སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།



ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ། 

ཞི་བྱེད་དྲུག་པ་ཐལ་སྨན་གྱི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ།

ཞི་བྱེད་བདུན་པ་ཁཎྜའི་སྡེ་ཚན་གྱི་སྦྱར་ཐབས་བཅུ་བདུན་ཡོད་པ་བསྟན་པར་བྱ་བ་ལས་ནང་གསེས་སུ་ཕྱེ་ན་གྲོགས་བསྡེབས་ཀྱི་སྦྱོར་བ་བདུན་གྱི་དང་པོ་ཚ་སེལ་སྤྱིའི་སྦྱོར་བ་འབའ་སམ་གྱི་ཁཎྜ་སྦྱར་བ་ནི། ཧོང་ལེན། གངྒ་ཆུང་སོགས་སྔོ་སྨན། ཀཎྜ་ཀ་རི་བོང་དཀར་སོགས་ཐང་སྨན། པར་པ་ཏ་གཡའ་ཀྱི་སོགས་བསིལ་སྨན་ཀུན་ཁཎྜར་སྦྱར་ཞིང༌། ཅུ་གུར་ལི་འདི་སྐབས་ཙན་དན་དཀར་པོ་བསིལ་བཞི་སོགས་རྩི་སྨན་དང་མཁྲིས་པའི་རིགས་དང༌། སེ་བའི་མེ་ཏོག་སོགས་མཁྲིས་སྨན་གང་འཛོམ་ཁ་ཚར་དུ་བཏབ་པས་ཚ་བའི་རིགས་སུ་གྱུར་པ་ཐམས་ཅད་སེལ་བར་བྱེད་ཅིང༌། སྔོའི་ཁཎྜ་ནི། དུག་དང་སྦྱོངས་སྨན་མ་གཏོགས་པའི་བསིལ་གྱི་སྔོ་སྨན་སྣ་ཚོགས་དང་བྲག་ཞུན་བཅས་པའི་ཁཎྜ་སྦྱར་བས་ཚད་པ་འཇོམས་པར་བྱེད། རྨ་རྩིའི་ཁཎྜ་ནི། རེ་སྐོན་པ་སྟེ་རྩི་དམར་རྐང་གཅིག་པ་དང༌། བྲག་སྤོས་པ་དང༌། རི་ལ་སྐྱེས་པའི་རྟ་ལྤགས་པ་དཀར་པོ་དང༌། ཀླུངས་ཀྱི་རྟ་ལྤགས་ནག་པོ་དང་དར་ཡ་ཀན་དངོས་ཏེ་རྒྱས་པ་རྐྱང་སེལ་དུ་བཤད་པ་ལྟར་སྐྱེས་པ་དོང་བཏགས་འདྲ་བ་རྣམས་སྟོན་སེར་ཁ་བ་མོས་མ་ཕོག་པའི་རྩ་བ་དང་ལོ་མར་བཅས་པའི་ཁཎྜ་རྨ་རྣམས་ཀུན་གྱི་རྨའི་རྩིར་བཟང་ཞིང༌། རྒྱལ་པོ་རེ་རལ་ལྡུམ་པོ། བཙུན་མོ་རེ་རལ་བྲག་སྤོས། བློན་པོ་རེ་རལ་བྲག་སྐྱ་ཧ་བོ་སྟེ་རེ་རལ་གསུམ་དང༌། བཅད་འབྱོར་རྣམ་པ་གསུམ་ཞེས་པ་སྤྱིར་བཅད་འབྱོར་ལ་དུད་འགྲོས་རྙེད་པའི་སྨན་བཅུ་གཉིས་ཞེས། སྦྲུལ་དུག་བཅད་འབྱོར་ཡུ་གུ་ཤིང༌། འུག་པ་བཅད་འབྱོར་སྟག་ཤཕག་གླང་བཅད་འབྱོར་རྒུ་དྲུས། འཕྱི་བ་བཅད་འབྱོར་བྲག་ལྕམ། ཤ་བ་བཅད་འབྱོར་ཡུ་མོ་མདེ་འབྱིན། ཅོ་ག་བཅད་འབྱོར་འབུ་སུ་ཧང༌། གོང་མོ་བཅད་འབྱོར་གངྒ་ཆུང༌། སྤྲེའུ་བཅད་འབྱོར་བྲག་སྤོས། སྦྲུལ་བཅད་འབྱོར་བོང་དཀར། ཉ་བཅད་འབྱོར་ཆུ་ལོ། བྱ་རོག་བཅད་འབྱོར་ཆུ་ཚན། སྤྲེ་རྒན་བཅད་འབྱོར་ལྡུམ་པོ་ལྕགས་གཅོད་མོ་རིགས། བྱ་བཅད་འབྱོར་གསང་སྨན་གཅིག་རྣམས་ཡོངས་ལ་གྲགས་ཤིང༌། གཞན་ཡང་ཉི་མ་བཅད་འབྱོར་ཁུར་མང༌། ཕག་ཟེ་བཅད་འབྱོར་ཨ་ཝ། ནག་པོ་བཅད་འབྱོར་དོམ་མཁྲིས་རྣམས་ལས་འདིར་ཡུ་གུ་ཤིང་དང༌། སྟག་ཤ་ལ་ཕོ་མོ་གཉིས་སམ་དཀར་ནག་གཉིས་ལས་ནག་པོ། རྒུ་དྲུས་བཅས་བཅད་འབྱོར་གསུམ་དང༌། རྟ་ལྤགས་པ། རེ་སྐོན་དང༌། སྲོལ་གོང་པ་དར་ཡ་ཀན། ཨ་བི་ཥ་དང༌། ཚེར་སྔོན་ཆུ་རྩ་དང༌། ལྕེ་ཚ་དབྱི་མོང་སྲུབ་ཀ་སྟེ་སྔོའི་ཚ་བ་གསུམ་བཅས་ལ་ཁཎྜར་བྱས་པ་མེ་ལས་འབོགས་གདོང་དུ་གུར་ཀུམ་དང་ཅུ་གང་མཁྲིས་པ་སྣ་ཚོགས་ཚད་ཁ་ཚར་དུ་བཏབ་པས་བཅད་འབྱོར་ཆེན་མོའི་ཁཎྜར་གྲགས་པ་དེས་ནི་ཤ་དང་རུས་པ་དང་མགོ་བོ་དང་ཡན་ལག་རྨ་ཀུན་གསོའོ། །ཡང་བཤལ་སྨན་གྱི་ཁཎྜ་དུར་བྱིད་དང༌། ཐར་ནུ་ལ་ཆེ་ཆུང་གཉིས་ལས་ཆེ་བ་དང་སྔོན་བུ་དང་ཁྲོན་བུ། ལྕུམ་གྱི་རྩ་བ། རྩི་སྟག་མོ་ཞེས་ཆུ་མ་རྩི། དནྡ་ཞེས་པ་དནྡ་རོག་པོ་དང༌། དོང་ག ཤྲཱི་ཁཎྜ་ཞེས་སེ་དཀར་གྱི་ཞོ་དང༌། ཨ་རུ་མཆུ་སྙུང་རྣམས་བའི་ཆུས་ཁ་བྱས་པ་འཇམ་ལ་རྣོ་སྟེ་མཆོག་ཏུ་དམུ་ཆུ་སྦྱོང༌། ཐར་ནུ་ཁཎྜ་ནི་སྟོན་ག་རྩས་མ་ཆོད་ནས་ཐར་ནུ་རྩ་བ་མ་ལུས་པར་བརྐོས་པ་དུར་བྱིད་འཕྲོད་ཙམ་དང༌། ཧོང་ལེན་དང་ཆུ་རུག་པ་རྣམས་ཁུ་བ་ལེགས་པར་བཏོན་པའི་ཁཎྜ་བདུད་རྩི་ཟབ་བུར་གྲགས་པ་དེས་ནི་མི་སྐྱུག་ཅིང་མི་འགྱིང་ལ་མི་འབྱམས་ཞེས་འཁྲུས་དྲགས་སྐྱོན་མེད་པར་ཆུ་ནད་བྱུང་དོགས་ལ་མི་གནོད་ཅིང་ནམ་ཟླ་ཚ་གྲང་ན་སོ་རྒན་གཞོན་སོགས་ལྟོས་པ་མེད་པར་བཤལ་སྨན་གྱི་མཆོག་ཏུ་གྱུར་པ་དང༌། མཁྲིས་པའི་ཁཎྜ་ནི་མི་དོམ་ཕག་པ་དང་གླང་དང་གཡག་དང་འཕྱི་བ་སོགས་ཀྱི་མཁྲིས་པ་ཚོགས་ཚད་དང༌། མཚེ་ལྡུམ་རྒྱ་ཚོས་བྲག་སྤོས་པ་རྣམས་ཀྱི་ཁུ་བ་ཁཎྜར་བྱས་པ་ལ་གུར་ཀུམ་གྱི་ཁ་ཚར་བཏབ་པའི་མཁྲིས་སྣའི་ཁཎྜ་འདིས་སྣ་ཁྲག་གློ་ཁྲག་མངལ་ཁྲག་རྩ་ཁ་ཤོར་བ་ཁྲག་ཏུ་འཁྲུ་བ་དང་སྐྱུག་པ་མ་ལུས་གཅོད་པར་བྱེད་དོ། །

གཉིས་པ་བྲག་ཞུན་སོགས་ཁ་འཐོར་བའི་ཁཎྜ་དགུ་དང་མང་སྦྱོར་གཅིག་བཅས་བཅུ་ཡོད་པ་ལས་ཁ་འཐོར་བྲག་ཞུན་གྱི་ཁཎྜ་ནི་བྲག་ཞུན་ཆུར་སྦངས་ལ་ས་མེད་པར་ཁུ་བ་ལེགས་པར་བཙགས་ལ་མ་འདྲེས་པར་གདུས་པས་ཕོ་བ་དང་མཆིན་པ་དང་མཁལ་ཚད་དང་མིག་ནད་དང་ཆུ་འགགས་དང་སྨུག་པོ་དུག་ཚད་རྣམས་སེལ་བའི་མཆོགབ་གསར་དམར་སེར་གྱི་ཆུ་དེ་རང་སྐམ་སྟེང་དུ་བ་ཆུ་ཡང་ཡང་བླུགས་ལ་ཁཎྜ་བྱས་པས་སྐྱ་རྦབ་དང་འོར་ནད་དམུ་ཆུ་དང་མཛེ་ནད་དང་དབྱིག་དུག་དང་ཚད་རྙོགས་ཆུ་སེར་སོགས་མ་ལུས་པ་སྦྱོངས། སྟར་བུའི་ཁཎྜ་ནི་སྟར་བུའི་འབྲས་བུ་ཚོས་པར་བཙོས་བྱས་ལ། རུས་པ་རྣམས་ཕྱུངས་ལ་ཁུ་བ་དེ་ཁཎྜར་གདུས་པས་གློ་ནད་དང་བད་ཀན་དང་ཁྲག་སྐྲན་རྣམས་འདྲིལ་བ་བཤིག ཤུག་པའི་འབྲས་བུའི་ཁཎྜ་བུ་རམ་དང་སྦྱར་བས་རྐང་ལག་གི་ཆུ་སེར་ཚ་བ་ལས་གྱུར་པ་ཐམས་ཅད་སྐེམ། ར་མཉེ་དང་ལྕ་བ་དཀར་པོའི་ཁཎྜར་བུ་རམ་དང་སྦྱར་བས་མཁལ་རྐེད་སོགས་སྨད་ཀྱི་ཆུ་སེར་གྲང་བ་འཇོམས། སེང་ལྡེང་གི་ཁཎྜ་ནི་ཁྱི་ལ་ཝ་རི་སྟེ་སྟོད་ཇས་མཛེ་ལ་མཆོག་ཏུ་ཕན་ཞིང༌། ལྡུམ་བུ་རེ་རལ་དང་ཟངས་རྩི་ནག་པོའི་ཁཎྜས་མཁྲིས་ནད་སེལ། སྐྱེར་པའི་ཁཎྜ་ནི་མིག་ནད་ཀྱི་བདུད་རྩི་ལྟ་བུ་ཡིན་ཞིང༌། འབམ་པོའི་ཁཎྜས་ནི་ཁོང་པའི་འབྲས་རྣམས་བཤིག་པར་བྱེད། དྭ་བ་དང་རྟ་གསེབ་ན་གཞོན་སྔོ་ནག་གི་སྦངས་སྤྲུ་མའི་རྩ་བ་རྣམས་གདུས་པའི་ཁཎྜ་ལ་ཁ་ཚར་བྱི་ཏང་ག་དང༌། ཤིང་ཀུན། ཙི་ཏྲ་ཀདུག་སྣ་གང་ཚོགས་སྦྱར་བའི་སྲིན་སྨན་མང་སྦྱོར་ཆེན་མོར་གྲགས་པ་འདི་ཉིད་བྱུགས་ན་སྲིན་འཐོར་གྱི་ནད་མཐའ་དག་དང༌།

ཤ་བཀྲ་སོགས་སེལ་བར་བྱེད་པ་དེ་ལ་སོགས་པའི་ཁཎྜའི་སྡེ་ཚན་སྦྱར་བའི་ཐབས་ནི་ས་རྣམས་ཆུས་བཤལ་ཞིང་ཁྲམ་ཁྲུམ་དུ་བརྡུངས་ལ་བཙོས་པའི་ཁུ་བ་ཡང་ཡང་བཏོན་པ་དེ་རྔ་མ་ལ་སོགས་པས་ལེགས་པར་བཙགས་པ་གཙང་མའི་རྫ་མ་སོགས་སྣོད་ཀྱི་ནང་དུ་གདུ་ལ་མ་འདྲེགས་མ་ཚིག་པར་དཀྲུག་ཅིང་གར་དུ་སོང་ནས་སྐྱོ་མ་ལྦུ་ནག་ཅན་འབྱུང་བས་དེ་དུས་ཕོག་ལ་ཐིགས་པ་གཅིག་རྡོ་སྟེང་དུ་བླུགས་པ་དེ་གྲང་བའི་ཚེ་དྲིལ་དུ་བཏུབ་ན་ཚོས་པའི་ཚད་ཡིན་པས་མཐའི་འདྲེགས་པ་གལ་སྲིད་བྱུང་ཚེ་མི་བཏང་ལ་ཚོས་ཚད་ལྡན་པ་རྣམས་གྲོད་བུར་བཙའ་བ་སྟེ་བཅང་བར་བྱ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་བདུན་པ་ཁཎྜའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།