང༌། འགྲེལ་བ་གཉིས་ཀ་མཐུན་པར།

རང་འགྲེལ་ལས། ལུས་དང་ངག་དང་སེམས་ཀྱི་ལས་ལའང་ཆུང་ངུ་དང་ཆེན་པོ་དང༌། ལོག་པར་སྦྱོར་བ་གསུམ་དུ་བལྟའོ། །དེ་ལ་ལུས་ཀྱི་ལས་ཆུང་ངུ་བྱེད་པ་ནི། ཅི་བྱེད་ཀྱང་ཅུང་ཟད་ཙམ་ཞིག་བྱེད་པ་ནི་ཆུང་ངུས་སྦྱོར་བའོ། །ཧ་ཅང་བརྟུན་ངས་པ་ནི་ཆེར་སྦྱོར་བའོ། །བཤང་གཅི་ལ་སོགས་པ་ཧ་ཅང་སྙོན་ན་ལུས་ཀྱིས་སྒྲིམས་ཏེ་མནག་པའམ། མི་བྲོ་བཞིན་དུ་བཙིར་བའམ། ཉམས་ཀྱིས་མི་ནུས་བཞིན་དུ་ལུས་ཀྱི་ལས་དྲག་ཤུལ་བྱེད་པ་དང༌། ལུས་དང་རྐང་ལག་ཧ་ཅང་གཅུ་བ་དང༌། རྡེག་འཆའ་བ་དང༌། གོམ་པ་ཐུར་ཞིག་འབུབ་པ་ནི་ལོག་པའི་སྦྱོར་བ་ཞེས་བྱ་སྟེ་ལུས་ལ་གནོད་དོ། །ངག་གི་སྨྲ་བ་ཡང་ཚུལ་དེ་དང་འདྲ་སྟེ། ཁ་ཟས་བལྡད་བཞིན་དུ་འབུབ་པོར་སྨྲ་བ་ནི་སྨྲ་བ་ངན་པ་སྟེ། འདི་ཡང་གནོད་དེ་མི་རུང་ངོ༌། །ཡིད་ཀྱི་ཡང་འདོད་ཆགས་དང་ཞེ་སྡང་འཇིགས་པ་ལ་སོགས་པ་སེམས་པ་ནི་ལོག་པར་སྦྱོར་བའོ། །མི་དགེ་བའི་ལས་དམན་པའི་དངོས་པོ་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་དེ་དག་ཀྱང༌། ལོག་པའི་སྦྱོར་བ་ཡིན་ཏེ། ལོག་པའི་སྦྱོར་བ་དེ་ལྟ་བུ་སྔོན་གྱི་ཚེ་ལ་བྱས་སམ། ཚེ་འདི་ལ་བྱས་ཀྱང་རུང་སྟེ། དེ་དག་ནི་ནད་དུ་འགྱུར་བའི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་ཀྱང་སྙོམ་སྟེ་འཁྲུགས་ནས་ལུས་ཀྱི་ཡན་ལག་དང༌། ནང་ཁྲོལ་དང་ལྷུ་ཚིགས་ཀྱི་མཚམས་ཀུན་ཏུ་ནད་རྣམ་པ་སྣ་ཚོགས་ཀྱིས་འདེབས་པར་བྱེད་དོ། །ཞེས་བཤད་པ་ལྟར་རོ། །བརྟུན་ངས་ཞེས་པ་བརྡ་རྙིང་པ་སྟེ་དབང་པོ་རྣམས་ལ་བཏུད་ནས་དྲག་ཏུ་འཇུག་པའི་དོན་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། སྤྱོད་ལམ་ཞེས་པ་ནས་ལོག་སྦྱོར་རོ་ཞེས་པའི་བར་གྱིས་བསྟན་ཏེ། སློང་རྐྱེན་སྐྱེ་མཆེད་ཀྱི་ནང་ནས་སྤྱོད་ལམ་དམན་ལྷག་ལོག་པ་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་ངེས་པ་ཡིན་ཏེ། དེ་ཡང་ལུས་ངག་ཡིད་གསུམ་གྱིས་བྱེད་འགྱུར་གྱི་ལས་ཀྱི་དབང་དུ་བྱས་ནས། ལུས་ངག་ཡིད་གསུམ་པོ་རང་རང་གི་ཡུལ་སོ་སོ་ལ་འཇུག་པ་ཆུང་ངམ་ལས་ལ་མི་སྦྱོར་བ་དང༌། སྦྱོར་ཡང་འཇུག་པ་དམན་པ་རྣམས་ནི་དེ་གསུམ་གྱི་ལས་དམན་པ་ཡིན་ཞིང༌། ཡང་ཡུལ་སོ་སོ་ལ་ཧ་ཅང་བརྟུན་ངས་ཞེས་པ་བཏུད་དྲགས་ནས་ཆེར་འཇུག་པ་ནི་དེ་གསུམ་གྱི་ལས་ལྷག་པའི་སྦྱོར་བ་ཞེས་བྱ་ལ། དེ་བཞིན་དུ་བཤང་གཅི་ལ་སོགས་འབྱུང་ལ་ཉེ་བའི་ཚེ་ཤུགས་བཀག་པའམ། བྲོ་བ་མེད་ཀྱང་ནན་གྱིས་བཙིར་བ་དང༌། མི་ཐེག་བཞིན་དུ་ཁུར་བ་སོགས་ལུས་གཅུ་བར་འགྱུར་བ་དང༌། གཞན་ཡང་ཚེ་འདི་དང་སྔ་མར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བཅུ་བགྱིས་པ་ལ་སོགས་པ་རྣམས་ནི་ལོག་པར་སྦྱོར་བ་ཞེས་བྱ་སྟེ། འདི་དག་ཐམས་ཅད་ཀྱང་ནད་སྐྱེ་ཞིང་མཆེད་པར་བྱེད་པས་ན་འབད་ནས་སྤང་བར་བྱ་བ་ཡིན་ལ། ཤུགས་བསྟན་ལ་དབང་དོན་དང་སྤྱོད་ལམ་དམན་ལྷག་ལོག་པ་བརྗོད་མ་ཐག་པ་དེ་རྣམས་དང་བྲལ་ནས་ཡུལ་སོ་སོ་ལ་སྙོམས་པར་འཇུག་པ་ནི་ནད་མེད་དུ་གནས་པའི་རྒྱུའི་གཙོ་བོ་ཡིན་པར་ཤེས་དགོས་སོ། །གཉིས་པ་ནད་ཀྱི་རྐྱེན་གསོག་ལྡང་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གསོག་ལྡང་ཞེས་སོགས་རྐང་པ་གཅིག་གིས་བསྟན་ཏེ། ནད་གསོག་ལྡང་ཞི་གསུམ་གྱི་རྣམ་པར་གཞག་པ་ལ། རྒྱུ་དང༌། ངོ་བོ་དང༌། དུས་ཏེ་གསུམ་གྱི་སྒོ་ནས་ཤེས་པར་བྱའོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། གསོག་ལྡང་གི་རྒྱུ། དེའི་ངོ་བོ། དེའི་དུས་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ཀྱི་འགྲེལ་པ་རྣམས་ལས། དང་པོ་རླུང་གསོག་པའི་རྒྱུ་ནི། ཕྱིའི་ཡུལ། ནམ་ཟླའི་དུས། ཟས་སྨན་གྱི་རོ། ལུས་ངག་གི་སྤྱོད་པ་རྣམས་རྩུབ་པ་དང༌། །སོགས་པས་ཡང་བ་སྐྱ་བ་གཡོ་བ་བཞི་མཚུངས་པར་ལྡན་པས་རླུང་གསོག་པར་བྱེད་དོ། །ཞེས་པ་ལ་སོགས་པའི་སྒོ་ནས་བཤད་དོ། །དེ་ལ་སྐབས་འདིར་ཡུལ་དུས་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་སྒོ་ནས་གསོག་ལྡང་ཞི་གསུམ་གྱི་རྒྱུ་འཆད་པར་མི་རིགས་ཏེ། ཡུལ་དུས་ནི་འོག་ནས། དུས་ནི་སོས་ཀ་སོགས་གསུམ་ཞེས་སོགས་དང་ཟློས་ལ། སྤྱོད་ལམ་ནི་གོང་དུ་སྤྱོད་ལམ་ལུས་ངག་ཡིད་དང་ཞེས་སོགས་དང་ཟློས་པར་འགྱུར་ཞིང༌། མ་ཚང་བ་དང་ཟློས་ཤིང་འབྲེལ་མེད་པར་ནི་རང་ཉིད་ཙམ་དུ་མ་ཟད་གཞུང་མཛད་པ་པོ་དམའ་དབབ་པ་ཡིན་པའི་ཕྱིར་རོ། །འོ་ན་གཞུང་གི་དགོངས་པ་དེ་རང་གང་ཡིན་སྙམ་ན། འདིར་གསོག་ལྡང་ཞི་གསུམ་གྱི་རྒྱུ་ཅི་ཙམ་ཞིག་འཆད་པའི་སྐབས་ཡིན་པས། ཡུལ་དུས་དང་སྤྱོད་ལམ་ལ་མི་སྦྱོར་བར་ཟས་སྨན་ཁོ་ནའི་དབང་དུ་བྱ་དགོས་ཏེ། དེ་ཡང་དཔེར་ན་རླུང་གི་དབང་དུ་བྱས་ནས། ཟས་སྨན་གྱི་ནུས་པ་རྩུབ་པ་དང༌། སོགས་པའི་སྒྲས་སྐྱ་བ་དང་ཕྲ་བ་དང་སྲ་བ་དང་ཡང་བ་དང་གཡོ་བ་རྣམས་ཚ་གྲང་གང་གིའང་ནང་དུ་གཏོགས་པ་མིན་པ་ལ། དེའི་གྲོགས་ཀྱི་དབང་གིས་གསོག་ལྡང་ཞི་གསུམ་འབྱུང་སྟེ། རྩུབ་པ་སོགས་ཀྱི་ནུས་པ་དང་ལྡན་པའི་ཟས་སྨན་དྲོ་བའི་གྲོགས་དང་ལྷན་ཅིག་ཏུ་གྱུར་པའི་ཚེ་རྩུབ་སོགས་ཀྱི་རླུང་རང་གནས་སུ་འཕེལ་ཞིང་དྲོ་བས་མགོ་མནན་དངོས་སུ་ལྡང་མི་ནུས་པར་བྱས་པའི་ཕྱིར་ལྐོག་གྱུར་དུ་གསོག་པ་ཡིན་ལ། བསགས་པའི་སྐབས་དེར་རྩུབ་སོགས་གྲང་བ་དང་ལྷན་ཅིག་ཏུ་གྱུར་པ་དེའི་ཚེ་མངོན་སུམ་དུ་ལྡང་བར་འགྱུར་ཏེ་རླུང་གི་མཚན་ཉིད་རྣམས་དང་ཆོས་མཐུན་པ་ཡིན་པའི་ཕྱིར། ལྡང་བའི་སྐབས་དེ་ཡང་རྩུབ་སོགས་སྣུམ་དྲོ་དང་ལྷན་ཅིག་ཏུ་གྱུར་པ་དེའི་ཚེ་ཞི་བར་འགྱུར་ཏེ། དེའི་གཉེན་པོར་སོང་བའི་ཕྱིར་རོ། །དེ་བཞིན་དུ་མཁྲིས་པ་དང་བད་ཀན་གཉིས་ལའང་སྦྱར་བར་བྱའོ། །དེ་ལྟར་ཡང་སློབ་དཔོན་གྱི་རང་འགྲེལ་ལས། དེ་ལ་ནད་དམིགས་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཁ་ཟས་གང་ལས་འདི་གསུམ་དཀྱིལ་དུ་གསོག་པ་དང༌། ཁ་ཟས་གང་དང་མ་འཕྲོད་དེ་ནད་དཀྱེལ་དུ་ཞུགས་པ་སློང་ཞིང་ལྡང་བ་དང༌། ཟས་དང་སྨན་གྱི་ཆོ་ག་ཇི་ལྟ་བུས་དེ་གསུམ་གྱི་ནད་གསོ་ཞིང་ཞི་བར་བྱ་བའི་རིག་པ་བསྟན་པ། དེ་ལ་ཟས་ཁོང་རྩུབ་ཅིང་སྣུམ་བག་མེད་པ་ལ་སོགས་པ་དྲོ་བ་མཚན་མོ་དང་ལྷན་ཅིག་ཏུ་ཟ་བ་ནི་རླུང་ནད་དུ་འགྱུར་བའི་དཀྱེལ་དུ་གསོག་པ་དང༌། རླུང་ནད་ཀྱི་དཀྱེལ་དུ་ཞུགས་པར་བསགས་པ་དེ་ལ་ཁ་ཟས་བསིལ་བ་གྲང་མོ་དང་མ་འཕྲོད་ནས་རླུང་ནད་ལངས་ཏེ་ན་བར་བྱེད་དོ། །རླུང་ནད་དེ་ལྟ་བུར་གྱུར་པ་ལ་ཁ་ཟས་སྣུམ་བག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དྲོ་ཞིང་ཚ་བར་྄ཡས་པ་ནི་རླུང་ནད་ཞི་བར་འགྱུར་རོ། །ཁ་ཟས་རོ་ཚ་བ་ལ་སོགས་པ་བསིལ་བག་དང་ལྷན་ཅིག་ཟོས་པ་ནི་མཁྲིས་པའི་ནད་དཀྱིལ་དུ་གསོག་གོ། །ཁ་ཟས་དྲོན་མོ་ཚན་པོ་དང་རོ་ཚ་བ་ཟོས་པས་ནི་མཁྲིས་པའི་ནད་དཀྱེལ་དུ་ཞུགས་ཏེ་གསོག་ཅིང་འདུག་པ་དེ་ཟས་དང་མ་འཕྲོད་པས་མཁྲིས་པའི་ནད་དེ་ལྡང་ཞིང་ཞི་བར་བྱེད་དོ། །དེ་ལྟར་རོ་ལེགས་པར་དྲོ་བ་མ་ཡིན་པ་དང༌། མངར་བག་དང༌། ཁ་བ་དང༌། ཟས་བསིལ་བག་ཏུ་སྦྱར་བས་ནི་མཁྲིས་པའི་ནད་དེ་ཞི་བར་འགྱུར་རོ། །ཁ་ཟས་སྣུམ་བག་ལ་སོགས་པ་གྲང་མོ་བསིལ་བག་ཏུ་ཟོས་པས་ནི་བད་ཀན་གྱི་ནད་དཀྱེལ་དུ་གསོག་པར་འགྱུར་རོ། །བད་ཀན་གྱི་ནད་དཀྱེལ་དུ་ཞུགས་པ་དེ་ལྟ་བུ་ལ་ཟས་དྲོན་མོའི་བག་ཟོས་ན་བད་ཀན་གྱི་ནད་ལང་བར་བྱེད་དོ། །བད་ཀན་གྱི་ནད་དེ་ལྟ་བུ་ལ་ཁ་ཟས་སྣུམ་མེད་པ་རྩུབ་པ་ལ་སོགས་པས་ནད་ཞི་བར་འགྱུར་རོ། །ཞེས་དང༌།

ཟླ་ཟེར་ལས་ཀྱང༌། རྩུབ་སོགས་དྲོ་བར་ལྡན་པ་ཡིས། །རླུང་ནི་གསོག་པར་བྱེད་པ་ཡིན། །གྲང་བས་ལྡང་བྱེད་སྣུམ་ལ་སོགས། །ཡོན་ཏན་དེ་ལྡན་ཞི་བྱེད་འགྱུར། །ཞེས་བྱ་བ་ཡིན་ཏེ། རྩུབ་པ་ལ་སོགས་པའི་ཡོན་ཏན་ནི་རྩུབ་པ་དང་བསིལ་བར་བྱེད་པ་དང་ཕྲ་བ་དང་གཡོ་བ་དག་ཡོན་ཏན་དྲོ་བ་དང་ལྡན་ཞིང་རླུང་གི་གཉེན་པོར་གྱུར་པ་དེ་དང་མི་མཐུན་པའི་ཡོན་ཏན་དང་ལྡན་ན་རླུང་ནད་གསོག་ཅིང་འཕེལ་བར་འགྱུར་བ་ཡིན་ཏེ། རླུང་གི་ཡོན་ཏན་གྱི་སྤྱིའི་མཚན་ཉིད་ཙམ་དང་ལྡན་པའི་རྩུབ་པ་ལ་སོགས་པ་དག་ནི་རླུང་གསོག་ཅིང་འཕེལ་བའི་རྒྱུར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་དེ་གཅིག་པུར་མ་ཟད་དེའི་ཡོན་ཏན་དྲོ་བ་རླུང་གི་གཉེན་པོར་གྱུར་པ་དང་ལྡན་པའི་རྩུབ་པ་ལ་སོགས་པ་དེ་དག་གིས་ཀྱང་རླུང་གསོག་པར་བྱེད་དོ། །ཡང་རྩུབ་པ་ལ་སོགས་པའི་རླུང་གི་ཡོན་ཏན་དེ་དང་རླུང་ལྡན་པར་གནས་པས་གྲང་བའི་ཡོན་ཏན་དང་ལྡན་པ་ནི་རང་གི་རྗེས་སུ་མཐུན་པ་ཡིན་པས་ན་རླུང་ལྡང་བར་བྱེད་པ་ཡིན་ནོ། །སྣུམ་པ་ལ་སོགས་པའི་ཡོན་ཏན་དེ་སྣུམ་པ་དང་ལྕི་བ་དང༌། སྦོམ་པ་དང་བརྟན་པ་དང་དྲོ་བའི་ཡོན་ཏན་དང་ལྡན་ན་རླུང་རབ་ཏུ་ཞི་བར་བྱེད་དོ། །ཞེས་པ་ལ་སོགས་པ་རྒྱས་ཤིང་གསལ་བར་བཤད་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། རྒྱུ་ནི་ཞེས་པ་ནས་ཀྱིས་ཞི་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། གསོག་ལྡང་ཞི་གསུམ་གྱི་རྒྱུའི་གཙོ་བོ་ནི་སྨན་འགའ་ཞིག་དང་ཁ་ཟས་རྩུབ་པ་དང་སོགས་ཁོང་ནས་ཡང་བ་དང༌། ཕྲ་བ་དང༌། སྲ་བ་དང༌། གཡོ་བ་དང༌། སྐྱ་བའི་ཡོན་ཏན་ཅན་གལ་ཏེ་དྲོ་བ་དང་ལྡན་པར་བསྟེན་པའི་ཚེ་ན་རྒྱུ་དེས་རླུང་ཁོང་དུ་གསོག་པར་བྱེད་ལ། དེ་ཡང་རྩུབ་པ་ལ་སོགས་པའི་ཡོན་ཏན་དེ་རྣམས་རླུང་གི་མཚན་ཉིད་དང་ཆོས་མཐུན་ཞིང་སྟོབས་ཆེ་བས་རླུང་རང་གི་གནས་སུ་འཕེལ་ཞིང་གསོག་པར་བྱེད་པ་སྟེ། དྲོ་བ་དང་ལྡན་པ་དེས་རླུང་གསོག་པ་ལ་གེགས་བྱེད་མ་ནུས་ཀྱང་མགོ་མནན་པས་ལྡང་མི་ནུས་པའོ། །དེ་ལྟར་བསགས་པའི་རླུང་དེ་ཡང་རྩུབ་པ་ལ་སོགས་པའི་ཡོན་ཏན་གྲང་བ་དང་ལྡན་པར་ཟོས་པས་ནི་རླུང་ནད་མངོན་སུམ་དུ་ལྡང་བར་བྱེད་དོ། །རྩུབ་པ་སོགས་རླུང་གི་མཚན་ཉིད་དང་ཆོས་མཐུན་པ་ཙམ་དུ་མ་ཟད། ཁྱད་པར་གྲང་བས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཤིང༌། མགོ་མནན་པའི་གཉེན་པོ་གཞན་མེད་པས་སོ། །རྒྱུ་དེས་སློང་བའི་རླུང་ནད་དེ་ཡང་ནམ་ཞིག་གི་ཚེ་སྣུམ་པ་དང༌། དྲོ་བ་དང་ཤུགས་ལས་ལྕི་བ་དང་སྦོམ་པ་དང་འཇམ་པ་དང་བསྟེན་པའི་ཡོན་ཏན་དང་ལྡན་པའི་ཟས་སྨན་བསྟེན་པས་ནི་ཞི་བར་འགྱུར་བ་ཡིན་ནོ། །དཔེ་དེ་བཞིན་དུ་རྣོ་བ་དང་སོགས་པའི་སྒྲས་སྣུམ་པ་དང་ཡང་བ་དང་དྲི་མནམ་པ་དང་འཁྲུ་ཞིང་གཤེར་བའི་ཡོན་ཏན་དང་ལྡན་པའི་ཟས་སྨན་བསིལ་བ་དང་ལྡན་པར་བསྟེན་ན་རྣོ་སོགས་ཀྱི་ནུས་པས་མཁྲིས་པ་རང་གནས་སུ་གསོག་ཅིང་བསིལ་བས་མགོ་མནན་ནས་མི་ལྡང་ལ། མཁྲིས་པ་ཁོང་དུ་བསགས་པ་དེའི་ངང་ལ་རྣོ་སོགས་དང་ལྡན་པའི་སྨན་ཚ་བ་དང་ལྡན་པར་བསྟེན་ན་མཁྲིས་པ་མངོན་སུམ་དུ་ལྡང་བར་འགྱུར་ཞིང༌། དེ་ཡང་རྟུལ་བ་དང་སོགས་པའི་སྒྲས་སྐྱ་བ་དང་ལྕི་བ་དང་རྩུབ་པ་དང་བརྟན་པ་དང་སྐམ་པའི་ཡོན་ཏན་དང་ལྡན་པའི་ཟས་སྨན་བསིལ་བ་དང་ལྡན་པར་བསྟེན་པས་ཞི་བར་འགྱུར་བའི་ཚུལ་སྔ་མ་ལྟར་རོ། །དེ་བཞིན་དུ་ལྕི་བ་དང༌། སྣུམ་པ་དང༌། དེའི་ཤུགས་བསྟན་རྟུལ་བ་དང་འཇམ་པ་དང་བརྟན་པ་དང་འབྱར་བག་གི་ཡོན་ཏན་དང་ལྡན་པའི་ཟས་སྨན་བསིལ་བ་དང་ལྡན་པར་བསྟེན་ན་ལྕི་སོགས་ཀྱི་ནུས་པས་བད་ཀན་རང་གི་གནས་སུ་གསོག་པར་འགྱུར་གྱི་བསིལ་བའི་གོང་རྒྱུ་གཅིག་ཏུ་བསྒོངས་ཤིང་འཁྱགས་པར་བྱས་པས་ལྡང་བ་མ་ཡིན་གྱི། དེ་ལྟ་བུའི་ངང་ལ་ལྕི་སོགས་ཀྱི་ཟས་སྨན་དྲོ་བ་དང་ལྡན་པར་བསྟེན་པས་བད་ཀན་གྱི་ནད་མངོན་སུམ་དུ་ལྡང་ཞིང༌། ལངས་པའི་བད་ཀན་དེ་ཡང་རྩུབ་པ་དང་སོགས་ཁོང་ནས་ཡང་བ་དང་སྐྱ་བ་དང་རྣོ་བ་དང་གཡོ་བའི་ཡོན་ཏན་དང་ལྡན་པའི་ཟས་བད་ཀན་གྱི་མཚན་ཉིད་དང༌། ཚུལ་མི་མཐུན་པ་བསྟེན་པ་ཉིད་ཀྱིས་ཞི་བར་འགྱུར་བའི་རྣམ་པར་བཞག་པ་སྔ་མ་ལྟར་རོ། །དེ་ལྟར་ཡང་ཤིན་ཏུ་གསལ་བར་ཟླ་དགས། དེ་ལ་དངོས་པོ་རྣམས་ཀྱི་ཆོས་ཉིད་དམ་རང་བཞིན་ནི་འདི་ཡིན་ཏེ་གལ་ཏེ་རྩུབ་པ་ལ་སོགས་པ་འབའ་ཞིག་ཉིད་རླུང་གི་ཡོན་ཏན་དང་ཆ་མཐུན་པ་ཙམ་གྱིས་རླུང་ལྷག་པར་འཕེལ་བར་འགྱུར་བ་ནི་དེའི་ཚེ་དེ་རྣམས་ལ་རླུང་གི་ཡོན་ཏན་དང་ཆ་མཐུན་པ་ཙམ་གྱིས་རླུང་ལྷག་པར་འཕེལ་བར་འགྱུར་བ་ནི་དེའི་ཚེ་དེ་རྣམས་ལ་རླུང་གི་ཡོན་ཏན་གྱི་གཉེན་པོར་གྱུར་པ་དྲོ་བ་ཞེས་བྱ་བ་མེད་པས་རྩུབ་པ་ལ་སོགས་པ་རྣམས་རླུང་ལྡང་ཞིང་འཁྲུགས་པའི་གནས་སྐབས་བསྐྱེད་ཀྱི་གསོག་པར་ནི་མི་བྱེད་ལ། ཡང་གང་གི་ཚེ་ཡོན་ཏན་དྲོ་བའི་ནུས་པ་དང་འབྲེལ་བས་རྩུབ་པ་ལ་སོགས་པ་རྣམས་ནུས་པ་ཞན་པར་འགྱུར་བའི་ཕྱིར་གསོག་པའི་གནས་སྐབས་བསྐྱེད་ཀྱི། ལྡང་བའི་གནས་སྐབས་ནི་མི་བྱེད་དེ་ནུས་པ་ཞན་པ་ཡིན་པའི་ཕྱིར་རོ། །མཁྲིས་པ་ལ་རྣོ་བ་སོགས་པ་འབའ་ཞིག་གིས་གཉེན་པོ་བསིལ་བའི་ཡོན་ཏན་མེད་པར་ནི་ལྡང་བའི་གནས་སྐབས་བསྐྱེད་ཀྱི།  ལྡང་བའི་གནས་སྐབས་ནི་མི་བྱེད་དེ་ནུས་པ་ཞན་པ་ཡིན་པའི་ཕྱིར་རོ། །མཁྲིས་པ་ལ་རྣོ་བ་སོགས་པ་འབའ་ཞིག་གིས་གཉེན་པོ་བསིལ་བའི་ཡོན་ཏན་མེད་པར་ནི་ལྡང་བའི་གནས་སྐབས་བསྐྱེད་ཀྱི། གསོག་པའི་གནས་སྐབས་སུ་མི་བྱེད་དེ་རིག་པ་སྔ་མའི་ཚུལ་གྱིས་སོ། །བད་ཀན་ལ་ཡང་སྣུམ་པ་ལ་སོགས་པའི་ཡོན་ཏན་རྣམས་དེའི་ཡོན་ཏན་དང་ཆ་མཐུན་པ་ཡིན་དུ་ཟིན་ཀྱང༌། གྲང་བའི་ཡོན་ཏན་ལྷག་པར་ཆེ་བ་དང་ལྡན་པས་བད་ཀན་འཁྱགས་ཤིང་བསྒོངས་པའི་ཚུལ་བསྐྱེད་པར་བྱེད་པ་ཡིན་པས། གསོག་པའི་གནས་སྐབས་ཉིད་བྱེད་ཀྱི། འདི་ལྡང་བའི་གནས་སྐབས་ནི་མི་བྱེད་དོ། །དེ་ལ་ཡང་དེའི་གཉེན་པོར་གྱུར་པ་དྲོ་བའི་ཡོན་ཏན་དང་ལྡན་པའི་སྣུམ་པ་ལ་སོགས་པས་བད་ཀན་འདིའི་གཟུགས་ཞུ་བར་བྱས་ནས་ལྡང་བའི་གནས་སྐབས་བསྐྱེད་པར་བྱེད་ཀྱི། ཞུ་བར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གསོག་པར་བྱེད་པའི་གནས་སྐབས་ནི་བྱེད་མི་ནུས་སོ། །ཞེས་ལེགས་པར་བཤད་པ་ཡིན་ནོ། །

གཉིས་པ་གསོག་ལྡང་ཞི་གསུམ་གྱི་ངོ་བོ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ད་ནི་གསོག་པ་དང་འཕེལ་བ་ཚུལ་འདྲ་བ་ཉིད་དུ་འཕེལ་བར་འགྱུར་བ་ནི་དེ་རྣམས་ཀྱི་གཞུང་རྩོམ་པར་བྱེད་པས་རང་གི་མཚན་ཉིད་བཤད་པའི་དོན་དུ་སྨྲས་པ་ནི། རང་གནས་ཉིད་དུ་འཕེལ་གསོག་ཡིན། །དཀྱེལ་གྱུར་རྒྱུ་ལས་འཁྲུགས་པ་དང༌། །མི་མཐུནཔ་ཡི་ཡོན་ཏན་འདོད། །ཅེས་བྱ་བ་ཡིན་ཏེ། གང་ཉེས་པ་རྣམས་རང་རང་གི་གནས་ཉིད་དུ་འཕེལ་བར་འགྱུར་བ་ནི་དེ་རྣམས་ཀྱི་གསོག་པ་ཡིན་ལ། དེ་ལྟར་ན་རང་གནས་ཉིད་དུ་འཕེལ་གསོག་ཡིན། ཞེས་བྱ་བ་འདིས་ནི་གསོག་པར་བཤད་ཅིང་བསྟན་པ་ཡིན་ནོ། །དཀྱེལ་འགྱུར་རྒྱུ་ལས་འཁྲུགས་པ་དང༌། །ཞེས་བྱ་བ་དང༌། དེ་བཞིན་དུ་ཕྱིན་ཅི་ལོག་པའི་ཡོན་ཏན་འདོད། །ཅེས་བྱ་བས་ནི་རྒྱུ་བསྟན་པ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་རླུང་གསོག་པར་འགྱུར་བ་དེའི་ཚེ་རྩུབ་པ་ལ་སོགས་པ་དེའི་ཡོན་ཏན་དང་ཆ་མཐུན་པ་རྣམས་དཀྱེལ་དུ་གྱུར་པའི་རྒྱུ་ལ་འཁྲུག་པར་འགྱུར་ལ། དེ་དང་མཐུན་པའི་ཡོན་ཏན་སྣུམ་པ་ལ་སོགས་པ་མངོན་པར་འདོད་ཅིང་དགའ་བ་ལས་འདི་རྗེས་སུ་དཔག་པར་བྱའོ། །དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་གནས་ཏེ་ནད་རང་ཉིད་ཀྱི་གནས་སུ་འཕེལ་བར་འགྱུར་བ་དེ་ནི་གསོག་པ་ཡིན་ལ། ནད་རྣམས་བསགས་ནས་དཀྱེལ་དུ་གྱུར་པའི་རྒྱུ་ལས་ནི་འཁྲུག་ཅིང་གཡོ་བར་འགྱུར་བ་དང་དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པ་ལ་འདོད་པ་སྐྱེ་བར་འགྱུར་རོ། །ལྡང་བ་ལོག་པའི་ལམ་ཞུགས་ཉིད། རང་གི་རྟགས་ནི་སྟོན་པ་དང༌། །བདེ་མེད་ནད་ནི་འབྱུང་འགྱུར་བའོ། །ཞེས་བྱ་བ་ལ་ཡང་ལྡང་བ་ནི་འཕེལ་ཞིང་ལྷག་པར་གྱུར་པ་ལས་ནད་རྣམས་རང་གི་གནས་ལས་གནས་གཞན་དུ་འགྲོ་སྟེ། རང་གི་གནས་སྤངས་ནས་ལོག་པའི་ལམ་གཞན་དུ་ཞུགས་པར་འགྱུར་ཏེ། ལྡང་བ་ལོག་པའི་ལམ་ཞུགས་ཉིད། །ཅེས་བྱ་བ་འདི་ནི་ནད་ལྡང་བ་སྟོན་པ་ཡིན་ནོ། །གཞན་དུ་ན་འཕེལ་བ་ཙམ་གྱིས་རང་བཞིན་དུ་མཐུན་པས་ན་ཚུལ་གཅིག་པ་ཉིད་དུ་འགྱུར་རོ། །དེས་ན་གསོག་པ་ནི་རང་གི་གནས་ཉིད་དུ་ནད་གང་འཕེལ་བར་གྱུར་པ་ལ་བྱ་ལ། ལྡང་བའི་ཁྱད་པར་ནི་གསོག་པའི་རྒྱུའི་ཚོགས་པ་ལ་སོགས་པ་གཞན་དུ་གྱུར་པ་སྟེ། རང་གི་གནས་ཡོངས་སུ་སྤངས་ནས་ནད་རྣམས་ལམ་གཞན་དུ་ཞུགས་པ་གང་ཡིན་པ་དེ་ལ་ལྡང་བ་ཞེས་བྱའོ། །དེ་བས་ན། རྩུབ་སོགས་དྲོ་བས་ལྡང་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཉིད་ཀྱིས་གསོག་པའི་རྒྱུ་ནི་གཞན་ཡིན་ལ། ལྡང་བའི་རྒྱུ་ཡང་གཞན་པར་བཤད་པ་འདི་ནི་ངེས་པ་ཡིན་ནོ། །དེ་བཞིན་དུ་རང་གི་རྟགས་ནི་སྟོན་པ་དང༌། ཞེས་བྱ་བ་སྟེ་ནད་ཀྱི་མཚན་ཉིད་ཇི་ལྟ་བར་འབྱུང་བ་དེ་ལྟར་ནད་རྣམས་འབྱུང་ཞིང་ལྡང་བར་འདོད་ལ། སྤྱིར་ལུས་དང་སེམས་ཟིལ་གྱིས་གནོན་པར་བྱེད་པ་ཉིད་ལ་བདེ་བ་མེད་པ་ཞེས་བྱའོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། ངོ་བོ་ཞེས་པ་ནས་ཞི་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། གསོག་ལྡང་ཞི་གསུམ་གྱི་ངོ་བོ་ནི་རྩ་རྒྱུད་དུ། བད་ཀན་ཀླད་པ་ལ་བརྟེན་སྟོད་ན་གནས། །ཞེས་སོགས་དང༌། འོག་ནས། དེ་ལ་རླུང་ནི་རུས་པ་ལ་གནས་ཏེ། །ཞེས་སོགས་འབྱུང་བའི་རླུང་མཁྲིས་བད་ཀན་རང་རང་གི་གནས་སུ་བཤད་ཟིན་དང་འཆད་འགྱུར་གྱི་དོན་ཟས་སྤྱོད་དང་ཡུལ་དུས་ལ་སོགས་པའི་དབང་གིས་རིམ་པས་སྟོབས་འཕེལ་ཞིང༌།ཇི་ལྟར་འཕེལ་བའི་རིམ་པས་རང་གནས་རྣམས་སུ་གསོག་པར་བྱེད་པ་ཡིན་ལ། བསགས་པ་དེ་ཡང་སྟོབས་སུ་གྱུར་པའི་རྒྱུ་ལས་ནི་ཅུང་ཟད་འཁྲུག་ཅིང་གཡོ་བར་བྱེད་པས་ན་དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པ་ལ་སོགས་པ་འདོད་པས་དོན་དུ་གཉེར་བར་བྱེད་དོ། །དེ་ཡང་རང་གནས་སུ་རླུང་བསགས་པ་སྟོབས་སུ་གྱུར་པ་དེའི་ཚེ་རླུང་གི་མཚན་ཉིད་དང་ཆོས་མི་མཐུན་པའི་ཡོན་ཏན་སྣུམ་པ་སོགས་འདོད་ཅིང༌། མཁྲི་སཔ་དང་བད་ཀན་དེ་ལྟར་གྱུར་པའི་ཚེ་རང་རང་གི་མཚན་ཉིད་དང་ཆོས་མི་མཐུན་པའི་ཡོན་ཏན་བསིལ་བ་ལ་སོགས་པ་དང་རྩུབ་པ་ལ་སོགས་པ་ཡིད་ལ་འོདད་པར་འགྱུར་བ་ཡིན་ནོ། །དེ་ནི་གསོག་པའི་ངོ་བོ་ཡིན་ལ།ལྡང་བའི་ངོ་བོ་ནི་རང་རང་གི་གནས་སུ་བསགས་པ་དེ་ཉིད་ཡུལ་དུས་དང་ཟས་སྤྱོད་ཀྱི་དབང་གིས་ལྡང་བ་དེའི་ཚེ་རང་རང་གི་གནས་ལས་ལོག་པའི་ལམ་གཞན་གཉིས་པོའི་གནས་སུ་ཞུགས་ནས་ན་བར་འགྱུར་ཏེ་རྩ་ཆུ་ཕྱི་ཡུལ་དུ་ནད་རྟགས་རྣམས་གསལ་བར་སྟོན་པའོ། །ནད་ལྡང་བ་དེ་ལ་ཟས་སྤྱོད་སྨན་དཔྱད་དང་ཡུལ་དུས་སོགས་ཀྱི་སྒོ་ནས་འཕེལ་ཟད་འཁྲུགས་པའི་ནད་རྣམས་ཞི་བར་བྱས་ནས་རང་རང་གི་གནས་སུ་ལྡང་ཚད་ཀྱི་རང་བཞིན་དང་མཉམ་པར་གནས་ནས་ནད་མངོན་འགྱུར་བ་མེད་པ་ནི་ཞི་བའི་ངོ་བོ་ཡིན་པར་འདོད་དོ། །

གསུམ་པ་གསོག་ལྡང་ཞི་གསུམ་གྱི་དུས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌།ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱི་རང་འགྲེལ་ལས། དེ་ལ་རླུང་དང་མཁྲིས་པ་བད་ཀན་གསུམ་གྱི་ནད་དུས་གང་གི་ཚེ་ནི་ནད་དཀྱིལ་དུ་གསོག ནམ་ནད་ལྡང༌། ཅི་ཙམ་ན་ནད་ཞི་ཞེ་ན་བཤད་པ། སོས་ཀའི་དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོའི་ངོ་ལ་རླུང་ནད་དཀྱེལ་དུ་གསོག་གོ་ །དབྱར་ངོ་དབྱར་ཟླ་ཐ་ཆུང་དང༌། སྟོན་ཟླ་ར་བའི་ཚེ་ནི་རླུང་ནད་ལངས་ཏེ་ནའོ། །སྟོན་ངོ་སྟོན་ཟླ་འབྲིང་པོ་དང་སྟོན་ཟླ་ ཟླ་ཆུང་གི་ཚེ་ནི་རླུང་ནད་ཞི་བར་འགྱུར་རོ། །དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བའི་ངོ་ལ་མཁྲིས་པའི་ནད་དཀྱེལ་དུ་གསོག་གོ །སྟོན་ཟླ་འབྲིང་པོ་དང་སྟོན་ཟླ་ཐ་ཆུང་གི་ངོ་ལ་མཁྲིས་པའི་ནད་ལངས་ཏེ་ན་བར་འགྱུར་རོ། །དགུན་ཟླ་ར་བ་དང་དགུན་ཟླ་འབྲིང་པོའི་ངོ་ལ་མཁྲིས་པའི་ནད་ཞི་བར་འགྱུར་རོ། །དགུན་ཟླ་གསུམ་དང་དཔྱིད་ཟླ་ར་བ་དང་བཞིའི་བར་དུ་དགུན་སྟོད་དང་དགུན་སྨད་འདྲ་སྟེ་བད་ཀན་གསོག་གོ་ །དཔྱིད་ཟླ་འབྲིང་པོ་དང་དཔྱིད་ཟླ་ཐ་ཆུང་གི་ངོ་ལ་བད་ཀན་གྱི་ནད་ལྡང་ངོ༌། །དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོ་ལ་བད་ཀན་ཞི་བར་འགྱུར་རོ། །དེ་ལ་ཟས་ཡང་ཞིང་རྩུབ་པ་དང༌། སྨན་ཡང་ཞིང་རྩུབ་པ་ལྟ་བུས་ནི་རླངུ་གསོག་གོ་ །དེ་ལ་ལུས་ཀྱང་ཁོང་རྩུབ་ཅིང་དྲོ། ཁ་ཟས་རྩུབ་པོ་དྲོས་བག་ཏུ་ཟོས་ཀྱང་དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོའི་ཚེ་དྲོ་ཞིང་ཚ་བའི་དུས་ཡིན་པས་རླུང་མི་ལྡང་ངོ༌། །དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བའི་ངོ་ལྟ་བུ་ལ་ཆར་ཆུ་རྒྱས་ལ་ཟས་སྐྱུར་བག་ཟོས་ཀྱང་རུང་སྟེ་དེའི་ཚེ་མཁྲིས་པ་གསོག་སྟེ་རྒྱས་སུ་ཟད་ཀྱི། དབྱར་གྲང་ཞིང་བསིལ་བའི་དུས་ལ་བབ་པས་མཁྲིས་པའི་ནད་ལྡང་བར་མི་འགྱུར་རོ། །དགུན་སྟོད་དགུན་སྨད་ཀྱི་ཟས་སྣུམ་བག་བསིལ་བ་དང་ཆུ་དང་སྨན་བསིལ་བག་ཟོས་པ་ནི་བད་ཀན་དགུན་ཐོག་ཐག་ཏུ་གསོག་སྟེ། དེའི་དགུན་གྱི་དུས་གྲང་བ་དང་ཁ་ཟས་སྣུམ་པོ་གྲང་བག་ཏུ་ཟོས་ཀྱང་རུང་སྟེ། དེས་ན་ལུས་ཀྱང་གྲང་ལ་ཕྱོགས་སུ་འཁྱགས་པའི་དུས་ལ་བབ་པས་བད་ཀན་གསོག་པར་ཟད་ཀྱི། བད་ཀན་གྱི་ནད་ལྡང་ཞིང་ན་བར་མི་འགྱུར་རོ། །ཞེས་བཤད་པས་དུས་ཀྱི་ངེས་པ་འཁྲུལ་མེད་དུ་རྟོགས་པར་འགྱུར་ལ། ལུས་དང་ཡུལ་དུས་ཟས་སྤྱོད་ལ་སོགས་པ་སོ་སོར་གསལ་བར་སྟོན་པ་ལ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ལུས་ཡུལ་དུས་ལ་སོགས་པ་ཀུན་དང་བདེ་བཅས་དབང་སྒྱུར་ཞེས། །དྲང་སྲོང་ཆེན་པོས་གསུངས་ཕྱིར་དེ་ཡི་ཁྱད་པར་མདོར་བསྡུ་ན། །ཚུལ་རྟགས་ཟས་དང་གནས་དཔྱད་དགོངས་པ་ཉི་ཚེ་འདིར་བརྗོད་པ། །ལུས་ནི་རྩུབ་སྐེམ་སེམས་རྒོད་ཚིག་མང་གྲང་བ་རླུང་གི་མི། །དམར་སེར་བློ་རྣོ་ཁྲོ་ལ་དྲོད་དང་དྲི་ཆེ་མཁྲིས་པའི་མི། །དཀར་སྣུམ་ཚག་དབྱུང་ལྕི་ལ་དྲོད་ཆུང་གཉིད་ཆེ་བད་ཀན་མི། །གཉིས་དང་གསུམ་དུ་འདྲེས་པ་ཡང་ནི་དེ་ལས་ཤེས་པར་བྱ། །རྒན་དང་དར་མ་བྱིས་པ་རིམ་གྱིས་བལྟ་ཞིང་ཤེས་པར་བྱ། །ངད་ཆེན་གྲང་བ་རླུང་གི་ཡུལ་ཡིན་ཚ་གདུང་མཁྲིས་པའི་ས། །བརླན་ཅན་སྣུམ་བག་བད་ཀན་ཡུལ་ཏེ་འདྲེས་པ་དེ་ལ་བརྟག །ནང་བར་སྲོད་ནི་བད་ཀན་ཐོ་རེངས་ཕྱི་དྲོ་རླུང་གི་དུས། །ཉི་མ་ཕྱེད་དང་ནམ་ཕྱེད་མཁྲིས་པའི་དུས་ཡིན་ཤེས་པར་བྱ། །དཔྱིད་ན་བད་ཀན་ལྡང་སྟེ་དབྱར་སྟོད་རླུང་གསོག་སྟོན་མཁྲིས་ལྡང༌། །དབྱར་སྨད་རླུང་ལྡང་མཁྲིས་གསོག་དགུན་སྟོད་དགུན་སྨད་བད་ཀན་གསོག །སྟོན་ནི་རླུང་ཞི་དགུན་སྟོད་མཁྲིས་ཞི་དབྱར་སྨད་བད་ཀན་ཞི། །ལུས་ཡུལ་དུས་དག་བརྗོད་ནས་རོ་དྲུག་ཁྱད་པར་མདོར་བསྟན་པ། །མངར་ཀུན་བསིལ་ཏེ་བད་ཀན་སྐྱེད་བྱེད་རླུང་མཁྲིས་སེལ་བྱེད་ན། །ཞུན་མར་བུ་རམ་སྙིང་གཟེར་གཟེ་མ་དྲོ་དང་སྟར་ག་དྲོ། མུད་ཀ་སྦྲང་རྩི་སྐམ་པའི་ཤ་དང་ནས་དང་བུ་རམ་རྙིང༌། །བད་ཀན་བསལ་ཏེ་ཉེ་ཤིང་ར་མཉེས་བད་ཀན་མི་བསྐྱེད་སྙོམ། །ཚ་བ་དྲོ་སྟེ་མཁྲིས་བསྐྱེད་རླུང་དང་བད་ཀན་སེལ་བྱེད་ན། །སྲོག་ཆགས་མཁྲིས་པས་མཁྲིས་སེལ་ན་ལེ་ཤམ་ནི་རླུང་ཡང་བསྐྱེད། །སྐྱུར་ཀུན་དྲོ་སྟེ་མཁྲིས་པ་བསྐྱེད་ཅིང་བད་ཀན་སེལ་བྱེད་ན། །སྐྱུ་རུ་ར་དང་བལ་པོའི་སེའུས་མཁྲིས་པ་སེལ་བར་བྱེད། །ཀུ་ཤུ་མངར་ཞིང་བསིལ་ལ་དར་བ་ཆུས་བསླད་མཁྲིས་མི་བསྐྱེད། །ཁ་བ་བསིལ་ཏེ་རླུང་བསྐྱེད་བད་ཀན་མཁྲིས་པ་སེལ་བྱེད་ན། །ཤུ་དག་སླེ་ཏྲེས་དྲོ་དང་འཕྲོད་ཡང་སྦྱར་ན་རླུང་ཡང་སེལ། །བསྐ་བ་ཀུན་ནི་བསིལ་ཏེ་རླུང་བསྐྱེད་བད་ཀན་མཁྲིས་སེལ་ན། །ཨ་རུ་ར་ནི་ཉེས་པ་གསུམ་ལ་གནོད་མི་བྱེད་དེ་སྙོམ། །ཆང་རན་བད་ཀན་རླུང་སེལ་མང་ན་མཁྲིས་པ་སྐྱེད་པར་བྱེད། ལན་ཚྭ་དྲོ་སྟེ་རླུང་སེལ་བད་ཀན་མཁྲིས་པ་སྐྱེད་བྱེད་ན། །རྒྱམ་ཚ་ལྕེ་མྱང་ཚ་ནི་མཁྲིས་པ་ལ་ཡང་གནོད་མི་བྱེད། །མངར་དང་བསྐ་དང་ལན་ཚྭ་གསུམ་ཡང་རིམ་བཞིན་མས་རྩུབ་སྟེ། །མངར་དང་སྐྱུར་དང་ཚ་བ་གསུམ་ནི་དེ་བཞིན་མངར་ཞིང་འཇམ། །རླུང་མཁྲིས་བད་ཀན་གསུམ་ག་འདྲ་སྟེ་ཉིད་ཀྱིས་ཉིད་བསྐྱེད་པས། །ལས་དང་ཡུལ་དུས་ཟས་སྤྱོད་ཚུལ་གཅིག་འདོམས་ན་ནད་ལྡང་སྟེ། །ཇི་ལྟར་མཐུན་པར་འཕྲོད་སྦྱར་རླུང་མཁྲིས་བད་ཀན་མི་ལྡང་ཕན། །དེ་ཕྱིར་འཕྲོད་དང་མི་འཕྲོད་ལ་སོགས་ཚུལ་བཞིན་འདིར་བསྟན་པ། །རླུང་ལ་མངར་སྣུམ་ལྕི་དྲོ་འཕྲོད་དེ་རྩུབ་ཡང་བསིལ་མི་འཕྲོད། །མཁྲིས་ལ་ཁ་མངར་བསིལ་བ་འཕྲོད་དེ་ཚ་སྐྱུར་དྲོ་མི་འཕྲོད། །བད་ཀན་སྣུམ་ལྕི་བསིལ་བ་མི་འཔྲོད་རྩུབ་རྩ་སྦྱོང་བ་འཕྲོད། །དེ་བས་རང་གི་ལུས་དང་དུས་གནས་ཟས་རྣམས་འཕྲོད་དཔྱད་ཕྱིར། །དཔྱིད་ཟླ་གཉིས་ནི་བད་ཀན་བསྐྱེད་དུས་ཡིན་ཏེ་ནད་ལྡང་བས། །བད་ཀན་དྲང་ཞིང་བཀྲུ་སྨན་བཏང་ལ་ཆུ་ཚན་བཏུང༌། །གྲོ་ནས་བསྲེག་ཤ་སྦྲང་རྩི་ལ་སོགས་རྩུབ་བསྐ་ཡང་བ་ཟ། །སྦྲང་ཆང་རྒུན་ཆང་སྒ་ཆུ་སྦྲང་ཆུ་བུ་རམ་ཆང་རྙིང་བཏུང༌། །མར་ཚིལ་ལ་སོགས་སྣུམ་ལྕི་ཁ་ར་སྐྱུར་བོ་ཚ་ཕྲོམ་དག །མངར་འཇམ་སྐྱུར་དང་བསིལ་བག་ཡང་ཞིང་ཉིན་པར་ལོག་མི་བྱ། །ཆུ་ཚན་ལུས་བཀྲུ་མཉེ་ཞིང་ལས་བསྐྱོད་གཅགས་བྱ་ཅི་རན་བྱ། །གནས་ཀྱང་ཧ་ཅང་མི་ཚ་མི་གྲང་རན་དྲོ་གྲིམ་མར་འདུག །དབྱར་སྟོན་ཟླ་གཉིས་མར་འབྲིའི་དུས་ཡིན་ཉལ་པོ་དྲག་ཤུལ་སྤང༌། །ངལ་དུབ་མི་བྱ་བག་འབྲལ་འོ་མ་མར་གསར་ཤ་དག་བཟའ། །བུ་རམ་ཚིལ་ནི་ཅུང་ཟད་ཟ་སྟེ་ཆང་ཉུང་ཡང་བ་བཏུང༌། །འོ་མ་བསྐོལ་གྲང་ཁ་ར་བཏབ་དང་དར་བ་འཐུང་ན་ཕན། །ལན་ཚྭ་སྐྱུར་ཞིང་ན་ལེ་ཤམ་ལ་སོགས་པ་ཚ་སྐྱུར་སྤང༌། །ཆུ་འཇམ་ཙམ་གྱིས་ལུས་བཀྲུ་སྒྲ་སྙན་ཉན་ཞིང་གདགས། །ཆགས་པར་རེག་བྱ་ཉིན་མོ་ཙོག་པུར་གཉིད་ཀྱིས་ལོག་ན་ཕན། །གནས་ཀྱང་བསེར་བུ་དྲག་པོའི་ངད་མེད་དྲོ་མིན་བསིལ་བར་འདུག །དབྱར་སྨད་ཟླ་བ་གཉིས་ན་མཁྲིས་པ་གསོག་ཅིང་རླུང་ལྡང་སྟེ། །ཕྱི་རོལ་ཚ་ལ་ལུས་ཀྱི་ནང་གྲང་ནད་གསུམ་གཡོ་བས་ན། །རླུང་ནད་བསལ་ཕྱིར་ལུས་མཉེ་སྣུམ་བསྐུ་སྨན་ཆུ་བསྐོལ་བས་བཀྲུ། །རླུང་ནད་སེལ་ངེས་ཏིལ་མར་མེས་བཏང་དུགས་དང་ལུམས་ཀྱང་བྱ། །ཟས་ཀྱང་ཧ་ཅང་ཚ་མིན་མང་སྐྱུང་མེད་པ་རན་པར་བྱ། །ཕོ་བ་དྲོད་སྐྱེད་བག་དང་མར་ཚིལ་སྦྲང་རྩི་བར་འགའ་ཟ། །ཡོས་དང་འབྲས་ཆན་མར་ཁུས་བྱུགས་དང་ཟན་དྲོན་ཤ་དག་བཟའ། །ཆང་ཡང་ཉུང་ཟད་བཏུང་སྟེ་ཆུ་དང་ཆུ་གྲོག་སྤང་བར་བྱ། །བརླན་ལ་མི་འདུག་མི་འགྲོ་ལུས་ལ་ཆར་བས་གཤེར་མི་བྱ། །སྟོབས་དང་དྲག་ཤུལ་ངལ་ཞིང་དུབ་པར་གྱུར་པའི་བག་དང་ནི། །ཉི་ཚན་མི་ལྡེ་ཉིན་པར་མི་ལོག་ཉལ་པོ་བསྟུན་བྱེད་སྤང༌། །གནས་ཀྱང་རླན་མེད་རླུང་མི་ལྡང་ལ་བསིལ་བར་སྟན་བཏིང་འདུག །སྟོན་ཟླ་གཉིས་ནི་མཁྲིས་པ་སྐྱེ་བའི་དུས་ཡིན་ནད་ལྡང་བས། །བསིལ་མངར་བཀྲུ་སྨན་བཏང་ཞིང་གཏར་གས་ཁྲག་ཀྱང་ཅི་རན་དབྱུང༌། །ཁ་ཞིང་མངར་ལ་བསིལ་བའི་སྨན་ཡང་རྟག་ཏུ་བཟའ་བར་བྱ། །དུས་འདིའི་ཆུ་ནི་དུག་མེད་གཙང་དྭངས་བཀྲུས་ཤིང་འཐུང་ན་ཕན། །ཟས་ཀྱང་འབྲས་ནས་སྲན་མ་སྦྲང་རྩི་ཁ་ར་ཤ་ལ་སོགས། །མངར་ཞིང་ཁ་ལ་ཡང་བ་མར་གསར་འོ་མ་བཟའ་ཞིང་བཏུང༌། །ཆང་ལྕི་དྲག་པོའི་རོ་ཡོད་མི་འཐུང་ར་རོ་མི་བྱ་སྟེ། །ཚིལ་དང་ཏིལ་མར་མི་བཟའ་ཟིལ་བར་མི་འགྲོ་འདུག་མི་བྱ། །ཚ་བའི་ཟས་དང་ཡུལ་སྤངས་ཟླ་གྲོགས་ཡིད་དུ་འོང་བ་བསྟེན། །ཆུ་འཇམ་ཙམ་གྱིས་ལུས་བཀྲུ་གོས་ཀྱང་དྲི་མ་མེད་པ་བགོ། །རྒྱན་དང་དྲི་ཞིམ་ལུས་ལ་གདགས་ཤིང་ཉི་ཚན་མི་ལྡེ་སྟེ། །གནས་ཀྱང་དྲོ་མིན་བསེར་བུ་མི་འཕོག་བསིལ་བག་ཅན་ལ་འདུག །དགུན་སྟོད་དགུན་སྨད་ཟླ་བཞི་ཕྱི་གྲང་ནང་ཚ་བད་ཀན་གསོག༌།གོས་དྲོ་བགོ་ཞིང་བྲལན་དང་ལྷགས་ལ་འཛེམ་བྱ་ཉི་མའང་ལྡེ། །ཟས་ཀྱང་ཤ་ཚོད་རུས་ཁུ་མར་ཚིལ་སྣུམ་བག་འགྲངས་པར་ཟ། མངར་སྐྱུར་ལན་ཚ་དྲོད་བག་ཆེར་བཟའ་གསར་ཐོབ་འབྲུ་དག་ཀྱང༌། །རན་པར་སྣ་ཚོགས་ཆང་བཏུང་ངལ་བའི་ལས་དག་བྱས་ཀྱང་སླ། །རྩོལ་བཅག་ལུས་སྦྱང་སྐབས་སྐབས་མགོ་ལུས་ཏིལ་མར་བསྐུ་ཞིང་མཉེ། །དེ་རྗེས་སྐྱུ་རུ་ར་ལ་སོགས་པའི་སྨན་བསྐོལ་ཆུས་ཀྱང་བཀྲུ། །གནས་ཀྱང་སྲོ་ཁང་དྲོན་པོར་མེ་དང་སྟན་འཐུག་ལྡན་པར་འདུག །དབྱར་སྟོད་ཚ་དུས་དབྱར་སྨད་རླུང་ལ་བཀྲུ་སྨན་མི་གཏང་སྟེ། །དགུན་སྟོད་དགུན་སྨད་གྲང་དང་རྒས་ལ་སྐྱུག་སྨན་གཏར་ག་སྤང༌། །དགུན་གཉིས་དབྱར་སྟོད་ལུམས་དུགས་མི་བྱ་ནད་ཀྱིས་གཟིར་ཡང་སླ། །དེ་ལྟར་ཡིན་ཡང་ལུས་དང་ནད་དུ་གང་མཐུན་བརྩམ་པར་བྱ། །ཞེས་བྱ་བ་འདི་གསོག་ལྡང་གི་རྒྱུ་རྐྱེན་དང་དེའི་གཉེན་པོའི་རྣམ་པར་གཞག་པ་ཉུང་ལ་གསལ་བར་འདུག་པས་དྲངས་པ་ཡིན་ནོ། །

སྐབས་འདིར་དོགས་པ་འདི་ལྟར་འཇུག་སྟེ་དྲིས་པ། རླུང་འདི་ནི་སོས་ཀ་གསོག་པར་མི་འཐད་ཀྱི་ལྡང་བའི་དུས་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཚེ་ཡང་ཞིང་རྩུབ་པའི་དུས་ཡིན་པས་སྨན་ཕལ་ཆེར་ཡང་དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབྱར་ཡང་མཁྲིས་པ་གསོག་པར་མི་འཐད་དེ། ཆུ་རྣམས་སྐྱུར་བ་ཉིད་དུ་ཞུ་བར་བྱེད་པ་དང༌། དེ་བཞིན་དུ་སྨན་རྣམས་ཀྱང་སྐྱུར་བ་སྨིན་པ་ཡིན་པས་མཁྲིས་པ་ལྡང་བའི་དུས་ཡིན་ནོ། །དེ་བཞིན་དུ་བད་ཀན་ཡང་དགུན་གསོག་པར་མི་འཐད་དེ། ཆུ་རྣམས་སྣུམ་པ་དང་སྨན་རྣམས་ཀྱང་སྣུམ་པ་ཉིད་ཡིན་ལ། དུས་གྲང་བ་ཉིད་ཀྱིས་ན། དེའི་ཚེ་ལྡང་བར་འགྱུར་གྱི་གསོག་པར་མི་འགྱུར་རོ་ཞེ་ན། ཟླ་ཟེར་ལས། ཡང་བ་རྩུབ་པ་ལ་སོགས་པའི། །སྨན་དང་ལུས་ཀྱང་དེ་མཚངུས་པས། །སོས་ཀ་རླུང་ནི་གསོག་འགྱུར་གྱི། །དྲོ་བའི་དུས་ཀྱིས་ལྡང་མི་འགྱུར། །ཞེས་བྱ་བ་ཡིན་ཏེ། གསོག་པ་དེ་སོས་ཀའི་དུས་སུ་ཡང་བ་དང་རྩུབ་པ་ལ་སོགས་པའི་སྨན་རྣམས་དང༌། ལུས་ཀྱང་དེ་བཞིན་དུ་ཡང་བ་དང་རྩུབ་པ་ལ་སོགས་པ་ཡིན་པ་དང༌། དུས་ཀྱང་ཡང་བ་རྩུབ་པ་ལ་སོགས་པ་ཡིན་ལ། རླུང་ཡང་དུས་ཀྱི་རང་བཞིན་གྱིས་ཡང་བ་དང་རྩུབ་པ་ཉིད་ཡིན་ཏེ། དེ་བས་ཡོན་ཏན་ཆ་མཚུངས་པ་ཉིད་ཀྱིས་རླུང་ལྡང་བར་རིགས་མོད་ཀྱང་སོས་ཀའི་ཚེ་རླུང་གསོག་པར་འགྱུར་གྱི་ལྡང་བར་མི་འགྱུར་ཏེ། གང་གིས་ཤེ་ན། དྲོ་བའི་དུས་ཀྱིས་ལྡང་མི་འགྱུར། །ཞེས་བྱ་བ་འདིས་བཀག་པར་གྱུར་པ་ཡིན་ཏེ། དྲོ་བའི་དུས་ཀྱིས་ན་རླུང་སྔ་མ་ཉམ་ཆུང་བར་བྱས་པ་ཡིན་པའི་ཕྱིར་ལྡང་བར་མི་འགྱུར་གྱི་གསོག་པ་ཉིད་དུ་འགྱུར་རོ། །ཆུ་རྣམས་འཇུ་བ་སྐྱུར་བ་དང༌། །སྨན་ཡང་དེ་དང་འདྲ་བ་ཡིས། །མཁྲིས་པ་གསོག་གི་དུས་ཀྱི་ནི། །གྲང་བ་ཉིད་ཀྱིས་ལྡང་མི་འགྱུར། །ཞེས་བྱ་བ་ལ་དབྱར་ནི་ཆུར་྄ནམས་ཀྱི་འཇུ་བ་སྐྱུར་བར་འགྱུར་བ་དང༌། དེ་བཞིན་དུ་སྨན་དེ་དང་འདྲ་བར་སྐྱུར་བའི་རྣམ་པ་ཡིན་པས་ན་མཁྲིས་པ་ཡང་དེ་དང་འདྲ་བར་གསོག་པར་འགྱུར་གྱི་ལྡང་བར་ནི་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དབྱར་སྨད་ཀྱི་ཚེ་ནི་གྲང་བ་ཉིད་ཡིན་པས་ན་ལྡང་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དབྱར་སྨད་ཀྱི་ཚེ་ནི་གྲང་བ་ཉིད་ཡིན་པས་ན་ལྡང་བར་མི་འགྱུར་ཏེ། གྲང་བ་ནི་དྲོ་བའི་མི་མཐུན་པའི་ཕྱོགས་ཡིན་པས། གྲང་བ་འདིས་ལྡང་བ་དེའི་གེགས་བྱེད་པ་ཡིན་ནོ། །ཆུ་དང་སྨན་ནི་བསིལ་བ་དང༌། སྣུམ་པར་དུས་ནི་མཚུངས་གྱུར་ཀྱང༌། །དགུན་སྨད་བད་ཀན་གསོག་འགྱུར་གྱི། །བསྒོངས་པས་ལྡང་བར་མི་འགྱུར་རོ། །ཞེས་བྱ་བ་ལ་དགུན་སྨད་ནི་ཆུ་དང་སྨན་བསིལ་བ་དང༌། སྣུམ་པ་དང༌། དུས་ཀྱང་བསིལ་བ་དང་སྣུམ་པ་ཡིན་པའི་ཕྱིར། བད་ཀན་དང་དུས་ལ་སོགས་པ་མཚུངས་ཤིང་འདྲ་བ་ཡིན་དུ་ཟིན་ཀྱང༌། དུས་ཀྱི་རང་བཞིན་གྱིས་ལྡང་བར་མི་འགྱུར་གྱི་གསོག་པ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གྲང་བས་བསྒོངས་ཤིང་མར་འཁྱགས་པ་ལྟར་གྱུར་པས་ལྡང་བར་མི་འགྱུར་ཏེ། བསྒོངས་པ་ཞེས་བྱ་བ་འདི་ཉིད་ཀྱིས་བཀག་པ་ཡིན་ནོ། །ཞེས་གསལ་བར་བཤད་དོ། །

གཉིས་པ་ཚིག་གི་དོན་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དུས་ཞེས་པ་ནས་དགུན་སྨད་དོ་ཞེས་པའི་བར་གྱིས་བསྟན་ཏེ། གསོག་ལྡང་ཞི་གསུམ་གྱི་དུས་ནི་སོས་ཀ་དང༌། སོགས་པའི་སྒྲས་དབྱར་ག་དང་སྟོན་ཀ་གསུམ་ནི་རིམ་པ་བཞིན་དུ་རླུང་གི་གསོག་ལྡང་ཞི་གསུམ་གྱི་དུས་ཡིན་ཏེ། དེ་བཞིན་དུ་མཁྲིས་པའི་གསོག་ལྡང་ཞི་གསུམ་གྱི་དུས་ཀྱང་རིམ་པ་བཞིན་དུ་དབྱར་དང་སྟོན་དང་དགུན་གསུམ་ཡིན་ལ། བད་ཀན་གྱི་གསོག་ལྡང་ཞི་གསུམ་གྱི་དུས་ནི་དགུན་སྨད་དང་དཔྱིད་དང་སོ་ག་གསུམ་ཡིན་པར་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ནི། སོ་གའི་ཞེས་པ་ནས་འབྱུང་བ་ཡོད་ཅེས་པའི་བར་གྱིས་བསྟན་ཏེ། དཔྱིད་ཀ་འདས་ཤིང་ཆར་རླུང་མ་྄རགྱས་གོང་གི་སོ་གའི་དུས་སུ་ཡང་ལ་རྩུབ་པ་རླུང་གི་མཚན་ཉིད་དང་ཆོས་མཐུན་པའི་ཡུལ་དུ་སྡོད་པ་དང༌། རླུང་གི་རང་བཞིན་ཅན་གྱི་ལུས་དང་ལྡན་པའི་མིས་ཡང་ལ་རྩུབ་ཅིང་སྐྱ་གཡོའི་ཡོན་ཏན་དང་ལྡན་པའི་ཟས་དང༌། དེ་འདྲ་བའི་སྤྱོད་ལམ་ཀུན་ཀྱང་ལྷན་ཅིག་ཏུ་དུས་མཚུངས་པར་བསྟེན་པར་གྱུར་པས། རླུང་གསོག་པར་བྱེད་པ་ཡིན་གྱི། ཡུལ་ལ་སོགས་པས་ཀྱང་རྩུབ་ཅིང་ཡང་བས་ལྡང་བར་རིགས་ཀྱང༌། དུས་དེ་ཉིད་ཤིན་ཏུ་དྲོ་བ་ཡིན་པས་ན་དྲོ་བ་དེས་རྩུབ་པ་སོགས་དང་སྟོབས་མ་མཚུངས་པས་གསོག་པའི་གེགས་བྱེད་མ་ནུས་པར་ཅུང་ཟད་ནུས་པ་ཆུང་དུ་བཏང་བས་ལྡང་བར་མི་འགྱུར་བ་ཡིན་ལ། དུས་དེར་བསགས་པ་དེ་ཉིད་དབྱར་གའི་དུས་ཆར་རླུང་རྒྱས་པའི་ཚེ་གྲང་བ་སྐྱེས་པས་རྐྱེན་བྱས་ཏེ་ལྡང་ཞིང༌། དེ་ཡང་ཆར་རླུང་ཆད་ནས་དགུན་གྱི་གྲང་བ་མ་ཟིན་པའི་བར་གྱི་སྟོན་དུས་སུ་སྣུམ་ལ་དྲོ་བ་སོགས་རླུང་གི་མཚན་ཉིད་དང་ཆོས་མི་མཐུན་པ་ཆེར་རྒྱས་པའི་དབང་གིས་ཞི་བར་འགྱུར་བ་ཡིན་ནོ། །དཔེ་དེ་བཞིན་དུ་དབྱར་གའི་དུས་ཀྱི་ཚེ་རྣོ་ཚ་སྣུམ་པ་ལ་སོགས་པའི་ཡུལ་དུ་སྡོད་ཅིང༌། མཁྲིས་པའི་རང་བཞིན་ཅན་གྱི་མིས་རྣོ་ཚ་སྣུམ་སོགས་ཀྱི་ཟས་དང་སྤྱོད་ལམ་ཀུན་དུས་མཚུངས་པར་བསྟེན་པར་གྱུར་པས་མཁྲིས་པ་རང་གནས་སུ་འཕེལ་བ་ལ་ཆར་རླུང་གི་བསིལ་བས་མངོན་སུམ་དུ་ལྡང་བའི་གེགས་བྱས་ཏེ་སྟོབས་ཞན་དུ་བཏང་བས་མཁྲིས་པ་གསོག་པ་ཡིན་གྱི་ལྡང་བར་མི་འགྱུར་ལ། དེ་ཡང་སྣུམ་དྲོ་རྣོ་བ་སོགས་ཀྱི་ཡོན་ཏན་དང་ལྡན་པའི་དུས་སྟོན་ཀའི་ཚེ་མཁྲིས་པ་རང་གི་མཚན་ཉིད་དང་ཆོས་མཐུན་པའི་རྐྱེན་དེས་ལྡང་ཞིང༌། ལངས་པ་དེ་ཉིད་སྟོན་གྱི་སྣུམ་དྲོ་ཚ་རྣོའི་དུས་ལས་འདས་ཤིང༌། དཔྱིད་ཀའི་རྩུབ་ཡང་ལ་མ་ཟིན་པའི་བར་གྱི་དགུན་སྟོད་ཀྱི་དུས་དེར་བསིལ་རྟུལ་ལ་སོགས་པ་མཁྲིས་པའི་མཚན་ཉིད་དང་ཆོས་མི་མཐུན་པའི་ཡོན་ཏན་དང་ལྡན་པའི་དབང་གིས་ཞི་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དགུན་སྟོད་ཀྱི་ཟླ་བ་གཉིས་འདས་ཤིང་དཔྱིད་ཀའི་དུས་ལ་མ་སླེབས་པའི་དགུན་སྨད་ཀྱི་དུས་དེར་བསིལ་སྣུམ་ལྕི་རྟུལ་སོགས་དང་ལྡན་པའི་ཡུལ་དུ་སྡོད་ཅིང་བད་ཀན་གྱི་རང་བཞིན་ཅན་དང་ལྡན་པའི་མིས་བསིལ་སྣུམ་ལྕི་རྟུལ་སོགས་དང་ལྡན་པའི་ཟས་དང་སྤྱོད་ལམ་ཀུན་དུས་མཚུངས་པར་བསྟེན་པར་གྱུར་པས་བད་ཀན་རང་གནས་སུ་གསོག་པ་ཡིན་གྱི། དེའི་དུས་ལྷག་པར་གྲང་བས་ཆུ་འཁྱགས་རོམ་དུ་སོང་བའི་ཞུན་མར་འཁྱགས་ནས་གོང་བུར་འདྲིལ་བ་བཞིན་དུ་བད་ཀན་བསྒོངས་པས་དངོས་སུ་ལྡང་བ་མ་ཡིན་ལ། བསྒོངས་པ་དེ་དཔྱིད་ཀའི་དུས་ཀྱི་ཉི་མའི་འོད་ཤིན་ཏུ་དྲོ་བས་གོང་བུ་བཤིག་ནས་ནད་དུ་ལྡང་ཞིང༌། ལངས་པ་དེ་ཡང་སོ་ག་ཡང་ལ་རྩུབ་པ་སོགས་བད་ཀན་གྱི་མཚན་ཉིད་དང་ཆོས་མི་མཐུན་པའི་ཡོན་ཏན་གྱི་དབང་གིས་ཞི་བར་འགྱུར་བའི་ཚུལ་ཞིབ་ཏུ་རླུང་གི་སྐབས་ལྟར་སྤྱད་པར་བྱའོ། །དེ་རྣམས་ནི་དུས་ལ་མ་བལྟོས་པའི་གསོག་ལྡང་ཞི་གསུམ་ཡིན་ལ། འོན་ཀྱང་ཞེས་པའི་སྒྲས་ཚ་བ་དང་བསིལ་བ་ལ་སོགས་པ་འབྱུང་བ་ལྔའི་ཡོན་ཏན་དང་ལྡན་པའི་དཔྱིད་ཀ་སོགས་ཀྱི་དུས་ཁོ་ན་ལ་མ་བབ་ཀྱང་ཟས་དང་སྤྱོད་ལམ་དང་ཤུགས་ལས་སྨན་འགའ་ཞིག་གི་དབང་གིས་འཕྲལ་དུ་གསོག་ལྡང་ཞི་གསུམ་བྱེད་པའང་ཡོད་དེ། དཔེར་ན་རླུང་ཤས་ཅན་འགའ་ཞིག་གིས་སྐྱབས་དང་ཁུར་ཚོད་ཇ་ལ་སོགས་པ་ཟོས་ཤིང་འཐུངས་པས་རླུང་ཆེར་གསོག་ཅིང༌། དེ་མ་ཐག་ལྟ་བུར་ག་བུར་ལ་སོགས་པའི་དྲི་ཙམ་གྱིས་ཀྱང་ལྡང་ནུས་ལ། དེའི་ཚེ་ཤ་ཚོད་དང་ཆང་ལ་སོགས་པ་བསྟེན་ན་འཕྲལ་དུ་ཞི་བར་འགྱུར་བ་ལྟ་བུ་སྟེ། མཁྲིས་པ་དང་བད་ཀན་ལ་ཡང་སྦྱར་བར་བྱའོ།།

གསུམ་པ་སློང་རྐྱེན་དངོས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ཞེས་སོགས་རྐང་པ་གཅིག་སྟེ། བཤད་ཟིན་པ་དེ་རྣམས་ཀྱི་སློང་རྐྱེན་སྤྱིའི་རྣམ་པར་གཞག་པ་བསྟན་ནས། དེ་ནི་ཁྱད་པར་གྱི་སློང་རྐྱེན་བཤད་པར་བྱ་བ་ལ་ཡང་ཐུན་མོང་བ་དང་ཁྱད་པར་གྱི་སློང་རྐྱེན་ཏེ་རྣམ་པ་གཉིས་ཀྱི་སྒོ་ནས་ངེས་པར་བྱ་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་རྐྱེན་དང༌། ཁྱད་པར་གྱི་རྐྱེན་ནོ། །དང་པོ་ནི། ནད་ཀུན་ཞེས་པ་ནས་སད་ལས་འབྱུང་ཞེས་པའི་བར་གྱིས་བསྟན་ཏེ། རླུང་ལ་སོགས་པའི་ནད་ཀུན་སློང་བར་བྱེད་པའི་ཐུན་མོང་གི་རྐྱེན་ནི་སོ་ག་སོགས་འབྱུང་བའི་དུས་དང༌། འབྱུངཔོ་སོགས་ཀྱི་གདོན་དང༌། གྱུར་པ་ལ་སོགས་པའི་དུག་དང༌། མི་འཕྲོད་པའི་ཟས་སྤྱོད་དང༌། སྨན་པས་གསོ་བ་ལོག་པར་བྱས་པ་དང༌། །ཚེ་སྔ་མའི་ལས་ངན་པ་སད་པ་རྣམས་ལས་ནད་ཀྱི་རྣམ་པ་མི་འདྲ་བ་དཔག་ཏུ་མེད་པ་འབྱུང་བར་འགྱུར་བ་ཡིན་ནོ། །གཉི་སཔ་ཁྱད་པར་གྱི་རྐྱེན་བཤད་པ་ལ་གསུམ་སྟེ། རླུང་གི། མཁྲིས་པའི། བད་ཀན་གྱི་སློང་རྐྱེན་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། སློབ་དཔོན་གྱི་རང་འགྲེལ་ལས། དེ་ལས་རླུང་དུ་གྱུར་པའི་ནད་གཞི་ནི་རོ་ཁ་བ་དང༌། ན་ལེ་ཤམ་དང༌། རོ་བསྐ བའི་བག་ཟ་བ་དང༌། ཁ་ཟས་ཆུང་ངུར་ཟ་བ་དང༌། རྟག་ཏུ་ཁ་ཟས་ཚོད་བཟུང་སྟེ་དབུ་ཟུངས་ཟུངས་སུ་ཟ་བ་དང༌། བཤང་གཅི་འོངས་ན་དགག་པ་དང༌། ཡང་ན་བཤང་གཅི་མི་འོང་བཞིན་དུ་ནན་གྱིས་བཙིར་བ་དང༌། མཚན་མོ་ཐོག་ཐག་མི་ཉལ་བ་དང༌། སྐད་ཆེན་པོས་དྲག་པོར་སྨྲ་བ་དང༌། བཀྲུ་སྨན་དང་སྐྱུག་སྨན་ཧ་ཅང་མང་བར་གཏོང་བ་དང༌། འཇིགས་པ་དང༌། མྱ་ངན་དང༌། སེམས་ལས་དང༌། དྲག་ཤུལ་རྩལ་བག་དང༌། ལས་ཁུར་ཆེར་བྱེད་པ་དང༌། བུད་མེད་ལ་ཧ་ཅང་དྲག་པ་དང༌། འདི་རྣམས་ལྟ་བུའི་གཞིས་དབྱར་ཟླ་ཐ་ཆུང་གི་ཉ་བྲི་ཕན་ཆད། སྟོན་ཟླ་འབྲིང་པོའི་ཉ་ཚུན་ཆད་དུ་ནད་ཀྱིས་ཐེབས་པ་དང༌། ཕྱི་ཕྲེད་དམ་ཐོ་རངས་ན་བ་དང༌། ཁ་ཟས་ཟོས་པ་ཞུ་བའི་རྗེས་ལ་ན་བ་དེ་དག་ནི་རླུང་ནད་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཁྱད་པར་ཞེས་པ་ནས་ལྡང་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། རླུང་གི་ནད་སློང་བའི་རྐྱེན་ཁྱད་པར་བ་ནི། སྨན་དང་བཟའ་བཏུང་གི་རིགས་རོ་ཁ་བ་དང༌། ཨ་རུ་བ་རུ་ལས་གཞན་པའི་རོ་བསྐ བའི་རིགས་དང༌། རོ་ཇི་ལྟར་གྱུར་ཀྱང་ཡོན་ཏན་ཡང་ཞིང་རྩུབ་པ་དང༌། ཤུགས་ལས་སྲ་ཕྲ་སྐྱ་གཡོ་གྲང་བ་དང་ལྡན་པ་བསྟེན་དྲགས་པ་དང༌། བུད་མེད་ལ་ཆགས་པ་མང་དུ་སྤྱད་པས་དུབ་པ་དང༌། ལན་མང་པོའི་བར་དུ་ལྟོ་ཆག་པ་དང༌། ཟས་ཀྱང་ཉུང་ཟད་ཁོ་ན་ལས་མ་ཟོས་པ་དང༌། ནུབ་མང་པོར་གཉིད་ཆག་པ་དང༌། སྔ་དྲོ་ལྟོ་སྟོང་ལ་ལུས་ངག་གི་བྱ་བ་དྲག་ཤུལ་ཆེས་པ་དང༌། གཏར་བ་དང་རྨས་པ་ལ་སོགས་པའམ་བུ་ག་རྣམས་ལས་ཁྲག་མང་དུ་ཟགས་པ་དང༌། ཡང་ན་འཁྲུ་སྐྱུག་དྲག་པོས་བཏབ་པའམ། ག་བུར་ལ་སོགས་པའི་དྲི་དང་ལྡན་ནམ་མེད་ཀྱང་རུང་སྟེ་བསེར་བུས་ཡུན་རིང་དུ་བུས་པ་དང༌། ག་ཆད་པ་སྟེ་ཡི་ཆད་ཆད་ཀྱི་བར་དུ་ངུས་པ་དང༌། རང་དང་གཞན་གྱི་སྒོ་ནས་མྱ་ངན་དང་སེམས་ཀྱིས་ལས་ཆེས་ཆེར་བྱེད་པ་དང༌། ཉིན་མཚན་ཐོག་ཐག་ཏུ་སྨྲ་བ་སོགས་ཁའི་ལས་ཆེས་པ་དང༌། འབྲས་བུ་ལ་སོགས་པ་མ་སྨིན་པའམ་ཐལ་ཆེས་པ་ལྟ་བུ་བཅུད་མེད་པའི་ཁ་ཟས་ཁོ་ན་ཡེན་ལ་བཏད་པ་དེ་རྒྱུན་བསྲིང་བའམ། བཤང་གཅི་ལ་སོགས་པ་འབྱུང་བའི་ཤུགས་བཀག་པ་དང༌། མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱིས་ནི་རླུང་གི་ནད་གློ་བུར་དུ་ལྡང་བར་བྱེད་པ་ཡིན་ནོ། །

གཉིས་པ་མཁྲིས་པའི་སློང་རྐྱེན་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། མཁྲིས་པ་རྒྱས་པར་གྱུར་པའི་ནད་གཞི་དང༌། ན་ལེ་ཤམ་དང༌། སྒོག་པ་དང༌། དབྱི་མོང་དང༌། ཏྲུག་ཏྲུག་ཏྲེས་ལྟ་བུ་ཟོས་པ་དང༌། སྐྱུ་རུ་ར་དང་བལ་པོའི་སེའུ་ལྟ་བུ་མ་གཏོགས་པའི་སྐྱུར་བག་གོ་ཅོག་གི་རིགས་ཟོས་པ་དང༌། རོ་རྣོ་བ་ཀེ་ཚེ་ལྟ་བུ་ཚ་བ་དང༌། ཁ་ཟས་མ་གྲང་བ་ཚ་ཆེས་པ་ཟོས་སམ་འཐུང་བ་དང༌། ཉི་ཚན་ནམ་མེའི་འོད་ཚ་ཆེས་པ་ལ་ལྡེ་བ་དང༌། ཁྲོས་ཤིང་རྔམ་པ་དང༌། ལུས་དང་ཁོང་བ་ཚ་བར་འགྱུར་བའི་བག་འདི་རྣམས་ཀྱིས་ནི། སྟོན་ཟླ་འབྲིང་བོའི་ཉ་བྲི་ཕན་ཆད། སྟོན་ཟླ་ཐ་ཆུང་དང༌། དགུན་ཟླ་ར་བའི་ཉ་ཚུན་ཆད་ནད་ཀྱིས་བཏབ་པའམ། ཉི་མའི་གུང་ངམ། ནམ་ཕྱེད་དམ། དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་ཚ་བའི་དུས་སུ་ནད་ཀྱིས་བཏབ་ན་དེ་ནི་མཁྲིས་པའི་ནད་ཅེས་བྱའོ། །ཞེས་སློབ་དཔོན་གྱིས་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། ཚ་བའི་ཞེས་པ་ནས་སློང་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། མཁྲིས་པའི་ནད་སློང་བའི་རྐྱེན་ཁྱད་པར་བ་ནི་སྒོག་པ་དང་ན་ལེ་ཤམ་ལ་སོགས་པ་ཚ་བའི་རོ་དང་ལྡན་པ་ཕལ་ཆེར་དང༌། ཆང་གར་དང་ལོ་མར་འབྲུ་མར་སོགས་རྣོ་ཚ་སྣུམ་ལ་ཡང་ཞིང་དྲི་མནམ་པ་སོགས་ཀྱི་ཡོན་ཏན་དང་ལྡན་པའི་བཟའ་བཏུང་བསྟེན་དྲགས་པ་དང༌། རང་གི་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང༌། ཚ་བའི་དུས་ཀྱི་ཉིན་གུང་ལ་གཉིད་ལོག་ཅིང་གཞི་གཅིག་ཏུ་འདུག་བཞིན་པའི་ངང་ནས་གློ་བུར་དུ་དྲག་ཤུལ་གྱི་ལས་བྱས་པ་དང༌། མི་ཐེག་བཞིན་དུ་ཁུར་ཆེན་པོ་འབད་པས་ཁུར་བ་དང༌། ས་ཤིན་ཏུ་སྲ་བའི་རང་བཞིན་ཤུགས་བསྐྱེད་ནས་བརྐོས་པ་དང༌། གཞུ་སྲ་མོ་བཀང་བ་དང༌། འཛིང་ཁ་དྲག་ཏུ་བཀྱེ་བ་དང༌། བང་རྒྱུག་པ་དང༌། ཚད་གུང་ལྟ་བུ་ལ་འགྲོ་ཞིང་ལས་མང་དུ་བྱེད་པ་དག་གིས་ཉེན་པར་གྱུར་པ་དང༌། རྟ་ཡིས་བརྡབས་པ་དང༌། གཡང་ལ་ལྷུང་བ་དང༌། འཐིབས་འོག་ཏུ་ཚུད་པ་དང༌། རྡོ་དང་དབྱུག་པ་ལ་སོགས་པས་ལན་མང་དུ་བརྡུངས་པ་དང༌། ཁྱད་པར་དུ་ཤ་མར་དང་བུ་རམ་ཆང་ལ་སོགས་པ་བཟའ་བཏུང་ཐལ་དྲགས་པ་སྟེ། དེ་ལྟར་བཤད་པའི་རྐྱེན་དེ་རྣམས་ཀྱིས་མཁྲིས་ཚད་གློ་བུར་དུ་སློང་བར་བྱེད་པ་ཡིན་ནོ།།

གསུམ་པ་བད་ཀན་གྱི་སློང་རྐྱེན་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། དེ་ལ་བད་ཀན་གྱི་འགྱུར་བའི་ནད་གཞི་ནི་བུ་རམ་གྱི་བག་དང༌། འོ་མ་ལྟ་བུ་མངར་བག་དང༌། ལན་ཚྭ་དང༌། སྣུམ་བག་དང༌། ཁ་ཟས་འཇུ་དཀའ་སྟེ་ལྕི་བ་དང༌། བད་ཀན་དུ་གྱུར་པའི་བག་དང༌། བསིལ་བའི་བག་དང༌། རྟག་པར་མལ་གཅིག་ན་འདུག་པའི་བག་དང༌། འཕྲས་ཤིང་སྙེས་ནས་འདུག་པ་དང༌། ཟས་མ་ཞུ་བ་དང༌། ཉིན་པར་གཉིད་ལོག་པ་དང༌། ཤ་སྐྱེ་ཞིང་སྦོམ་པར་འགྱུར་བའི་བག་འདི་རྣམས་ཀྱིས་བད་ཀན་གྱི་ནད་རྒྱས་པ་དྲངས་ཤིང་རློན་ཡང་མ་ཕྱིན་ནམ། ཟན་ཟོས་མ་ཐག་པའི་རྗེས་ལ་ནའམ། དཔྱིད་ཟླ་འབྲིང་པོ་དང་དཔྱིད་ཟླ་ཐ་ཆངུ་གི་ངོ་ལ་ནའམ། སྔ་དྲོ་ནའམ། ནམ་སྟོད་ལ་ནད་ཀྱིས་བཏབ་ན་དེ་ནི་བད་ཀན་གྱི་ནད་ཅེས་བྱའོ། །ཞེས་སློབ་དཔོན་གྱིས་གསུངས་ཤིང༌། གཞན་དག་ལས་ཀྱང་རྒྱབ་པར་བཤད་པས་རྟོགས་པར་བྱ་བ་ཉིད་དོ། །གཉིས་པ་ཚིག་གི་དོན་ནི། ཁ་མངར་ཞེས་པ་ནས་གྲང་ནད་སློང་ཞེས་པའི་བར་གྱིས་བསྟན་ཏེ། བད་ཀན་གྱི་ནད་སློང་བར་བྱེད་པའི་རྐྱེན་ནི། སྐྱབས་དང་ཁུར་མང་སོགས་རོ་ཁ་བ་དང༌། འོ་མ་སོགས་རོ་མངར་བ་དང༌། རོ་ཇི་ལྟར་གྱུར་ཀྱང་ལྕི་བསིལ་སྣུམ་རྟུལ་འཇམ་བརྟན་སོགས་ཀྱི་ཡོན་ཏན་དང་ལྡན་པའི་བཟའ་བཏུང་བསྟེན་དྲགས་པ་དང༌། ཟས་ཟོས་ནས་འགྲངས་པའི་དུས་སུ་དལ་བར་འདུག་པ་དང༌། ཉིན་གཉིད་ལོག་ཅིང་བརླན་སྟེང་དུ་ཉལ་བའམ་ཡུན་རིང་དུ་སྡོད་པ་དང༌། སྟོན་ཀའི་དུས་མ་ཡིན་པར་ཆུར་ཞུགས་པ་དང༌། གྲང་བའི་དུས་སུ་གོས་སྲབ་མོ་ལ་བརྟེན་པ་དང༌། དེའི་དབང་གིས་འཁྱགས་པ་དང༌། གྲོ་དང་སྲན་མ་དང༌། ཤུགས་ལས་ཁམ་བུ་སོགས་གསར་ཐོག་རྣམས་སེར་ཅན་ཏེ་མ་སྨིན་པའམ་སྨིན་ཡང་རློན་པ་མང་དུ་བཟའ་བ་དང༌། ཡང་ན་ཡུན་རིང་པོར་ལོན་པས་སུངས་པར་གྱུར་པ་དང༌། ར་ཤ་དང་སྐོམ་པོ་སྟེ་རྟོལ་དུ་གྲགས་པའི་དུད་འགྲོ་ཤིན་ཏུ་རིད་བ་དང༌། ཤ་གཞན་རྣམས་ཀྱི་ཡང་ཚིལ་བུ་དང་རྐང་རྣམས་བཟའ་བ་དང༌། འབྲུ་མར་དང་རྩི་མར་དང༌། གཞན་ཡང་བཟའ་བའི་བྱེ་བྲག་རུལ་བ་རྣམས་དང༌། ལོ་བཤུར་ཏེ་ཡུངས་དཀར་ནག་གི་ལོ་མ་རེངས་པའམ་རྙིད་པ་དང༌། ལ་ཕུག་རས་པ་དང༌། རི་སྒོག་ལ་སོགས་ཏེ་རྗེན་པའི་རིགས་མཐའ་དག་བཟའ་བ་དང༌། དེ་རྣམས་རྗེན་པ་མ་ཡིན་པར་བཅོས་ཀྱང་རུང་སྟེ། མ་ཚོས་པའམ་ཡང་ན་ཚིག་དྲགས་པ་དང༌། སྙོམས་པར་ཚོས་ཀྱང་རུང་ཡུན་ལོན་པས་ཁེངས་པོར་གྱུར་པའི་ཟས་རྣམས་བཟའ་བ་དང༌། རའི་འོ་རློན་ཏེ་དྲོན་མོ་མ་ཡིན་པ་དང༌། ཞོ་མ་ལངས་པ་དང༌། དར་བ་རས་པ་དང༌། ཆུ་གྲང་དང༌། ཇ་ལ་སོགས་པ་མང་དུ་འཐུངས་པ་དང༌། བཤད་མ་ཐག་པ་དེ་རྣམས་མ་ཡིན་པའི་བཟའ་བཏུང་ཡིན་ཡང་ཧ་ཅང་བཟའ་ཆེས་ཏེ། འོག་ནས། ལྟོ་བ་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། །ཞེས་སོགས་ཀྱི་ཚད་ལས་འདས་པའམ། སྔ་མའི་དུས་དེའི་ཟས་མ་ཞུ་བཞིན་དུ་སླར་ཡང་ཕྱི་མ་གཅིག་བཟའ་བ་སྟེ། མདོར་ན་དུས་མ་ཡིན་པར་ཟོས་པ་དེ་ལ་སོགས་རྐྱེན་དེ་རྣམས་ཀྱིས་བད་ཀན་ཞེས་བྱ་བ་གྲང་བའི་ནད་ཀྱི་རང་བཞིན་ཅན་དེ་ཉིད་སློང་བར་བྱེད་པ་ཡིན་ནོ། །མ་གསུངས་ཀྱང་དེ་ལྟར་བཤད་ཟིན་པའི་སློང་རྐྱེན་གྱི་ཟས་དང་སྤྱོད་ལམ་དེ་རྣམས་འབད་པས་ཐབས་ཀྱིས་སྦངས་ནས་དེའི་མི་མཐུན་ཕྱོགས་ཀྱི་ཡོན་ཏན་རྣམས་ལ་བསླབས་པ་ན་ནད་ཀྱི་ཉེ་བར་འཚེ་བར་མི་འགྱུར་ཞིང༌། དེའི་དབང་གིས་རང་རང་གི་ཚེའི་ཚད་ཅི་ཙམ་ཡོད་པ་དང་མཚུངས་པར་གནས་པ་བྱེད་དེ། དུས་མ་ཡིན་པར་འཆི་བར་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ།

གཉིས་པ་གཞན་རྒྱུད་ཅན་ལྡན་འདུས་ཀྱི་སློང་རྐྱེན་བཤད་པ་ནི། དེ་དག་ཅེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་ཟིན་པའི་རླུང་མཁྲིས་བད་ཀན་རྐྱང་བའི་སློང་རྐྱེན་དེ་དག་རྣམས་ཕན་ཚུན་འདྲེས་པ་ལས་ལྡན་པ་དང༌། འདུས་པའི་ནད་བསྐྱེད་པར་འགྱུར་ཏེ། དེ་ཡང་རླུང་མཁྲིས་གཉིས་ཀྱི་སློང་རྐྱེན་རྣམས་འདྲེས་པར་བསྟེན་ན་རླུང་མཁྲིས་ལྡན་པའི་ནད་དང༌། བད་རླུང་གཉིས་ཀྱི་སློང་རྐྱེན་རྣམས་འདྲེས་པའི་བསྟེན་ན་བད་རླུང་ལྡན་པའི་ནད་དང༌། བད་མཁྲིས་གཉིས་ཀྱི་སློང་རྐྱེན་རྣམས་འདྲེས་པར་བསྟེན་ན་བད་མཁྲིས་ལྡན་པའི་ནད་དང༌། དེ་གསུམ་གའི་སློང་རྐྱེན་རྣམས་འདྲེས་པར་བསྟེན་ན་གསུམ་ག་འདུས་པའི་ནད་དུ་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། །འདིའི་ཚུལ་རྒྱས་པར་གཞན་མང་པོ་ཞིག་ནས་བཤད་མོད་དུ་ཟིན་ཀྱང༌། གོང་མའི་ཤུགས་ལས་རྟོགས་སླ་བ་དང༌། མངས་པའི་འཇིགས་པས་མ་སྤྲོས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་ཀྱི་སློང་རྐྱེན་བཤད་པའི་ལེའུ་྄སྟེ་དགུ་པའོ་ཞེས་བྱ་བའི་དོན་ནོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།