སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བཞི་པ། དཔྱད་ལྔ་བྱུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་ཉེར་བཞི་པ། དཔྱད་ལྔ་བྱུག་པ།



ལེའུ་ཉེར་བཞི་པ། དཔྱད་ལྔ་བྱུག་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དཔྱད་ལྔ་བྱུག་པ་རུང་དང་མི་རུང་དང༌། །བྱ་བའི་ཐབས་དང་ཕན་ཡོན་རྣམ་པ་བཞི།།

རུང་བ་ལུས་རྩུབ་ཁྲག་དང་ཁུ་བ་ཟད། །སྟོབས་ཆུང་རྒས་དང་མྱ་ངན་སེམས་ལས་ཆེ། །མིག་འགྲིབ་གཉིད་མེད་རྩོལ་བས་དུབ་པ་དང༌། །རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ། །ལྤགས་ནད་འབྲུམ་ཐོར་སྐྲངས་ལ་ལྡེ་གུ་བྱུག།
མ་ཞུ་བརླ་རེངས་དབྱིག་དུག་ཡི་ག་འཆུས། །དམུ་རྫིང་བད་ཀན་ནད་ལ་སྣུམ་བྱུག་སྤང༌།།

བྱ་ཐབས་སྡུད་སྒོ་དྲུག་བདུན་མཐིལ་བཞི་ལ། །མི་ཞུན་བྱུགས་མཉེ་སྐམས་ནས་ཕྱེ་ཡིས་ཕྱི། །སྙིང་རླུང་འདྲེ་ཆགས་འབྲས་ནད་འཇོམས་པར་བྱེད། །བསྐུ་མཉེ་ཀུན་ལ་དེ་ལྟར་ཤེས་པར་གྱིས། །འབྲུ་མར་དེ་བཞིན་གཉིད་མེད་རླུང་རྣམས་འཇོམས། །བློ་རྣོ་དྲན་གསལ་འདོད་ལ་ཞུན་མར་བྱུག །སྨྱོ་འབོག་བརྒྱལ་བའི་ནད་ལ་ལོ་མར་བྱུག །ཆུ་སེར་ཟ་འཕྲུག་རྟ་རྐྱང་བོང་ཚིལ་བྱུག །མཁལ་མ་ཉམ་ཆུང་ས་བོན་འཛག་པ་ལ། །སྲམ་མམ་ད་བྱིད་ཚིལ་བུས་རྐེད་ཚིགས་བྱུག །ཤིག་སྲོ་མང་ལ་ཤ་བའི་ཚིལ་བུ་བྱུག །ཁྱི་རྨ་རེད་ལ་ཁྱི་ཡི་ཚིལ་བུ་བྱུག །གླང་ཤུ་ཕག་ཚིལ་མུ་ཟི་ནག་པོ་བྱུག །གདོང་པའི་འབྲུམ་ཤུལ་ར་ཚིལ་འབྲི་མོག་བྱུག །ཤུ་བ་རྨ་རྒན་ཙན་དན་མར་ཁུ་བྱུག །མིག་འགྲིབ་བྱ་རྒོད་ཕག་པའི་ཚིལ་བུ་འམ། །འབྲི་མར་གོ་སྙོད་སྦྱར་བས་རྐང་མཐིལ་བྱུག །རླུང་ནད་རུས་ཞུགས་གཏིང་ནས་ལྷང་ལྷང་ན། །བཅའ་སྒ་འབྲུ་མར་སྦྱར་བའི་བྱུག་པ་བྱ། །གཉིད་མེད་གླ་རྩི་མར་དཀར་མགོ་ལུས་བྱུག །ལྡེ་གུ་མུ་ཟི་ར་དུག་མི་ཁྱིའི་བྲུན། །ཤུ་དག་རྭ་གཞོབ་དྲི་ཆུས་ལྷོག་པ་འཇོམས། །མུ་ཟི་ཚྭ་ཕབས་དུ་བ་མར་རྙིང་སྦྱར། །ལྡེ་གུ་བྱུགས་བསྲེགས་ཤུ་བ་སེལ་བར་བྱེད། །བྱི་བྲུན་གསེར་རྡོ་ནུ་ཞོས་རྣག་སྣ་འདྲེན། །རྣག་མེད་སྐྲངས་དང་ཟུག་གཟེར་གཅོག་པར་བྱེད། །སྲད་དཀར་ཐལ་བ་རྟ་བོང་འོ་མ་སྦྱར། །རྨ་རྒན་རྣག་འཛག་འབྲས་ཐབས་སོང་བ་སེལ། །ཏིལ་ཕྱེ་ཆུར་ཁུར་བཏབ་བསྐོལ་དྲེག་ནད་སེལ། །ཤུ་དག་སོ་མ་ར་ཛ་འབྲས་བུ་གསུམ། །སླེ་ཏྲེས་བ་ལྕི་ས་སྨྱག་ཚ་སྐྲངས་སེལ། །དུད་པ་ཡུང་སྐྱེར་རུ་རྟ་དུག་མོ་ཉུང༌། །དར་བས་ཤུ་ཐོར་ཁྱེ་མ་ལྤགས་ནད་སེལ། །ཡུངས་ཀར་ཤུ་དག་རྒྱམ་ཚྭ་སེང་ཕྲོམ་གྱིས། །གདོང་བྱུག་ངོ་ཁབས་ཁྱེ་མ་འབྲུམ་ཐོར་སེལ། །འོམ་བུ་ཨ་རུ་ར་དང་དྲི་ཆུ་སྦྱར། །དུག་ནད་ཡན་ལག་སྐྲངས་པ་སེལ་བར་བྱེད། །ཙན་དན་ཀྱི་ལྕེ་ཧོང་ལེན་གངས་ཆུ་སྦྱར། །ཁྲག་གཟེར་ལྤགས་ནད་ཚ་བ་མེ་དབལ་སེལ། །སྐྱུ་རུ་ཨུཏྤལ་མར་གསར་ལུས་ཀུན་བྱུག །རྔུལ་འབྱམས་རིམས་ནད་ཚ་བ་ཕྱི་ཤོར་སེལ། །དུད་པ་རུ་རྟ་ཆུ་རྩ་རེ་ལྕག་ཐལ། །ཚྭ་ཕབས་ཟོ་མར་ཀོང་ཤུ་ཟ་འཕྲུག་སེལ། །སྦྲུལ་ནག་པགས་པ་དུ་བ་མ་ཤོར་བསྲེགས། །ཕག་ཚིལ་སྦྱར་བྱུགས་ཤ་བཀྲ་བས་ལྡགས་སེལ། །སྔོན་བུ་སྲུབ་ཀ་ཞོ་སྦྱར་ཟ་འཕྲུག་སེལ།།

བྱུག་པའི་ཕན་ཡོན་ཚེ་རིང་དབང་པོ་གསལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་བྱུག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 12:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།