སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།




ལེའུ་ཉེར་བརྒྱད་པ།  མགོ་ནད་གསོ་བ། 

ཞེས་ཆམ་རིམས་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྙན་པའི་གདངས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་བོད་ཚིག་གིས་བོས་ཏེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། ལུས་སྟོད་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་ཞུས་པ་དང༌། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། དེ་ཡང་ལུས་སྟོད་ཅེས་པ་ནི། སྙིང་པོ་བསྡུས་པར། ནམ་ཚོང་ཡན་ཆད་གཏོགས་པའི་ནད། །ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡིན། །ཞེས་དང༌། གང་ལ་དབང་པོ་ཀུན་བསྟེན་ཞིང༌། །གང་ལ་སྲོག་ནི་གནས་བྱེད་པ། །དེ་ནས་ཡན་ཆད་དམ་པ་ཡིས། །སྲུང་བ་ལ་ནི་འབད་པར་བྱ། །ཞེས་པ་ལྟར། ནམ་ཚོང་ཡན་ཆད་ལུས་སྟོད་མགོ་སོགས་གསོ་བ་བཤད་པ་ལ་འདིར་ལྦ་བ་ཡན་ལུས་སྟོད་དུ་བསྡུས་པའི་ཁོངས་སུ་ལུས་སྟོད་དང་དབང་པོ་ལྔའི་ནང་ཚན་གྱི་གསོ་ཐབས་ལ་མགོ་དང་མིག་དང་རྣ་བ་དང་སྣ་དང་ཁ་དང་ལྦ་བ་བཅས་དྲུག་ཏུ་བཤད་པ་ལས་གཞན་ལྔ་པོའི་རྒྱས་བཤད་སོ་སོའི་ལེའུ་གཤམ་དུ་འབྱུང་བ་ལྟར་རྟོགས་པར་བྱ་བ་དང༌།

དང་པོ་འདི་ཉིད་དུ་མགོའི་ནད་ལ་རྒྱུ་རྐྱེན་དང་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་རྣམ་པ་བཞིར་བསྟན་ཏེ། རྒྱུ་རྐྱེན་གཞི་མཐུན་ནི་དུད་པ་ཆེན་པོའི་དཀྱིལ་སྡོད་པ། ཉིན་མཚན་སྦྲེལ་ནས་གཉིད་ཆག་པ་དང༌། ཆང་མང་པོ་བཏུང་བ་དང་གཏམ་མང་པོ་སྨྲས་པ། ངུ་བ་དྲགས་པ་སོགས་དང༌། མགོར་རླུང་འཚུབ་ཕོག་པ་དང༌། སྔར་མ་གོམས་པར་ཚ་བའི་དྲིས་ཕོག་ན་ཚ་བ་དང་བསིལ་ངད་ཀྱི་དྲིས་ཕོག་པའི་རྒྱུ་ལས་གྲང་ནད་འབྱུང་ངོ༌། །

དབྱེ་བ་ཕྱེ་ན་གཙོ་བོའི་ནད་བརྒྱད་དང་ཕལ་པ་དྲུག་སྟེ་བཅུ་བཞི་ཡོད་དེ། དང་པོ་གཙོ་བོ་ནད་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང་བཞི། ལྡན་པ་བད་མཁྲིས་ལྡན་པ། རླུང་མཁྲིས་ལྡན་པ། བད་རླུང་ལྡན་པའི་ནད་དེ་གསུམ། མགོའི་སྲིན་དང་བཅས་བརྒྱད་དང༌། ཕལ་པ་ལ་མ་རླུང་དང༌། རྨེན་འབྲས་དང༌། གློག་པ་ཅན་དང༌། སྐྲ་བྱི་བ་དང༌། སྤྱི་ཐེར་བ་དང༌། སྐྲ་དཀར་དང་རྣམ་པ་དྲུག་སྟེ་བཅུ་བཞིའོ། །

དེ་རྣམས་ངོས་འཛིན་པའི་རྟགས་ལ་རླུང་ལས་གྱུར་ན་མུར་འགྲམ་ཟུག་ཅིང་གཟེར་བ་དང༌། དཔྲལ་བ་དང་སྨིན་མའི་མཚམས་ལུག་པ་འདྲ་སྙམ་དུ་སེམས་པ་དང༌། རྣ་བ་འུར་ཞིང་སོ་དང་འགྲམ་པ་ན་ལ་རྩ་འཁྱུག་ཅིང་མིག་གིས་བལྟ་བ་མི་བཟོད་ལ་སྣ་ཆུ་མང་བ་དང་ལྡང་དུབ་ཏུ་ན་ཞིང་སྣུམ་དུགས་དང་མགོ་བསྡམས་ན་བདེའོ།  ། མཁྲིས་པ་ལས་གྱུར་པ་ནི་རིམས་འདྲ་བར་མགོ་ལུས་དང་མིག་རྣམས་ཚ་བ་དང་དུ་བས་བདུགས་སྙམ་སེམས་ལ་མཚན་གྱི་དུས་སུ་གྲང་ན་བདེ་བ་འབྱུང༌། ཁྲག་ལས་གྱུར་པ་རྩེ་ཆུང་བརྒྱངས་པ་ལྟར་བྱེད་ལ་མུར་འགྲམ་རྣམས་གཟེར་བ་དང༌། ཆང་འཐུང་བ་དང་དྲག་ཤུལ་གྱི་ལས་དང་གཉིད་དང་ཉི་མ་དང་མེ་སོགས་ཚན་མོའི་རིགས་གནོད་དོ། །བད་ཀན་ལས་གྱུར་ན་མགོ་ལྕི་ལ་ཟས་མི་ཞིམ་ཞིང་སྐྱུག་པ་སྐྱུགས་ཤིང་མིག་སྐྲངས་ལ་མཚན་མོའི་དུས་ན་བདེ་བར་འོང༌། བད་མཁྲིས་གཉིས་ལྡན་གྱི་མགོ་ནད་ནི་མེ་དང་ཉི་མས་དྲོས་པའི་ཚེ་ན་བ་དང་མགོ་ལྕི་ལ་དང་ག་མི་བདེ་ཞིང་ཆང་བཏུང་ན་ནད་ཆེའོ། །བད་རླུང་གཉིས་ལྡན་ནི་མགོ་ལྕི་ལ་འཁྱོམ་ཞིང་ཟ་ཟི་བྱེད་ལ་ཟས་ཀྱི་བྲོ་བ་མི་ཞིམ། རླུང་དང་མཁྲིས་པ་གཉིས་ལྡན་ནི་དཔྲལ་བ་དང་མིག་མུར་འགྲམ་བཅས་ན་བ་དང་གྲང་དྲོ་ལ་ངེས་པ་མེད་པར་ཉིན་ཕྱེད་གོང་དང་བཀྲེས་པའི་དུས་སུ་ནད་ལྡང་སྟེ། སྙིང་པོ་བསྡུས་པར། ཉི་མ་འཆར་བར་གྱུར་པ་ནས། །ཉི་མ་ཕྱེད་ཀྱི་བར་དུ་འཕེལ། །དེ་ཕན་ཆད་ནི་བདེ་བར་འགྱུར། །ལྟོགས་པ་ན་ནི་ལྷག་པར་ན།  ། གྲང་དང་དྲོ་ན་ངེས་པ་མེད། །དེ་ནི་ཉི་མར་ཁྲོ་ཞེས་བྱ། །ཞེས་དང༌། མུར་གོང་སོགས་ཀྱི་རྩ་རྣམས་འཕར་བ་འབྱུང་ཞིང་བསིལ་ཕེབས་པའི་དགོངས་ཀྱི་དུས་ལ་བདེའོ། མགོ་སྲིན་གྱི་རྟགས་ནི་སེམས་འཁྲུལ་ལ་སྟོབས་ཆུང་ཞིང་མི་བཟོད་པར་ན་བ་དང་སྣབས་ཀྱི་མདོག་དམར་ལ་རྒྱ་སྲུབས་ཀྱི་སྟེང་དུ་སྐྲངས་ཤིང་ངེས་མེད་དུ་ནད་ལྡང་ལ་ཟས་དང་སྤྱོད་ལམ་གང་ཡང་ཕན་གནོད་ཆུང་བ་དང་གང་ལངས་ཀྱི་རྩ་འཕར་ཞིང་སྒྲ་སྐད་ཀྱི་རིགས་དང་དྲག་ཤུལ་གྱིས་ལྡང་ངོ༌། །དེ་ཡང་དཀར་ནག་གང་ཡིན་བརྟག་ན་འཁར་གོང་མེ་ལ་བསྲེགས་པའི་དམར་པོ་དེ་ལ་ནད་པའི་མཆིལ་མ་བཏབ་པས་བརྟག་པ་ལ་གྲངས་ནས་ནག་པོར་སོང་ན་ཡ་མ་ནག་པོ་དང་དེ་གར་སྣང་ན་དཀར་པོར་ཤེས་པར་བྱའོ། །

མ་རླུང་ནི་སྦྲུམ་མའི་ཟས་སྤྱོད་ཀྱི་མངལ་རླུང་བུ་ལ་ཤོར་བས་མགོ་བོ་སྐྲངས་པ་འོང༌། དེ་བཞིན་དུ་རྨེན་དང་འབྲས་ཀྱང་སྲ་བར་སྐྲངས་པ་དང༌། སྲིན་ནད་དང་འབྲུམ་ཕྲན་གྱི་གློག་པས་ཁྱབ་པ་དང༌། བད་ཀན་དང་ཁྲག་དང་མཁྲིས་པ་ཆུ་སེར་སྐྲ་རྩ་སྲུལ་ཞིང་ཀོ་ལེར་སྐྲ་བྱི་ལ་སྤྱི་བོ་ཐེར་པོ་དང་ལུས་དྲོད་ནི་མགོར་ཞུགས་པས་སྐྲ་ཚོས་ནས་སྐྲ་དཀར་སོགས་འབྱུང་སྟེ། སྙིང་པོ་བསྡུས་པར། མྱ་ངན་ཁྲོ་དང་ཉལ་ལས་འབྱུང༌། །ལུས་ཀྱི་དྲོད་ནི་མགོར་ཞུགས་པས། །ནད་དེས་སྲས་ནི་བཅོས་ནས་ནི། །དེ་ལས་སྐྲ་དཀར་སྐྱེ་བར་འགྱུར། །ཞེས་འབྱུང་ཞིང༌། འོན་ཀྱང་ཉམས་སུ་ལས་ཁ་དོག་སོགས་ཀྱང་རྒྱས་པར་བཤད་པ་ལྟར་རོ། །

བཅོས་པའི་ཐབས་ལ་རླུང་ལས་གྱུར་པའི་མགོ་ནད་ལ་དང་པོར་ཞུན་མར་དང་དེའི་རྗེས་ལ་འོ་མ་དྲོན་མོ་བླུད་ཅིང་ཤ་སྣ་མང་པོ་བརྡུངས་ལ་འུ་སུས་བྲན་པ་འོ་མར་བཙོས་པས་བདུག་པ་དང་མར་གྱི་རིགས་སྣ་ཚོགས་པ་དང་ཀ་ར་སྦྱར་ལ་བྱིན་ཞིང༌། རླུང་འཇོམས་པའི་སྨན་ཡན་ལག་བརྒྱད་པར་རྩ་བ་བཅུ་ཞེས་ཀྱང་གཟེ་མ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་བ་སྟེ་རྩ་བ་ལྔ་དང་ཞུན་མར་སྦྱར་བའམ་རས་བལ་ཞེས་སྲིན་བལ་གྱི་ས་བོན་དང༌། ཤིང་ཚ་དང༌། ཛཱ་ཏི་དང༌། གླ་སྒང་རྣམས་ཆུ་དྲོན་མོ་ལ་བཏབ་པའི་སྣ་སྨན་བཏང་བ་ནས་མགོའི་རྒྱ་སྲུབས་རྣམས་སུ་ཕྱིང་པ་སྣུམ་ལྡན་གོ་སྙོད་བྱུགས་ཏེ་མེས་བསྲོས་པའི་ཧོར་གྱི་མེ་བཙའ་བྱ་བའི་དུགས་དང༌། ལྟག་པའི་སྡུད་སྒོ་སྤྱི་གཙུག་མཚོག་མའི་འདུས་སོ་གསུམ་དང་འཕར་རྩ་གང་ལངས་པ་དེ་མེས་བསྲེགམཁྲིས་གྱུར་ལ་མར་གསར་དང་ཏིག་ཏའི་སྣུམ་འཆོས་བྱས་པའི་རྗེས་ལ་མཁྲིས་རྩ་གཤའ་རིངས་གཏར་བ་དང་བསིལ་བའི་སྐྱུག་འཁྲུས་ཀྱི་སྨན་དུར་བྱིད་ཁྲོན་བུ་རི་ཤོ་གསེར་ཕུད་གཡའ་ཀྱི་སོགས་ཀྱི་སྟེང་ཏིག་ཏ་དང་གསེར་གྱི་མེ་ཏོག་བསྣན་པས་སྦྱང་ཞིང་ཆུས་བྲན་ལ་ཙནྡན་དཀར་པོ་དང་ཨུཏྤལ་སྔོ་རྒྱ་སྤོས་དང་རུ་རྟ་སོགས་བྱུག་ཅིང་ཀ་ར་དང་གུར་ཀུམ་གཉིས་མར་གསར་ལ་སྦྱར་བའི་སྣ་སྨན་བཏང༌། ཁྲག་གྱུར་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཐང་བཏང་ལ་མགོའི་གཏར་རྩ་ནད་དང་གང་ཉེ་གཏར་བ་དང་རྡོ་གྲང་སོགས་ཀྱིས་ཞལ་ཞལ་བྱ་ཞིང་ཆུ་ལྕག་གིས་བརྡེག བད་གྱུར་ལ་མར་རྙིང་གི་སྣུམ་འཆོས་བྱས་རྗེས་སྐྱུག་ཏུ་གཞུག་པ་དང༌། སྒ་དང་པི་པི་ལིང་ཕོ་བ་རིས་དབྱི་མོང་ཙི་ཏྲ་ཀ་སྟེ་ཚ་བ་ལྔ་དང་སྤྱང་ཚེར་བ་སོགས་ཀྱིས་བདུག་ཅིང་ཙི་ཏྲ་ཀ་དང་སྒ་སྐྱ་དང་སྲན་མའི་ཕྱེ་བྱུག་ཅིང་སྨྱུང་བར་བྱས་ཏེ་ལ་ཕུག་གི་ས་བོན་དང་སྦྲང་རྩིའི་སྣ་སྨན་བཏང་ངོ༌། །བད་མཁྲིས་ཀྱི་མགོ་ནད་ལ་ཆུ་ལྕག་དང་མཚོག་གསང་དབྱེ་ལ་ལོ་གྲངས་ཙམ་སོང་གི་ཆུ་སྙིམ་པ་རེ་བླུགས་པས་བྲན་རྗེས་བུལ་ཏོག་བཏབ་ལ་མཉེ་ཞིང་དེ་སྐམས་ནས་ཞུན་མར་བྱུག་ཅིང་མ་ཞུ་མིག་སེར་སེལ་བའི་སེ་འབྲུ་བརྒྱད་པ་ཕྱི་རྒྱུད་ལྟར་སྦྱར་རོ། །བད་རླུང་མགོ་ནད་ལ་བད་ཀན་དང་རླུང་གི་བཅོས་གཉིས་ཀ་ལྡན་པར་བཅོས། རླུང་མཁྲིས་ཀྱི་མགོ་ནད་རླུང་གྱུར་པ་ལྟར་བུར་གསོ་བ་དང༌། དེ་རྗེས་ཁྱད་པར་གཏར་ག་ནི་མཚོག་གསང་གསེར་མདུང་དངུལ་མདུང་སོགས་མང་དུ་གདབ་བོ། །སྲིན་ལ་མི་ཕྱུགས་གང་རུང་ནད་མེད་ལ་གཏར་བའི་ཁྲག་དྲོན་མོ་སྣར་བླུགས་ལ་ཉ་རུལ་དང་ཤིང་ཀུན་དང་བྱི་ཏང་ག་དང་གསུམ་བ་ཆུར་སྦྱར་བའི་སྣ་སྨན་བཏང་བས་ནད་མེད་སྲིན་ཕྱིར་འབྱུང་བར་འགྱུར་ལ་ཡང་ན་དེ་རྣམས་མར་དང་སྦྱར་བའི་དུ་བ་སྣ་རུ་བདུགས་པ་དང་གླ་རྩི་དང་བཙན་དུག་དང་ཤིང་ཀུན་མ་རུ་ཙེ་དང་ལང་ཐང་ཙེ་དང་རྩད་བཙོད་ཕུར་མོ་ནག་པོ་རྣམས་རི་དྭགས་ཤ་བའི་ཚིལ་དང་སྦྱར་ལ་བསྲེགས་པའི་དུ་བས་བདུག

མ་རླུང་ལ་རླུང་བཅོས་བྱས་པའི་རྗེས་སུ་འབྲས་ལྟར་གསོ་ཞིང༌། རྨེན་འབྲས་ཀྱི་ནད་ལ་འང་དེའི་གསོ་བ་དང་སྦྱར་རོ། །གློག་པ་ཅན་ལ་ལྕགས་ཀྱི་ཞེས་གྲང་མོས་ཞལ་ཞལ་གདབ་པ་དང༌། བ་དམར་ཟལ་གྱི་གཅིན་དང་ཁྱིམ་བྱའི་བྲུན་དང་འབའ་ཆ་རྣམས་བསྐུ། ཡང་ན་རྟ་སྦངས་ཀྱི་ཁུ་བར་ཚྭ་བཏབ་ལ་བྱུག་གོ། སྤྱི་ཐེར་དང་ཀོ་ལེར་སྐྲ་འབྱི་བ་ལ་སྦྱོང་ཞེས་ཀྱང་མགོ་བཤལ་བྱས་ལ་དེའི་ཆུ་གང་རྣམས་ཐུར་མས་བཙགས་ཏེ་ཕག་པའི་རྐང་མར་དང་ཚིལ་སོ་མ་རཱ་ཛ་དང་སྐྱུ་རུ་ར་སོགས་སྦྱར་ལ་བྱུགཡང་ན་སྤང་མ་དང་ལྡོང་རོས་དང་ན་ལེ་ཤམ་སྟེ་ཕོ་བ་རིས་དང་ནག་མཚུར་སོགས་བྱུགཡང་ན་སྤང་མ་དང་རུ་རྟ་དང་ཐལ་ཏྲེས་ཏེ་བ་ལུ་དང་བ་སྤྲུ་བ་སྒོང་ཐོག་སོགས་བཞེད་པ་མང་ཡང་ལུག་རུ་སྨུག་པོའི་མེ་ཏོག་ལ་སྒྲ་སྦྱོར་ངེས་པ་ནས་བཤད་བ་ལྟར་དང་ཏིལ་ཨུཏྤལ་སྔོན་པོ་འོ་མ་སོགས་སྦྲང་དང་སྦྱར་བའི་ལྡེ་གུ་བྱུགཡང་ན་པདྨ་གེ་སར་དང་སྐྱུ་རུ་ར་ཤིང་མངར་དང་ཏིལ་ནག་སོགས་སྦྲང་དང་སྦྱར་ལ་བྱུགས་པས་སྐྲ་དཀར་ཡང་ནག་པོར་བསྒྱུར་བ་ཡིན་ཞིང༌། རྩ་བ་རམ་ལྕ་ཉེ་བ་གཟེ་ལྔ་དང་ཏིལ་མར་གྱི་སྣ་སྨན་བླུགས་སོ། །སྐྲ་དཀར་ལ་ལུག་རུ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་དང་ཡུངས་ཀར་བྱུགཤིང་མངར་དང་སྟག་ཚེར་ཏེ་ཀཎྚ་ཀ་རི་སྨུག་པོ་དང་ཙནྡན་དཀར་པོ་པི་པི་ལིང་ཨུཏྤལ་སྔོན་པོ་སྐྱུ་རུའི་ཁུ་བ་རྣམས་མར་དང་མཉམ་དུ་བསྐོལ་བའི་སྣ་སྨན་བཏང་ཞིང་མགོ་ལ་བསྐུས་པས་སྐྲ་དཀར་དང་ཀླད་པའི་ནད་སེལ་བར་འགྱུར་རོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མགོ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།