སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ།

གཉིས་པ་ཡོངས་གཏད་ཀྱི་ལེའུ་ལ་དྲུག རྒྱུད་ཀྱི་དགོངས་པ་བསྟན་པ། འབྲེལ་པ་བསྟན་པ། འཁོར་གྱིས་བསྟོད་པ། རྒྱུད་ལ་བསྔགས་པ། ཡོངས་གཏད་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ལ། དྲི་བས་མཚམས་སྦྱར་བ་དང་ལན་གྱིས་རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། དང་པོར་ནད་ཀྱི་ཤུགས་མ་རྫོགས་ལ། མེའི་སྔོན་དུ་དུ་བ་འབྱུང་བའི་ཚུལ་དུ་གསོ་བ་བྱས་ཀྱང་ནད་དེ་ལམ་ནས་མི་ལྡོག་ཅིང༌། བར་དུ་ནད་རྒྱས་པའི་ཚེ་གཉེན་པོས་འཕྲལ་དུ་མི་ཆོམས་པ་དང༌། ཐ་མར་སྨན་པ་ནད་གཡོག་གི་ཡན་ལག་བཞི་བཞི་སྟེ་བཅུ་གཉིས་དང་ལྡན་པར་གྱུར་ཀྱང༌། ནད་ལས་མི་གྲོལ་བར་སྲོག་ཟད་ནས་འཆི་བ་འགའ་ཞིག་སྣང་བ་དང༌། གཞན་དག་འགའ་ཞིག་དེ་ལྟར་མ་བྱས་སུ་ཟིན་ཀྱང་ནད་ལས་གྲོལ་ཏེ་འཚོ་བར་འགྱུར་བ་མཐོང་བའི་ཕྱིར་ན། གསོ་རིག་སྨན་པའི་དགོས་པ་འདིས་ཅི་ཞིག་བྱ་ཞེས་ཡིད་ནེམ་ནུར་དུ་གྱུར་ན་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་འདིའི་ཐེ་ཚོམ་བསལ་དུ་གསོལ་ཞེས་ཞུས་པ་ལས་ཞེས་སོ། །གཉིས་པ་ལ་གཉིས་འཚོ་འཆིའི་ནད་ཀྱི་དབྱེ་བ་བསྟན་པ་དང༌། ཐེ་ཚོམ་དངོས་གཏན་ཚིགས་ཀྱི་སྒོ་ནས་བསལ་བའོ། །དང་པོ་ནི། སྟོན་པ་ཞེས་པ་ནས། སྐྱེ་མི་རུང་ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཁྱོད་དོན་དེ་ལྟ་བུ་ལ་ཐེ་ཚོམ་གྱི་དོགས་པ་མི་འཚལ་ཏེ། ཅིའི་ཕྱིར་ན། ནད་ལ་བཞི་བརྒྱ་རྩ་བཞིར་གྲགས་པ་ལས། བརྒྱ་དང་རྩ་གཅིག་ནི་ལྟར་སྣང་འཕྲལ་གྱི་ནད་ཡིན་ཏེ་མ་བཅོས་པ་རང་གར་བཞག་པས་ཀྱང་འཚོ་བ་ཡོད་ལ། འོན་ཀྱང་བཅོས་ན་ནི་མྱུར་དུ་བདེ་བ་སྟེར་ཏེ། དཔེར་ན་མི་ལ་ལ་འགྱེལ་ཞིང་བུབ་ན་ལག་པ་ནས་འཐེན་པ་དང་འདྲ་བར་དང་པོར་ནད་ཀྱི་མངོན་ཚུལ་ཆེ་བར་བྱུང་ཀྱང་མ་བཅོས་པ་རང་གར་བཞག་པས་ལམ་ནས་བཟློག་པ་ཡོད་དེ། དེ་ནི་དཔེར་ན་ནམ་མཁའ་ལ་སྤྲིན་འཐེབས་ཆར་འབབ་པ་ལྟར་སྣང་ཡང་གློ་བུར་དུ་སངས་ནས་ཐན་པར་འགྱུར་བ་དང་འདྲའོ། །བརྒྱ་དང་རྩ་གཅིག་ནི་ཀུན་བརྟགས་འཁྲུལ་པའི་རང་གཟུགས་སུ་ཤར་བའི་གདོན་གྱི་ནད་ཡིན་པས། དེ་མ་བཅོས་པར་སྨན་དཔྱད་ལེན་པར་མི་འདོད་པས། ཐོག་མར་གདོན་བཅོས། དེ་རྗེས་སྨན་མེད་པར་གྱུར་ཀྱང་འཚོ་བ་ཡོད་དེ། དཔེར་ན་གྲོགས་མང་པོའི་དཔུང་པ་རོགས་སུ་གཡར་བའི་བཙོན་བུ་དང་འདྲ་བ་ཡིན་ནོ། །བརྒྱ་དང་རྩ་གཅིག་ནི་ཡོངས་གྲུབ་ཚེའི་ནད་ཡིན་པས་མ་བཅོས་ན་འཆི་ལ་བཅོས་ན་འཚོ་བ་ཡོད་དོ། །དེ་ཡང༌། དང་པོ། བར། ཐ་མ་གསུམ་གྱི་སྐབས་སུ་རིམ་པ་བཞིན་དང་པོ་ཚ་བའི་མངོན་ཚུལ་ལམ་ནས་མི་ཟློག་པ་སྟེ་ཚ་བའི་གཉེན་པོ་བཏང་ཡང་ཚ་བའི་གྲོགས་ཀྱིས་ལེན་དུ་མི་སྟེ་བའི་ཕྱིར། སྟོབས་ཆུང་ཞིང་གྲོགས་མེད་པའི་གསར་བུའི་དུས་དེར་མི་ཟློག་པ་མེད་ལ། དེ་ལས་འགྱངས་ན་བར་དུ་ནད་དེ་རྩལ་རྒྱས་ནས་གཉེན་པོས་ཆོམས་པར་དཀའ་བ་ཡིན་ཏེ། དཔེར་ན་ཤྭ་ཡི་གདོང་དུ་རགས་བརྩིགས་ན་དེ་ཉིད་ཆུས་ཞར་ལ་ཁྱེར་ཡང་རགས་དེ་ལ་རྡོ་སོགས་ཞར་ལ་བསྣན་པས། ཆུའི་ཤུགས་ཟད་ནས་རགས་ཀྱིས་ཐུབ་པར་སྣང༌། །དེ་བཞིན་དུ་ནད་རྒྱས་པ་དང་གཉེན་པོ་གཉིས་འཐབས་པ་ཡིས་འཕྲལ་དུ་མི་ཆོམས་པ་འདྲ་ཡང༌། གཉེན་པོ་བཏུད་ན་རྗེས་སུ་ནུས་པ་ཐོན་པ་བཞིན་ནོ།།

        མཐར་གྲང་བ་རྒྱས་པ་ནི་ལྕི་བས་གཉེན་པོས་ཆོམ་པར་དཀའ་སྟེ། དེ་ནི་གོ་མཚོན་དང་བཅས་པའི་ཚོང་པ་དམག་དཔུང་དང་བསྡེབས་པ་འདྲའོ། །བརྒྱ་དང་རྩ་གཅིག་ནི་གཞན་དབང་སྔོན་ལས་ཀྱི་ནད་ཡིན་ལ། བཅོས་ཀྱང་མི་ཐུབ་དུས་ལ་བབ་པ་འཆི་བའི་ནད་ཡིན་ལ། དེ་ཡང་བསྡུ་ན་སྲོག་གཅོད་ཀྱི་ནད་དགུར་འདུས་པ་ཡིན་ཏེ། གང་ཞེ་ན་ཚ་བ་ལ་བཅོས་དུས་ལས་འདས་པ་དང་མ་འདས་པ་གཉིས། དཔེ་མེ་ལོང་ཐབ་ཏུ་བཅུག་པ་དང་འདྲ་སྟེ། མ་ཞུ་བར་ཆུས་སླེབ་ན་ཞུ་མི་ནུས་ལ་ཞུ་ཟིན་ནས་ཆུ་དེས་མི་ཟློག་པ་བཞིན་ནོ། །གྲང་བ་གཏིང་ནས་འཁར་བ་དང་མ་འཁར་བ་གཉིས་ནི་དཔེ་ལྡུམ་བུ་དང་སྡོང་རྒན་འདྲ་སྟེ། དང་པོ་ལྡུམ་བུའི་དུས་སུ་ཚོས་སླ་ཡང༌། གཉིས་པ་སྡོང་རྒན་གྱི་དུས་སུ་ཚོས་པར་མི་འགྱུར་བ་བཞིན་ནོ། །རླུང་ནད་སྲོག་རྟེན་ཆད་པ་དང་མ་ཆད་པ་གཉིས་ནི། དཔེ་རྐོན་པ་སྟེ་བྱ་རྒྱུའི་ནང་གི་བྱ་དང་འདྲ་སྟེ། མ་ཤོར་ན་ཟིན་ལ་ཤོར་ན་ཟིན་ཐབས་མེད་པ་བཞིན་ནོ། །ཟུངས་ཟད་པའི་ནད་པ་ལ་ནི་ནད་དེ་ལ་དེའི་སྲོག་གནས་པ་ལྟ་བུ་ཡིན་ཏེ། ནད་བཅོམ་པར་གྱུར་ན་སྲོག་ཀྱང་ལྷན་ཅིག་ཏུ་འཇིག་པའི་ཕྱིར། དཔེར་ན་རྨང་གིས་མ་ཐུབ་རྩིག་པ་དང་འདྲ་སྟེ། སྟེང་དུ་བཅོས་པས་སྟེང་འོག་གཉིས་ཀ་འཇིག་པའི་ཕྱིར། རྣམ་པར་འཚེ་བའི་གདོན་གྱིས་བླ་ཁྱེར་བ་ནི། འཚོ་བ་འདྲ་ཡང་ངེས་པར་འཆི་བ་ཡིན་ཏེ། དཔེར་ན་རྒྱུ་མ་ཕུག་པའི་མི་བཞིན་ནོ། །ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང༌། སྔོན་བསགས་ཀྱི་ལས་ཀྱི་ལྷག་མ་བསོད་ནམས་ཀྱི་མཐུ་གསུམ་ཟད་པ་ནི་ནད་ལས་གྲོལ་ཀྱང་རྩ་ཆད་ལུས་སྟོབས་ཤོར་ཞིང་འབྱུང་བ་ལྔ་འགག་པའི་ཕྱིར། དཔེར་ན་ནམ་མཇུག་ཆད་པའི་ཆར་པ་ཡང་རིམ་གྱིས་ཆད་པ་དང་འདྲའོ། །ནང་གི་འདུ་བ་གཤེད་དུ་བབས་པ་ནི། ནད་ཚ་གྲང་གཉིས་ཀ་ནད་པ་གཅིག་ལ་འདོམ་པས་ཚ་གྲང་གཅིག་བཅོས་གཅིག་སྐྱེས་པས་གཉེན་པོ་ཀུན་མི་ལེན་པ་སྟེ། དཔེར་ན་ཐག་ཆོད་ཀྱི་མི་ལ་གྲོས་འདེབས་པ་དང་འདྲའོ། །སྦྱོར་བ་མཚུངས་པ་ནི་ཚ་བའི་ནད་ལ་སྨན་དཔྱད་ཟས་སྤྱོད་དྲོད་དུ་སོང་བ་ལྟ་བུ་རྒྱུ་རྐྱེན་དང་གཉེན་པོ་གོ་ལོག་པས་གང་བཅོས་ཀྱང་ནད་ཀྱི་གཉེན་པོར་མི་འགྲོ་བར་གྲོགས་ཀྱི་ཐོག་ཏུ་འབབ་པ་སྟེ། དཔེར་ན་དུག་གིས་ཟིན་པའི་མི་ལ་སླར་བཙན་དུག་བླུད་པ་དང་འདྲའོ། །གནད་དུ་བབས་པ་ནི་ཤིན་ཏུ་གཉན་པའི་དམིགས་སུ་མཚོན་ཕོག་པ་སོགས་ཀྱིས་སྲོག་གི་གནས་བཅོམ་པ་སྟེ་སྲོག་རྩ་ཆད་པས་བཅོས་ཐབས་ཅི་ལ་རྙེད་དེ། དཔེར་ན་ཆུ་དང་བྲག་གི་གྲས་ཁ་ས་ཡུལ་བཙན་པོའི་རྫོང་དགྲ་ལ་ཤོར་བ་དང་འདྲའོ། །དེས་ན་དྲང་སྲོང་ཆེན་པོ་ཐེ་ཚོམ་སྐྱེ་བར་མི་རུང་ངོ༌། །ཞེས་སོ།།

        གཉིས་པ་ཐེ་ཚོམ་སྐྱེ་མི་རུང་བ་གཏན་ཚིགས་ཀྱི་སྒོ་ནས་བསྟན་པ་ལ་སྤྱིའི་དོན་དང་ཚིག་དོན་གཉིས། དང་པོ་ནི། ཟླ་ཟེར་ལས། ཡན་ལག་བཅུ་དྲུག་ལྡན་པ་ཡི། །གསོ་བྱེད་བདེར་འགྱུར་ཡོད་མོད་ཀྱི། །ནད་ཀྱི་འདམ་དུ་བྱིང་པ་ལ། །ལག་ནས་འདྲེན་ཐབས་སྨན་ཡིན་ནོ། །ཞེས་བྱ་བ་ལ་གང་གི་ཕྱིར་ནད་པ་གང་ཡན་ལག་བཅུ་དྲུག་དང་ལྡན་པའི་འབྱོར་པ་མ་ཚང་དུ་ཟིན་ཀྱང་ནད་མེད་ཅིང་བདེ་བར་འགྱུར་བ་ཡོད་མོད་ཀྱི། འོན་ཀྱང་ནད་ཀྱི་འདམ་དུ་བྱིང་བ་ལ་ནི་ལག་ནས་འདྲེན་ཅིང་སློང་བའི་ཐབས་སྨན་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་ཙ་ར་ཀ་ལས། ནད་པ་གང་སྨན་མེད་པར་ནད་ལས་ཐར་ཞིང་ལྡང་བ་ཡོད་ཀྱང་དེ་ནི་སྨན་གྱི་ཡན་ལག་ཕུན་སུམ་ཚོགས་པས་གསོས་པ་ལྟར་ནད་མེད་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ལྷུང་ཞིང་འགྱེལ་བར་གྱུར་པ་ལ་ལ་ཞིག་ལྡང་བར་ནུས་པ་ཅུང་ཟད་ཡོད་དུ་ཟིན་པ་ལ། ཡང་སྐྱེས་བུ་གཞན་ཞིག་གིས་ལག་ནས་དྲངས་ན་དེ་ཤིན་ཏུ་མྱུར་བར་ཉམ་ང་བ་མེད་པས་ལྡང་བར་འགྱུར་རོ། །ནད་པ་གསོ་བའི་སྨན་གྱི་སྦྱོར་བ་ཡོངས་སུ་རྫོགས་པ་ཡང་དེ་དང་འདྲའོ། །ཞེས་བཤད་པ་ལྟ་བུའོ། །འཚོ་དང་འཆི་བར་འགྱུར་བ་ལ། །ཀུན་ལ་སྨན་ཡོད་མ་ཡིན་ཞིང༌། །ཐབས་ལ་བལྟོས་པ་མ་ཡིན་ལ། །གཞན་དུ་ཐབས་ལ་བལྟོས་པའི་ནད། །ཐབས་ཀྱིས་བསྒྲུབས་ན་འགྲུབ་འགྱུར་བས། །རྒྱུ་མེད་པ་ནི་གཏན་ཚིགས་མིན། །ཞེས་བྱ་བ་ལ། ནད་པ་འཆི་བར་འགྱུར་བ་ཐམས་ཅད་ནི་སྨན་གྱིས་འཚོ་བར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་ནད་ཐམས་ཅད་གསོ་བའི་ཐབས་ལ་རག་ལས་ཤིང་བལྟོས་པ་མ་ཡིན་གྱི། གཞན་དུ་ན་ཐབས་ལ་བལྟོས་དགོས་པའི་ནད་ནི་གསོ་བའི་ཐབས་མེད་པར་ཐར་བར་གྱུར་པ་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱིས་བཤད་པའི་རྒྱུ་མེད་པར་བཤད་པ་དེ་ནི་གཏན་ཚིགས་སུ་རུང་བ་མ་ཡིན་ནོ། །འདི་ཡང་ཙ་ར་ཀ་ལས། ནད་པ་གང་སྨན་པ་མེད་པ་འགའ་ཞིག་གིས་འཆི་བར་འགྱུར་བ་དེ་ནི་སྨན་གྱི་འབྱོར་པ་ཕུན་སུམ་ཚོགས་པ་རྫོགས་པས་གསོས་པར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་ནད་ཐམས་ཅད་ཀྱང་གསོ་བའི་ཐབས་ལ་བལྟོས་དགོས་པ་དག་ཀྱང་གསོ་བ་མེད་པར་བསོས་པར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གང་ཡང་ཁྱེད་ཀྱི་ཕུན་ཚོགས་ནི། །ཀུན་དང་ལྡན་པ་སོས་ན་ཡང༌། །འཆི་འགྱུར་ཞེས་སྨ་དེ་མ་ཡིན། །ཐབས་ནི་ཐབས་མིན་འགྱུར་ཡོད་མིན། །ཞེས་བྱ་བ་ལ་གང་ཡང་ཁྱོད་ཀྱིས་ཡན་ལག་བཅུ་དྲུག་གིས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་སོས་སུ་ཟིན་ཀྱང་འཆི་བར་འགྱུར་བ་དག་སྣང་ངོ་ཞེས་སྨྲ་བ་དེ་ཡང་དེ་ལྟ་མ་ཡིན་ཏེ། དེ་ནི་མི་རིགས་སོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྨན་གྱིས་གསོར་མི་རུང་བའི་ནད་ལ་ཡང་སྨན་དེ་དག་གསོ་བའི་ཐབས་སུ་འགྱུར་བ་མ་ཡིན་ནོ། །སྨན་པ་ཤིན་ཏུ་མཁས་པ་དག་ཀྱང་ནད་པ་ལ་ཡོངས་སུ་རྟོག་ཅིང་གསོ་བའི་སྦྱོར་བ་ལ་འཇུག་ཏུ་ཟིན་ཀྱང༌། གསོར་མི་རུང་བ་ལ་འཚོ་བ་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟའི་ཐབས་ལྡན་ཞིང༌། །བློ་ལྡན་གསོ་བ་བྱས་གྱུར་ཀྱང༌། །སྔོན་ལས་ཉེས་པས་མ་གྲུབ་པ། །ཡན་ལག་བཅུ་དྲུག་ལྡན་མེད་མིན། །ཞེས་བྱ་བ་ལ་གལ་ཏེ་ནད་པ་གསོ་བའི་ཐབས་ཡན་ལག་བཅུ་དྲུག་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ནད་པ་བློ་དང་ལྡན་པ་ལ་གསོ་བའི་དཔྱད་བྱས་སུ་ཟིན་ཀྱང་གསོ་བ་མ་གྲུབ་པར་གྱུར་པ་འདི་ནི་སྔོན་གྱི་ལས་ཀྱི་ཉེས་པས་ཚེ་ཟད་པ་ལ་སོགས་པའི་དབང་གིས་མ་གྲུབ་པ་ཡོད་ན་ཡང་ཡན་ལག་བཅུ་དྲུག་དང་ལྡན་པའི་གསོ་བ་ནི་མེད་པ་མ་ཡིན་ནོ།།

        མེ་དང་ཆུ་སོགས་དུགས་དང་ནི། །རེངས་སོགས་མི་འགྲུབ་སུ་ཞིག་ཟེར། །ཞེས་བྱ་བ་ལ་མེ་དང་ཆུ་ལ་སོགས་པས་དུགས་དང་རེངས་པ་ལ་སོགས་པའི་ལས་མི་བྱེད་དོ་ཞེས་སུ་ཞིག་ཟེར་ཏེ། དུགས་ཀྱི་ལས་ནི་མེས་བྱེད་པ་ཡིན་ལ། རེངས་པར་ནི་ཆུས་བྱེད་པ་ཡིན་ཏེ། སོགས་པའི་སྒྲས་ནི་རླུང་གིས་དྲན་པ་རྙེད་པའི་ལས་བྱེད་པ་ཡིན་པར་ནི་ཀུན་ལ་གྲགས་པས་ན་དེ་ལྟར་སུ་ཞིག་མི་འདོད། བརྟ་དང་ཉམས་སྨད་འོ་མ་དང༌། །འབྲས་ངན་མི་བྱེད་སུ་ཞིག་འདོད། །ཅེས་བྱ་བ་ལ་སྐྱེ་བོ་སུ་ཞིག་འོ་མས་ལུས་བརྟ་བ་དང༌། འབྲས་ངན་པ་ག་བེ་རུ་ཞེས་བྱ་བས་ཉམས་སྨད་པར་མི་འགྱུར་བར་སུ་ཞིག་མི་འདོད་དེ། དེ་ཡང་ཀུན་ལ་གྲགས་པ་ཡིན་ནོ། །མ་ཤ་ཁ་སྲལ་ལ་སོགས་པ། །རོ་ཙ་མི་ནུས་སུ་ཞིག་ཟེར། །ཞེས་བྱ་བ་ལ་གཞན་ཡང་མོན་རྡེའུ་མ་ཤ་དང༌། ཁ་སྲལ་བྲེའུ་ཨད་མ་ཀུ་བ་ཏ་ཞེས་བྱ་བ་ལ་སོགས་པ་རོ་ཙ་བར་མི་འགྱུར་རོ་ཞེས་སུ་ཞིག་ཟེར་ཏེ། ཀུན་ལ་ཡང་འདི་གྲགས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །བཤང་གཅི་བསྐྱེད་དང་མང་བར་ནི། །ནས་ལ་ཐེ་ཚོམ་སུ་ཞིག་ཟ། །ཞེས་བྱ་བ་ལ་བཤང་བ་བསྐྱེད་པར་བྱེད་པ་དང་གཅི་བ་མང་བར་འགྱུར་བ་ནི་ནས་ཡིན་པར་སུ་ཞིག་ཐེ་ཚོམ་ཟ་སྟེ་ཐེ་ཚོམ་མེད་པ་ཡིན་ནོ། །སྔགས་དང་རྒྱུད་ནི་མེད་པ་རུ། །གང་གི་དུག་ནི་འཇུ་བར་འགྱུར། །ཞེས་བྱ་བ་ལ་ཡང་སྲོག་ཆགས་སུ་ཞིག་ལ་དུག་སྔགས་ཀྱིས་མ་བཏབ་ཅིང༌། གསོ་བའི་རྒྱུད་ཀྱི་ཆོ་ག་ལས་བཤད་པའི་དུག་བསལ་བའི་ཐབས་ཟས་དང་སྐོམ་སྨན་སྣ་ཚོགས་ལ་སོགས་པ་མེད་པར་དུག་དེ་སུ་ལ་འཇུ་བར་འགྱུར་ཏེ། གང་གིས་ཀྱང་འཇུ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །གག་པ་སོགས་ལ་གསོ་བ་ནི། །མེད་པར་གང་ཞིག་བདེ་བར་འགྱུར། །ཞེས་བྱ་བ་ལ་སྐྱེས་བུ་གང་ཞིག་གག་པ་དང་གཉའུ་རེངས་དང་མུར་འགྲམ་གྱི་ནད་ལ་གསོ་བའི་སྦྱོར་བ་མ་བྱས་པར་གང་ཞིག་བདེ་བར་འགྱུར་ཏེ། སུ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །འོན་ཀྱང་དུས་མིན་འཆི་ལ་སོགས། །གྲུབ་མཐའ་ཀུན་ཏུ་ངེས་པར་གྲགས། །འབད་པ་ཆེན་པོ་དག་གིས་ནི། ཇི་ལྟར་གཞན་གྱིས་བཟློག་པར་ནུས། །ཞེས་བྱ་བ་ལ་འོན་ཀྱང་དུས་མ་ཡིན་པར་འཆི་བ་ལ་སོགས་པ་ནི་བསྟན་བཅོས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ལ་གྲགས་པ་ཡིན་པས་ན་དེ་ནི་སྦྱིན་པ་དང༌། །སྦྱིན་སྲེག་དང༌། དཀའ་ཐུབ་དང༌། སྡོམ་པ་ལ་སོགས་པ་འབད་པ་ཆེན་པོ་ཡོད་ཀྱང་གསོ་བའི་བསྟན་བཅོས་ལྟར་མ་བྱས་ན་ཇི་ལྟར་ལྡོག་པར་འགྱུར་ཏེ། གང་གིས་ཀྱང་བཟློག་པར་མི་ནུས་སོ། །ཙན་དན་ལ་སོགས་ཚ་སོགས་པ། །ལུང་ལས་གྲགས་པ་བཞིན་དུ་སེལ། །ཞེས་བྱ་བ་ལ་ཙན་དན་དང་ཨ་ཀ་རུ་ལ་སོགས་པའི་སྨན་ཚ་བ་དང་གྲང་བ་ལ་སོགས་པ་སེལ་བ་ཡིན་པར་ནི་བསྟན་བཅོས་ཀྱི་ལུང་ལས་གྲགས་པ་ཡིན་པས་ན་དེ་ཡང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རིམས་ལ་སྨྱུང་དང་བརྟ་བ་དག །བསྟན་བཅོས་ཉིད་ལས་གྲགས་པ་ཡིན། །ཞེས་བྱ་བ་ལ་རིམས་ལ་དང་པོར་སྨྱུང་བ་བྱ་བ་དང༌། ཕྱིས་བརྟ་བ་བྱས་པ་ཕན་པ་ནི་གསོ་བའི་བསྟན་བཅོས་ལས་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །ཡན་ལག་བཞི་ཡིས་ཡོན་ཏན་འབྱོར། །ལེགས་པར་བརྟགས་ནས་སྦྱར་བྱ་ཞིང༌། །གཞན་དུ་ནད་ཀྱི་ཚོགས་འཇོམས་པ། །གསོ་བ་ཐེ་ཚོམ་བཅས་མི་བྱ། །ཞེས་བྱ་བ་ལ་མེ་བཞིན་འཇུག་ནད་སེལ་བའི་གསོ་བ་ནི་ཡན་ལག་བཞི་པོ་སྨན་པ་དང་སྨན་དང་ནད་གཡོག་དང་ནད་པའི་ཡོན་ཏན་བཞི་པོ་ལས་ཡོན་ཏན་བཞི་བཞིར་འཕྲོས་པ་མཁས་ཤིང་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་དག་འབྱོར་ཅིང་ཕུན་སུམ་ཚོགས་པ་དང་དེ་བཞིན་དུ་གནོད་པ་དང༌། གནོད་བྱ་ལ་སོགས་པ་བཅུ་གཉིས་ལེགས་པར་བརྟགས་ནས་ཉེ་བར་སྦྱར་བར་བྱའི་གཞན་དུ་ན་ནད་ཀྱི་ཚོགས་འཇོམས་པར་བྱེད་པ་མིང་རྣམ་པར་གསོ་བ་ཞེས་བྱ་བ་དེ་ལ་ཐེ་ཚོམ་དང་བཅས་པར་མི་བྱའོ་ཞེས་སོ། །གཉིས་པ་ཚིག་གི་དོན་ནི། གསོ་བྱས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་ཏེ། རྒྱུ་མཚན་གོང་དུ་སྨོས་པ་དེ་དག་གི་ཕྱིར་ན་གསོ་བ་བྱས་པ་དང་མ་བྱས་པ་ནི་མཉམ་པོར་བྱ་མི་རིགས་ཏེ། འཚོ་བ་དང་འཆི་བ་ཀུན་ལ་སྨན་ཡོད་པ་ཡང་མ་ཡིན། དེ་རྣམས་ལ་ཀུན་ཏུ་སྨན་མེད་ཅེས་སྨྲ་བ་དེ་ཡང་མ་ཡིན་ཏེ། དཔེར་ན་མེའི་སྟེང་དུ་ཆུ་བླུག་ན་མི་སོད་པ་ག་ལ་སྲིད་ཀྱང༌། འོན་ཏེ་ཆུ་ཉུང་ཞིང་དམན་ན་སོད་པ་ཤིན་ཏུ་དཀའ་བ་ལྟར་དང༌། དེ་བཞིན་དུ་རྩམ་པ་ཟོས་པས་ལྟོགས་པའི་ནད་བྲུ་བ་ཚ་བ་མི་སེལ་བ་ག་ལ་སྲེད་ཅིང༌། དེ་བཞིན་དུ་ཆུ་འཐུངས་པས་སྐོམ་པའི་ནད་མི་སེལ་བའང་ག་ལ་སྲིད། གག་ལྷོག་སོགས་ལ་གསོ་བ་མེད་པར་སུ་ཞིག་བདེ་བར་འགྱུར་པ་དང༌། ཆུ་འགགས་པའི་ནད་ལ་སྨན་དང་དཔྱད་མེད་པར་ཅི་ལ་ཐོན་ཞིང༌། སྨན་སྔགས་ཀྱི་གཉེན་པོ་མེད་པར་དུག་ཀྱང་སུ་ཡིས་ཟ་བར་ནུས་ཏེ་མི་ནུས་ལ་མཆོག་བརྒྱད་ཅུ་སོགས་ཀྱི་ནུས་པ་ལུང་ལས་གྲགས་པ་བཞིན་དུ་ནད་སེལ་བ་མངོན་སུམ་དུ་མཐོང་བ་དེའི་ཕྱིར་གསོ་བ་ཐེ་ཚོམ་དང་བཅས་ཏེ་མི་བྱའོ། །ཞེས་གསུངས་སོ།།

        གཉིས་པ་འབྲེལ་པ་བཤད་པ་ལ་ཞུས་པ་དང་ལན་ནོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་མི་ན་བར་གནས་པ་དང་ན་བ་གསོ་བའི་དགོས་པའི་དགོས་པ་དང༌། དེའི་ཐབས་ལ་འབྲེལ་བ་ཡོད་དམ་མེད་ཇི་ལྟར་ལགས་དང༌། འབྲེལ་བ་མེད་ན་ནི་དེའི་ཆོས་ལ་སྤྱད་པས་ཅི་ཞིག་འགྲུབ་སྟེ། དཔེར་ན་མར་འདོད་པ་ལ་བྱེ་མ་བཙིར་བ་ལྟ་བུར་མི་འགྱུར་རམ། དེའི་ཕྱིར་ན་འདི་ལ་འབྲེལ་བ་ཇི་ལྟར་ཡོད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བཀའ་སྩོལ་ཞིག །ཅེས་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་ནི། སྟོན་པས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པས་དེའི་ལན་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ཅིག །གསོ་བ་རིག་པ་འདི་ལ་ཐབས་དང་ཐབས་བྱུང་གི་འབྲེལ་བ་ཅི་སྟེ་མེད་དེ་ངེས་པར་ཡོད་ལ། དེ་ཡང་གསོ་བའི་ཡུལ་འགྲོ་བའི་ལུས་འདི་ནི་འབྱུང་བ་བཞི་ལས་གྲུབ་ཅིང༌། གསོ་བྱའི་ནད་ཀྱང་དེ་བཞིན་དུ་འབྱུང་བ་བཞིས་བསྐྱེད་ལ། གཉེན་པོའི་སྨན་ཀྱང་འབྱུང་བ་བཞིའི་ངོ་བོར་བདག་ཉིད་གཅིག་པར་འབྲེལ་ལ། དེ་བཞིན་དུ་གནོད་བྱ་ལུས་དང༌། གནོད་བྱེད་ནད་ཀྱང་རྟེན་དང་བརྟེན་པར་འབྲེལ་ཞིང༌། གསོ་བྱ་ནད་དང་གསོ་བྱེད་གཉེན་པོའམ། གསོ་བར་བྱ་རྒྱུའི་ནད་པ་དང༌། གསོ་བར་བྱེད་པོའི་སྨན་པ་དེ་ཡང་བསོད་ནམས་དང་ལས་ཀྱིས་འབྲེལ་བ་ཡིན་ཏེ། དཔེར་ན་རིན་པོ་ཆེ་དང་ཀླུའི་རྒྱལ་པོ་བཞིན་ནོ། །མི་ཤེས་པ་ཤེས་པར་བྱེད་པའི་ཐབས་གསོ་བ་རིག་པའི་གཞུང་ལ་ལྟོས་པ་ཐབས་དང་ཐབས་བྱུང་དུ་འབྲེལ་བ། ཐབས་དེ་ལས་བྱུང་བ་ནི་འདུ་བ་སྙོམས་པར་འབྲེལ་ཞིང༌། འདུ་བ་སྙོམས་པ་དེ་ལས་ནི་ནད་མེད་པ་དང༌། དེས་ནི་བདེ་བ་ལ་གནས་པར་འབྲེལ་བས། ཐབས་དང་ཐབས་བྱུང་དེ་དང་དེ་ལས་བྱུང་བར་འབྲེལ་ཞིང༌། དེ་ཅིའི་ཕྱིར་ཞེ་ན། གསོ་བར་བྱ་བའི་དོན་བྱེད་ནུས་པའི་ཕྱིར་ཏེ་གསོ་བྱེད་ཀྱི་གསོ་བར་ནུས་པའི་རྒྱུ་མཚན་དེ་ལ་རག་ལུས་པའི་ཕྱིར་ཞེས་གསུངས་སོ།།

        གསུམ་པ་འཁོར་གྱིས་བསྟོད་པ་ནི། དེ་ནས་ཞེས་པ་ནས་བསྟོད་དོ་ཞེས་པའི་བར་ཏེ། དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ལ་སོགས་པ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བསྡེབས་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་བསྟོད་པ། ཀྱེ་སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཉིད་རྒྱལ་བ་ཐམས་ཅད་དང་དབྱེར་མ་མཆིས་པའི་སྟོན་པའི་ཐུགས་ཡེ་ཤེས་ལྔའི་བདག་ཉིད་ལ་མ་རིག་པའི་མུན་པ་མེད་ཅིང༌། མཚན་འཛིན་གྱི་རྟོག་པ་སྤངས་པས་སྨྲས་པའི་མཐའ་ཐམས་ཅད་དང་བྲལ་བ་རིག་པའི་ཡེ་ཤེས་ཉིད་ཉི་མའི་དཀྱིལ་འཁོར་དང་འདྲ་བ་དེའི་ཐུགས་རྗེའི་འོད་ཟེར་གྱིས་འགྲོ་བའི་དུག་གསུམ་གྱི་མུན་པ་མཐའ་དག་སེལ་བ་གསོ་བ་རིག་པ་ཐམས་ཅད་འདུས་པའི་རྩ་བའི་རྒྱུད་གང་ལས་བྱུང་བའི་ཐུགས་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཆོས་ཀྱི་སྐུ་དེ་ལ་གུས་པར་ཕྱག་འཚལ་ལོ། །སྟོན་པའི་གཟུགས་ཀྱི་སྐུ་བགྲེས་རྒུད་བསྙེལ་བ་མེད་པ་ངོ་བོ་གསལ་སྟོང་སྤྲོས་བྲལ་ལམ། མེ་ལོང་ལྟ་བུའི་ཡེ་ཤེས། རྣམ་པ་རིན་ཅེན་བཻཌཱུརྱ་འདྲ་བའི་སྐུ་དེའི་འོད་ཟེར་ཕོག་པ་ཙམ་གྱིས་འགྲོ་བའི་རྒྱུ་དུག་གསུམ་དང་འབྲས་བུ་ནད་བརྒྱད་ཁྲི་བཞི་སྟོང་རྣམས་སེལ་བར་མཛད་པ་ཐ་སྙད་རིག་པ་འཆད་རྩོད་ལ་མ་རྨོངས་པའི་བཤད་པའི་རྒྱུད། གང་ལས་བྱུང་བའི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་ཡོན་ཏན་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཟད་མེད་འཕེལ་བ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་མ་ཡོན་ཏན་གྱི་འོད་ཟེར་ཕྱོགས་བརྒྱར་འཕྲོ་བ་དེས་འགྲོ་བའི་སྡུག་ཕོངས་ཀྱི་འཇིགས་པ་ལས་སྐྱོབ་ཅིང༌། མན་ངག་རྒྱུད་གང་ལས་བྱུང་བའི་ཡོན་ཏན་གྱི་ངོ་བོ་རྒྱལ་བ་རིན་ཅེན་འབྱུང་གནས་ཀྱི་སྐུའི་རང་བཞིན་དེ་ལ་ཕྱག་འཚལ་ལོ། །སྟོན་པའི་འཕྲིན་ལས་ནི་གང་ལའང་ཐོགས་པམེད་པར་ཞི་རྒྱས་དབང་དྲག་བཞི་ཡོངས་སུ་རྫོགས་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ངོ་བོ་རྒྱལ་བ་དོན་ཡོད་གྲུབ་པ་ཆེན་པོ་འཕྲིན་ལས་དེའི་འོད་ཟེར་གྱིས་འགྲོ་བའི་ནད་དང་གདོན་ཐམས་ཅད་སེལ་བར་བྱེད་པ། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་གང་ལས་བྱུང་བ་དཔའ་བོ་སྤྲུལ་པའི་སྐུ་དེ་ལ་ཕྱག་འཚལ་ལོ། །སྟོན་པའི་གསུང་ནི་འགག་པ་མེད་པ་ཡན་ལག་དྲུག་ཅུའི་བདག་ཉིད་ཚངས་པའི་གསུང་དབྱངས་སྒྲ་གཅིག་ལ་ཀུན་གྱི་འདོད་པ་ཐ་དད་པ་བཞིན་དུ་གོ་བས་འཁོར་ཚོགས་རྒྱ་མཚོའི་འདོད་པ་སྐོང་བ་གསུང་གི་འོད་ཟེར་གྱིས་འགྲོ་བའི་ངག་སྒྲིབ་སེལ་བ་རྒྱུད་བཞི་པོ་འདི་ཉིད་ཀྱི་དྲི་བ་ཞུ་བ་དང་དེ་ལས་ལན་སྩོལ་བའི་རྒྱུ་ཐམས་ཅད་སྟོན་པ་ཁྱོད་ཀྱི་གསུང་ལས་སྤྲུལ་ཏེ་འབྱུང་བའི་གཞི་མ་གསལ་དག་པདྨའི་གསུང་སོ་སོརརྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་སངས་རྒྱས་སྣང་བ་མཐའ་ཡས་དེ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་མངོན་པར་བསྟོད་དོ་ཞེས་པའོ། །བཞི་པ་རྒྱུད་ལ་བསྔགས་པ་ལས་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། འདི་ནི་དུས་མིན་འཆི་ཞགས་པ། །བརྟན་པོ་གཅོད་པར་བྱེད་པ་ཡིན། །ནད་ཀྱིས་སྐྲག་ཅིང་འཇིགས་པ་ལ། །སྔགས་མེད་པ་ཡི་སྲུང་སྐུད་ཡིན། །ཞེས་བྱ་བ་ལ་བསྟན་བཅོས་འདི་ནི་དུས་མ་ཡིན་པར་འཆི་བའི་ཞགས་པ་བརྟན་པོ་གཅོད་པར་བྱེད་པ་ཡིན་ཏེ། ཇི་ལྟར་ཞགས་པ་མཚོན་རྣོན་པོས་གཅོད་པར་བྱེད་པའི་ཞགས་པས་འདི་ནི་མཚོན་གྱིས་གཅོད་པར་མི་ནུས་ཏེ་གསོ་བའི་ཐབས་ཀྱིས་གཅོད་པ་ཡིན་ནོ། །དེ་བཞིན་དུ་ནད་ཀྱིས་སྐྲག་ཅིང་འཇིགས་པའི་སྐྱེས་བུ་ལ་བསྟན་བཅོས་འདི་སྔགས་མེད་ཅིང་སྔགས་ཀྱིས་མ་བཏབ་པའི་སྲུང་སྐུད་ཀྱང་ཡིན་ནོ། །ཞེས་དང༌།

        གཉིས་པ་ཚིག་གི་དོན་ནི། དེ་ནས་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་ཏེ། དེ་ནས་ཡང་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་རྒྱུད་ཆེན་པོ་འདི་ཉིད་ལ་བསྔགས་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་དང་བཅས་ཏེ་དྲང་སྲོང་ཡིད་ལས་སྐྱེས་ལ་གདམས་པ། རྩ་བ་ཐུགས་ཀྱི་རྒྱུད་འདི་ནི་ས་བོན་དང་འདྲ་སྟེ། འདི་ལས་མ་སྐྱེས་པའི་གསོ་དཔྱད་ནི་ནམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང༌། སྐུ་ཡི་བཤད་རྒྱུད་ནི་བར་སྣང་ལ་འཆར་བའི་ཉི་ཟླ་དང་འདྲ་སྟེ། ཚིག་དོན་མ་ལུས་སྒྲིབ་པ་མེད་པར་གསལ་བར་སྟོན་ནུས་པའི་ཕྱིར་དང༌། མན་ངག་ཡོན་ཏན་གྱི་རྒྱུད་འདི་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། དགོས་པའི་དོན་ཐམས་ཅད་མ་ཚང་བ་གཅིག་ཀྱང་མེད་པར་གསོལ་བ་བཏབ་པ་ཙམ་གྱིས་ཡིད་བཞིན་དུ་འབྱུང་བའི་ཕྱིར་དང༌། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ནི་རྡོ་རྗེ་ཕ་ལམ་དང་འདྲ་སྟེ་ནད་གང་གི་སྟེང་དུའང་ཐོགས་པ་ཡོད་པ་མ་ཡིན་པའི་ཕྱིར་དང༌། སྐུ་ཐུགས་ཡོན་ཏན་འཕྲིན་ལས་བཞི་ལས་སྤྲུལ་པ་རིག་པའི་ཡེ་ཤེས་ནི་ནམ་མཁའི་མཛོད་དང་འདྲ་སྟེ། དྲིས་པའི་ལན་ཐམས་ཅད་ཟད་མི་ཤེས་པར་སྟོན་ནུས་པའི་ཕྱིར་དང༌། གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་འདི་ནི་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་སྟེ། ཞུ་བའི་ཚིག་ལ་ཞུམ་ཞིང་སྐྲག་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་དང༌། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་འདུས་པའི་རྒྱུད་བཞི་པོ་འདི་ནི་བྱ་ཁྱུང་ནམ་མཁར་ལྡིང་བ་དང་འདྲ་སྟེ་ནད་ཀྱི་གཡང་སར་ཉམ་ང་བག་ཚ་མེད་པའི་ཕྱིར་དང༌། གཞན་ཡང་རྒྱུད་ཆེན་འདི་ཉིད་ཡིད་དུ་འོང་བས་ལག་ལྡན་དཔྱིད་ཀྱི་ཕོ་ཉ་ཁུ་བྱུག་གི་གསུང་སྙན་ཐོས་པ་དང་འདྲ་སྟེ། འགྲོ་བ་གང་གིས་ཐོས་པས་ཀྱང་སྤྲོ་བ་བསྐྱེད་ནུས་པའི་ཕྱིར། དུས་ཀུན་ཏུ་དཀོན་པས་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་སྟེ་ཐོས་པ་དང་མཐོང་བ་ལོངས་སུ་སྤྱོད་པའི་སྐལ་ལྡན་རེ་རེ་ཙམ་ལས་མི་འབྱུང་བའི་ཕྱིར། ཉི་མའི་འོད་ཟེར་གྱིས་ཟླ་བ་དང་སྐར་མ་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ་རྒྱུད་རྒྱལ་འདི་ཉིད་ཀྱིས་ཀྱང་གསོ་བ་རིག་པའི་གཞུང་ལུགས་ཀུན་ཟིལ་གྱིས་གནོན་ནུས་པ་ཡིན་ནོ། །གཞན་ཡང་རྒྱུད་འདི་རིག་སྔགས་སོགས་ལ་བལྟོས་པ་མེད་པའི་འགྲོ་བ་མཐའ་དག་ཉེར་འཚེའི་འཇིགས་པ་ལས་སྐྱོབ་པའི་སྲུང་སྐུད་ལྟ་བུ། འཆི་བདག་བདུད་སྡེའི་དཔུང་ཐམས་ཅད་བཟློག་པའི་མཚོན་ཆའི་འཕྲུལ་འཁོར་ཆེན་པོ་ལྟ་བུ་དང༌། ནད་ཀྱི་དགྲ་དཔུང་མ་ལུས་འཇོམས་པའི་དཔའ་བོ་ལྟ་བུ་དང༌། འདུ་བ་འཕེལ་བ་དང་ཟད་པ་སྙོམས་པའི་སྤྱི་པ་ལྟ་བུ། དུས་མ་ཡིན་པར་འཆི་བའི་ཞགས་པ་གཅོད་པའི་རལ་གྲིའི་འཁོར་ལོ་ལྟ་བུ། ནད་ཀྱི་ཟུག་རྔུའི་གཟེར་མཐའ་དག་གཅོག་པའི་ཐོ་བ་ལྟ་བུ། སྡུག་བསྔལ་ནད་ཀྱི་འདམ་ནས་འདྲེན་པའི་ལྕགས་ཀྱུ་ལྟ་བུ་ཡིན་ཞིང༌། འཆི་བའི་སྲོག་ཐམས་ཅད་སྐྱོབ་པར་བྱེད་པས་ན་མི་འཇིགས་པའི་སྦྱིན་པ། འཆི་བ་མལ་ནས་སློང་བར་བྱེད་པའི་འཆི་མེད་བདུད་རྩིའི་བུམ་པ་ལྟ་བུ་ཡང་འདི་ཉིད་ཡིན་པས། དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་ཟུང་ཞིག་གོ །ཞེས་གསུངས་སོ། །ཞེས་པའོ།།

        ལྔ་པ་ཡོངས་གཏད་དངོས་དེ་ལ་ཞུས་པ་དང་ལན་གཉིས། དང་པོ་ནི། དེ་ནས་ཡང་ཞེས་པ་ནས་ཞེས་ཞུས་པ་ལས་ཞེས་པའི་བར་ཏེ། དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་རྒྱུད་ཀྱི་རྒྱལ་པོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི་དུས་ཀྱི་ཐ་མ་སྐྱེས་བུ་ཇི་ལྟ་བུ་ལ་གཏད་པར་བྱ་བ་དང༌། མི་བསྟན་པར་སྦ་བར་བྱ་བའི་སྣོད་ངན་ཀྱང་གང་དང་གང་ལ་གསང་བར་འོས་ཤིང༌། སྣོད་ངན་པ་ལ་མ་གསངས་པའི་སྐྱོན་དང༌། སྣོད་དང་ལྡན་པ་རྣམས་ལ་གཏད་པའི་ཡོན་ཏན་གང་ཡིན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བདག་ལ་ལུང་སྟོན་པར་མཛོད་ཅིག་ཅེས་ཞུས་པ་ལས་ཞེས་སོ། །གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ་གསུམ། སྣོད་ངན་ལ་གསང་བའི་ཚུལ་དང༌། བཟང་པོ་ལ་སྤེལ་བར་གདམས་པ། དགེ་བ་རྫོགས་བྱང་དུ་བསྔོ་བར་གདམས་པའོ། །དང་པོ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། ཟླ་ཟེར་ལས། འདི་ནི་འགྲོ་བའི་སྡུག་བསྔལ་རྣམས། །སེལ་བྱེད་བདུད་རྩི་མངོན་སུམ་ཡིན། །སྣོད་ངན་གནས་ན་འཕྲལ་དུ་ནི། །ཧ་ལ་ཧ་ལར་འགྱུར་བ་ཡིན། །ཞེས་བྱ་བ་ལ་སྨན་དཔྱད་ཀྱི་གསོ་བའི་རྒྱུད་འདི་ནི་འགྲོ་བའི་སྡུག་བསྔལ་རྣམས་སེལ་བར་བྱེད་ཅིང༌། རྒས་པ་དང༌། ན་བ་དང༌། འཆི་བའི་སྡུག་བསྔལ་འཇོམས་པར་བྱེད་པ་ཡིན་པས་བདུད་རྩི་དང་འདྲ་བ་ཡིན་ཏེ། གང་གི་ཕྱིར་བདུད་རྩི་དོན་དུ་གཉེར་བའི་ཕྱིར་ལྷ་དང་ལྷ་མ་ཡིན་གྱིས་སྡུག་བསྔལ་གྱི་འབད་པ་ཆེན་པོ་བྱས་ཏེ་ཐོབ་པར་གྱུར་བ་ཡིན་ཏེ། འདི་ནི་སྡུག་བསྔལ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་སྣོད་ངན་པ་བསྟན་བཅོས་ཀྱི་ཐོས་པ་མེད་པའི་སྨན་པས་རྒྱུད་ལ་གནས་པར་གྱུར་ན་འཕྲལ་དུ་དེའི་མོད་ལ་ཧ་ལ་ཧ་ལ་ཞེས་བྱ་བ་དུག་ཆེན་པོར་འགྱུར་བ་ཡིན་ནོ། །ཞེས་སོ།།

        གཉིས་པ་ཚིག་གི་དོན་ནི། སྟོན་པ་ཞེས་པ་ནས་དྲང་སྲོང་རྣམས་ཞེས་པའི་བར་ཏེ། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཁྱོད་ཉོན་ཅིག །རྒྱུད་འདི་གཏད་པའི་སྣོད་ལ་བཟང་ངན་གྱི་ཁྱད་པར་ཅི་སྟེ་མེད་དེ་ཡོད་ལ་སྣོད་ངན་པ་རྣམས་ཀྱིས་གདམས་པའི་བཅུད་མི་ཐུབ་པའི་ཕྱིར་ཏེ། དཔེར་ན་སེང་གེ་དཀར་མོའི་འོ་མ་རིན་པོ་ཆེ་མ་ཡིན་པའི་སྣོད་ངན་ཕལ་པར་བླུག་ན་སྣོད་ཀྱང་ཆག་ལ་འོ་མའི་བཅུད་ཀྱང་འབོ་བ་དང༌། དེའི་ཕྱིར་གསང་བའི་སྣོད་ངན་དེ་ཡང་ཇི་ལྟ་བུ་ཞེ་ན། སློབ་དཔོན་འདི་ཡིན་གསང་ཞིང༌། རང་མཁས་འདོད་ཀྱི་ཆེ་བ་འབྱིན་པ་དང༌། མན་ངག་ཐབས་ཀྱིས་བརྐུ་ཞིང་ཇི་ལྟ་བར་མི་ཞུ་བར་གཞོགས་སློང་བྱེད་པ་དང༌། དྲིན་ལན་བསབ་པའི་བཀུར་སྟི་བྱེད་འདོད་མེད་པ་དང༌། གཞན་ལ་ཁྱད་གསོད་བྱེད་པ་སོགས་དང༌། གཞན་ཡང་ཕན་སེམས་མེད་པར་གཡོ་རྒྱུས་འགྲོ་བའི་ནོར་ལ་འཇབ་པ། རང་མཁས་འདོད་ཀྱི་ང་རྒྱལ་དང་དྲེགས་པས་བཅིངས་པ། གཞན་ལ་སྙིང་རྗེ་མེད་པ། ཚེ་འདིའི་ཁེ་གྲགས་སོགས་རང་འདོད་གཙོ་བོར་འཛིན་པ་རྣམས་དང༌། གཞན་ཡང་གསེར་གཡུ་རྟ་ཁྲབ་སོགས་ཟང་ཟིང་གི་ནོར་ཕྲ་མོ་ཙམ་ཡང་འབུལ་བར་མི་ནུས་པར་ཁ་འཇམ་པོས་བྲིད་པ་ལྟར་བྱེད་པ་སོགས་ཀྱི་ལག་ཏུ་མི་འཆོར་བར་བྱེད་དགོས་སོ། །དེ་ལྟར་སྣོད་དང་མི་ལྡན་པ་རྣམས་ལ་ནི་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པ་བཞིན་དུ་བསྐལ་པ་འཁྲུགས་ཀྱང་ཁ་ནས་མི་དབྱུང་བར་གསང་དགོས་སོ། །གཞན་ཡང་སྲོག་སེར་གཏད་མནན་དུག་སྦྱོར་ལ་སོགས་པ་མུ་སྟེགས་སམ་དེ་དང་འདྲ་བའི་ཆོས་དང༌། རྫུན་རིབ་ཀྱིས་ལུང་སྟོན་པ་མོ་སོགས་གཤེན་རབས་བོན་གྱི་ཚོས་དང༌། གསེར་འགྱུར་སོགས་བཟོ་ཡི་རིག་པ་ཕྲ་མོ་དང༌། ཁ་གཤགས་འཇིག་རྟེན་པའི་ཆོས། ཐ་སྙད་རྟོག་གེའི་ཆོས་སོགས་དང་རིག་པ་འདི་མི་བརྗེ་སྟེ། དེ་ལྟར་ན་སྣོད་ངན་རྣམས་ལ་མ་གསངས་པའི་སྐྱོན་འཇུག་པའི་ཕྱིར་དང༌། གདམས་པ་གསང་མ་ཐུབ་པརསྤེལ་བས་འཆལ་པར་སོང་སྟེ་མཁས་ཁྱད་མེད་པ་དང༌། རྒྱུད་མ་དག་པའི་དུག་དང་འདྲེས་པའི་སྣོད་ངན་པ་དེས་འགྲོ་བ་ཀུན་ལ་ཕན་མི་ཐོགས་པར་ས་ངན་པའི་ཁོང་དུ་ས་བོན་རུལ་བ་བཞིན་གདམས་པའི་མགོ་མི་ཐོན་པར་ཆུད་འཛའ་བའི་སྐྱོན་དང༌། དམ་ཚིག་ཉམས་པས་རང་གཞན་གཉིས་ཀ་ཕྱི་མ་ངན་འགྲོར་ལྟུང་བ་ལ་སོགས་པའི་ཉེས་པ་དེའི་ཕྱིར་ཤིན་ཏུ་གསང་བར་སྦོས་ཤིག་དྲང་སྲོང་རྣམས་ཞེས་པའོ།།

        གཉིས་པ་སྣོད་ལྡན་ལ་སྤེལ་བར་གདམས་པ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ་ཞེས་གསུངས་པས། དམ་ཚིག་དང་ལྡན་པས་བླ་མ་སྤྱི་བོར་འཁུར་དགོས་པ་ཡིན་ཏེ། དེའི་ཚུལ་ཡང་སྤྱིར། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པའི་མཚན་ཉིད་སྤྱི་དང་ཁྱད་པར། ཟླ་ཟེར་ལས། སྨན་པ་མཁས་སྟེགས་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན། །ཞེས་བྱ་བ་ཡིན་ཏེ། དེ་ལ་སྨན་པའི་ཡན་ལག་བཞི་ནི་མཁས་པ་སྟེ་ལས་རྣམས་ལ་བྱང་བའོ། །སྟེགས་ནི་རང་གི་མཁན་པོ་ལུང་གི་དོན་ཤེས་པ་ལས་བསྟན་བཅོས་ཀྱི་གཞུང་གི་དོན་ཤེས་ཤིང་ཁོང་དུ་ཆུང་པ་གང་ཡིན་པ་དེ་ནི་སྨན་མཁས་སྟེགས་གཞུང་དོན་ཤེས་ཞེས་བྱ་བ་ཡིན་ཏེ། ལུང་བརྒྱུད་པ་ལས་བསྟན་བཅོས་ཀྱི་དོན་རྟོགས་པ་ཐོབ་པའོ།  ལས་རྣམས་མཐོང་ཞིང་ཞེས་བྱ་བ་ནི་གང་གིས་གསོ་བའི་མཚན་ཉིད་ཅན་གྱི་ལས་མང་པོ་མཐོང་བ་དེ་ནི་ལས་རྣམས་མཐོང་ཞིང་ཞེས་བྱ་སྟེ། ལན་མང་ཞིག་ནད་པ་གསོས་ཤིང་ལས་གོམས་པར་གྱུར་པའོ། །གཙང་བ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ལ་སྡིག་པའི་དྲི་མས་མ་གོས་པའོ། །ཞེས་སོགས་དང་མཚུངས་པ་དེ་ཉིད་ཡིན་ལ། དེ་ལྟ་བུ་བསྟེན་པའི་ཚུལ་ཡང༌། མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་ཤིང༌། སློབ་དཔོན་དཔའ་བོའི་ཞལ་སྔ་ནས། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་རྟག་བསྟེན་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་དང༌། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་དང༌། འདིར་མང་སྨྲ་བ་ཅི་ཞིག་དགོས། །བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བྱ། །ཞེས་སོགས་གསུངས་པ་ལྟར་བཀུར་སྟི་ཚུལ་བཞིན་དུ་བསྒྲུབ་པས། ནོར་དང་སྲོག་ལ་འཕངས་མེད་གཏོང་ཕོད་ནུས་པ་དེ་ཙམ་གྱིས་ཀྱང་མི་ཆོག་པར་བླ་མའི་བཀའ་བཞིན་ཐོས་བསམ་སྒོམ་གསུམ་ལ་འབད་དགོས་ཏེ། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་ལས་པ་མ་ཡིན་ནོ། །ཞེས་དང༌།

        སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱིས་རྒོལ་བ་ཉི་མའི་འོད་དང་འདྲ། །ཞེས་དང༌། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་བསྐྱེད། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པས་དཔའ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་པ་ལྡན་ན་འགལ་བ་མེད་པ་ཡིས། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང༌། ཁྱད་པར་དུ་ཡང་རང་རེའི་གསོ་བ་རིག་པའི་རྒྱུད་ཆེན་འདི་ཉིད་ལ་ཐོས་བསམ་བྱས་པའི་ཕན་ཡོན། བླ་སྒྲུབ་ཀྱི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་དགེ་བའི་ལྕགས་ཀྱུར་རྗེ་གཡུ་ཐོག་པས་རྣམ་པ་གཅིག་ཏུ་སིདྡྷི་རྣམ་པ་གཉིས་ལུས་ཐོག་འདིར་ཐོབ། ཡི་དམ་ལྷ་རྣམས་ཀྱིས་ལུང་བསྟན་རྗེས་སུ་གནང་བ་བྱིན་པ་ལ་བརྟེན་ནས་གསང་སྔགས་བླ་མེད་ཀྱི་རྒྱུད་དང་བྱིན་རླབས་ཁྱད་པར་ཅུང་ཟད་ཀྱང་མེད་པའི་གསོ་དཔྱད་ཀྱི་བསྟན་བཅོས་བརྩམས་ཚར་བའི་རྗེས་སུ་རིགས་གསུམ་མགོན་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ལ་ལྷ་དཔག་ཏུ་མེད་པས་མཆོད་པ་འབུལ་བ་དང་བཅས་མདུན་གྱི་ནམ་ཁར་བྱོན་ནས་རིགས་གྱི་བུ་ཨ་ལ་ལ། བསྟན་བཅོས་ཆེན་པོ་འདི་མ་འོངས་པ་ན་ལུས་ཅན་ཐམས་ཅད་ཀྱི་སྐྱབས་བླ་ན་མེད་པ་གོང་ན་མེད་པ་ཕུལ་དུ་བྱུང་བར་འགྱུར་ཞིང༌། འདི་ཉིད་བཞུགས་པའི་ས་ཕྱོགས་ཐམས་ཅད་ཀྱང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར། འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཉན་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། གཞན་དག་ལ་རྒྱ་ཆེར་སྟོན་པ་དེ་དག་ཀྱང་རྒྱལ་སྲས་ཐམས་ཅད་ཀྱི་ཐུ་བོར་འགྱུར། སྐྱེ་བ་འདི་ཉིད་ལ་མི་གནས་པའི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར། ཐ་ན་གཞུང་འདིའི་ཚིགས་བཅད་ཙམ་བློ་རུ་ཟིན་པ་དེ་དག་ཀྱང་སླར་འཁོར་བར་ལྟུང་བར་མི་འགྱུར་ཞིང༌། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་བྱང་བར་འགྱུར། དེ་ལྟ་ནའང་སྤེལ་བའི་དུས་ལ་བབ་པ་ན་སྣོད་ལྡན་གྱི་སློབ་མ་ལུང་སྟོན་པར་འགྱུར་གྱི། དེ་མ་བྱུང་གི་བར་དུ་སུ་ལའང་བསྟན་པར་མི་བྱའོ། །ཞེས་གསུངས་པས་ཡིད་ཆེས་ཤིང་སྤྲོ་བ་བསྐྱེད། དབུ་མ་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུབ་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །ཞེས་གསུངས་ལས། ལེ་ལོའི་དབང་དུ་མ་སོང་བའི་བརྩོན་པ་ཆེན་པོ་ལྷུར་བླངས་ཏེ་ཉམས་སུ་ལེན་དགོས་ཤིང༌། དེའི་ཚུལ་ཡང་གཞུང་དོན་རྣམས་ལ་དང་པོར་ལུང་བཤད་གལ་ཆེ་སྟེ།།

        འདུལ་བ་ལས། ཀློག་པའི་སློབ་དཔོན་དུ་འགྱུར་བར་ཀྱང་ཤོ་ལོ་ཀ་གཅིག་གི་མཐའ་བརྟེན་པ་ཡན་ཆད་བསླབ་པའི་འདུན་པས་ལན་གསུམ་དུ་སློབ་མའི་རྣ་བར་ཀློག་པ་ཞིག་ངེས་པར་དགོས་པ་དང༌། འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། ལུང་ནོད་པར་བྱའོ། །ཞེས་སོགས་ཀྱང་གསུངས་པའི་ཕྱིར་དང༌། ཇི་སྐད་དུ། མདོ་དོན་སྨྲ་བ་རྣམས་ལ་ནི། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར། དགོས་པ་བསྡུས་དོན། ཚིག་དོན་མཚམས་སྦྱོར་བརྒལ་ལན་དང་བཅས་པ་ཁོང་དུ་ཆུད་པར་བྱས་ཏེ་གཞུང་ལེའུ་རེ་ཙམ་ཧོལ་ཁོང་དུ་ཟིན་པ་མ་ཡིན་པར་གཞུང་འགྲེལ་མཐའ་དག་དབུ་ནས་ཞབས་སུ་ཚང་བ་ལེགས་པར་བློ་ནས་ཐོན་ཅིང་དེ་ནས་ཀྱང་བཤར་སྦྱང་བསྐྱར་བ་སོགས་ཁ་ཏོན་དུ་བྱེད་པ་དང༌། མན་ངག་ལག་ལེན་མཐོང་བ་བརྒྱུད་པའི་གདེངས་ཁེལ་བ། དེ་དག་གི་དོན་ཀྱང་ལེགས་པར་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱོད་པ་གལ་ཆེ་སྟེ། ཚིག་དོན་འགལ་འབྲེལ་འབྱེད་དགོས་པའི་ཕྱིར་དང༌། དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང༌། མགོན་པོ་བྱམས་པས། ཡི་གེར་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་གསུངས་པས། ཡི་གེར་འདྲི་བ། མཆོད་པ། གཞན་ལ་སྦྱིན་པ། གཞན་ལས་ལུང་ལ་སོགས་པ་ཉན་པ། ཀློག་པ། གཞན་ལས་ལེན་པ་སྟེ་བསླབ་པ། གཞན་ལ་འཆད་པ། ཁ་ཏོན་བྱེད་པ། དེ་སེམས་པ། སྒོམ་པ་སྟེ་བཅུ་པོ་འདི་ནི་བསོད་ནམས་མཉམ་པར་ཐོབ་པར་གསུངས་པས་ན་ཚུལ་བཞིན་དུ་བརྩོན་དགོས་ལ། དེ་ལྟར་བརྩོན་པ་དེ་ཡང་རང་དོན་ཙམ་མ་ཡིན་པར། ཇི་སྐད་དུ། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་གསུངས་པས། བྱང་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན་པ། །ཆོས་ལ་བྲང་གཏད་པ་སྟེ་བློས་བཀལ་བས། གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་གསུངས་པ་ལྟར་མན་ངག་ལ་ཡིད་ཆེས་པ། གཡོ་སྒྱུ་ཟོལ་ཟོག་མེད་པ། སྤྱོད་པ་བླང་དོར་གཉིས་ལས་མི་དགེ་སྤང༌། །སྨྱོ་འཆལ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད། །ཅེས་པ་ལྟར་གཡོ་སྒྱུ་སོགས་ངན་སྤྱོད་མཐའ་དག་སྤངས་ཏེ་གཞན་ཕན་ཁོ་ནས་ཉམས་སུ་བླངས་པའི་སྨན་པ་དེ་ནི་བཟང་པོ་ཞེས་བྱ་སྟེ།

        ཟླ་ཟེར་ལས། སྨན་པ་གཞུང་ལ་ལེགས་མཁས་ཤིང༌། །ལུང་ལ་མཁས་པའི་བཟང་པོ་དག །ལས་ལ་གོམས་ཤིང་དགེ་བ་ནི། །བཟང་པོར་འདོད་པ་དམ་པ་ཡིན། །ཞེས་བྱ་བ་ལ་སྨན་པ་སྨན་དཔྱད་ཀྱི་ལུང་གི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང་བྱང་བ་དང༌། དེ་བཞིན་དུ་ལས་ལ་གོམས་ཤིང་རང་བཞིན་དགེ་བ་བྱ་བ་ལ་གོམས་པ་དག་དང༌། དེ་བཞིན་དུ་བཟང་པོར་འདོད་ཅིང་བདེ་བ་དང༌། དགེ་བ་ལ་དགའ་བ་དག་ནི་དམ་པར་གྱུར་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། །རྒྱུད་འདི་ཞེས་པ་ནས་འཛིན་མི་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། རྒྱུད་འདི་གཏད་པར་བྱ་བའི་སྣོད་དང་ལྡན་པའི་སློབ་མ་ནི་དམ་ཚིག་དང་ལྡན་པས། བླ་མ་སྤྱི་བོར་འཁུར་བ་དང༌། ནོར་དང་སྲོག་ལ་འཕངས་པ་མེད་པར་སློབ་དཔོན་སོགས་ལ་གཏོང་ཕོད་ནུས་པ། ཤེས་རབ་ཆེ་བས་ཚིག་དོན་གྱི་འགལ་འགྲེལ་འབྱེད་ཤེས་པ། བྱང་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན་པ། ཆོས་ལ་བློ་སེམས་བྲང་གཏད་པ། །གཡོ་སྒྱུ་ཟོལ་ཟོག་མེད་པ་སྟེ། སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་བ་དང་ལྡན་པ་དེ་དག་ལ་དྲང་སྲོང་ཆེན་པོས་རྒྱུད་འདི་གཏད་པར་གྱིས་ཤིག སློབ་མ་དེས་ཀྱང་མཉེས་པའི་ཡོན་གྱིས་མི་བསླུ་ན་རེ་ཞིག་སྦྱིན་པར་མི་བྱ་སྟེ། རང་ཉིད་སློབ་དཔོན་དམ་པར་འཛིན་པར་མི་འགྱུར་བའི་ཕྱིར་ཞེས་པའོ། །གསུམ་པ་དེ་དག་ཐམས་ཅད་རྫོགས་བྱང་དུ་བསྔོ་དགོས་པར་བསྟན་པ་ནི། དེ་ལྟར་ཞེས་པ་ནས། འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སྣོད་ལྡན་གྱི་སློབ་མ་གཅིག་ལས་གཅིག་ཏུ་བརྒྱུད་ནས་མན་ངག་ལག་ལེན་ལུང་བཤད་ཐམས་ཅད་རྒྱུན་མི་ཆད་པར་འགྲོ་བའི་དོན་བྱེད་པར་བསྔོ་ཞིང༌། སྣོད་དང་ལྡན་པའི་སློབ་མས་རྒྱུད་འདི་སུས་འཆང་བ་དེ་དག་ཀྱང་ཚེ་འདིར་ངག་བཙན་ཞིང་ཕྱུག་ལ་ཕན་དར་འཛོམས་པ་དང༌། འགྲོ་བ་ཀུན་གྱི་སྤྱི་བོས་འཁུར་ཞིང་དཔལ་དང་གྲགས་པ་ཐོབ་པ་སོགས་བསོད་ནམས་ཀྱི་བགོ་སྐལ་བཟང་པོ་ལ་ལོངས་སུ་སྤྱོད་པ་དང༌། ཕྱི་མ་ཀུན་མཁྱེན་བྱང་ཆུབ་ཆེན་པོའི་གོ་འཕང་འགྲུབ་པར་བསྔོ་ཞིང༌། རིས་སུ་མ་ཆད་པའི་འགྲོ་བ་ཀུན་ཀྱང་རྒྱུ་དུག་གསུམ་དང༌། འབྲས་བུ་ཉོན་མོངས་པའི་ནད་བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དང༌། དུས་མ་ཡིན་པའི་འཆི་བའི་རྐྱེན་ངན་པ་ཐམས་ཅད་ལས་ཀྱང་ཐར་ཞིང་མཐར་ཐུག་སངས་རྒྱས་སྨན་པའི་རྒྱལ་པོའི་ཞིང་ཁམས་ཆེན་པོར་མངོན་པར་འཚང་རྒྱ་བར་བསྔོ་ཞིང༌། ཇི་ལྟར་བསྡོས་པའི་དོན་དེ་དག་ཀྱང་གསུང་བ་པོ་སྟོན་པ་ངའི་བཀའ་བཙན་པའི་མཐུ་དང་བྱིན་རླབས་ཀྱི་ཚན་ཁ་མངོན་པར་དར་བའི་ནུས་པས་ཇི་ལྟར་བསྔོས་པའི་སྨོན་པའི་སྨོན་ལམ་ཐམས་ཅད་ཚུལ་བཞིན་དུ་གྲུབ་པར་བསྔོ་བ་ཡིན་ནོ། །ཞེས་གསུངས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དེ་ཉིད་སྤྲུལ་གཞི་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངོ་བོར་ཐིམ་པར་གྱུར་ཏོ། །ཞེས་བྱ་བའི་དོན་ལེགས་པར་བཤད་པ་ཡིན་ནོ།།

        གསུམ་པ་ལེའུའི་མཚན་སྨོས་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །ཞེས་བྱ་བའི་དོན་ཏོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་བྱིན་རླབས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་ལན་དུ་མཛད་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་ཞེས་བྱ་བ་ཡོངས་སུ་རྫོགས་སོ། །ཞེས་པའོ།

        སྨྲས་པ། གསོ་བ་རིག་པའི་སྣང་བ་ཆེན་པོ་ཞིག །ཤར་བས་འཇིག་རྟེན་རྫོགས་ལྡན་གཞོན་ནུའི་དཔལ། །བསྐྱེད་པའི་ཡབ་གཅིག་ཚངས་པའི་བློ་གྲོས་དེ། །ཡང་སྲིད་འགྲམ་པའི་ངོས་སུ་བཟུང་བ་བཞིན།

        མ་རིག་འཐིབས་པོའི་སྒྲིབ་ཤིང་ཟབ་མོ་ཡིས། །སྙིང་ལ་ལན་བརྒྱར་གོམས་པ་བཀོད་པ་རྣམས། །ཞི་བྱེད་མིག་སྨན་གསར་པའི་ཆོ་ག་འདིར། །རྒྱུན་ཤེས་མཁས་པའི་དྲེགས་པ་རིང་དུ་བསྙིལ།

        །འཁྲུལ་བྲལ་དགེ་བའི་བཤེས་གཤེན་གཅིག་མིན་མང༌། །བསྟེན་པའི་སྙིང་སྟོབས་ལྷུན་པོའི་རྐང་སྟེགས་ཅན། །གཞན་དང་མི་མཉམ་ལེགས་བཤད་མིག་པོ་ཆེ། །བགྲད་པའི་བརྒྱ་བྱིན་གཉིས་པ་དམིགས་སུ་མེད།

        །ཚིགས་བཅད་རེར་ཡང་དྲན་དབང་གྲོང་ཁྱེར་མའི། །རྐང་སེན་རྡུལ་དཀར་འཛག་པས་ཡོངས་བསྣུན་པས། །དཔྱད་བཟོད་སྔོན་མེད་གཏམ་གྱི་ཨ་ཤྭཏྠ། །བློ་གསལ་ཡོངས་ཀྱི་གཙུག་ཏོར་རྒྱན་དུ་སྤེལ།

        །ཡོངས་གྲུབ་བཞི་བརྒྱ་རྩ་བཞིའི་དྲི་མ་ཡིས། །ཕུང་པོའི་ཆུ་ཀླུང་རྙོག་མར་བྱས་པ་ཀུན། །དངྭས་བྱེད་ལེགས་བཤད་དྲང་སྲོང་བུམ་པ་བསྐྱེད། བློ་གྲོས་རྒྱལ་པོ་སླར་ཡང་ཡོང་བ་བཞིན།

        །དཔྱད་གསུམ་དག་པའི་འགྲེལ་བཤད་སུ་ཝརྞ། །རྨོངས་རྟུལ་ཀླ་ཀློའི་རྫས་དང་འབྱེད་ནུས་པའི། །རྣམ་དཔྱོད་འདྲེན་བྱེད་ལྡན་པ་འགའ་མཆིས་ན། །དང་བས་ལོང་དང་ཡིད་ཆེས་ཅིས་མི་སྐྱེ།

        །ལེགས་བྱས་འབད་པ་འདི་དང་དུས་གསུམ་གྱི། །བྱང་ཆུབ་སྙིང་པོའི་ཟུངས་སུ་གྱུར་པའི་རྒྱུ། །ཇི་སྙེད་བསགས་པའི་དངོས་པོ་བླ་ནས་བླར། །འཕེལ་བས་རྒྱལ་བསྟན་རིན་ཅེན་ཆེས་བདོ་ཞིང༌།

        །ཁྱད་པར་གསོ་བ་རིག་པའི་མུཀྟི་ཀ། །ཚེ་ཡི་གཡུ་དྲུང་ཉ་ཕྱིས་ཁོག་པ་རུ། །ཕྱུར་པའི་ལེགས་ལམ་དགེ་ལེགས་འབར་བའི་དངོས། །འགྲོ་ལ་སྦྱིན་པའི་དོན་ཡོད་ཉིད་གྱུར་ཅིག

        །ཀུན་མཁྱེན་རིགས་བརྒྱའི་ཁྱབ་བདག་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོའི་གཉེན་གཅིག་པུ། །འཇིགས་མེད་གདོང་ལྔའི་ཁྲི་ལ་སྲིད་མཐའི་བར། །གངས་ཅན་གདུལ་བྱའི་གཉེན་དུ་འཚོ་གཞེས་ཤོག

        །དགའ་ལྡན་ས་ལ་འཕོས་འདྲའི་ཕོ་བྲང་ཆེའི། །ཆོས་སྲིད་གྲིབ་མ་སྣུམ་པོའི་གདུགས་དཀར་གྱིས། །ནོར་འཛིན་དཔལ་མོ་ཡོངས་ཁྱབ་སྐྱེ་དགུ་རྣམས། །རྫོགས་ལྡན་གསར་པའི་དགའ་སྟོན་ལ་སྤྱོད་ཤོག

        །ལེགས་བྱས་རྩ་བ་སྦོམ་པོར་བྱས་པའི་ཡེ་ཤེས་ལང་ཚོ་དར་དྲག་པ། །བཻ་ཌཱུརྱ་སྣང་འོད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྨོན་ལམ་མཐུ། །ཇི་ལྟ་ཇི་ལྟར་གདས་པའི་འབྲས་བུ་གཡུར་དུ་ཟ་བ་ཅི་མཆིས་པ། །བདག་གིས་གྲུབ་སྟེ་འགྲོ་བ་ཐམས་ཅད་བྱང་ཆུབ་ས་ལ་འགོད་པར་ཤོག

        །སེམས་ཅན་ཀུན་གྱི་སྲོག་ཏུ་སོང་བ་འཆི་མེད་བཅུད་ཀྱིས་ལེན་པའི་སྨན། །འདུས་བྱས་སྙིང་པོའི་དམ་བཅའ་ཐམས་ཅད་ཅིག་ཅར་འགོག་ལ་རིངས་པ་བཞིན། །དུས་ཀྱི་བདག་པོའི་མཆེ་བའི་དཔུང་པ་མཐར་བྱེད་ཚེ་ཡི་ཀ་བ་ཆེ། །ལུས་ཅན་ཚོགས་ལ་ཡངས་པར་སྦྱིན་པའི་དགེ་ལེགས་གཡོ་བ་མེད་གྱུར་ཅིག །

        དེ་ལྟར་གསོ་བ་རིག་པ་སྨྲ་བ་ལ་གཞན་དྲིང་མེད་པའི་མཁས་པ་ཆེན་པོ་ཟུར་མཁར་ཨ་བོ་ཆོས་རྗེ་གཉིས་པ་ལེགས་བཤད་འཚོལ་ལམ་མཚན་གཞན་དོན་གྲུབ་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཕྱོགས་ཀྱི་གོ་ཆ་ཞེས་པས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདིའི་རྩ་བཤད་གཉིས་དང༌། ཕྱི་རྒྱུད་ལེའུ་དང་པོ་རྣམས་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་གསོ་རིག་སྨྲ་བ་ཐམས་ཅད་ཀྱི་སྤྱི་ནོར་ཆེན་པོ་འདི་བཞིན་མཛད་འདུག་པར་ཕྱི་མ་རྒྱུད་ཀྱི་ལེའུ་གཉིས་པ་མན་གྱི་འགྲེལ་པ་འདི་ཉིད་ཁ་སྐོང་གི་ཚུལ་དུ་སྦྱར་བ་འདི་ཡང༌། ཇི་སྐད་དུ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང༌། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང༌། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུར་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་པ་ལྟར་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་གི་དཔུང་གཉེན་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའིམཁྱེན་བརྩེ་ཡེ་ཤེས་མ་ལུས་པའི་རང་གཟུགས་གཅིག་ཏུ་ཤར་བས་གདུལ་བྱ་སྤྱི་དང་ཁྱད་པར་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་སྐྱེ་དགུ་རྣམས་སྙིང་རྗེའི་ཕྱག་སོར་རིང་པོས་དམ་དུ་འཁྱུད་པའི་འཕངས་མཆོག་འཇིག་རྟེན་དབང་ཕྱུག་གི་ཐུགས་རྗེའི་ཟླ་སྣང་འགོག་པ་མེད་པས་རྒྱལ་བའི་བསྟན་པ་མཐའ་དག་དང་བྱེ་བྲག་གསོ་བ་རིག་པའི་གཞུང་ལུགས་ནོར་བུའི་འབྱུང་གནས་ཆེན་པོ་འདི་ཉིད་གོང་ནས་གོང་དུ་འཕེལ་བའི་སླད་དུ་སྔ་འགྱུར་གྱི་གཞུང་འགྲེལ་རྣམས་མི་ཉམས་ཤིང་དར་བ་དང༌། སླར་ཡང་འཕགས་ཡུལ་འཛིན་མའི་ལྗོངས་ནས་གསོ་རིག་གི་བསྟན་བཅོས་མང་པོ་གསར་དུ་བསྒྱུར་ཞིང་གཏན་ལ་འབེབས་པ་དང་དེ་དག་ལ་རྗེས་སུ་འདོམས་པས་མཚོན། སྨན་དཔྱད་ཀྱི་གཞུང་མན་ངག་ཡོད་དོ་ཅོག་ཐོས་བསམ་འཆད་ཉན་འཛིན་སྐྱོང་གི་སྒོ་ནས་སྤེལ་པ་སོགས་བསྡུ་བའི་དངོས་པོ་བཞིས་ཆེས་ཆེར་དར་བར་མཛད་པས་འགྲོ་བ་ཐམས་ཅད་ཕན་བདེའི་དགའ་སྟོན་ལ་རང་གིས་སྤྱོད་པའི་བཀའ་དྲིན་གྱི་སྨན་ཡོན་གཞལ་བར་དཀའ་བའི་རྣམ་འདྲེན་ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཞབས་དྲུང་དུ་ལམ་འདིའི་ལག་ལེན་མན་ངག་མཐའ་དག་གི་སྙིང་པོར་གྱུར་བ་ཟབ་མོ་གཡུ་ཐོག་སྙིང་ཐིག་གི་དབང་རྗེས་གནང་ལུང་སོགས་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་ཐོབ་ཅིང༌། གང་གི་ཐུགས་རྗེ་ལ་བརྟེན་པའི་གཏེར་སྟོན་རིགས་འཛིན་ཆེན་པོ་གཏེར་བདག་གླིང་པ། ཁྱབ་བདག་ཞ་ལུ་པ་ཆེན་པོ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན། རིགས་འཛིན་སྨན་ལུང་བ་བློ་གྲོས་མཆོག་གི་རྡོ་རྗེ། རིགས་འཛིན་པདྨ་འཕྲིན་ལས་བཞིར་ཡང་ཆོས་འདིའི་ཆ་ལག་ཏུ་གྱུར་པའི་དབང་ལུང་མན་ངག་འགའ་ཞིག་ནོས་ཤིང༌། སྨན་རྒྱལ་གཡུ་ཐོག་མགོན་པོ་གཉིས་པ་གླིང་སྟོད་ཆོས་ཀྱི་ཁྲི་ཡངས་པོར་བསྟི་བ་ཉི་མ་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང༌། གནང་རིགས་རྗེས་སྦྱངས་ཀྱི་དྲང་སྲོང་ཆེན་པོ་བསྟན་འཛིན་དར་རྒྱས་གཉིས་ཡུན་དུ་བསྟེན་ནས་རྒྱུད་བཞིའི་དོན་ལ་ཧོལ་སྤྱོད་ཙམ་མ་ཡིན་པར་སྤྱི་དོན་གྱི་ཁོག་ཕུག གཞུང་དོན་མཐའ་གཅོད། ལག་ལེན་མན་ངག་གི་གནད་དང་བཅས་པ་མཐའ་དག་དཔེ་མཁྱུད་མེད་པར་སྩལ་ཞིང་ཁོང་དུ་ཆུད་པར་བགྱིས་པ་སོགས་མདོར་ན་སློབ་དཔོན་ཆེན་པོ་གཉིས་གཙོ་བོར་གྱུར་པའི་གསོ་རིག་སྤྱི་དང་བྱེ་བྲག་གི་དོན་ལ་རང་བྱན་ཆུད་པའི་འཕགས་བོད་ཀྱི་སློབ་དཔོན་བཅུ་ཕྲག་བཞི་དང་གཉིས་ཀྱིས་ལྷག་པར་བསྙེན་ཏེ་ཡན་ལག་བརྒྱད་པ། རྒྱུད་བཞི། བྱེ་བ་རིང་བསྲེལ། ཆ་ལག་བཅོ་བརྒྱད། ཉམས་ཡིག བདུད་རྩི་བུམ་པ། མེས་པོའི་ཞལ་ལུང༌། ཟིན་ཏིག །བརྒྱད་པའི་སྙིང་པོ་བསྡུས་པ། གཅེས་བསྡུས། འབུམ་ཁུ་ཚུར། གསེར་བྲེ། དངུལ་བྲེ། དངུལ་ཆུ་བེ་བུམ། ཐུགས་རྗེ་ཆེན་པོའི་མིག་འབྱེད། ཞང་བློན་སྒྲུབ་སྐོར་སོགས་ཀྱི་ལུང་དང༌། བཤད་ཁྲིད། དངུལ་ཆུ་བཙོ་བཀྲུ་ཆེན་མོ་སོགས་ནས་ཚིགས་བཅོས་ཀྱི་བར་གྱི་ལག་ལེན་གང་ལ་གང་འཚམ་ཐེ་ཚོམ་གྱི་གནས་སུ་མ་བཞག་པར་ཞིབ་མོར་ངོ་སྤྲད་དེ་ཉམས་སུ་མྱོང་བར་བྱས་པའི་སྨན་པ་གངས་ཅན་རུ་བཞིའི་ཆ་ལས་གཡོན་རུ་གནོད་སྦྱིན་གྱི་དབང་པོ་བདེ་འབྱུང་གིས་སྐྱོང་བའི་ཆར་སྐྱེས་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས།

        བརྒྱད་པ་རྩ་འགྲེལ་དང་ཆོས་ཀྱི་རྗེ་རྡརྨ་སྭ་མིའི་སྨན་ངོ་གསལ་བྱེད་སོགས་ཟུར་མཁར་པ་ཡབ་སྲས་ཀྱི་བཞེད་པ་གཙོ་བོར་སྟོན། ཁུང་ཐུབ་ཀྱི་ཡིག་ཆ་གཞན་ལའང་ཞིབ་མོར་དཔྱད། འགྲེལ་བྱེད་སྔ་ཕྱི་རྣམས་ཀྱི་ལེགས་ཆ་རྣམས་བླངས་ཤིང་མི་འཐད་པའི་ཆ་རྣམས་དོར། སློབ་དཔོན་མཁས་པ་རྣམས་ཀྱི་གསུང་རྒྱུན་གྱིས་ཟུར་བརྒྱན་ཏེ། རང་དང་སྐལ་མཉམ་མང་པོར་ཕན་ཕྱིར་རབ་བྱུང་བཅུ་གཅིག་པའི་ནང་སྟོད་འགྲེལ་བ་ལུགས་ཀྱི་ཀཱ་ལ་དཱུ་ཏི་དུས་ཀྱི་ཕོ་ཉར་འཕོད་པ་ས་ཕོ་རྟའི་ལོ་སྣོན་གྱི་ཟླ་བར་དབུ་བཙུགས་ཏེ། སིནྜ་རྦ་སྟེ་དོན་གྲུབ་བ་ཅེས་པ་ས་མོ་ལུག་གི་ལོའི་དབོ་ཟླ་བའི་ཡར་ཚེས་དགེ་བར་བོད་ཡུལ་སའི་ལྟེ་བ་གནམ་བསྐོས་ཀྱི་རྒྱལ་ཁབ་ཆེན་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་དམར་པོ་རིར་ལེགས་པར་གྲུབ་པའི་ཡི་གེའི་མཐུན་རྐྱེན་རཏྣ་དྷ་རྨ་ཀིའརྟིས་བགྱིས་པ་ཕྱོགས་དུས་ཐམས་ཅད་དུ་དགེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག

        མཐའ་ཀླས་ཡིད་ཅན་རྒྱུད་ལ་ཉེར་གོས་དུག་གསུམ་ཚ་གདུང་ནད། །ཐུགས་རྗེས་ཀཏྤུར་ཡི་ཟེགས་མས་དྲུང་ནས་འབྱིན་པའི་སྨན་པ་མཆོག །བཻཌཱུརྱ་འོད་མཚན་དཔེའི་ཞལ་ཁྱིམ་མངོན་སུམ་བསྟན་ནས་ལྔ་བདོའི་འདམ། །བྱིང་བའི་འགྲོ་དབུགས་ཉེ་བར་ཕྱུང་སྟེ་ཕན་བདེའི་ས་ལ་སྦྱོར་ཞིག་ཀྱེ།།

        གཞན་དོན་རླབས་ཆེན་སྤྱོད་པའི་རླུང་ཤུགས་ཀྱིས། །ཚོགས་གཉིས་ཆུ་གཏེར་བརྒལ་བར་སངས་རྒྱས་རྣམས། །མཉམ་ཡང་སྨོན་ལམ་ཡིད་བཞིན་ནོར་བུ་ཡིས། །ཆེར་སྙིགས་དབུལ་སེལ་སྨན་གྱི་བླ་མ་རྒྱལ། །སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་དུ། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས་གཉིས་ཀྱིས། དྲིས་ལན་ཚུལ་གྱིས་བྱིན་གྱིས་བརླབས་པའི་བཀའ། །ལྷ་དང་དྲང་སྲོང་ཕྱི་ནང་འཁོར་ལ་བཤད། །བཀྲ་ཤིས་ཨ་ཐའི་ཡི་གེས་མེས་པོ་ཡི། །འཁུར་འཚོས་ནས་བརྡོལ་ཚེ་སྒྲུབ་རིག་བྱེད་སོགས། །སྲོག་གི་གསོ་བ་རིང་སྤེལ་གཙུག་ལག་གི །བརྗོད་དོན་མཐའ་དག་རྒྱུད་འདིར་ཚང་བར་འདུས། །ཐུབ་དབང་སྤྱན་སྔར་འཚོ་བྱེད་གཞོན་ནུ་སོགས། །དེ་སློབ་ནཱ་གཱ་རྫུ་ན་དཔའ་བོའི་སྡེ། །ཟླ་བ་མངོན་པར་དགས་མཚོན་འཕགས་ཡུལ་གྱི། །པཎ་ཆེན་མུ་ཐི་ལ་ཡི་འཕྲེང་ལྟར་མཛེས། །པད་འབྱུང་མངའ་བདག་གན་ཇག་ཐང་ཏ་ཡི། །དྲིན་ལས་སྟོང་དང་རྩ་གཉིས་ནད་ཀྱི་གཉེན། །བདུད་རྩི་བཅུད་ལེན་ཡོངས་བསྒྱུར་མ་འོངས་དོན། །ཟབ་མོའི་གཏེར་དུ་གསང་བའི་ཕྱག་རྒྱས་བཏབ། །སྒོ་འབྱེད་དབང་ཕྱུག་འབར་སོགས་རིམ་བྱོན་མཐར། །རིགས་འདུས་སྨན་རྒྱལ་གཡུ་ཐོག་གུ་ཎ་ཡིས། །ཆ་ལག་དང་བཅས་རྣམ་བཤད་དམར་ཁྲིད་ཀྱིས། །ཀུན་ཁྱབ་སྐྱེ་དགུའི་བདག་པོ་གཉིས་མང་སྤྲུལ། །མཐའ་ཀླས་རིག་བྱེད་སྦྱངས་པ་ཚངས་པའི་བུ། །རྒྱུ་སྐར་འཕྲེང་ཚོགས་དབུས་ན་ཉི་ཟླ་བཞིན། །ཆོས་རྒྱལ་བྱང་པ་མཉམ་ཉིད་རྡོ་རྗེའི་དྲིན། །བོད་ཁམས་འགྲོ་བས་བསྐལ་བརྒྱར་གཞལ་ནུས་ཅི། །རྩ་བཤད་རྩ་མདོའི་དགོངས་འགྲེལ་དངུལ་དཀར་གྱི། །མེ་ལོང་ལྟར་གསལ་མེས་པོའི་ཞལ་ལུང་འཕྲོས། །ཆུ་མདོ་མན་འགྲེལ་བདུད་རྩི་དར་མོ་བ། །བློ་བཟང་ཆོས་གྲགས་རིག་རྩལ་མཚོ་ལས་ཐོན། །སྣང་ལ་མ་ངེས་འཁྲུལ་ཕྲའི་རྙོག་མ་རྣམས། །རྣམ་གླིང་པཎ་ཆེན་ཀེ་ཏ་ཀས་བསྒྲུངས་པའི། །ཉམ་འགྲོའི་འཆི་གསོས་དྲང་སྲོང་ཨཱ་གས། །ལེགས་བསྒྱུར་ནད་སེལ་ཡན་ལག་བརྒྱད་ལྡན་ཆུ། །མདོ་རྒྱུད་ལུང་ཁུངས་སྒྲོ་གཤོག་རབ་རྒྱས་དགོད། །ན་ཡམས་མཁའ་མཐའ་སྤྱོད་ལ་ཟད་མིན་པར། །ཚིག་དོན་མངོན་གསལ་རྒྱ་ཁྲ་ཕྱག་ལེན་གྱི། །འཕྱུགས་མེད་ཟན་བཅུད་ཤེས་ལྡན་ཡིད་ཀྱི་གསོས། །ཐོབ་དཀའི་མི་ལུས་རིན་ཅེན་འདུ་འཁྲུགས་པའི། །ཟུག་རྔུའི་འདམ་དྲིས་སྦགས་བ་དྲུང་ཕྱུང་སྟེ། །ལེགས་བྱས་རྒྱལ་མཚན་རྩེར་བཀོད་སིམ་ཚོར་གྱི། །ཕུན་ཚོགས་འདོད་རྒུའི་གྲུ་ཆར་འབེབས་དེ་སྤྲོ། །ཕྲ་མོའི་སྲོག་ཆགས་འཚོ་བ་ལྷུར་བླངས་དགེས། །བསྒྲུབས་འབྲས་འདི་ཕྱིར་རབ་མྱོང་ཁེ་དབོགས་ལ། །བཞོལ་ན་སངས་རྒྱས་སྒྲུབ་རྟེན་འཆི་བདག་ལས། །རྒྱལ་བའི་བསོད་ནམས་སྲིད་གསུམ་ཁོངས་མི་ཤོང༌། །ཆེས་ཕྲའི་དཀར་ནག་གཟུགས་བརྙན་མངོན་སུམ་དུ། །མ་འདྲེས་འཆར་བ་ལྷ་ཆེན་ཉི་མའི་བུའི། །ཕོ་ཉའི་སོར་མོས་ཆེད་དུ་ཨཱ་དར་ཤ། །འཛིན་མའི་མངལ་ཁུར་དེ་ཡང་ད་གདོད་གཏོང༌། །འདུས་བྱས་མི་རྟ་ཁོ་ནར་གསུང་རབ་ནས། །བཤད་དང་མཁས་ཚོགས་དམ་བཅས་རབ་འཇིག་པ། །འཚོ་བའི་གཡུ་དྲུང་སྲོག་གི་ཉ་ཕྱིས་ཁོག །ཚེ་ཡི་མུ་ཏིག་གཏམ་ལ་སུ་ཞིག་བསྙོན། །དེ་ཕྱིར་འདྲི་ཀློག་ཐོས་བསམ་ཉམས་བསྟར་བ། །ཀུན་གྱི་སྤྱི་ནོར་ཆ་ཤས་ཕྲ་མོས་ཀྱང༌། །རྡོ་རྗེ་རིན་ཅེན་ཇི་བཞིན་ངོ་བོའི་གཤིས། །མི་གཏོང་རིག་བྱེད་རྒྱན་ཕལ་ཟིལ་གྱིས་གནོན། །སྤྱངས་སྟོབས་རི་དབང་བསྒྲིལ་ལས་བློ་གྲོས་ཀྱི། །ཆུ་གཏེར་ཀླང་ཐོན་ལེགས་བཤད་ཉ་གང་ཅན། །མཐའ་ཀླས་ནད་ཀྱི་གདུང་བཅིལ་ཀཏྤུརའི། །ཟེགས་མ་གངྒཱའི་ཀླུང་རྡུལ་གྲངས་སྙེད་དང༌། །སྲིད་མཐར་མི་འཛད་ཆོས་ཀྱི་སྦྱིན་པའི་སྒོ། །བརྒྱ་ཕྲག་འབྱེད་ཕྱིར་པར་དུ་ཉེར་བསྐྲུན་མཐུ། །བསོད་ནམས་ནམ་མཁའི་མཐའ་ལས་བརྒལ་དོགས་ནས། །བྱེད་པོས་དགུ་ཚིགས་ཞགས་པས་བཅིངས་པ་བཞིན། །ངང་ཚུལ་དེ་ལྡན་འབྲས་བུ་རྒྱལ་བསྟན་གྱི། །སྙིང་པོ་བློ་བཟང་གྲགས་པའི་རིང་ལུགས་མཆོག །མང་ཐོས་བསམ་སྒོམ་ལྗོན་ཤིན་སྐྱེད་བསྲིངས་འདབ། །གྲིབ་མར་འགྲོ་རྣམས་ངལ་གསོར་སྤྱོད་པར་ཤོག །ལུང་རྟོགས་ཁྱབ་འཇུག་ཞབས་ཀྱི་མ་དག་དྲི། །རབ་བསིལ་ལེགས་བཤད་མཐོ་རིས་ཆུ་བོའི་གོས། །འདོགས་བྱེད་སྐལ་ལྡན་ཤིང་རྟ་ཚངས་སྲས་ལྷ། །བཞད་པའི་རྡོ་རྗེ་འགྱུར་མེད་བརྟན་པར་ཤོག །དགའ་བའི་དཔལ་ལྡན་སྡེ་བཞིའི་ཕོ་བྲང་ཆེའི། །མཆོད་ཡོན་ཟུང་འཇུག་ཆོས་སྲིད་གསེར་སྦྱངས་ཀྱི། །རྩིབས་སྟོང་འཁོར་ལོ་མཁར་འཕགས་རྩོད་པའི་མིང༌། །མཐར་བྱས་རྫོགས་ལྡན་རྩེད་འཇོར་རོལ་བར་ཤོག །ཁྱད་པར་འཆི་མེད་མཆོག་སྦྱིན་ཚེའི་རིག་བྱེད། །ལྷ་དང་དྲང་སྲོང་ཕྱི་ནང་ལུགས་འཛིན་ལ། །དར་བའི་ཡང་བཅུད་རྒྱུད་བཞིའི་གཞུང་དོན་སོགས། །འཆད་ཉན་ཕྱག་ལེན་ཕྱོགས་བཅུར་རྒྱས་པར་ཤོག །གཙུག་ལག་འདིར་སྦྱངས་དེ་འདྲས་རབ་བཀྲོལ་བར། །སྨན་གྱི་བླ་མ་དྲང་སྲོང་བརྒྱུད་འཛིན་བཅས། །དགྱེས་ཞལ་ལྷུག་པར་བསྟན་ནས་ཚེ་རབས་སུ། །འབྲལ་མེད་ཐུགས་རྗེ་ཆེན་པོས་དབུགས་ཕྱུང་ཤོག །མ་ཕམ་དབུས་འགྱུར་ཚལ་དུ་མཆོག་སྤྲུལ་གར། །བསྒྱུར་མིན་གླེགས་བམ་འཛད་པ་མེད་པའི་བར། །བརྐོས་དང་ཞུས་ཆེན་གྱིས་མཚོན་ལས་བྱེད་ཚོགས། །ཟུག་རྔུའི་མིང་ཡང་སྐྱེ་བར་མི་འབྱུང་ཤོག །ལེགས་བྱས་ཨ་མྲའི་འབྲས་བཟང་རོ་བདའ་བ། །གཟུར་གནས་ཡོངས་ཀྱི་ཤེས་རབ་ལྗགས་ཆེན་པོའི། །བརྩོན་པའི་མྱངས་པའི་འཆད་ཉན་བོད་ཡུལ་དུ། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །ཡང་སྲིད་ཀུན་ཏུ་དལ་འབྱོར་ལུས་ཐོབ་ཅིང༌། །བརྩོན་འགྲུས་གོ་གྱོན་ཤེས་རབ་རལ་གྲིའི་མཚོན། །ཐོགས་ནས་གསོ་རིག་གཙུག་ལག་མཐའ་ཀླས་པར། །སྐྱེ་རྒུའི་བདག་པོའི་རྣམ་ཐར་ཡོངས་འཛིན་ཤོག །ཞི་བྱེད་དཔྱད་ཀྱི་ནུས་པ་འཕྲུལ་པོ་ཆེས། །བཞི་བརྒྱ་རྩ་བཞིའི་ནད་ཀྱིས་གཙེས་པ་ཡི། །མི་བཟད་ཟུག་རྔུ་དྲུང་ནས་འབྱིན་ནུས་པར། །ལྷ་རྗེ་གཞོན་ནུས་གསོས་ཀྱི་མཆེད་པོར་ཤོག །འགྲོ་གཞན་འདུ་བ་འཁྲུགས་པའི་གདུང་བ་རྣམས། །བསལ་བས་ལས་ཉོན་རང་རྒྱུད་ལ་གོས་པ། །ལེགས་པར་བྱང་སྟེ་ཐར་པའི་གྲོང་ཁྱེར་དུ། །ཞུགས་ནས་གཏན་གྱི་བདེ་བ་ཐོབ་པར་ཤོག །ཞི་བའི་ལམ་ལ་མ་ཆགས་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པས་ཤེས་སྒྲིབ་ཕྲ་མོ་ཡང༌། །ཉེར་སྤངས་མི་མཛེད་ཞིང་མགོན་རྫོགས་སངས་རྒྱས། །གོ་འཕང་མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །རྣམ་འདྲེན་བཻ་ཌཱུརྱ་ཡི་འོད་པོ་ཆེ། །འཇིག་རྟེན་བྱེད་པོ་དགའ་བ་བརྒྱ་པ་སོགས། །ལྷ་དང་དྲང་སྲོང་རིག་འཛིན་ཚོགས་རྣམས་ཀྱིས། །བཀྲ་ཤིས་དཔལ་འབར་ཁམས་གསུམ་ཡོངས་ཁྱབ་ཤོག །ལུས་ཅན་མཐའ་དག་གི་སྲོག་འཚོའི་རྩི་སྨན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་པོ་ལས་རྩ་བཤད་གཉིས་དང་ཕྱི་རྒྱུད་རྩ་མདོ་ཡན་གྱི་གཞུང་དོན་འགྲེལ་བར་མང་ཐོས་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ཆུ་མདོ་མན་འཕྲོར་ལུས་པ་ཡར་སྟོད་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་གཞུང་གི་ཚིག་དོན་རྣམས་བཀྲོལ་ཏེ་ལག་ལེན་གྱི་ཐོག་ཏུ་ཕེབས་པའི་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་འགྲོལ་གསར་དུ་བསྐྲུན་པར་རྣམ་སྲས་གླིང་པ་བྱ་རིགས་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་ཞུས་དག་པར་བྱས་པའི་པུསྟིཀཿ དགའ་ལྡན་ཕུན་ཚོགས་གླིང་དུ་པར་བརྐོས་ཀྱི་ཚེ་ཆེ་བརྗོད་སྨོན་ལམ་བཀྲ་ཤིས་དང་བཅས་པ་ཟ་ཧོར་གྱི་བནྜེས་སྦྱར་བའི་ཡེ་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཀཱ་ལེ་ཨ་ཐ་ཨུ་ད་ཡ་བྷ་ནྟུ།།  །། འདིའི་པར་གཞི་སྔ་དུས་རབ་དྲག་ས་མོ་ལུག་ལ་བསྐྲུན་པ་དེ་ཉིད་བགྲེས་ཟད་འཐོར་གྱར་ལ་བརྟེན། ད་ལམ་རབ་རྒྱལ་ལྕགས་བྱ་ལོར་གསར་དུ་ཉམས་གསོ་པར་བསྐྲུན་བགྱིས་པའོ།། པར་འདི་འགྲོ་ཕན་སྨན་རྩིས་ཁང་དུ་བཞུགས།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 11:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།