སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བཞི་པ། འབྲུམ་པའི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཉེར་བཞི་པ། འབྲུམ་པའི་རིམས་བཅོས་པ།



ལེའུ་ཉེར་བཞི་པ། འབྲུམ་པའི་རིམས་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །འབྲུམ་བུའི་རིམས་ལ་རྒྱུ་རྐྱེན་མཚན་ཉིད་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

འབྲུམ་བུའི་རིམས་ནི་སྤྱི་དང་འདྲ་བ་ལ། །ངོ་བོ་ཚ་བ་ཆུ་སེར་ལ་བབས་ནས། །རུས་རྐང་ལྷ་བའི་གཏིང་ནས་སྐྱེ་བར་བྱེད། །ཐོར་པའམ་འབྲུམ་བུ་འོང་ཕྱིར་མིང་དུ་བརྗོད།།

དབྱེ་བ་ནག་པོ་དཀར་པོ་རིགས་གཉིས་ཏེ། །ནག་པོའི་རིགས་གསུམ་སྐྲངས་པ་གླང་གཉའ་དང༌། །ཁྲག་སྐམ་རྩེལ་ཏེ་ཟངས་གཟེར་སྦུ་གུ་ཅན། །དཀར་པོའི་རིགས་གསུམ་ཤ་ར་སྐྱ་ཤར་དང༌། །རྨོག་མགོ་སྤྱི་ཟླུམ་སིབ་བུ་ཀོབ་ཙེ་འོ།།

དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་ཚིགས་གཞི་ན་ལ་གྲང་ཤུམ་བྱེད། །ལུས་སྤྱིར་སྙོམ་ལ་དང་ག་མི་བདེ་ཞིང༌། །ཁ་ཁ་ཟ་ཟི་འོང་ལ་སྒྱིད་པ་སྐྱུར། །ཁྱད་པར་མགོ་བོ་ན་ཞིང་གློ་སྙིང་བརྡུང༌། །ཤ་མདངས་དམར་ལ་མཐུག་ཅིང་ལུས་ཀུན་བརྩེ། །མཁྲིས་པ་སྐྱུག་ཅིང་རུས་རྐང་འཆག་སྙམ་སེམས། །དང་པོ་མ་སྨིན་མངོན་ཚུལ་དེ་ལྟར་འབྱུང༌། །བར་དུ་འབྲུམ་པ་ཕྱིར་ཐོན་བདེ་སྙམ་བྱེད། །ཐ་མ་བྱེ་བྲག་རྟགས་ལ་དཀར་ནག་གཉིས། །ནག་པོའི་རིགས་ལ་སྐྲངས་པ་གླང་གཉའ་ནི། །ཕྱི་རུ་མི་ཐོན་ཟུག་ཆེ་ལུས་ཀུན་སྐྲངས། །ཆུ་སེར་ནག་པོ་ཉེས་ཀུན་འདུས་ལས་བསྐྱེད། །ཁྲག་སྐམ་རྩེལ་ཏེ་ཤིག་ནི་དམར་ནག་མཐུག །ཟངས་གཟེར་སྦུ་གུ་ཅན་ནི་དཀྱིལ་དུ་ཀྱོང༌། །དེ་གཉིས་ཁྲག་དང་མཁྲིས་པ་ལས་གྱུར་ཡིན། །ཁྱད་པར་མགོ་ན་རྩ་ཆུ་ཕྱི་ཡུལ་ཚ། །དཀར་པོ་རྨོག་མགོ་སྤྱི་ཟླུམ་ཆེ་ལ་འཆོལ། །ཤ་ར་སྐྱ་ཤར་དཀར་ལ་མཐུག་པ་སྟེ། །སིབ་བུ་ཀོབ་ཙེ་ཙམ་ཙེམ་མཐུག་ཀོབ་འབྱུང༌། །བད་རླུང་ལས་གྱུར་ནད་ཟུག་ཆམ་པ་འདྲ། །ཚད་པའི་རྟགས་ཆུང་མ་ལོག་བཅོས་མི་དགོས།།

དེ་དག་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་མ་སྨིན་སྤུ་སྒོ་དབྱེ། །ནད་རྒྱས་ཚ་བ་ཁོང་ནས་ཕྱིར་ལ་དབུལ། །ཁོང་ཤོར་ཕྱིར་དྲང་ཐ་མ་འབྲུམ་རྗེས་གསུབ། །དང་པོ་སྒོ་དབྱེ་སླེ་ཏྲེས་འབྲས་བུ་གསུམ། །ཏིག་ཏ་བ་ཤ་ཀ་དང་ལི་ག་དུར། །བསྡུས་ཐང་དྲོན་མོ་ཕུལ་གང་ཉི་ཕྱེད་བཏང༌། །སྨན་ཞུ་རྔུལ་གདོན་བལ་དང་ཕྱེ་ཡིས་ཕྱི། །སྤུ་སྒོ་ཕྱེད་པས་འབྲུམ་པ་ཕྱིར་མྱུར་སྐྱེ། །ནད་སྟོབས་ཆེ་བ་རྣམས་ལ་ཐེངས་འགའ་བསྔགས། །འདི་དུས་དཔྱད་མཆོག་རྔུལ་ལས་ལྷག་པ་མེད། །ཆག་ཚེ་ཕྱེ་ཐུག་འོ་མ་བཏབ་པ་དང༌། །འོ་ཟན་དར་གསར་ཆུ་སྐོལ་ཆབ་ཚ་བསྟེན། །ཉིན་ནུབ་མ་ལུས་མི་བསེང་དྲོད་ལ་སྒོར། །གྲང་དང་བསེར་བུས་ཕོག་ན་འབྲུམ་པ་ལྡོག །བཅུད་ཤོར་འབྲུམ་པ་མི་སྐྱེ་དོན་ལ་འབབ། །གལ་ཏེ་ཤོར་ན་སྲན་ཁུ་སྲན་ཚོད་སྦྱིན། །དེ་རྗེས་ཚ་བ་འཕུལ་ལ་ཐང་ཕྱེ་གཉིས། །དང་པོ་ལུག་ཆུང་སྒོག་ཐོག་ལུག་ཤོའི་ཐང༌། །གཡེར་ཤིང་ཐང་གིས་འབྲུམ་པ་ཕྱིར་ལ་འཕུལ། །ཕྱེ་མས་ཚ་བ་འཕུལ་ལ་རྡོ་རྩི་གཉིས། །རྩི་སྦྱོར་ཙན་དན་གི་ཝཾ་ཨ་རུ་ར། །ཛཱ་ཏི་ཅུ་གང་གུར་ཀུམ་གླ་རྩི་དང༌། །བསེ་རུ་ཀ་ར་སྦྱར་ལ་གང་ཆུས་དབུལ། །རྡོ་སྦྱོར་རྒྱལ་པོ་སྡེ་བཞི་མཚལ་དཀར་དང༌། །གླ་རྩི་ཚ་ལ་ཀར་སྦྱར་ཆང་གིས་དབུལ། །ཐུན་གྲངས་ཐུན་ཚད་ཚ་བ་ནད་སྟོབས་དཔག །རྩི་ཡིས་དོན་སྣོད་ཚ་བ་སེལ་བར་བྱེད། །རྡོ་ཡིས་ཆུ་སེར་སྐེམ་ཞིང་ཕྱིར་ལ་འཕུལ། །ནད་སྟོབས་ཆེ་ན་རྡོ་རྩི་ལྟག་སྤྲོད་མཆོག །འབྲུམ་བུ་མ་ཐོན་ལུས་སྐྲངས་གྲང་ཤུམ་བྱེད། །ནད་འབྲས་ཤིང་མངར་འོ་མར་བསྐོལ་བ་བྱུག །འབྲུམ་པ་སྐྱེ་འཕྲོ་ནང་དུ་ལོག་པའམ། །འབྲུམ་རྫོགས་སླར་ལོག་ཁོང་ནས་ཕྱིར་དྲང་བ། །འཛིམ་པ་ནས་ཙམ་ཀར་སྦྱར་ཁོང་དུ་བཏང༌། །རྔུལ་དབྱུང་དེ་རྗེས་རྡོ་རྩི་གང་རུང་ལ། །དངུལ་ཆུ་བཞི་ནམ་བསྣན་ལ་ལྟག་པ་སྤྲད། །ཐུན་བསྐྱེད་དྲུག་ཡར་བཏང་བས་ཕྱིར་འཕུལ་བྱེད། །འབྲུམ་པ་རྫོགས་ནས་ཤི་བ་ཕལ་དུ་མེད། །ཐ་མར་ནད་འགོ་ཆོགས་ནས་རྗེས་བསུབ་པ། །འབྲུམ་པའི་ཤུ་བ་རྣག་ཅིང་རླན་ཆེ་ན། །ཤ་རུ་ཕུར་ཡོག་དྲེས་མའི་ཐལ་བ་དང༌། །ལྕི་བ་སེར་ཀའི་ཐལ་བ་བཏབ་པས་སྐེམ། །མཐིལ་བཞིར་ཐོན་དང་སྔོན་མ་ཕལ་ཆེར་སྐམས། །གཉིད་ཆུང་གཡལ་མང་ལུས་འདར་ཤེས་པ་ཡང༌། །རྩ་ཆུའི་ཚ་བ་བྲི་ནས་ཁ་ཟས་གློད། །ཞུན་མར་གསར་འཇམ་ཤ་གསར་མར་གསར་སྦྲང༌། །དང་པོ་བྲིད་ལ་ཐ་མར་ལྷུག་པར་བཏང༌། །ཆང་མང་རྣགས་ཏེ་འབྲུམ་ཤུལ་ཟ་བས་ན། །ཁ་ངོམས་ཙམ་ལས་ཡོག་འཐུང་སྤང་བར་བྱ། །འདི་མན་ཁ་ཟས་བཟང་ན་བསྲོངས་པ་སྐྱེན། །གདོང་པའི་ཤུ་བ་གོགས་ནས་དྲི་ཆུས་བཀྲུ། །ར་ཕག་ཚིལ་བུ་ཚེར་སྔོན་སྦྱར་བ་བྱུག །བྱེ་བྲག་བཅོས་པ་རིགས་དང་བབས་སྒོ་སྦྱར། །རིགས་བཅོས་སྐྲངས་པ་གླང་གཉའི་འབྲུམ་པ་ལ། །བསེ་ཀོ་གླང་གཉའི་ཀོ་བ་སེར་ཙམ་བསྲེགས། །སྲན་ཕྱེ་བསྲེས་པ་སྤྱི་སྨན་ལྟག་སྤྲད་སྐེམ། །སྐྲངས་པ་ཆེ་ན་གང་ཉེའི་རྩ་ལ་གཏར། །དུར་བྱིད་ཧོང་ལེན་སྤོས་དཀར་དུག་པུས་པའི། །རིལ་བུ་བ་ཆུས་འཕུལ་བའི་བཤལ་གྱིས་སྦྱང་། །རྩེལ་ཏེ་ཤིག་དང་ཟངས་གཟེར་འདྲ་བ་ལ། །བཟང་དྲུག་གླ་རྩི་ཕག་རིལ་ཁུ་བ་དང༌། །ར་ཁྲག་སྦྱར་བའི་ལྕག་མདའ་བཏང་བའམ། །ཏིག་ཏ་དུག་ཉུང་ཧོང་ལེན་བ་ཤ་ཀ །གོང་གི་རྩི་སྦྱོར་སྤྱི་ལ་བསྣན་པ་བཏང༌། །ཤིན་ཏུ་ཚ་བ་ཆེ་ན་ག་བུར་བསྣན། །དཀར་པོ་སེ་འབྲུ་སྐྱུ་རུ་རྡོ་སྦྱོར་བསྣན། །ལུས་སྐྲངས་སྨན་གྱིས་མ་ཐོན་བདུན་ན་འཆི། །དམར་ཐིག་འབྲུམ་པར་མ་སོང་ལྔ་ན་འཆི། །ནག་ལེབ་རྣག་ཏུ་མ་སོང་དགུ་ན་འཆི། །སྐྱ་ཤར་ཟས་བསྡམས་དྲགས་ན་འཆི་བ་ཡིན། །འབྲུམ་རྫོགས་སླར་ལོག་ལས་ཀྱིས་འཆི་ཞེས་བྱ། །བབས་ས་གནས་དང་སྦྱར་ཏེ་བཅོས་པ་ནི། །སྙིང་ལ་བབས་ན་སྨྱོ་འདར་དངངས་ཆུང་འབྱུང༌། །རྩི་སྦྱོར་སྤྱི་སྟེང་ག་བུར་བསྣན་ལ་བཏང༌། །མ་ཐུབ་སྨྱོ་ཞིང་འཚིག་ན་འཆི་བ་ཡིན། །གློར་བབས་གློ་མང་གཟེར་ཞིང་རྣག་ཏུ་འབྱུང༌། །སྲོ་ལོ་ཤིང་མངར་རྩི་སྦྱོར་ལ་བསྣན་བཏང་། །མ་ཐུབ་མིད་པ་འགགས་ན་འཆི་བ་ཡིན། །མཆིན་པར་བབས་ན་མིག་དམར་མཆིན་སྟེང་གཟེར། །དོམ་མཁྲིས་བྲག་ཞུན་ཁ་ཆེ་གུར་ཀུམ་བསྣན། །འཐེབས་ཀྱིན་ཁྲག་ཏུ་འཁྲུ་སྐྱུག་འཆི་བ་ཡིན། །རྒྱུ་མར་བབས་ན་མཁྲིས་པ་འཁྲུ་སྐྱུག་བྱེད། །བཙོད་དང་སྙ་ལོ་དུག་ཉུང་བསྣན་ལ་བཏང༌། །ཁྲག་ཏུ་འཁྲུ་ན་སྣོད་རྡོལ་འཆི་བ་ཡིན། །དེ་དག་ཀུན་གྱི་འདྲེད་དུ་དངུལ་ཆུ་ཤིས། །མིག་ཏུ་བྱུང་ན་ག་བུར་གླ་རྩི་བྱུག །ཡང་ན་འོལ་མོ་སེ་དང་ནུ་ཞོ་བྱུག །དོམ་མཁྲིས་ཏི་ཚ་སྐྱེར་ཁཎ་ར་གན་དུང༌། །ནུ་ཞོ་སྦྱར་བྱུགས་འཇབ་འཇིབ་སྒྲོ་ཡིས་བྱབ། །ག་བུར་གུར་ཀུམ་ཆུས་བཀྲུ་གྲོད་ཆས་བདུག །གྲེ་བར་བབས་ན་ཕྱེ་ཚོད་ཚན་མོས་བདུག །ཤུ་དག་རུ་རྟ་རྒྱ་ཚྭའི་ཕྱེ་མ་གདབ། །ཚར་བོང་ཐང་བཏང་རྟ་སྦངས་ཁུ་བ་བཏུང༌། །མ་ཐུབ་ཀྱོང་བུས་བཞར་རྗེས་སྨན་ཕྱེ་བཏབ། །ལྒང་པར་བབས་ན་རྒྱ་ཚྭ་རུ་རྟ་དང༌། །ཉི་དགའ་གླ་རྩི་བསྡུས་ཐང་བཏང་བར་བྱ། །རྒྱ་ཚྭ་གླ་རྩི་ཤུ་དག་རུ་རྟ་བཞི། །ཆུས་སྦྱར་གསང་བའི་གཅེའུས་ལྒང་པར་བསྐྱལ། །དེ་ཡིས་གདུག་པ་འབྲུམ་པའི་ནད་འཇོམས་བྱེད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འབྲུམ་པའི་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།