སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།




ལེའུ་ཉེར་ལྔ་པ།   རྒྱུ་གཟེར་གྱི་རིམས་བཅོས་པ། 

འབྲུམ་པའི་ལེའུ་གསུངས་པའི་མཇུག་དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །རྒྱུ་གཟེར་ཞེས་པའི་རིམས་ལ་རྒྱུ་རྐྱེན་དང་མཚན་ཉིད་དང༌། དབྱེ་བ་དང་རྟགས་དང་བཅོས་ཐབས་ཇི་ལྟར་ཡོད་སོགས་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་དེ་སྐད་དུ་ཞུས་པའི་དོན་ལ་ལན་གསུངས་པ།

རྒྱུ་གཟེར་གྱི་རྒྱུ་ནི་རིམས་ཀྱི་ཚད་པ་སྤྱི་དང་བབས་འདྲ་བ་ལས་སྒེར་དུ་མེད་ཅིང་ངོ་བོ་ནི་མཆིན་པའི་ཁྲག་ཚད་པ་ཐུར་དུ་བབས་པ་ལས་གཉན་ནད་དང་ཆུ་སེར་མཁྲིས་ཚད་རྣམས་བསླང་བས་རྒྱུ་མ་གཟེར་ཞིང་འཁྲུ་བ་དང་སྐྱུག་པས་ན་རྒྱུ་གཟེར་ཞེས་པ་ཡིན་ལ།

དེའི་དབྱེ་བ་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ལས་སྤྱི་ལ་དོན་ལྔས་འཁྲུ་བ་དང་སྣོད་དྲུག་གིས་འཁྲུ་བ་དང་སྟོབས་ཆེན་དུ་འཁྲུ་བ་དང་སྟོབས་ཆུང་ངུར་འཁྲུ་བ་སྟེ་རྣམ་པ་བཞི་རུ་འགྱུར། བྱེ་བྲག་ཏུ་དབྱེ་བ་ལའང་རྒྱུ་གཟེར་དང་རྒྱུ་འཁོར་དང་རྒྱུ་འཁྲོལ་དང་རྒྱུ་ལྐུགས་པ་ཞེས་བྱ་བ་དང་བཞི་རུ་བཤད་དོ། །

དེ་རྣམས་ཀྱི་རྟགས་དང་པོ་མགོ་དང་ཡན་ལག་གི་ཚིགས་གཞི་ན་བ་དང་ཕྲུམ་སེར་ཁྱེར་ཞིང་ཞེས་པ་གྲང་ཤུམ་བྱེད་ཅིང་རྒྱུ་མ་ན་ལ་འཁྲུ་བ་དང་འཁྲུ་བའི་བོང་ཆུང་ལ་དེ་ཁ་འཁྲུ་བའི་དུས་སུ་ཟུག་གཟེར་ཆེ་བ་དང་ཁ་དོག་དམར་སེར་དང་ཟ་ཁུ་འདྲ་བ་འམ་སྨུག་པོའམ་ཡང་ན་བེ་སྣབས་འཁྲུའོ། །དེ་ཡང་ཁྱད་པར་དོན་ལྔས་འཁྲུ་ན་ཟུག་ཆེ་ལ་འཁྲུ་བའི་བོངས་ཆུང་ཞིང་སོ་ཁྲག་གཞིབས་པ་ཞེས་འཇིབས་པ་འདྲ་བ་དང་ཡང་ན་ལུག་ལྟ་བུ་བསད་མ་ཁད་ཀྱི་ཤའི་ཁོག་པ་ཆུས་བཤལ་བའི་ཁུ་བ་འདྲ་བའི་མདོག་འཁྲུའོ། །སྣོད་དྲུག་པོས་འཁྲུ་ན་མདོག་དམར་སེར་རམ་ཟ་ཁུ་འདྲ་བའམ་བེ་སྣབས་ཅན་འཁྲུ། ཟུག་ཆུང་ཞིང་དེ་ཡང་གྲངས་ཉུང་བ་དང་སྟོབས་ལྡན་ནི་དུད་ཁུ་འཁྲུ་བ་དང་རྒྱུ་ཤུན་འོང་ལ་ཚ་བ་ཆེ་ཞིང་འཁྲུ་བའི་གྲངས་མང་ལ་ཟུག་ཆེ་ཞིང༌། སྟོབས་ཆུང་ནི་དེ་ལས་གོ་ལྡོག་འགྱུར་རོ། །

བྱེ་བྲག་ཏུ་རྒྱུ་གཟེར་ནི་བོངས་ཆུང་ཞིང་ཡང་ཡང་འཁྲུ་བ་དང་འཁྲུ་བའི་དུས་ན་ཁྱད་པར་དུ་ཟུག་དང་གཟེར་ཆེའོ། །རྒྱུ་འཁོར་ནི་ཐུན་དུ་བཅད་ནས་བོངས་ཆེ་བར་འཁྲུ་ཞིང་རྒྱུ་མ་གཏུབས་སོང་སྙམ་པའི་ཟུག་ཆེ་ཞིང་འཁྲུས་པའི་རྗེས་ལ་བདེའོ། །རྒྱུ་འཁྲོལ་ནི་ཟུག་ཆུང་ཞིང་ལྡང་དུབ་མེད་པ་ལ་འཁྲུ་བའི་བོངས་དང་རྩ་དང་ཆུའི་ཚ་བའི་རྟགས་ཆུང་ངོ༌། །རྒྱུ་ལྐུགས་ནི་མི་འཁྲུ་བར་སྦོ་ལ་འགག་ཅིང་རྒྱུ་མ་གཏུབས་པ་སྙམ་བྱེད་པ་འབྱུང་ངོ༌། །

བཅོས་པའི་ཐབས་ལ་གསར་པ་དང་རྙིང་པ་དུས་དང་སྦྱར་ནས་བཅོས་པར་བྱ་དགོས་པ་གཉིས་སོ། །གསར་པའི་བཅོས་དེ་ལ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་སྤྱི་ལ་བཅོས་པའི་ཐབས་དེ་ལའང་ནད་ཀྱི་སྟོབས་ཆེ་ཆུང་གིས་དཔགས་ཏེ་སྟོབས་ཆེན་གྱི་ནད་ལ་བཅོས་པའི་ཚུལ་རྣམ་པ་བདུན་ཡོད་དེ་སྣོད་ཀྱི་རྩི་སྲུང་བ་དང་མཁྲིས་པའི་མེ་བསད་པ་དང་རྒྱུ་ལོང་གི་རུལ་སྦྱང་བ་དང་ནད་དངོས་དེ་གཉེན་པོས་བསད་པ་དང་མཆིན་པའི་ཟགས་མ་བསྡམས་ན་འཁྲུ་མི་ཆོད་པས་བསྡམས་པ་དང་འཁྲུ་བའི་ཁ་དོག་སྔོན་མ་ལས་བསྒྱུར་བ་དང་ཐ་མར་ཆུ་བོ་ཆེན་པོའི་རྒྱུན་གྱི་ལམ་བཅད་པ་དང་འདྲ་བའོ། །དང་པོ་སྣོད་ཀྱི་རྩི་མ་བསྲུངས་ན་འདྲུལ་བས་རྩི་སྲུང་ཆིག་ཐུབ་རི་བོང་ཀླད་པ་ངོ་བོའམ་མ་བྱུང་ན་གཡུ་ཐོག་པ་ཏིལ་དཀར་གྱིས་ཚབ་བྱེད་པ་དང༌། དོམ་མཁྲིས་ཏིལ་ནག་གསུམ་ཆ་མཉམ་གངས་ཆུར་སྦྱར་བ་བཏང༌། མཁྲིས་པའི་མེ་བསད་པ་ལ་གུར་ཀུམ་དང་ཅུ་གང་ཨུལ་རྒྱ་གར་ཏིག་ཏ་བ་ལེ་ཀ་བྲག་ཞུན་དྲུག་ལ་ཚད་པའི་སྟོབས་སྦྱར་ནས་ཆེ་ན་ག་བུར། འབྲིང་ཙནྡན་དཀར་པོ། ཐ་མ་གི་ཝཾ་གིས་ཁ་བསྒྱུར་བདུན་པ་སྦྱར་བ་གཉིས་དུས་བཞི་སྤྲད་པ་ནི་ཆིག་ཐུབ་ནང་ནུབ་དང་གུར་ཀུམ་བདུན་པ་གུང་གཉིས་ལྟག་པ་སྤྲད་ལ་གཏང་བར་བྱའོ། །དེ་འོག་ཏུ་སྦྱོང་བྱེད་ལ་ཆིག་ཐུབ་ཐར་ནུ་ཆུ་རྩ་རེ་ལྕག་རྣམ་པ་གསུམ་ལོ་བརྒྱད་དྲི་ཆུས་དབུལ་ཞིང༌། འཁྲུ་མདོག་བློན་གྱིས་ཁ་བསྒྱུར་བ་ནི་དམར་ན་བྱ་རྐང་དང་རྒྱ་སྐྱེགས་སེར་ན་དུག་ཉུང་དང་དོམ་མཁྲིས་སྨུག་ན་རེ་རལ་དང་ཁྲག་རྐང་ཟ་ཁུ་སྐྱི་འབྲུ་དང་མི་མཁྲིས་བེ་སྣབས་སུག་སྨེལ་དང་ཐོག་རུས་ཀྱིས་ཁ་བསྒྱུར་ལ་རུལ་དྲི་སྦྱང་དགོས་ཏེ་ལན་གཅིག་དང་ལན་གཉིས་གང་དགོས་པ་ནད་ཀྱི་སྟོབས་དང་སྦྱར་རོ། །སྦྱངས་པའི་རྗེས་ལ་གཉེན་པོ་ཆིག་ཐུབ་རྣམ་པ་གསུམ་ནི་སྨན་མ་སོང་བ་རྒྱུ་གཟེར་རང་གིས་ཤི་བའི་ཐོད་པ་ཐོག་རུས་རྒུ་དྲུས་ཏེ་དེ་སྟེང་དུ་ཆུ་རྩ་གླ་རྩི་བྲག་ཞུན་གོང་བཤད་ཆོས་སྨན་དང་དུག་པུས་བསྣན་ན་མཆོག་ཏུ་ཕན་ཏེ་སྨན་གྱི་ཐུན་ཆུང་ངུར་གྲངས་མང་ཙམ་བཏང་ལ་དངོས་པོ་རྣམས་བསད་ཅིང་ཤིན་ཏུ་ཟུག་ཆེ་ན་རྒྱུ་ཞབས་ལ་ཆུ་རྡོ་གྲང་མོས་བདུག་ཅིང་བོང་ང་དང་ཀྱི་ལྕེ་དཀར་པོ་ཧོང་ལེན་བཅས་ཀྱི་ཕྱེ་མ་ཆུ་འཁྱགས་ཏེ་གྲང་མོར་སྦྱངས་པའི་སྨད་འདྲེན་ཏེ་ནི་རུ་ཧ་བཏང་བ་དང༌། གཞང་གི་ཁ་ལུག་ན་ཤིང་ལེབ་ཀྱིས་ཁ་བསྡམ་པར་བྱའོ། །དེ་ནས་ཚད་པའི་སྟོབས་ཅུང་ཟད་ཙམ་དུ་ཆག་པར་མངོན་ནས་མཆིན་པའི་ཟགས་བསྡམ་ལ་གུར་ཀུམ་ཅུ་གང་དང་བ་ལེ་ཀ་སུམ་ཅུ་ཏིག་མཚེའི་ཚིགས་ཨ་རུ་མཚལ་དོམ་མཁྲིས་བྲག་ཞུན་སྟེ་དགུ་པ་དང༌། འཁྲུ་མདོག་སྒྱུར་བྱེད་ལ་དམར་ན་བྱ་རྐང་དང་ཚོས་སེར་ན་དུག་ཉུང་དང་དོམ་མཁྲིས་བེ་སྣབས་ལ་སུག་སྨེལ་དང་ཐོག་རུས་སྨུག་ན་རེ་རལ་དང་ཁྲག་རྐང་ཟ་ཁུ་སྐྱི་འབྲུ་དང་མི་མཁྲིས་ཏེ་ཀུན་ལ་ཀ་ར་སྦྱར་བ་ལྟག་པ་སྤྲད་ལ་བཏང་ངོ༌། །ཟས་སྐོམ་ནི་ནས་སྔོན་པོ་མ་བརྔོས་པ་རྗེན་པ་བཅར་དུ་བརྡུངས་བ་ཚོས་པར་བྱས་པ་ལ་བ་དང་རའི་འོ་མ་བག་ཙམ་སྟེ་ཕྲན་བུ་བཏབ་པ་དང་བ་ཚ་མེད་པའི་སའི་ཆུ་བསྐོལ་གྲང་ལ་རྩམ་པ་སིལ་ཙམ་བཏབ་སྟེ་དཀྲུགས་པ་ལ་གྲོག་ཅེས་བསྟེན་པར་བྱ་ཞིང༌། དཀར་མངར་དང་རུལ་སྐྱུར་དང་དྲོད་བཅུད་ཀྱི་རིགས་མཐའ་དག་པ་སྤང་ངོ༌། དེ་ནས་ཚ་བ་ཆོགས་པ་ན་ནད་ཀྱི་སྟོབས་བྲི་ཞིང་རྩ་དལ་ལ་ཆུ་སྔོ་ལུས་དྲོད་ཆུང་ཞིང་ཕོ་བ་དང་ལོང་འཁྲོག་པ་དང་འཁྲུ་བའི་དྲི་མ་དང་ཟུག་ཆུང་ལ་འཁྲུ་བ་ཚིགས་ཐག་རིང་ཞིང་གང་འཁྲུ་བ་དེ་སྒྲ་དང་བཅས་པ་འབྱུང་ལ་ཆུར་སྐྱུར་ན་སྟེང་དུ་ལྡིང་གིན་སྡོད་པ་དེ་དུས་ལ་གཅོད་པར་བྱེད་པའི་སྨན་ནི་འོག་ཏུ་འཆད་པ་ལྟར་ཅོང་ཞི་དང་རྩི་མར་གང་ག་ཆུང་སོགས་ཀྱི་སྨན་སྦྱོར་རྣམས་དང་རུལ་སུངས་མེད་པའི་གསར་པ་བཅུད་ཅན་ཀྱི་ཟས་རིམ་པས་སྤེལ་ཏེ་ཆུ་བོའི་རྒྱུན་ལམ་བཅད་པ་ལྟར་བྱ་བ་ལས་བཙན་ཐབས་སུ་མི་བཅད་པར་ཆུང་ངུ་ནས་ཆ་ཡིས་བྲིད་པ་ཡིན་ནོ། །

སྟོབས་ཆུང་གི་ནད་ལ་བཅོས་པའི་ཐབས་རྣམ་པ་གསུམ་ཡོད་དེ་རྒྱུ་རིམས་ཀྱི་དང་པོ་མཆིན་པའི་རྩ་ཁ་བསྡམ་པ་དང་བར་དུ་མཁྲིས་པའི་ཚ་བ་རོལ་དུ་བསད་པ་དང་ཐ་མར་ཆུ་བོ་ལྟ་བུར་འཁྲུ་བའི་རྒྱུན་གྱི་ལམ་བཅད་པའོ། །དེ་ཡང་ཀུན་གྱི་གཙོ་བོ་ཆིག་ཐུབ་དཀར་པོ་ནི་འདི་སྐབས་སྤང་རྩི་དོ་བོ་ཡིན་ཏེ། དང་པོ་པར་པ་ཏ་དང་སེར་པོ་ཁྲག་རྐང་སྟེ་མྱང་རྩི་སྤྲས་གཉིས་བསྡོམས་པ་དང༌། གཙོ་བོ་སྤང་རྩི་དོ་བོ་ཆ་མཉམ་པ་གངས་ཀྱི་ཆུ་བསྐོལ་གྲང་གིས་དབུལ་ལ་བཏང༌། བར་དུ་ཏིག་ཏ་དང་བོང་ང་དང་སྲོ་ལོ་དཀར་པོ་ཧོང་ལེན་དང་བཞི་པོ་གཙོ་བོ་སྤང་རྩིའི་སུམ་ཆ་སྦྱར་བ་བསྐོལ་གྲང་གི་ཐང་ངམ་ཡང་ན་ཕྱེ་མ་གཉིས་ཆུས་སྦྱངས་ལ་བཏང༌། ཐ་མ་ཚ་བའི་སྟོབས་ཆག་ཅིང་བཅད་རན་པའི་དུས་སུ་སྐྱེར་པའི་མེ་ཏོག་དང་གཙོ་བོ་སྤང་རྩི་དོ་བོའི་སུམ་ཆ་སྦྱར་བ་བ་ཡར་མའི་འོ་མར་བཏབ་ལ་བཏང་བས་རྒྱུན་གྱི་ལམ་གཅོད་དོ། །ཡང་ན་སེར་པོ་རྒུ་དྲུས་དང་གོང་བཤད་བདུད་རྩི་ཆོས་སྨན་དང་བཤད་མ་ཐག་པའི་རང་ཤིའི་ཐོད་པ་དང་ཐོག་གི་རུས་པ་བཞི་པོ་རྒྱལ་པོ་ཡིན་པས་ཆ་སུམ་གཉིས་བཏང་བ་དང་གླ་རྩི་དང་དོམ་མཁྲིས་དང་ཨ་བྱག་དང་བོང་ང་དཀར་རྩི་དམར་ཏེ་རེ་སྐོན་ཆུ་རྩ་དང་བྲག་ཞུན་རྣམས་སུམ་ཆ་གཅིག་བཏང་བ་དང༌། དེ་སྟེང་ཁ་བསྒྱུར་འཁྲུ་བའི་མདོག་དམར་ན་མེ་ཏོག་བྱ་རྐང་བསྡེབས་པ་དང༌། སེར་པོ་ལ་དུག་མོ་ཉུང་དང༌། ཟ་ཁུ་ལ་སྐྱི་བའི་འབྲུ་བསྡེབས་པ་དང༌། མདོག་རྒྱ་ཤལ་ལ་རེ་རལ་དང་བེ་སྣབས་ལ་སུག་སྨེལ་དང་བསྡེབས་པ་གངས་ཆུར་སྦྱར་བས་རྒྱུ་ལོང་གི་རུལ་བ་བསྲུང་ལ་ཚ་བ་གཅོག་ཅིང་འཁྲུ་བའི་ཚིགས་པར་འགྱངས་རིང་ཞིང་ཚད་པའི་ལྷག་བྲི་བ་དང་སྨན་དེ་རྣམས་ཀ་ར་དང་སྦྱར་ལ་བའི་འོ་མ་བསྐོལ་ནས་གྲང་པའི་དབུལ་བས་ནད་ཀྱི་རོ་འདོན་ལ་འཁྲུ་བ་གཅོད་ཅིང་ལུས་བརྟས་པར་བྱེད་དོ། །

བྱེ་བྲག་ཏུ་བཅོས་པའི་ཐབས་ལ་རྒྱུ་གཟེར་དང་རྒྱུ་འཁོར་གཉིས་ལ་སྲ་བྱེད་བདུན་པ་ཞེས་སྤང་རྩི་དོ་བོ་དང་ཧོང་ལེན་དང་བོང་ང་དཀར་པོ་དང་སུམ་ཅུ་ཏིག་ཁྲག་རྐང་སྟེ་མྱང་རྩི་སྤྲས་དང་སྲོ་ལོ་དཀར་པོ་དང་པར་པ་ཏ་རྣམས་བསྡུས་བའི་ཐང་བཏང་བས་རྩ་ཁ་བསྡམ་པ་དང་མི་འདྲུལ་ལ་སྲ་བར་བྱེད་ཅིང་སྤུ་མདོག་དམར་ཟལ་གྱི་བའི་འོ་མ་དང་མར་དཀར་པོར་བསྡུས་ལ་བཏང་བས་རྒྱུ་མའི་ནད་རྩི་མི་འཛད་པར་འཁྲུ་བ་འདྲེད་པར་བྱེད་ཅིང་ཁྱད་པར་དུ་རྒྱུ་གཟེར་ལ་མདོག་རྒྱ་བཤལ་ལམ། བཙོད་ཀྱི་ཁུ་བ་འདྲ་བ་འཁྲུ་བ་ལ་གུར་ཀུམ་དང་ཨུལ་དང་ཀ་ར་བཅས་པ་སྲ་བྱེད་བདུན་པ་དང་སྦྱར་བ་དང་སེར་པོ་ལ་གི་ཝཾ་དང་སྒྲོ་པུས་པ་ནི་སྒྲོ་བ་ཤིང་གི་མེ་ཏོག་དམར་ཆུང་དེ་སྲ་བྱེད་བདུན་པ་དང་སྦྱར་བ་དང༌། ཁྲག་ཏུ་འཁྲུ་བ་འམ་ཞག་ཅན་བྱུང་ན་དོམ་མཁྲིས་སྲ་བྱེད་བདུན་པ་དང་སྦྱར་བ་དང༌། རྒྱུ་འཁོར་ལ་མདོག་ཆུ་རྩའི་ཁུ་བའམ་དུད་ཁུ་དང་ཐལ་ཁུ་འདྲ་བ་འཁྲུ་ན་ཨ་རུ་མཆུ་སྙུང་དང་སྐྱེར་ཤུན་དང་བ་ལེ་ཀ་དང་གསེར་གྱི་མེ་ཏོག་རྣམས་སྲ་བྱེད་བདུན་པ་དང་སྦྱར་ལ་བཏང༌། ཁྲག་ནག་པོ་ཤེ་རུལ་དུ་འཁྲུ་ན་བ་ཤ་ཀ་དང་སླེ་ཏྲེས་སྲ་བྱེད་བདུན་པ་དང་སྦྱར་བའི་བསྡུས་ཐང་བཏང༌། རྒྱུ་མ་འཁྲོག་ཅིང་མདོག་དམར་པོར་འཁྲུ་ན་གུར་ཀུམ་དང་དོམ་མཁྲིས་ཀ་ར་སྦྱར་བ་དང་བོང་ང་དཀར་པོའི་ཆིག་ཐང་བཏང་ཆུ་སྐྱ་འམ་བེ་སྣབས་འཁྲུ་ན་སུག་སྨེལ་དང་ཀ་ར་སྦྱར་ཞིང་རྒྱུ་ལྐུགས་ལ་ཨ་རུ་མཆུ་སྙུང་དང་བ་ལེ་ཀ་གཉིས་བསྡུས་པའི་ཁུ་བར་གསེར་གྱི་མེ་ཏོག་དང་སུམ་ཅུ་ཏིག་ཏིག་ཏ་དང་བོང་ང་དཀར་པོ་སོགས་བཏབ་ལ་བཏང་བ་དང༌། རྐང་པ་གཡས་གཡོན་གྱི་ལོང་རྩ་གཉིས་གཏར་ལ་གངས་ཆུ་གྲང་མོ་གྲོད་པར་བླུགས་པས་རྒྱུ་ཞབས་སུ་ཆུ་དུགས་བྱ་ཞིང་དེས་འཁྲུ་བར་མ་འདོད་ན་ཐར་ནུ་ཆུ་རྩ་རེ་ལྕག་སྟེ་འཁྲུ་བའི་ཆིག་ཐུབ་གསུམ་གྱི་སྟེང་དུ་ཨ་བྱག་དང་ཧོང་ལེན་དང་དུག་པུས་པ་རྣམས་དྲི་ཆུར་སྦྱར་བའི་གཉན་བཤལ་བཏང་ཞིང་།  

ཡུན་ཟླ་བ་ཕྱེད་ཕར་འདས་པའི་རྒྱུ་རིམས་རྙིང་པ་རྣམས་ལ་ཕྱི་རྒྱུད་ལྟར་གྱི་མཁྲིས་ཕྱེ་བདུན་པའམ་ཡང་ན་ཨིནྡྲ་བཞི་ཐང་བསྟེན་པ་དང་འཁྲུ་བ་དེ་ཡང་དྲི་བཅས་དུགས་ཡོད་ན་བཤལ་གོང་གི་རུལ་དྲིའི་སྐབས་ལྟར་གྱིས་སྦྱངས་ཕྱེ་ཐུག་དང་འབྲས་དང་བསྐོལ་གྲང་ལ་རྩམ་པ་མདོག་འགྱུར་ཙམ་བཏབ་པའི་ཆུ་གྲོག་དང་བསྐོལ་གྲང་རྣམས་བོངས་ཆུང་ལ་གྲངས་མང་པོར་བཏང་ཞིང་ཕོ་བར་གནོད་པའི་ཟས་གོང་བཤད་རྣམས་བསྲུང་ངོ༌། །དེ་ཡང་ཚ་བ་ཆོགས་ནས་འཁྲུ་མདོག་སྔོ་ལ་སྒྲ་དང་བཅས་བཅད་པའི་དུས་ལ་སླེབ་པའི་ཚེ་ཅོང་ཞི་དང་རྩི་དམར་ཏེ་རེ་སྐོན་དང་གང་ག་ཆུང་དང་གསུམ་མམ། ཡང་ན་མེ་ཏོག་བྱ་རྐང་དང་ཤ་ནུས་ནི་ནད་པ་རང་གིས་འཁྲུས་པའི་དྲི་ཆེན་དུ་འགའ་ཞིག་འདོད། འགའ་ཞིག་སྤྲིའམ་བེའུ་སྐྱེས་འཕྲལ་གྱི་འོ་མ་ལ་བཞེད་ཀྱང༌། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ཤ་བ་དག་དང་དགོ་བ་དང༌། །བོང་བུ་རྟ་དང་རི་བོང་གི། །སྣུས་བུ་ཞོ་བཙོས་དག་དང་སྦྱར། །འཁྲུ་བ་གཅོད་པའི་སྨན་མཆོག་ཡིན། །ཞེས་པར་བསྡུས་པ་དང༌། །ཡང་ན་བ་ཞོ་དང་རི་བོང་གི་ཀླད་པ་སྤྱིན་དང་འབྲས་ཡོས་ཀྱི་ཕྱེད་རྣམས་ཚོས་པར་བཙོས་ལ་རྩེ་གུར་ཞེས་ཆུང་ངུ་ཡང་ཡང་དུ་བཏང་བར་བྱ། ཡང་ན་ད་ཏྲིག་དང༌། ཀ་པེད་དང༌། མོན་ཆ་ར་དང་སྨག་དང་ཐ་རམ་རྣམས་འབྲས་ཐུག་ལ་བཏབ་པ་འམ་ཡང་ན་གཙོད་ཀྱི་ཁྲག་དང་གཡག་རྒོད་ཀྱི་ཁྲག་ལ་སྦྱར་ལ་བཏང༌། །ཡང་ན་ཐ་རམ་དང་བྱ་རྐང་གཉིས་བསྡུས་པའི་ཁུ་བ་ལ་སྨག་དང་ད་ཏྲིག་དང་ཀ་པེད་དང་མོན་ཆ་ར་ཞིབ་ཏུ་བཏགས་པ་བཏབ་ལ་ཙེ་གུར་ཏེ་ཐུན་ཆུང་གྲངས་མང་ཧུབ་རེ་ཙམ་ཡང་ཡང་བཏང་ཞིང་འཁྲུ་བ་དྲགས་པའི་སྣོད་ཀྱི་དྲོད་ཤོར་བའམ་གྲང་འབྱམས་ན་སེ་འབྲུ་སུག་སྨེལ་དང་ཤིང་ཚ་དང་པི་པི་ལིང་བཅའ་སྒ་སྟེ་ལྔ་སྦྱར་ལ་རྒྱུ་གསང་ཚིགས་པ་བཅུ་བདུན་པ་དང་ལོང་གསང་བཅུ་དྲུག་པ་དང་མདུན་ལྟེ་བ་ནས་ཚོན་དོ་རེ་གཡས་གཡོན་དུ་གཞལ་བ་རྣམས་ལ་བསྲེག་གོ། ཁ་ཟས་ལ་ལུག་དང་བ་ལང་དང་རི་དྭགས་ཀྱི་ཤ་མ་རུལ་བར་གསར་པའི་ཚོ་ཁུ་དེ་བོངས་ཆུང་དུ་བཏང་བ་དང་ཆང་གསར་འཇམ་དང་ཤིང་གླ་བ་དང་རྒྱ་སྐྱེགས་ཀྱི་ནང་གི་ཤིང་ཐལ་སྦྱར་བ་དང༌། ཅོང་ཞིའི་ཕྱེས་བྲན་ཁ་སྐོམ་པའི་དུས་བག་རེ་ཙམ་བསྟེན་ཅིང༌། དེ་ཡང་འཁྲུ་བ་མ་ཆོད་པའི་བར་དུ་ཟས་དང་སྤྱོད་ལམ་གཟབ་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་གཟེར་གྱི་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།



མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།