སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ།



ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ། 

དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བའམ་ཞུ་བའི་མུ་ཡོད་པ་དང༌། ཡང་ནི་བསྐྱར་བའི་དོན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། ཀྱེ་ཞེས་བོས་ཏེ། སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ། དང་པོར་ནད་ཀྱི་ཤུགས་མ་རྫོགས་སྐབས་མེའི་སྔོན་དུ་དུ་བ་འབྱུང་བ་ལྟ་བུའི་མངོན་ཚུལ་གྱི་དུས་སུ་གསོ་བ་བྱས་ཀྱང་ནད་དེ་ལམ་ནས་མི་ལྡོག་ཅིང༌། བར་དུ་ནད་རྒྱས་པའི་ཚེ་གཞུང་བཞིན་མ་ནོར་བར་བཅོས་ཀྱང་གཉེན་པོས་འཕྲལ་དུ་མི་ཆོམས་པ་དང༌། ཐ་མར་སྨན་པ་སྨན་དང་ནད་གཡོག་སོགས་བཤད་རྒྱུད་དུ་བཤད་པ་ལྟར་གྱི། ཡན་ལག་བཞི་བཞི་སྟེ་བཅུ་གཉིས་དང་ལྡན་པར་གྱུར་པས་ཀྱང་ནད་ལས་མི་གྲོལ་བར་སྲོག་ནི་ཟད་ནས་འཆི་བར་འགྱུར་བར་སྣང་ལ། གཞན་དག་འགའ་ཞིག་དེ་ལྟར་སྨན་དཔྱད་མ་བྱས་པའམ་བྱས་ཀྱང་ཚུལ་བཞིན་མིན་པའི་ལོག་པ་སོགས་ཀྱིས་ཚད་དང་མ་ལྡན་དུ་ཟིན་ཀྱང༌། ནད་ལས་གྲོལ་ཏེ་འཚོ་ཞིང་གོ་ལྡོག་ཏུ་འགྱུར་བ་མཐོང་བའི་ཕྱིར་ན་གསོ་རིག་སྨན་པ་དང་སྨན་གྱི་དགོས་པ་འདིས་ཅི་ཞིག་བྱ་ཞེས་ཡིད་ནེམ་ནུར་རམ་ཚོམ་པར་གྱུར་པ་ན་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་འདིའི་ཐེ་ཚོམ་བསལ་དུ་གསོལ་ཞེས་ཞུས་པ་ལས། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །

དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཁྱོད་དོན་དེ་ལྟ་བུ་ལ་ཐེ་ཚོམ་གྱི་དོགས་པའི་རྟོག་པ་མི་འཚལ་ཏེ། ཅིའི་ཕྱིར་ཞེ་ན། ནད་ལ་རྒྱས་པར་སྤྲོས་ན་གྲངས་མིང་གི་མཐའ་བཟུང་མི་ཐུབ་པའི་མང་བ་དང༌། དེ་ལས་བསྡུ་ན་སྟོང་དང་དྲུག་བརྒྱ་བཅུ་དྲུག་དང༌། དེ་ལས་བསྡུ་ན་བཞི་བརྒྱ་རྩ་བཞི། བརྒྱ་རྩ་གཅིག་སོགས་དང༌། དེ་ལས་ཀྱང་དུག་གསུམ་ལས་བྱུང་བའི་རླུང་མཁྲིས་བད་ཀན་གསུམ། དེ་ལས་ཀྱང་བསྡུ་ན་མ་རིག་པ་གཅིག་ཏུ་བསྡུ་བ་སོགས་མཐའ་བཟུང་དཀའ་ནའང་འདིར་སྤྲོ་བསྡུའི་མཐའ་རྣམས་དོར་བའི་འབྲིང་པོ་ལྟར་སྣང་འཕྲལ་དང་ཀུན་བརྟགས་གདོན། ཡོངས་གྲུབ་ཚེ། གཞན་དབང་སྔོན་ལས་བཅས་རེ་རེར་བརྒྱ་རྩ་རེ་སྟེ་བཞི་བརྒྱ་དང་རྩ་བཞི་ཞེས་ཉག་བཞིར་གྲགས་པ་ལ། འདི་ལ་རྗེ་ཟུར་མཁར་བ་སོགས་རྒྱལ་བས་ནད་དུ་མ་ཟད་བདེ་སྡུག་སོགས་ཚེ་འདིའི་བྱ་བ་མཐའ་དག་ལས་ཡིན་པར་གསུངས་པས། ནད་ཀྱི་དུས་འདིར་ལས་ནད་བཞི་ཆ་ལས་མི་འོང་བའི་དགག་བཞག་གི་ཅ་ཅོ་དུ་མ་ཞིག་སྒྲོག་ནའང༌། ཚད་མ་རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་དེ། །ཞེས་དང༌། གཞན་ཡང་མདོ་སྡེ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོགས་གསུངས་པ་ལྟར། རྒྱུ་རྐྱེན་འཛོམ་ཞིང་དུས་ལ་བབས་ན་འབྲས་བུ་འབྱུང་ལ། སྨིན་ལུགས་ཀྱང་ལས་གཞིར་བཞག་ནས་ངེས་པའི་ལས་དང་མ་ངེས་པའི་ལས་གཉིས་ཡོད་པ་ལས་དང་པོ་ལ། མཛོད་ལས། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་གྱུར་ལ་སོགས་ངེས་རྣམ་གསུམ། །ཞེས་མཐོང་ཆོས་ཚེ་འདི་ལ་རྣམ་སྨིན་མྱོང་བར་ངེས་པ། ཕྱི་མ་མྱོང་བ། སྐྱེས་ནས་མྱོང་འགྱུར། ཕྱི་མ་ཕན་ཆད་ལ་མྱོང་བ་ལན་གྲངས་གཞན་ལ་མྱོང་འགྱུར་ཏེ་དེ་གསུམ་རྣམ་སྨིན་མྱོང་ངེས་དང་ལས་གང་ཞིག་རྐྱེན་དང་ཕྲད་ན་འབྲས་བུ་འབྱིན་ལ་མ་ཕྲད་ན་མི་འབྱིན་པ་དེ་མ་ངེས་པའི་ལས་ཡིན་ནོ། །དེས་ན་འདི་སྐབས་ཀྱང་དེ་དག་གང་རུང་དུ་འདུ་ལ། དེ་ཡང་ངོ་བོ་འཕེན་རྫོགས་གཉིས་སུ་ཕྱེ་བའི་རྫོགས་བྱེད་ཀྱི་ལས་སུ་བསྡུ་བར་རིགས་ཏེ། ལས་འབྲས་གསལ་བའི་མེ་ལོང་ལས་ཀྱང༌། རྟག་པར་སྡིག་པའི་ལས་བསགས་ཀྱང༌། །འཆི་ཚེ་དགེ་བའི་མཚམས་སྦྱར་ནས། །འཕེན་བྱེད་དགེ་བས་འཕངས་པའི་ཕྱིར། །བདེ་འགྲོར་སྐྱེས་ཀྱང་རྫོགས་བྱེད་ལས། །སྡིག་པས་ནད་ཅན་དབུལ་པོ་སོགས། །རྟག་པར་སྡུག་བསྔལ་གྱིས་གཟིར་འགྱུར། །ཞེས་དང༌། རིགས་པའི་དབང་ཕྱུག་གིས། མ་བརྗོད་པ་ཡང་འདོད་པ་ནི། །ཤུགས་ལས་རྟོགས་པར་གྱུར་པ་ཡིན། །ཞེས་པ་ལྟར། གཞན་དབང་སྔོན་ལས་མ་ཡིན་པའི་གཞན་གསུམ་ཡང་ལས་ཡིན་པར་གོ་བས་རྟོགས་ལ་དེ་དག་ཀྱང་གཞན་དབང་སྔོན་ལས་ནི་རྒྱུ་གཙོ་ཆེ་བ་ངེས་པའི་ལས་ཡིན་ལ། གཞན་གསུམ་རྐྱེན་གཙོ་ཆེ་བ་མ་ངེས་པའི་ལས་ཡིན།

དེ་དག་སྨིན་ལུགས་ཀྱི་དབང་གིས་ཕྱོགས་འདིར་བཞི་ཡོད་པ་ལས་བརྒྱ་དང་རྩ་གཅིག་ཅེས་བཞི་ཆ་གཅིག་ནི་སྔོན་ལས་སྟོབས་ཕྲད་རྐྱེན་དང་ཕྲད་ནའང༌། འབྲས་བུ་ཆེར་མི་བསྐྱེད་ཅིང༌། རྐྱེན་ཆུང་བ་ལམ་ནས་ཀྱང་བཟློག་པ་ལྟར་སྣང་འཕྲལ་གྱི་ནད་ཡིན་ཏེ་མ་བཅོས་རང་གར་བཞག་པའམ་བཅོས་ལོག་པར་གྱུར་པས་ཀྱང་འཚོ་བ་ཡོད་དེ། འོན་ཀྱང་དེ་ཉིད་མ་ནོར་བར་ཚད་ལྡན་དུ་བཅོས་ན་ནི་མྱུར་དུ་བདེ་བ་སྟེར་ཏེ། དཔེར་ན་མི་གང་ཞིག་འགྱེལ་ཞིང་བུབ་ན་ལག་པ་ལས་འཐེན་པ་དང་འདྲ་སྟེ་དེ་ཡང་ཙ་ར་ཀ་ལས་ནད་པ་གང་སྨན་མེད་པར་ནད་ལས་ཐར་ཞིང་ལྡང་བ་ཡོད་ཀྱང་དེ་ནི་སྨན་གྱི་ཡན་ལག་ཕུན་སུམ་ཚོགས་པས་གསོས་པ་ལྟར་ནད་མེད་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ལྷུང་ཞིང་འགྱེལ་བར་གྱུར་པ་ལ་ལ་ཞིག་ལྡང་པར་ནུས་པ་ཅུང་ཟད་ཡོད་དུ་ཟིན་པ་ལ། ཡང་སྐྱེས་བུ་གཞན་ཞིག་གིས་ལག་ནས་དྲངས་ན་དེ་ཤིན་ཏུ་མྱུར་བར་ཉམ་ང་བ་མེད་པར་ལྡང་བར་འགྱུར་རོ་ཞེས་དང༌། ཟླ་ཟེར་ལས། ཡན་ལག་བཅུ་དྲུག་ལྡན་པ་ཡི། །གསོ་བྱེད་བདེ་འགྱུར་ཡོད་མོད་ཀྱང༌། །ནད་ཀྱི་འདམ་དུ་བྱིང་བ་ལ། །ལག་ནས་འདྲེན་པ་སྨན་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་མཐུན་པར་དང་པོར་ནད་ཀྱི་མངོན་ཚུལ་ཆེ་བར་བྱུང་གྱུར་ཀྱང་མ་བཅོས་པ་རང་གར་བཞག་པས་ལམ་ནས་བཟློག་པ་ཡོད་དེ། དེ་ནི་དཔེར་ན་ནམ་མཁའ་ལ་སྤྲིན་འཐིབས་ནས་ཆར་འབབ་པ་ལྟར་སྣང་ཡང་གློ་བུར་དུ་སངས་ནས་ཐན་པར་འགྱུར་བ་དང་འདྲའོ། །

བརྒྱ་དང་རྩ་གཅིག་ཅེས་བཞི་ཆ་གཅིག་ནི་སྔོན་ལས་གྱི་ཁྱད་པར་ལན་ཆགས་ཤ་འཁོན་གྱིས་འབྲེལ་བ་རིམ་གྲོས་ལན་ཆགས་གཞལ་དགོས་པ་ཀུན་བརྟགས་འཁྲུལ་པའི་རང་གཟུགས་སུ་ཤར་བའི་གདོན་བགེགས་ཀྱི་ནད་ཡིན་པས་དེ་མ་བཅོས་པར་སྨན་དཔྱད་ལེན་པར་མི་འདོད་པའི་ཕྱིར་ན་ཐོག་མར་གདོན་བགེགས་གང་ཡིན་གཙུག་ལག་གཞན་གྱི་སྒོའམ་ཚུལ་འདིར་རྩ་ཆུར་བཤད་པ་ལྟར་གྱིས་བཅོས་ན་སྨན་མེད་པར་གྱུར་ཀྱང་འཚོ་བ་ཡོད་དེ་དཔེར་ན་གྲོགས་མང་པོའི་དཔུང་པ་རོགས་སུ་གཡར་བའི་བཙོན་བུ་དང་འདྲ་བ་ཡིན་ཏེ་གྲོགས་རྣམས་མགུ་བར་བྱས་ན་ཁོ་གཅིག་པོས་གླགས་མི་རྙེད་པ་བཞིན་ནོ། །

བརྒྱ་དང་རྩ་གཅིག་ཅེས་བཞི་ཆ་གཅིག་ནི་སྔོན་ལས་སྟོབས་ཆེ་ཆུང་དང་དགེ་མི་དགེ་འདྲེས་པ་ལས་ནད་འབྱུང་བ་གསོ་ཐབས་ཀྱང་འཇུག་པ་ཡོངས་གྲུབ་ཚེའི་ནད་ཡིན་པས་མ་བཅོས་པའམ་བཅོས་སུ་ཟིན་ཀྱང་གསོ་བ་རིག་པའི་རྒྱུད་ཆེན་འདིའི་དོན་ཕར་ཞོག་ཚིག་ཀྱང་མི་ངེས་ཤིང་སྨན་ངོ་སོགས་མི་རྟོགས་པའི་སྨན་པ་ནད་བརྒྱ་སྨན་གཅིག་ཅན་དང་སྟབས་ལེགས་ཀྱིས་རེ་གཉིས་ལྟར་སྣང་འཕྲལ་ནད་དང་འགྲིག་པའི་གྲགས་པ་ཐོན་པ་དང༌། གོང་མ་མཁས་པའི་རིགས་བརྒྱུད་ཀྱིས་ཡོད་དུ་རེ་བ་དང༌། ཆེ་དགུའི་བླ་སྨན་དུ་གྲགས་པའི་སྙན་པར་བརྟེན་པའི་སྙིགས་དུས་ཀྱི་ལྷ་རྗེ་རྣམས་ཀྱིས་གཉེན་པོ་དང་ནད་མ་ཕྲད་པར་ཚོད་ཚོད་ཀྱི་བཅོས་བྱས་ན་འཆི་ལ། གཞུང་ལུགས་འདིའི་རྒྱུད་ཀྱི་ཚིག་དོན་མན་ངག་ཟུར་བཀོལ་སོགས་ཚད་ལྡན་དང་བཅས་པ་དཔྱིས་ཕྱིན་པའི་ནད་བརྒྱ་སྨན་གཅིག་སོགས་མ་ཡིན་པར་ནད་གང་ཡིན་གྱི་གཉེན་པོ་སྨན་དཔྱད་ཟས་སྤྱོད་བཞིའི་སྒོ་ནས་བཅོས་ན་འཚོ་བ་ཡོད་དེ། ཙ་ར་ཀ་ལས། ནད་པ་གང་སྨན་པ་མེད་པ་འགའ་ཞིག་གིས་འཆི་བར་འགྱུར་བ་དེ་ནི་སྨན་གྱི་འབྱོར་བ་ཕུན་སུམ་ཚོགས་པ་རྫོགས་པས་གསོས་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་ནད་པ་ཐམས་ཅད་ཀྱང་གསོ་བའི་ཐབས་ལ་ལྟོས་དགོས་པ་དག་ཀྱང་གསོ་བ་མེད་པར་སོས་པར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པ་སོགས་ཡིན་ཀྱང༌། དེ་དང་དང་པོ་དང༌། བར་པ་དང༌། ཐ་མ་གསུམ་གྱི་སྐབས་སུ་རིམ་པ་བཞིན་ཤེས་དགོས་ཏེ། དང་པོ་ཚ་བའི་མངོན་ཚུལ་གྱི་སྐབས་ལམ་ནས་མི་བཟློག་པ་སྟེ་ཚ་བའི་གཉེན་པོ་བཏང་ཡང་ཚ་བའི་གྲོགས་ཀྱིས་ལེན་དུ་མི་སྟེར་བའི་ཕྱིར་ཡིན་ལ། འོན་ཀྱང་ནད་སྟོབས་ཆུང་ཞིང་གྲོགས་མེད་པའི་གསར་པའི་དུས་དེར་གཉེན་པོས་བཅོས་ན་མི་བཟློག་པ་མེད་དོ། །དེ་ལས་འགྱངས་ན་བར་དུ་ནད་དེའི་རྩ་ལ་རྒྱས་ནས་གཉེན་པོས་ཆོམས་པར་དཀའ་བ་ཡིན་ཏེ། དཔེར་ན་ཤྭ་ཡི་ཞེས་འོང་བའི་གདོང་དུ་རགས་བརྩིགས་པ་ན་དེ་ཉིད་ཆུས་ཞར་ལ་ཁྱེར་ཡང་རགས་དེ་ལ་རྡོ་སོགས་ཞར་ལ་བསྣན་པས་ཆུའི་ཤུགས་ཟད་ནས་རགས་ཀྱིས་ཐུབ་པར་སྣང་ལ། དེ་བཞིན་དུ་ནད་རྒྱས་པ་དང་གཉེན་པོ་གཉིས་འཐབ་པས་འཕྲལ་དུ་མི་ཆོམས་པ་འདྲ་ཡང་གཉེན་པོ་བསྟུད་ན་རྗེས་སུ་ནུས་པ་ཐོབ་པ་བཞིན་ནོ། །མཐར་གྲང་བ་རྒྱས་པ་ནི་ས་དང་འདྲ་ཞིང་ལྕི་བས་ན་གཉེན་པོས་ཆོམས་པར་དཀའ་སྟེ། དེ་ནི་གོ་མཚོན་དང་བཅས་པའི་ཚོང་པ་དམག་དཔུང་དང་བཅས་པ་འདྲ་བས་ན་དེ་ལ་གཉེན་པོ་ཚན་ཆེ་ཞིང་དར་དྲག་པ་དགོས་སོ། །

རྒྱ་དང་རྩ་གཅིག་ཅེས་བཞི་ཆ་གཅིག་ནི་ལས་འབྲས་མི་དགེ་བ་ཤིན་ཏུ་སྟོབས་ཆེ་བའི་ཚེ་ཟད་པའམ་མིན་ཀྱང་ངེས་པར་སྲོག་འཕྲོག་པའི་ཕྱིར་གཞན་དབང་སྔོན་གྱི་ལས་ནད་ཅེས་ཚེ་འདོར་བར་དུས་ལ་བབས་པའི་ནད་ཡིན་པས་གཉེན་པོ་ཐོག་ཏུ་ཁེལ་བའི་བཅོས་ཀྱིས་ཀྱང་མི་ཐུབ་སྟེ་འཆི་ནད་ཡིན་པས་ན། ཙ་ར་ཀ་ལས་ཀྱང༌། སྨན་པ་ཤིན་ཏུ་མཁས་པ་དག་ཀྱང་ནད་པ་ལ་ཡོངས་སུ་རྟོག་ཅིང་གསོ་བའི་སྦྱོར་བ་ལ་འཇུག་ཏུ་ཟིན་ཀྱང་གསོར་མི་རུང་བ་ལ་འཚོ་བ་མ་ཡིན་ནོ། །གསུངས་པ་ལྟར། དེ་ཡང་བསྡུ་ན་སྲོག་གཅོད་ཀྱི་ནད་དགུར་འདུས་པ་ཡིན་ཏེ་གང་ཞེ་ན་ཚ་བ་ལ་བཅོས་དུས་ལས་ལ་འདས་པ་དང་མ་འདས་གཉིས་ནི་དཔེར་ན་མེ་ལོང་ཐབ་ཏུ་བཅུག་པ་དང་འདྲ་སྟེ་དེ་ཉིད་མ་ཞུ་དུས་ན་ཆུས་མེ་བསད་ན་སླེབ་སྟེ་ཞུ་མི་ནུས་ལ་བཞུ་ཟིན་ནས་ཆུ་དེས་མེ་བསད་ཀྱང་མི་བཟློག་པ་བཞིན་ནོ། །གྲང་བ་བཅོས་འཕྱིས་པ་གཏིང་ནས་འཁར་བ་དང་མ་འཁར་བ་གཉིས་ནི་དཔེར་ན་ལྡུམ་བུ་གསར་པ་དང་ནི་སྡོང་རྒན་འདྲ་སྟེ་དང་པོ་ལྡུམ་བུའི་དུས་སུ་ཚོས་སླ་ཡང་གཉིས་པ་སྡོང་རྒན་གྱི་དུས་སུ་ཚོས་པར་མི་འགྱུར་བ་བཞིན་ནོ། །རླུང་ནད་བཅོས་འཕྱིས་པས་སྲོག་རྟེན་དབུ་མའི་ནང་གི་རླུང་རྒྱུ་བ་ཆད་པ་དང་མ་ཆད་པ་གཉིས་ནི་དཔེར་ན་རྐོན་པ་སྟེ་ཆང་སྣོད་རྫ་མའི་དོན་ལ་བཞེད་ནའང་དོན་རྒྱའི་ནང་གི་བྱ་དང་འདྲ་སྟེ་མ་ཤོར་ན་ཟིན་ལ་ཤོར་ན་སླར་ཟིན་ཐབས་མེད་པ་བཞིན་ནོ། །ཟུངས་ཟད་པའི་ནད་ལ་དེ་ཉིད་ཀྱི་སྲོག་ཀྱང་གནས་པ་ཡིན་ཏེ་ནད་དེ་བཅོམ་པར་གྱུར་ན་སྲོག་ཀྱང་ལྷན་ཅིག་ཏུ་འཇིག་པའི་ཕྱིར་དཔེར་ན་རྨང་གིས་མ་ཐུབ་པར་དེ་སྟེང་རྩིག་པ་བརྩིག་པ་དང་འདྲ་སྟེ་སྟེང་དུ་བཅོས་པས་སྟེང་འོག་གཉིས་ཀ་འཇིག་པ་བཞིན་ནོ། །རྣམ་པར་གནོད་ཅིང་འཚེ་བར་བྱེད་པའི་གདོན་གྱིས་བླ་ཁྱེར་བ་ནི་ལྟར་སྣང་ལ་འཚོ་བ་འདྲ་ཡང་ངེས་པར་འཆི་བ་ཡིན་ཏེ་དཔེར་ན་མཚོན་སོགས་ཀྱིས་རྒྱུ་མ་ཕུག་པའི་མི་དང་འདྲའོ། ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང༌། སྔོན་བསགས་ཀྱི་ལས་ཀྱི་ལྷག་མ་དང་བསོད་ནམས་ཀྱི་མཐུ་གསུམ་ག་ཟད་པ་ནི་ནད་ལས་གྲོལ་ཀྱང་རྩ་ཆད་ཅིང་ལུས་སྟོབས་ཤོར་བ་སོགས་འབྱུང་བ་ལྔ་འགག་པའི་ཕྱིར་ན། དཔེར་ན་ནམ་མཇུག་ཆད་པའི་ཆར་པ་ཡང་རིམ་གྱིས་ཆད་འགྲོ་བ་དང་འདྲའོ། །ནད་ཀྱྀ་འདུ་བ་གཤེད་དུ་བབས་པ་ནི་ཚ་བ་དང་གྲང་བ་གཉིས་ཀ་ནད་པ་གཅིག་ལ་འདོམས་པས་ཚ་གྲང་གཉིས་པོ་གཅིག་བཅོས་ན་གཅིག་སྐྱེས་པས་གཉེན་པོ་ཀུན་མི་ལེན་པ་སྟེ། དཔེར་ན་རང་ཐག་རྦད་ཆོད་ཀྱི་མི་ལ་གྲོས་འདེབས་པ་དང་འདྲའོ། །སྦྱོར་བ་མཚུངས་པ་ནི་ཚ་བའི་ནད་ལ་སྨན་དཔྱད་ཟས་སྤྱོད་དྲོད་དུ་སོང་བ་ལྟ་བུ་རྒྱུ་རྐྱེན་དང་གཉེན་པོ་གོ་ལོག་པས་གང་བཅོས་ཀྱང་ནད་ཀྱི་གཉེན་པོར་མི་འགྲོ་བར་གྲོགས་ཀྱི་ཐོག་ཏུ་འབབ་པ་སྟེ། དཔེར་ན་དུག་གིས་ཟིན་པའི་མི་ལ་སླར་བཙན་དུག་བླུད་པ་དང་འདྲའོ། །གནད་དུ་བབས་པ་ནི་ཤིན་ཏུ་གཉན་པའི་དམིགས་སུ་མཚོན་ཕོགས་པ་སོགས་ཀྱིས་སྲོག་གི་གནས་བཅོམ་པ་དང་མཚུངས་ཏེ་སྲོག་རྩ་ཆད་པ་དེ་སླར་མཐུད་པ་སོགས་ཀྱི་བཅོས་ཐབས་ཅི་ལ་རྙེད་དེ། དཔེར་ན་ཆུ་དང་བྲག་གི་གྲས་ཁ་ས་ཡུལ་བཙན་པོའི་རྫོང་དགྲ་ལ་ཤོར་བ་དང་འདྲ་བ་སོགས་རྒྱུ་མཚན་དེའི་ཕྱིར་ན་དྲང་སྲོང་ཆེན་པོ་ཐེ་ཚོམ་སྐྱེ་བར་མི་རུང་ངོ་ཞེས་གསུངས་ཤིང༌། ཟླ་ཟེར་ལས་ཀྱང༌། ནད་པ་གང་ཡན་ལག་བཅུ་དྲུག་དང་ལྡན་པས་གསོ་བྱེད་ཀྱི་འབྱོར་བ་སོགས་མ་ཚང་དུ་ཟིན་ཀྱང་ནད་མེད་ཅིང་བདེ་བར་འགྱུར་བ་ཡོད་མོད་ཀྱི། འོན་ཀྱང་ནད་མེད་ཀྱི་འདམ་དུ་བྱིང་བ་ལ་ནི་ལག་ནས་འདྲེན་ཅིང་སློང་བའི་ཐབས་སྨན་ཁོ་ན་ཡིན་ནོ། །ནད་པ་གང་ཞིག་འཚོ་བ་དང་འཆི་བར་འགྱུར་བ་ལ་ཀུན་ལ་སྨན་གྱིས་འཚོ་ཐབས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ལྟར་སྣང་ཀུན་བརྟགས་གཞན་དབང་སོགས་ནད་ཐམས་ཅད་གསོ་བའི་ཐབས་ལ་རག་ལས་ཤིང་ལྟོས་པ་མ་ཡིན། གཞན་དུ་ན་ཐབས་ལ་ལྟོས་དགོས་པའི་ནད་ནི་ཡོངས་གྲུབ་ཚེ་ནད་རྣམས་གསོ་བའི་ཐབས་ཀྱིས་དོན་མ་ཉམས་པར་བསྒྲུབས་ན་འཚོ་སྟེ་འགྲུབ་པར་འགྱུར་བས། དེ་བས་ན་ཁྱེད་ཀྱི་བཤད་པའི་རྒྱུ་མེད་པར་བཤད་པ་དེ་ནི་གཏན་ཚིགས་སུ་རུང་བ་མིན་ནོ། །གང་ཡང་ཁྱོད་ཀྱི་ཡན་ལག་བཅུ་དྲུག་གིས་ཕུན་སུམ་ཚོགས་པ་ནི་ཀུན་དང་ལྡན་པས་གསོས་སུ་ཟིན་ན་ཡང་འཆི་བར་འགྱུར་བ་དག་སྣང་ངོ་ཞེས་སྨྲ་བ་དེ་ཡང་དེ་ལྟ་མ་ཡིན་ཏེ། གསོ་ཐབས་ནི་སྨན་གྱིས་གསོར་མི་རུང་བའི་ནད་ལ་ཡང་སྨན་དེ་དག་གསོ་བའི་ཐབས་མིན་པར་འགྱུར་བ་ཡོད་པ་མིན། གལ་ཏེ་དེ་ལྟ་བུའི་ནད་པ་གསོ་བའི་ཐབས་ཡན་ལག་བཅུ་དྲུག་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ནད་པ་བློ་དང་ལྡན་པ་ལ་གསོ་བའི་དཔྱད་བྱས་སུ་ཟིན་ཀྱང་གསོ་བ་མ་གྲུབ་པར་གྱུར་བ་འདི་ནི་སྔོན་གྱི་ལས་ཀྱི་ཉེས་པས་ཚེ་ཟད་པ་ལ་སོགས་པའི་དབང་གིས་མ་གྲུབ་པ་ཡོད་ན་ཡང་ཡན་ལག་བཅུ་དྲུག་དང་ལྡན་པའི་གསོ་བ་ནི་མེད་པ་མིན་ནོ། །འོན་ཀྱང་དུས་མིན་པར་འཆི་བ་ལ་སོགས་པ་ནི་རིག་བྱེད་སོགས་བསྟན་བཅོས་ཀྱི་གྲུབ་པའི་མཐའ་ཀུན་དུ་ངེས་པར་གྲགས་པ་ཡིན་པས་ན་དེ་ནི་སྦྱིན་པ་དང༌། སྦྱིན་སྲེག་དང༌། དཀའ་ཐུབ་དང༌། སྡོམ་པ་ལ་སོགས་པ་འབད་པ་ཆེན་པོ་དག་གིས་ཀྱང་ནི་གསོ་བའི་བསྟན་བཅོས་ལྟར་མ་བྱས་ན་གཞུང་ལུགས་གཞན་གྱིས་ཇི་ལྟར་བྱས་ཀྱང་བཟློག་པར་མི་ནུས་སོ། །ནད་སེལ་བའི་གསོ་བ་ནི་ཡན་ལག་བཞི་པོ་སྨན་པ་དང་སྨན་དང་ནད་གཡོག་དང་ནད་པ་བཞི་པོས་ཡོན་ཏན་བཞི་བཞིར་འཕྲོས་པ་མཁས་ཤིང་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་དག་འབྱོར་ཅིང་ཕུན་སུམ་ཚོགས་པ་དང་དེ་བཞིན་དུ་གནོད་པ་དང༌། གནོད་བྱ་ལ་སོགས་པ་བཅུ་གཉིས་ལེགས་པར་བརྟགས་ནས་ཉེ་བར་སྦྱར་བར་བྱ་ཞིང་གཞན་དུ་ན་ནད་ཀྱི་ཚོགས་འཇོམས་པར་བྱེད་པ་མིང་རྣམ་པར་གསོ་བ་ཞེས་བྱ་བ་དེ་ལ་ཐེ་ཚོམ་དང་བཅས་པར་མི་བྱའོ་ཞེས་སོགས་རྒྱ་ཆེར་བཤད་པ་དང༌། རྒྱུ་མཚན་གོང་དུ་སྨོས་པ་དེ་དག་གི་ཕྱིར་ན་གསོ་བ་བྱས་པ་དང་མ་བྱས་པ་ནི་མཉམ་པོར་བྱ་མི་རིགས་ཏེ། འཚོ་བ་དང་འཆི་བ་ཀུན་ལ་སྨན་ཡོད་པ་ཡང་མ་ཡིན་ཏེ། དེ་རྣམས་ཀུན་དུ་སྨན་མེད་ཅེས་སྨྲ་བ་དེ་ཡང་མ་ཡིན་ཏེ་དཔེར་ན་མེའི་སྟེང་དུ་ཆུ་བླུགས་ན་མི་གསོད་པ་ག་ལ་སྲིད་ཀྱང་དེ་ཡང་ཆུ་ཉུང་ཞིངདམན་ན་གསོད་པ་ཤིན་ཏུ་དཀའ་བ་ལྟར་དང༌། དེ་བཞིན་དུ་རྩམ་པ་ཟོས་པས་ལྟོགས་པའི་ནད་དམ་བྲུ་བ་ཚ་བ་མི་སེལ་བ་ག་ལ་སྲིད་ཅིང༌། དེ་བཞིན་དུ་ཆུ་འཐུངས་པས་སྐོམ་པའི་ནད་མི་སེལ་བའང་ག་ལ་སྲིད། གག་ལྷོག་སོགས་ལ་གསོ་བ་མེད་པར་སུ་ཞིག་བདེ་བར་འགྱུར་བ་དཔེ་མེད་པ་དང༌། ཆུ་འགགས་པའི་ནད་ལ་སྨན་དང་དཔྱད་མེད་པར་ཅི་ལ་ཐོན་ཞིང༌། སྨན་སྔགས་ཀྱི་གཉེན་པོ་མེད་པར་དུག་ཀྱང་ཟ་བར་སུ་ཡིས་ནུས་ཏེ་མི་ནུས་ལ། མཆོག་བརྒྱད་ཅུ་སོགས་ཀྱི་ནུས་པ་ནི་ལུང་དེ་ལས་གྲགས་པ་བཞིན་དུ་ནད་སེལ་བ་མངོན་སུམ་དུ་མཐོང་བ་དེའི་ཕྱིར་གསོ་བ་ལ་ཐེ་ཚོམ་དང་བཅས་ཏེ་མི་བྱའོ་ཞེས་གསུངས་སོ། །

དེ་ནས་ཞེས་རྒྱུན་མི་ཆད་པ་སྟེ་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ་མི་ན་བར་གནས་པ་དང་ན་བ་གསོ་དགོས་པས་ན་དགོས་པ་དེའི་ཐབས་ལ་འབྲེལ་བ་ཡོད་དམ་མེད་ཇི་ལྟར་ལགས་དང༌། འབྲེལ་བ་མེད་ན་ནི་དེའི་ཆོས་ལ་སྤྱད་པས་ཅི་ཞིག་འགྲུབ་སྟེ། དཔེར་ན་མར་འདོད་པ་ལ་བྱེ་མ་བཙིར་བ་ལྟ་བུར་མི་འགྱུར་རམ་ཞེས་ནེམ་ནུར་དུ་འདྲི་ཞིང༌། འདི་ལ་འབྲེལ་བ་ཇི་ལྟར་ཡོད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བཀའ་སྩོལ་ཞིག་ཅེས་ཞུས་པ་ལས། སྟོན་པས་དེའི་ལན་གསུངས་པ། ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་རྣ་བ་གཏོད་དུ་བཅུག་སྟེ།

གསོ་བ་རིག་པ་འདི་ལ་ཐབས་དང་ཐབས་བྱུང་གི་འབྲེལ་བ་ཅི་སྟེ་མེད་དེ་ངེས་པར་ཡོད་ལ། དེ་ཡང་གསོ་བའི་ཡུལ་འགྲོ་བའི་ལུས་འདི་ནི་འབྱུང་བ་བཞིའམ་ལྔ་ལས་གྲུབ་ཅིང༌། གསོ་བྱའི་ནད་ཀྱངདེ་བཞིན་དུ་འབྱུང་བ་བཞིའམ་ལྔ་ཡིས་བསྐྱེད་ལ། གཉེན་པོའི་སྨན་ཡང་འབྱུང་བ་བཞི་འམ་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན་ལུས་དང་ནད་དང་གཉེན་པོ་གསུམ་ནི་འབྱུང་བ་བཞི་འམ་ལྔའི་ངོ་བོར་བདག་ཉིད་གཅིག་པར་འབྲེལ་ལ། དེ་བཞིན་དུ་གནོད་བྱ་ལུས་དང་གནོད་བྱེད་ནད་ཀྱང་རྟེན་དང་བརྟེན་པར་འབྲེལ་ཞིང༌། གསོ་བར་བྱ་རྒྱུའི་ནད་པ་དང༌། གསོ་བའི་གཉེན་པོའམ་བྱེད་པོའི་སྨན་པ་དེ་ཡང་བསོད་ནམས་དང་ལས་ཀྱིས་འབྲེལ་བ་ཡིན་ཏེ། དཔེར་ན་རིན་པོ་ཆེ་དང་ཀླུའི་རྒྱལ་པོ་དང་འདྲའོ། །དེ་ཡང་མི་ཤེས་པ་ཤེས་པར་བྱེད་པ་ནི་གསོ་བ་རིག་པའི་གཞུང་ངམ་ཐབས་རྣམས་སུ་འབྲེལ་ལ། ཐབས་དེ་ལས་འབྱུང་བ་ནི་འདུ་བ་སྙོམས་པར་འབྲེལ་ཞིང་འདུ་བ་སྙོམས་པ་དེ་ལས་ནི་ནད་མེད་པར་བདེ་བ་ལ་གནས་པར་འབྲེལ་བས་ན་ཐབས་དང་ཐབས་བྱུང་དེ་དང་དེ་ལས་འབྱུང་བར་འབྲེལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གསོ་བར་བྱ་བའི་དོན་བྱེད་ནུས་པ་དེའི་ཕྱིར་དང༌། གསོ་བྱེད་ཀྱིས་གསོ་བར་ནུས་པའི་རྒྱུ་མཚན་ཡང་དེ་ལ་རག་ལུས་པའི་ཕྱིར་རོ་ཞེས་གསུངས་སོ། །

དེ་ནས་ཞེས་པ་ནི་སྔ་མའི་འཕྲོའམ་རྒྱུན་མི་ཆད་པའི་དོན་ཏེ། ཡང་དྲང་སྲོང་ཡིད་ལས་སྐྱེས་ལ་སོགས་པ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བསྡེབས་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་བསྟོད་པ། ཀྱེ་ཞེས་སྙན་གསན་དབབ་པའམ་བོད་ཚིག་སྟེ་སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཉིད་ནི་རྒྱལ་བ་ཐམས་ཅད་དང་དབྱེར་མ་མཆིས་ཤིང་སྟོན་པའི་ཐུགས་ཡེ་ཤེས་ལྔའི་བདག་ཉིད་ལ་མ་རིག་པའི་མུན་པ་མེད་ཅིང༌། མཚན་འཛིན་གྱི་རྟོག་པ་སྤངས་པའམ་མེད་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རིག་པའི་ཡེ་ཤེས་ཉིད་ནི་ཉི་མའི་དཀྱིལ་འཁོར་དང་འདྲ་སྟེ་ཐུགས་རྗེའི་འོད་ཟེར་གྱིས་འགྲོ་བའི་དུག་གསུམ་གྱི་མུན་པ་མཐའ་དག་སེལ་ཞིང་གསོ་བ་རིག་པ་ཐམས་ཅད་འདུས་པའི་རྩ་བའི་རྒྱུད་ཉིད་ཐུགས་ལས་བྱུང་བས་ན་ཐུགས་མཉམ་པ་ཉིད་ཆོས་དབྱིངས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་དེ་ལ་གུས་པས་ཕྱག་འཚལ་ལོ། །སྟོན་པའི་གཟུགས་ཀྱི་སྐུ་ལ་བགྲེས་རྒུད་དང་བསྙེལ་བ་མེད་པ་ངོ་བོ་གསལ་སྟོང་སྤྲོས་བྲལ་ལམ་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པ་རིན་ཆེན་བཻ་ཌཱུརྱ་འདྲ་བའི་སྐུའི་འོད་ཟེར་ཕོག་པ་ཙམ་གྱིས་འགྲོ་བ་རྣམས་ཀྱི་རྒྱུ་དུག་གསུམ་དང་འབྲས་བུ་ནད་བརྒྱད་ཁྲི་བཞི་སྟོང་རྣམས་སེལ་བར་མཛད་ཅིང་ཐ་སྙད་རིག་པ་འཆད་རྩོད་སོགས་ལ་མ་རྨོངས་པའི་བཤད་པའི་རྒྱུད་ནི་སྐུ་ལས་བྱུང་བས་ན་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་ཡོན་ཏན་མཉམ་པ་ཉིད་དང་ཡེ་ཤེས་ཀྱི་ངོ་བོ་ཟད་པ་མེད་ཅིང་འཕེལ་བ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་སངས་རྒྱས་སྨན་གྱི་བླ་མའི་ཡོན་ཏན་གྱི་འོད་ཟེར་ཕྱོགས་བརྒྱར་འཕྲོ་བ་དེས་འགྲོ་བའི་སྡུག་ཕོངས་ཀྱི་འཇིགས་པ་སེལ་ཞིང༌། མན་ངག་དང་ལྡན་པའི་རྒྱུད་ཆེན་ནི་ཡོན་ཏན་ཉིད་ལས་བྱུང་བས་ན་རིན་ཆེན་ལ་སོགས་པ་ལྟ་བུའི་དགོས་འདོད་ཐམས་ཅད་འབྱུང་བའི་གནས་སམ་དེ་དག་འབྱུང་བ་དང་ལྡན་པས་རིན་ཆེན་འབྱུང་ལྡན་གྱི་སྐུའི་རང་བཞིན་ལ་ཕྱག་འཚལ་ལོ། །སྟོན་པའི་ཕྲིན་ལས་ནི་གང་ལ་ཡང་ཐོགས་པ་མེད་ཅིང་ཞི་རྒྱས་དབང་དྲག་བཞི་ག་ཡོངས་སུ་རྫོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་རྒྱལ་བ་དོན་ཡོད་གྲུབ་པ་ཆེན་པོའི་ཕྲིན་ལས་ཀྱི་འོད་ཟེར་གྱིས་འགྲོ་བའི་ནད་དང་གདོན་ཐམས་ཅད་སེལ་བར་བྱེད་ཅིང་ནད་ཀྱི་ཐོག་ཏུ་ཐོགས་པ་མེད་པའི་ཕྱི་མ་རྒྱུད་འདི་ནི་ཕྲིན་ལས་ཉིད་ལས་བྱུང་བས་ན་དཔའ་བོ་སྤྲུལ་པའི་སྐུ་དེ་ལ་ཕྱག་འཚལ་ལོ། །སྟོན་པའི་གསུང་ནི་འགག་པ་མེད་པ་ཡན་ལག་དྲུག་ཅུའི་བདག་ཉིད་ཚངས་པའི་གསུང་དབྱངས་ལྟར་སྙན་ཅིང༌། དེ་ཡང་སྨྲ་གཅིག་ལ་ཀུན་གྱི་འདོད་པ་ཐ་དད་གོ་བར་འགྱུར་བས་ན་འཁོར་ཚོགས་རྒྱ་མཚོའི་འདོད་པ་ལྟར་གྱི་རེ་བ་སྐོང་བ་དང་གསུང་གི་འོད་ཟེར་གྱིས་འགྲོ་བའི་ངག་སྒྲིབ་སེལ་ཞིང་རྒྱུད་བཞི་པོ་འདི་ཉིད་ཀྱི་དྲི་བ་ཞུ་བ་དང་དེའི་ལན་སྩོལ་བ་ཐམས་ཅད་སྟོན་པ་ཁྱོད་ཀྱི་གསུང་ལས་སྤྲུལ་ཏེ་བྱུང་བས་ན་གསལ་དག་པདྨའི་གསུང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སངས་རྒྱས་སྣང་བ་མཐའ་ཡས་སམ་ཡིད་ལས་སྐྱེས་ཀྱི་སྐུ་རང་ཉིད་དེ་ལའང་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་མངོན་པར་བསྟོད་དོ། །

དེ་ནས་ཞེས་པ་ནི་འཕྲོ་ཡོད་པའམ་རྒྱུན་མི་ཆད་པའི་དོན་ཏེ། ཡང་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་རྒྱུད་ཆེན་པོ་འདི་ཉིད་ལ་བསྔགས་པའི་རིམ་པ་འདི་དག་ཆེད་དུ་བརྗོད་པ་ནི་འདི་སྐད་དོ། །ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་དང་བཅས་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཞེས་རྣ་བ་གཏོད་དུ་བཅུག་སྟེ་གསོ་རིག་ཐམས་ཅད་ཀྱི་རྩ་བ་ལྟ་བུ་དང་མཚུངས་པའི་ཐུགས་ཀྱི་དཀྱིལ་གྱི་སྙིང་པོ་ལྟ་བུའི་རྒྱུད་འདི་ནི་ས་བོན་དང་འདྲ་སྟེ། འདི་ལས་མ་སྐྱེས་པའི་གསོ་དཔྱད་ནི་གཞན་ག་ནའང་ཡོད་པ་མ་ཡིན་ནོ། །དེ་ལས་རྒྱས་པ་སྐུ་ལྟ་བུ་དང་མཚུངས་པའི་བཤད་རྒྱུད་འདི་ནི་བར་སྣང་ལ་འཆར་བའི་ཉི་ཟླ་ཟུང་དང་འདྲ་སྟེ། ཚིག་དོན་མ་ལུས་པ་སྒྲིབ་པ་མེད་པར་གསལ་བར་སྟོན་ནུས་པ་ཡིན་ནོ། །མན་ངག་ཅེས་པའི་རྒྱུ་མཚན་གོང་དུ་རྒྱས་བཤད་སོང་བ་ལྟར་ཡོན་ཏན་གྱི་རྒྱུད་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། དགོས་པའི་དོན་ཐམས་ཅད་མ་ཚང་བ་ནི་གཅིག་ཀྱང་མེད་པས་ན་གསོལ་བ་བཏབ་པ་ཙམ་གྱིས་ཡིད་ལ་འདོད་པ་ཐམས་ཅད་བདེ་བླག་ཏུ་འགྲུབ་པའོ། །ཕྱི་མ་འཕྲིན་ལས་ལས་བྱུང་བའི་རྒྱུད་འདི་ནི་རྡོ་རྗེ་ཕ་ལམ་དང་འདྲ་སྟེ་ནད་གང་གི་སྟེང་དུའང་ཐོགས་པ་ཡོད་པ་མ་ཡིན་ནོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞི་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་ཉིད་ནི་ནམ་མཁའི་མཛོད་དང་འདྲ་སྟེ་དྲིས་པའི་ལན་ཐམས་ཅད་ལ་ཟད་མི་ཤེས་པར་སྟོན་ནུས་སོ། །གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་འདི་ནི་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་སྟེ་ཞུ་བའི་ཚིག་ལ་ཞུམ་ཞིང་སྐྲག་པ་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་འདུས་པའི་རྒྱུད་བཞི་པོ་འདི་ནི་བྱ་ཁྱུང་ནམ་མཁར་ལྡིང་བ་འདྲ་སྟེ་ནད་ཀྱི་གཡང་སར་ཉམ་ང་བ་དང་བག་ཚ་བ་མེད་དོ། །གཞན་ཡང་རྒྱུད་ཆེན་འདི་ཉིད་ཡིད་དུ་འོང་བ་སོགས་ནི་ལེགས་ལྡན་དཔྱིད་ཀྱི་ཕོ་ཉ་ཁུ་བྱུག་གི་གསུང་སྙན་དང་འདྲ་སྟེ། འགྲོ་བ་གང་དག་གི་རྣ་བར་ཐོས་པ་ཙམ་གྱིས་ཀྱང་སྤྲོ་བ་བསྐྱེད་ནུས་སོ། །ཀུན་ཏུ་འབྱུང་བར་དཀོན་པས་ན་ཨུ་དུམ་ལྦ་རའི་མེ་ཏོག་དང་འདྲ་སྟེ་ཐོས་པ་དང་མཐོང་བ་དོན་མ་ཉམས་པར་ལོངས་སུ་སྤྱོད་པའི་སྐལ་ལྡན་ནི་རེ་རེ་ཙམ་ལས་མི་འབྱུང་བའི་ཕྱིར་རོ། །དེ་ཡང་ཉི་མའི་འོད་ཟེར་གྱིས་ཟླ་བ་དང་སྐར་མ་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ་རྒྱུད་རྒྱལ་འདི་ཡིས་ཀྱང་གསོ་བ་རིག་པའི་གཞུང་ལུགས་གཞན་ཀུན་ཟིལ་གྱིས་གནོན་ནུས་པ་ཡིན་ནོ། །གཞན་ཡང་རྒྱུད་འདི་ནི་རིག་སྔགས་སོགས་ལ་ལྟོས་པ་མེད་པའི་འགྲོ་བ་མཐའ་དག་ཉེར་འཚེའི་འཇིགས་པ་ལས་སྐྱོབ་པའི་སྲུང་སྐུད་ལྟ་བུ་ཡིན་ཏེ། ཟླ་ཟེར་ལས་ཀྱང༌། འདི་ནི་དུས་མིན་འཆི་ཞགས་པ། །བརྟན་པོ་གཅོད་པར་བྱེད་པ་ཡིན། །ནད་ཀྱིས་སྐྲག་ཅིང་འཇིགས་པ་ལ། །སྔགས་མེད་པ་ཡི་སྲུང་སྐུད་ཡིན། །ཞེས་གསུངས་པ་ལྟར། འཆི་བདག་བདུད་སྡེའི་དཔུང་ཐམས་ཅད་བཟློག་པའི་མཚོན་ཆའི་འཕྲུལ་འཁོར་ཆེན་པོ་ལྟ་བུ་ཡིན་ཅིང༌། ནད་ཀྱི་དགྲ་དཔུང་མ་ལུས་འཇོམས་པར་བྱེད་པའི་དཔའ་བོ་ལྟ་བུའང་ཡིན་ནོ། །འདུ་བ་མི་སྙོམས་པར་འཕེལ་བ་དང་ཟད་པ་གཉིས་སྙོམས་པར་བྱེད་པའི་སྤྱི་པ་ལྟ་བུའང་ཡིན་ནོ། །དུས་མིན་དུ་འཆི་བར་བྱེད་པའི་ཞགས་པ་གཅོད་པའི་རལ་གྲི་ལྟ་བུའང་ཡིན་ནོ། །ནད་ཀྱི་ཟུག་རྔུ་གཟེར་བཏབ་པ་དང་མཚུངས་པ་མཐའ་དག་གཅོག་པའི་ཐོ་བ་ལྟ་བུའང་ཡིན་ནོ། །སྡུག་བསྔལ་ཆེན་པོ་ནད་ཀྱི་འདམ་ནས་འདྲེན་པར་བྱེད་པའི་ལྕགས་ཀྱུ་ལྟ་བུ་འང་ཡིན་ནོ། །འཆི་བ་ལ་ཐུག་པའི་སྲོག་ཐམས་ཅད་སྐྱོབ་པར་བྱེད་པས་ན་མི་འཇིགས་པའི་སྦྱིན་པ་ལྟ་བུའང་ཡིན་ནོ། །གང་དག་འཆི་བར་ཐག་ཆོད་པ་དེ་མལ་ནས་སློང་བར་བྱེད་པའི་འཆི་མེད་ཀྱི་བདུད་རྩིའི་བུམ་པ་ལྟ་བུ་ཡང་འདི་ཉིད་ཡིན་པས་ན་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ཉིད་ལ་གཅེས་པར་ཟུངས་ཤིག་གོ་ཞེས་གསུངས་སོ། །

དེ་ནས་ཞེས་པ་ནི་ཞུ་བའི་འཕྲོ་ཡོད་པའམ་རྒྱུན་མི་ཆད་པ་ལའང་འཇུག་སྟེ་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོད་ཚིག་གིས་དྲངས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ་རྒྱུད་ཀྱི་རྒྱལ་པོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི་དུས་ཀྱི་ཐ་མ་སྐྱེས་བུ་ཇི་ལྟ་བུ་ལ་གཏད་པར་བྱ་བ་དང༌། མི་བསྟན་པར་སྦ་བར་བྱ་བའི་སྣོད་ངན་ཡང་གང་དང་གང་ལ་གསང་བར་འོས་ཤིང༌། སྣོད་དང་མི་ལྡན་པ་རྣམས་ལ་མ་གསང་བ་དང༌། སྣོད་དང་ལྡན་པ་རྣམས་ལ་མ་གཏད་པའི་སྐྱོན་དང་ཡོན་ཏན་གང་དུ་འགྱུར་ཞེས་འདྲི་ཞིང་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བདག་ཅག་རྣམས་ལ་ལུང་སྟོན་པར་མཛོད་ཅིག་ཅེས་ཞུས་པ་ལས། སྨན་དཔྱད་ཀྱིས་གསོ་བའི་རྒྱུད་འདི་ནི་འགྲོ་བའི་སྡུག་བསྔལ་རྣམས་སེལ་བར་བྱེད་ཅིང༌། རྒས་པ་དང༌། ན་བ་དང༌། འཆི་བའི་སྡུག་བསྔལ་འཇོམས་པར་བྱེད་པ་ཡིན་པས་བདུད་རྩི་མངོན་སུམ་ཡིན་ཏེ། གང་གི་ཕྱིར་བདུད་རྩི་དོན་དུ་གཉེར་བའི་ཕྱིར་ལྷ་ལྷ་མ་ཡིན་གྱིས་སྡུག་བསྔལ་གྱི་འབད་པ་ཆེན་པོ་བྱས་ཏེ་ཐོབ་པར་འགྱུར་བ་ཡིན་ཏེ། འདི་ནི་སྡུག་བསྔལ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་སྣོད་ངན་པ་བསྟན་བཅོས་ཀྱི་ཐོས་པ་མེད་པའི་སྨན་པའི་རྒྱུད་ལ་གནས་པར་གྱུར་ན་འཕྲལ་དུ་ནི་དེའི་མོད་ལ་ཧ་ལ་ཧ་ལ་ཞེས་བྱ་བ་དུག་ཆེན་པོར་འགྱུར་བ་ཡིན་ནོ། །སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཁྱོད་ཉོན་ཅིག་ཅེས་གདམས་ཏེ།

རྒྱུད་འདི་གཏད་པར་བྱ་བའི་སྣོད་ལ་བཟང་ངན་གྱི་ཁྱད་པར་ཅི་སྟེ་མེད་པ་གང་ཡིན་ཏེ་ཇི་ལྟར་ཞེ་ན་སྣོད་ངན་པ་རྣམས་ཀྱིས་གདམས་པ་བཟང་པོ་འདིའི་བཅུད་མི་ཐུབ་པའི་ཕྱིར་ཏེ། དཔེར་ན་སེང་གེ་དཀར་མོའི་འོ་མ་དེ་ནི་རིན་པོ་ཆེ་ལས་གྲུབ་པ་མ་ཡིན་པའི་སྣོད་ངན་པ་གང་བྱུང་བ་ཞིག་གིས་ཕལ་པར་བླུགས་ན་སྣོད་དེ་ཉིད་ཀྱང་ཆག་འགྲོ་ལ་འོ་མའི་བཅུད་ཀྱང་འབོ་བར་འགྱུར་བས་ན་རྒྱུ་མཚན་དེའི་ཕྱིར་གསང་བའི་སྣོད་ངན་དེ་ཡང་ཇི་ལྟར་ཞེ་ན་འདི་ལྟ་བུ་སྟེ་སློབ་དཔོན་འདི་ཡིན་གསང་ཞིང༌། རང་མཁས་འདོད་ཀྱི་ཆེ་བ་འབྱིན་པ་དང༌། མན་ངག་ཐབས་ཀྱིས་བརྐུ་ཞིང་ཇི་ལྟ་བར་མི་ཞུ་བར་གཞོགས་སློང་བྱེད་པ་དང༌། དྲིན་ལན་བསབ་པའི་བཀུར་སྟི་བྱེད་འདོད་མེད་པ་དང༌། གཞན་ལ་ཁྱད་གསོད་བྱེད་པ་སོགས་ལ་ཤོར་ར་རེ་སྟེ་གསང་བ་དང༌། གཞན་ལ་ཕན་སེམས་མེད་པར་གཡོ་སྒྱུའི་སྒོ་ནས་འགྲོ་བའི་ནོར་ལ་འཇབ་པ་དང༌། རང་མཁས་པ་དང་ཆེ་བ་འདོད་པའི་ང་རྒྱལ་དང་དྲེགས་པས་བཅིངས་པ་དང༌། གཞན་ལ་སྙིང་རྗེ་མེད་ཅིང་ཚེ་འདིའི་ཁེ་གྲགས་སོགས་རང་འདོད་གཙོ་བོར་འཛིན་པ་རྣམས་ཀྱི་ལག་ཏུ་ཤོར་ར་རེ་སྟེ་གསང་བ་དང་གཞན་ཡང་གསེར་གཡུ་རྟ་ཁྲབ་སོགས་ཟང་ཟིང་གི་ནོར་ཕྲ་མོ་ཙམ་གྱི་ཡོན་གྱིས་མི་བསླུ་བའམ་འབུལ་བར་མི་ནུས་པར་ཁ་འཇམ་པོས་བློ་བྲིད་པ་སོགས་ཀྱི་ལག་ཏུ་ཤོར་ར་རེ་སྟེ་མི་འཆོར་བར་བྱེད་དགོས་པ་སོགས་དེ་ལྟར་བཤད་པ་དང་མཚུངས་པའི་སྐལ་བ་མེད་ཅིང་སྣོད་དང་མི་ལྡན་ན་ནི་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པ་བཞིན་དུ་བསྐལ་པ་འཁྲུགས་པར་གྱུར་ཀྱང་ཁ་རུ་བཅུག་ནས་མི་དབྱུང་བར་གསང་དགོས་སོ། །གཞན་ཡང་སྲོག་གཅོད་པ་དང༌། སེར་བ་འབེབས་པ་དང༌། གཏད་མནན་དང་དུག་སྦྱོར་ལ་སོགས་པ་མུ་སྟེགས་པ་དེ་དང་འདྲ་བའི་འབྲུག་པ་སོགས་ཀྱི་ཆོས་དང་གསོ་བ་རིག་པ་འདི་ཉིད་མི་བརྗེ་ཞིང༌། རྫུན་རིབ་ཀྱི་ལུང་སྟོན་པ་མོ་སོགས་གཤེན་རབ་བོན་གྱི་ཆོས་དང༌། གསེར་འགྱུར་སོགས་བཟོའི་རིག་པ་དང་ཁ་གཤགས་འཇིག་རྟེན་པའི་བསྟན་བཅོས་དང༌། ཐ་སྙད་རྟོག་གེའི་ཆོས་སོགས་དང་རིག་པ་འདི་མི་བརྗེ་ཞེས་པའི་ཐ་སྙད་ནི་སྐབས་ཐོབ་ཤེས་དགོས་ཏེ་མདོར་བསྡུས་ཙམ་བརྗོད་ན་བླ་མེད་ཀྱི་དོན་རྟོགས་པར་སྔགས་ལ་ཞུགས་ནས་ཡི་དམ་གཅིག་ལ་ཆིག་སྒྲིལ་བྱེད་དགོས་དབང་གིས་གསུངས་པ་ཡིན་ནའང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བསྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་པས་དང་པོ་ཐ་སྙད་ལ་བརྟེན་ནས་རིག་པའི་བརྡར་ཤ་མ་བཅད་པར་དམ་པའི་དོན་རྟོགས་དཀའ་བས་ན་སྐབས་ཐོབ་ཤེས་དགོས་སོ། །དེ་ལྟར་གོང་བཤད་ཀྱི་སྣོད་ངན་རྣམས་ལ་མ་གསང་པའི་སྐྱོན་ནི་གདམས་པ་གསང་མ་ཐུབ་པར་སྤེལ་བས་འཆལ་བར་སོང་སྟེ་མཁས་ཁྱད་མེད་པ་དང༌། སློབ་མ་དེའི་རྒྱུད་མ་དག་པ་དུག་གསུམ་གྱིས་ཀུན་ནས་བསླངས་པ་དང་འདྲེས་པས་འགྲོ་བ་ཀུན་ལ་ཕན་མི་ཐོགས་པར་ས་ངན་པའི་ཁོང་དུ་ས་བོན་རུལ་བ་བཞིན་གདམས་པའི་མགོ་མི་ཐོན་པར་ཆུད་འཛའ་བའི་སྐྱོན་ཡོད་དེ། ཟླ་ཟེར་ལས་ཀྱང༌། འདི་ནི་འགྲོ་བའི་སྡུག་བསྔལ་རྣམས། །སེལ་བྱེད་བདུད་རྩི་མངོན་སུམ་ཡིན། །སྣོད་ངན་གནས་ན་འཕྲལ་དུ་ནི། །ཧ་ལ་ཧ་ལར་འགྱུར་བ་ཡིན། །ཞེས་དང༌། དམ་ཚིག་ཉམས་པས་རང་གཞན་གཉིས་ཀ་ཕྱི་མ་ངན་འགྲོར་ལྷུང་བ་ལ་སོགས་པའི་ཉེས་པ་མང་པོ་འབྱུང་བས་དེའི་ཕྱིར་ན་ཤིན་ཏུ་གསང་བར་གསོངས་ཤིག་དྲང་སྲོང་རྣམས་ཞེས་གསུངས་ཤིང༌།

རྒྱུད་འདི་གཏད་པར་བྱ་བའི་སྣོད་དང་ལྡན་པའི་སློབ་མ་ནི་དམ་ཚིག་དང་ལྡན་པས་བླ་མ་དང་སློབ་དཔོན་སྤྱི་བོར་ཁུར་བ་དགོས་ཏེ། མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་དང༌། སློབ་དཔོན་དཔའ་བོའི་ཞལ་སྔ་ནས་ཀྱང༌། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་རྟག་བསྟེན་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་དང༌། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་དང༌། འདིར་མང་སྨྲ་བ་ཅི་ཞིག་དགོས། །བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བྱ། །ཞེས་སོགས་གསུངས་པ་ལྟར་བཀུར་སྟི་ཚུལ་བཞིན་དུ་སྒྲུབ་པ་དང༌། ནོར་དང་སྲོག་ལ་ཕོངས་པ་མེད་པར་བླ་མ་སློབ་དཔོན་སོགས་ཡོན་ཏན་གྱི་དོན་དུ་གཏོང་ཕོད་ནུས་པ་དང༌། དེ་ཙམ་གྱིས་ཀྱང་མི་ཆོག་པར་ཤེས་རབ་ཆེ་བས་ཚིག་དོན་གྱི་འགལ་འབྲེལ་འབྱེད་ཤེས་ཤིང་ཐོས་བསམ་སྒོམ་གསུམ་ལ་འབད་དགོས་ཏེ། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་ལུས་པ་མ་ཡིན་ནོ་ཞེས་དང༌། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག། དཔལ་དང་གྲགས་པ་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག། ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ། །ཞེས་པ་ལྟར་ཡོན་ཏན་ལ་ཐོས་བསམ་ནན་དུ་སྐྱེད་པ་དང༌། སྐྱེ་བ་དུ་མར་སྦྱངས་པའི་མཐུ་ཡོད་པ་མང་དུ་ཐོས་པའི་ཤེས་རབ་སྐྱེ་ཆེ་བར་མ་ཟད། དབུ་མ་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །ཞེས་གསུངས་པས། ལེ་ལོའི་དབང་དུ་མ་སོང་བའི་བརྩོན་པ་ཆེན་པོས་ལྷུར་བླངས་ཏེ་ཉམས་སུ་ལེན་དགོས་ཤིང༌། དེའི་ཚུལ་ཡང་གཞུང་དོན་རྣམས་ལ་དང་པོར་ལུང་བཤད་གལ་ཆེ་སྟེ། འདུལ་བ་ལས། ཀློག་པའི་སློབ་དཔོན་དུ་འགྱུར་བར་ཡང་ཤླཽ་ཀ་གཅིག་གིས་མཐའ་བརྟེན་པ་ཡན་ཆད་བསླབ་པའི་འདུན་པས་ལན་གསུམ་དུ་སློབ་མའི་རྣ་བར་ཀློག་པ་ཞིག་ངེས་པར་དགོས་པ་དང་ཞེས་དང༌། འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། ལུང་ནོད་པར་བྱའོ་ཞེས་སོགས་ཀྱང་གསུངས་པའི་ཕྱིར་དང༌། གཞན་ཡང་ཇི་སྐད་དུ། མདོ་དོན་སྨྲ་བ་རྣམས་ལ་ནི། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར། དགོས་པ་བསྡུས་དོན། ཚིག་དོན་མཚམས་སྦྱོར་བརྒལ་ལན་དང་བཅས་པ་ཁོང་དུ་ཆུད་པར་བྱས་ཏེ་གཞུང་ལེའུ་རེའི་སྟོད་སྨད་ཙམ་ཧོལ་ཁོང་དུ་ཟིན་པ་མ་ཡིན་པར་གཞུང་རྫོགས་དང་དེའི་དོན་གསལ་བའི་འགྲེལ་པ་ཚད་ལྡན་རྩ་བཤད་ལ་བདུད་རྩིའི་ཆུ་རྒྱུན་དང་མེས་པོའི་ཞལ་ལུང་སོགས་དང༌། བཞི་ག་ཚང་བ་བཻ་ཌཱུརྱ་སྔོན་པོ་འདི་ཉིད་ལྟ་བུ་དབུ་ནས་ཞབས་སུ་ཚང་བ་ལེགས་པར་བློ་ནས་ཐོན་ཅིང༌། དེ་ནས་ཀྱང་བཤད་སྦྱང་བསྐྱར་བ་སོགས་ཁ་ཏོན་དུ་བྱེད་པ་དང༌། མན་ངག་ལག་ལེན་མཐོང་བ་བརྒྱུད་པའི་གདེངས་ཁེལ་བ། དེ་དག་གི་དོན་ཀྱང་ལེགས་པར་དཔྱོད་པའི་ཤེས་རབ་དཀྱེལ་ཆེ་བས་བརྟགས་ཤིང་དཔྱོད་པ་དང་ཚིག་དང་དོན་འགལ་མེད་དུ་འབྲེལ་པར་འབྱེད་ཤེས་པ་སྟེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་པ་བསྟེན། །ཞེས་གསུངས་པ་ལྟར་སེམས་ཅན་མཐའ་དག་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་གི་ཕ་མ་ཤ་སྟག་ཏུ་མཐོང་བའི་བརྩེ་བ་ཆེ་བས་ཐོས་པ་སོགས་གང་བྱེད་པ་དེ་ཡང་མཁས་གྲགས་རྙེད་བཀུར་སོགས་རང་གི་དོན་མ་ཡིན་པར་གཞན་གྱི་དོན་དུ་གཙོ་བོར་ལེན་པ་དང༌། ཆོས་ཞེས་སྟོན་པ་ཐུབ་པའི་དབང་པོ་དང་ཀུན་མཁྱེན་དམ་པ་འདིའི་གསུང་སྤྱི་དང༌། ཁྱད་པར་འདྲེན་པ་སྨན་གྱི་བླ་མས་མ་ཧཱ་གུ་རུ་གུ་ཎ་ནཱ་ཐ་ལ་གསུངས་པའི་ཟབ་མོ་སྙིང་ཐིག་འདི་ཉིད་ལ་ཡིད་ཆེས་པའི་བློ་སེམས་བྲང་གཏད་པ་དང༌། གཞན་ཕུང་བའི་སེམས་གཡོ་སྒྱུ་དང་འགྲོ་བའི་དོན་ལ་ཟོལ་གྱིས་མི་ཤེས་པ་ཤེས་ཟེར་བའི་ཟོག་མེད་པ་སོགས་སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་བ་དང་ལྡན་པ་དེ་དག་ལ་དྲང་སྲོང་ཆེན་པོ་ངའི་རྒྱུད་འདི་གཏད་པར་གྱིས་ཤིག རྒྱུ་དྲུག་པོ་དེ་དག་ཕལ་ཆེར་དང་ལྡན་པ་དེ་དག་གིས་ཀྱང་མཉེས་པའི་ཡོན་གྱིས་མི་བསླུ་ན་རེ་ཞིག་སྦྱིན་པར་མི་བྱ་སྟེ། རང་ཉིད་སློབ་དཔོན་དམ་པར་འཛིན་པར་མི་འགྱུར་བའི་ཕྱིར་སྤང་བླང་ཤེས་པ་དང༌།

དེ་ལྟར་སྣོད་ལྡན་གྱི་སློབ་མ་གཅིག་ལས་གཅིག་ཏུ་བརྒྱུད་ནས་མན་ངག་ལག་ལེན་ལུང་བཤད་ཐམས་ཅད་རྒྱུན་མི་ཆད་པར་འགྲོ་བའི་དོན་བྱེད་པར་བསྔོ་ཞིང༌། སྣོད་དང་ལྡན་པའི་སློབ་མ་རྒྱུད་འདི་སུས་འཆང་བ་དེ་དག་ཀྱང་ཚེ་འདིར་ངག་བཙན་ཞིང་ཕྱུག་ལ་འཕན་དར་འཛོམ་པ་དང་འགྲོ་བ་སྤྱིས་དཔོན་ལྟ་བུར་ཁུར་ཞིང་དཔལ་དང་གྲགས་པ་ཐོབ་པ་སོགས་བསོད་ནམས་ཀྱི་བགོ་སྐལ་བཟང་པོ་ལ་ལོངས་སུ་སྤྱོད་པ་དང༌། རང་ལུས་འོད་སྐུར་གྲོལ་ཏེ་ཕྱི་མ་ཀུན་མཁྱེན་བྱང་ཆུབ་ཆེན་པོའི་གོ་འཕང་ཞེས་རྒྱལ་བ་སྨན་གྱི་བླའི་ཞིང་ཁམས་ཆེན་པོར་མངོན་པར་འཚང་རྒྱ་བ་མཆོག་གི་དངོས་གྲུབ་འགྲུབ་པར་བསྔོ་ཞིང༌། རིས་སུ་མ་ཆད་པའི་འགྲོ་བ་ཀུན་ཀྱང་རྒྱུ་དུག་གསུམ་དང༌། འབྲས་བུ་ཉོན་མོངས་པའི་ནད་བརྒྱད་ཁྲི་སྟོང་སོགས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དང༌། དུས་མ་ཡིན་པར་འཆི་བའི་རྐྱེན་ངན་པ་ཐམས་ཅད་ལས་ཀྱང་ཐར་བར་བསྔོ་ཞིང༌། གསུང་བ་པོ་དྲང་སྲོང་རིག་པའི་ཡེ་ཤེས་ང་ཡི་བཀའ་འགྲོ་བའི་ནད་ཀྱི་ཟུག་རྔུ་ཞི་བ་ལ་གཞན་ལས་བཙན་ལ་བྱིན་རླབས་ཆེ་ཞིང་དར་བ་དང༌། ཇི་ལྟར་བཏབ་པའི་སྨོན་ལམ་ཐམས་ཅད་ཚུལ་བཞིན་དུ་གྲུབ་པར་བསྔོ་བ་ཡིན་ཞེས་གསུངས་ནས། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དེ་ཉིད་སྤྲུལ་གཞི་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངོ་བོ་དང༌། གསུང་སྤྲུལ་ཡིད་ལས་སྐྱེས་དེ་སྟོན་པའི་ལྗགས་ལ་ཐིམ་པར་གྱུར་ཏོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །

        བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་བྱིན་རླབས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་མཛད་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་ཞེས་བྱ་བ་ཡོངས་སུ་རྫོགས་སོ།། །།




པར་བྱང་། 

        དེ་ལྟར་གསུངས་པ་བཞིན་གྱི་ཚེ་འདི་ཕྱི་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་བསྔོ་སྨན་སོགས་ཀྱིས་མཚམས་སྦྱར་བར་མ་ཟད་སྤྱིར་རིག་པ་ལ་འདུལ་མཛོད་སོ་སོ་ནས་མི་འདྲ་བའི་གནས་བཅོ་བརྒྱད་རེ་དང༌། ལྔ་དང་གསུམ་སོགས་བཻ་དཀར་དུ་བཤད་པ་ལྟར། གསང་སྔགས་རྒྱུད་དང་ཆོ་ག་ཞིབ། །གཏན་ཚིགས་རིག་པ་རིག་བྱེད་དང༌། །བརྡ་སྤྲོད་སྒྲ་ངེས་སྦྱོར་བ་དང༌། །ཤེས་གསལ་ངེས་ཚིག་སྡེབ་སྦྱོར་བསྡུས། །སྐར་མའི་རིག་པ་རྟོག་བྱེད་རིག །ཆུར་ལྷུང་ཆེར་སྦྱོང་རིག་པ་དང༌། །འཇིག་རྟེན་རྒྱང་ཕན་བྱེ་བྲག་རིག །དྲུག་ཅུ་རྒྱུད་ཀྱི་རིག་པ་དང༌། ཁྱུར་མིང་གནས་འདུག་རིག་པ་རྣམས། །འདུལ་བའི་རིག་པའི་གནས་བཅོ་བརྒྱད། །རོལ་མོ་འཁྲིག་ཐབས་འཚོ་རྩིས་གྲངས། །སྒྲ་གསོ་ཆོས་ལུགས་བཟོ་དང་འཕོངས། །གཏན་ཚིགས་རྣལ་འབྱོར་ཐོས་པ་དྲན། །སྐར་དཔྱད་རྩིས་མིག་འཕྲུལ་འཁོར་དང༌། །སྔ་རབས་སྔོན་བྱུང་རིག་པ་སྟེ། །མཛོད་ཀྱི་རིག་གནས་བཅོ་བརྒྱད་ཡིན། །དེ་དག་རྣམས་ཀྱི་ངོ་བོ་ནི། སྨྲ་ངན་ཚར་གཅོད་སྒྲ་དང་ཚད། །བློ་ལྡན་རྗེས་འཛིན་བཟོ་གསོ་བ། །རང་ཉིད་ཀུན་ཤེས་ནང་རིག་པ། །ལྔ་འམ་ཡང་ན་ཚར་གཅོད་དང༌། །རྗེས་འཛིན་ཀུན་མཁྱེན་རིག་གནས་གསུམ། །ཞེས་གསུངས་པ་སོགས་ཀྱི་རིག་གནས་དེ་དག་ལ་བརྟེན་དགོས་པ་ནི། །མདོ་སྡེ་དྲིན་ལན་བསབས་པ་ལས། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ་ཞེས་དང༌། གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང༌། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག། ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །ཞེས་དང༌། རྗེ་བཙུན་བྱམས་པ་མགོན་པོས་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་ཤེས་བྱ་རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱངས་པས་མཐར་ཐུག་གི་འབྲས་བུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ལ། དེ་ལྟར་མ་བྱས་ན་གཞན་ཐབས་ཅིས་ཀྱང་འཕགས་མཆོག་གི་གོ་འཕང་ཅི་སེམས་ཏེ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ཞིང༌། རྒྱུ་མཚན་དེ་ལྟ་བས་ན་སངས་རྒྱས་ཐོབ་པར་འདོད་ཅིང་གནས་སྐབས་སུ་ལོག་རྟོག་གཞན་དག་ཚར་གཅོད་པར་འདོད་པ་དང༌། རྒྱལ་བའི་བསྟན་པ་ལ་མ་མོས་པ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་བདག་ཉིད་ཀྱང་ཀུན་ཤེས་སམ་ཀུན་མཁྱེན་གྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རིག་པ་དེ་ལ་དེ་ལྟར་དུ་སེམས་ཏེ་བརྩོན་པར་བྱའོ་ཞེས་སོགས་རྒྱ་ཆེར་གསུངས་པའི་རྒྱུ་མཚན་དེ་ལྟ་བུས་སངས་རྒྱས་ཐོབ་པར་འདོད་ཅིང་གནས་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་འཛིན་པ་དང༌། གཞན་ལོག་རྟོག་ཅན་ཚར་གཅོད་ཅིང་སེམས་ཅན་གྱི་དོན་བྱེད་པ་ལ་སྤྱིར་རིག་པའི་གནས་ལྔ་ལ་བསླབ་པར་བྱ་བ་ཡིན་ལ། དེ་ནང་ནས་ཀྱང་འགྲོ་བ་གཞན་དག་རྗེས་སུ་འཛིན་པ་ལ་གསོ་བ་རིག་པ་འདི་ཉིད་བསླབ་དགོས་པ་ནི་གོར་མ་ཆག་སྟེ། དེ་ལའང་འདི་དག་བྱུང་བ་དང་འཕགས་ཡུལ་དུ་དར་ཚུལ་བོད་དུ་ལོ་ཙཱ་བས་བསྒྱུར་བ་དང་རྒྱུད་འདི་ཡང་བཀའ་བསྟན་གྱི་བཞེད་པ་སོགས་མང་ཙམ་མཆིས་ཀྱང་འདིར་མངས་ཀྱིས་དོགས་པའི་གསོ་བའི་ཁོག་འབུབས་དང༌། བཻ་དཀར་མ་བུ་སོགས་གཞན་དུ་སྨྲས་ལ། འོན་ཀྱང་མཚོན་ཙམ་དུ་བརྗོད་ན་ལེགས་པར་སྦྱར་བའི་སྐད་དུ་ཨཱ་ཨུ་རྦེ་དཿདེ་ཚེ་དང་སྲོག་དང་འཚོ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་པས་ན། འདོད་པ་དང་གཟུགས་ཀྱི་ཁམས་ན་དྲོད་དང་རྣམ་པར་ཤེས་པའི་དོན་གཉིས་ཀ་བྱེད་པ། གཟུགས་མེད་ན་རྣམ་པར་ཤེས་པའི་རྟེན་ཁོ་ན་བྱེད་པ་དེ་རིག་པར་བྱེད་པས་ན་ཚེའི་རིག་བྱེད་པི་ཙི་ཀནྶི་ཏཾ་ཞེས་པ་གསོ་བའི་དཔྱད་དེའང་ཁམས་སམ་འདུ་བ་མི་སྙོམས་པ་བསལ་ནས་མཉམ་པར་བྱ་བའི་རྣམ་དཔྱད་ཡིན་པས་གསོ་དཔྱད་ཅེས་དང་ཙི་ཀིཏྶ་བིདྱ་སྟེ་གསོ་བ་རིག་པ་ཞེས་པ་འདི་ཡིན་ལ། དེའང་ལྷ་ལས་དར་བ་ནི། ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུངས་དང༌། །ངེས་བརྗོད་རིག་བྱེད་བཞི་ཞེས་བྱ། །བསླབ་དང་བརྡ་སྤྲོད་སྡེབ་སྦྱོར་དང༌། །དེ་བཞིན་སྐར་རྩིས་ཐོས་པ་དང༌། །རྟོག་པ་དང་ནི་ཡན་ལག་གོ། དྲན་པ་དང་ནི་ཆོས་དང་བཅས། ཞེས་འབྱུང་བ་ལྟར་ཡན་ལག་དྲུག ཉེ་བའི་ཡན་ལག་གཉིས་དང་བཅས་པ་ཀུན་ཀྱང་མེས་པོའི་ཞལ་བཞི་ལས་བྱུང་བའི་རྒྱུ་མཚན་དང༌། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །ཞལ་གཞན་ནས་ནི་གསུང་བ་མཛད། །ཅེས་པས་ཀྱང་ཤེས་ནུས་ཤིང་རིག་བྱེད་དེའང༌། སུས་ཀྱང་མ་བྱས་པས་རྟག་པ། བྱ་རྩོལ་གྱིས་མ་བསླད་པར་རང་བྱུང༌། ཐམས་ཅད་བརྗོད་དུ་རུང་བས་ཚད་མ་ཡིན་པ་ཞིག་ཏུ་ངོས་འཛིན། དེ་ཡང་གོང་དུ་མདོར་བསྡུས་ཙམ་ཞིག་བརྗོད་ཟིན་ཀྱང་སྔོན་བྱུང་བ་བཤད་པ་ན་གནས་དང་པོ་སྔོན་གྱི་དུས་སུ་རྒྱ་མཚོ་ཆེན་པོའི་དབུས་ན་འཆི་མེད་ཀྱི་བཅུད་དམ་བདུད་རྩི་བུམ་པ་གང་ཡོད་དོ་ཞེས་གྲགས་སོ། །དེར་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་བདུད་རྩི་དེ་འདོད་ནས་ལེན་པར་བརྩམས་ཏེ། ཁྱབ་འཇུག་གིས་རི་བོ་མནྡ་རའམ་རི་རབ་ཀྱིས་སྲུབས་ཤིང་བྱས། ཀླུའི་རྒྱལ་པོ་ནོར་རྒྱས་སམ་ཚུལ་འདིར་དྲང་སྲོང་མུ་ཁྱུད་འཛིན་ལུས་སྦྲུལ་དུ་སོང་ནས་སྲུབས་ཐག་དང༌། འོག་ནས་རུས་སྦལ་གྱིས་རྒྱབ་བརྟེན་བྱས་རྒྱ་མཚོ་བསྲུབས་པ་ལས། ཐོག་མར་ཟླ་བ་དོན་ཏེ་ལྷ་དབང་ཕྱུག་གི་ཅོད་པན་དུ་བྱས། དེ་ནས་རྟ་མགྲིན་རིང་ངམ་ཐོར་ཐོས་དང་གླང་པོ་ས་སྲུངས་ཐོན་པ་བརྒྱ་བྱིན་གྱིས་བཞོན་པ་བྱས། ཤིང་ཡོངས་འདུ་དོན་པའང་ལྷས་ཁྱེར། ལྷ་མོ་དཔལ་མོ་དང་ནོར་བུ་ཀོ་སྟུ་བྷི་ཐོན་པ་དཔལ་མོས་ཆུང་མ་བྱས་པར་བཞེད་ཅིང་གང་ལྟར་ལྷ་རྣམས་ཀྱི་སྤྱི་ནོར་བྱས། དེ་ནས་ཞར་བྱུང་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་སུ་ཡིན་དྲིས་པས་ང་ཆང་ཞེས་བྱ་བ་འཐུངས་ན་མྱོས་པ་དང་བརྒྱལ་བ་དང་དྲེགས་པས་སྨྱོ་བའི་རྣམ་པར་འགྱུར་རོ་ཞེས་བྱས་པས་ལྷ་མིན་རྣམས་ཀྱིས་འཐུང་བར་མ་ནུས། ལྷས་བཏུངས་པས་ལྷ་དང་ལྷ་མིན་གྱི་མིང་ཡང་གྲགས་ལ་ལུགས་གཅིག་ལ་མེས་པོ་ཚངས་པས་རི་རབ་ཀྱི་སྤྱི་བོ་ནས་མནན་ཏེ་བསྲུབས་པ་དང༌། ཟླ་བའི་ཡང་སྔོན་དུ་ཉི་མ་དོན་སེམས་ཅན་ཀུན་གྱི་ཉི་དགའ་ལ་མ་རུ་འདུག་ཅེས་པས་ཉི་མར་གྲགས་པ་སོགས་དུ་མ་ཡོད། དེ་ནས་ཡང་བསྲུབས་པས་བདུད་རྩིའི་སྔོན་དུ་ཤིན་ཏུ་འཇིགས་སུ་རུང་བའི་དུག་གི་སྐྱེས་བུ་ནག་པོ་བརྩེགས་པ་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དང༌། དེ་ཁྱབ་འཇུག་གིས་མིད་པར་གྱུར་པ་ན་དྲན་པ་སྟོར་ཏེ་ས་ལ་འགྱེལ་ནས་ཅང་མི་སྨྲ་བར་གནས་པ་དང༌། ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲིན་པར་བཞག་པར་གྱུར། དེའི་མགྲིན་པ་སྔོན་པོར་སོང༌། དེ་ནས་དེའི་འོག་ཏུ་བདུད་རྩི་བྱུང་བ་ན་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་བར་གྱུར་པ་ལས་ལྷ་རྣམས་ཤིན་ཏུ་ཡི་མུག་ནས་ཁྱབ་འཇུག་གིས་ཆེས་ཤིན་ཏུ་ཡིད་དུ་འོངས་ཤིང་གཟུགས་བཟང་བའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ་སོང་ཞིང་བརྒྱ་བྱིན་གྱིས་ཀྱང་མི་སྣང་བའི་གཟུགས་ཀྱིས་ནམ་མཁའ་ལ་འདུག་གོ། དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས་བདུད་རྩིའི་སྲུང་མར་བཞག་སྟེ་རང་ཉིད་རྣམས་ཁྲུས་ལ་སོང་ངོ༌། །དེའང་གང་ཞེ་ན། ཆོས་ཀྱི་བསྟན་བཅོས་ལས། མ་བཀྲུས་དྲི་མ་སྤྱོད་འགྱུར་བས། །ཁྲུས་མ་བྱས་པར་ཟས་མི་ཟ། །ཞེས་སྨོས་པའི་དོན་གྱིས་སོ། །སྐབས་དེར་ཁྱབ་འཇུག་དང༌། བརྒྱ་བྱིན་གྱིས་བདུད་རྩི་བརྐུས་ནས་བརྒྱ་བྱིན་གྱི་ཁང་པར་ཁྱེར་རོ། །དེ་རྣམས་ཁྲུས་བྱས་ནས་སླར་ལོག་པ་དང་བདུད་རྩི་མ་མཐོང་ནས་དེ་ཚོལ་བ་ལ་བརྩོན་པ་ན་ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་ཐོས་ནས་ལྷ་རྣམས་སྟེང་དུ་འགྲོ་བ་ནི་བདེན་ནོ་སྙམ་མོ། །དེའི་ཚེ་ལྷ་རྣམས་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་འདུས་པ་ན་སྒྲ་གཅན་འཛིན་ལྷའི་ཆ་ལུགས་སུ་བསྒྱུར་ཏེ་དེར་ཞུགས་པས། བདུད་རྩིའི་སྐལ་བ་ཐོབ་པ་དང་དེ་ཟླ་བས་མཐོང་སྟེ་ཁྱབ་འཇུག་ལ་སྦྲན་ནས་འདི་ནི་སྒྲ་གཅན་འཛིན་ནོ་ཞེས་སྨྲས་པ་དང༌། དེའི་མགོ་བོ་འཁོར་ལོས་བཅད་པར་གྱུར་ལ། འོན་ཀྱང་བདུད་རྩི་ལ་ལོངས་སྤྱད་ཅིང་ལྷགས་པས་མགོ་བོ་ནི་དེང་སང་ནའང་གསལ་ལ། ལུས་ལྷག་མ་ནི་ཤི་བར་གྱུར་ཏོ། །དེ་ནས་སྒྲ་གཅན་འཛིན་དང་ཟླ་བ་ཞེ་འགྲས་པར་གྱུར་ཞིང་སྒྲ་གཅན་གྱིས་གང་གི་ཚེ་ཟླ་བའི་དཀྱིལ་འཁོར་རྒྱས་པ་དང་དམའ་བའི་དུས་འགེབས་ཤིང་སྒྲིབ་པར་བྱེད་པའི་དམོད་པ་བྱས་པ་ཡིན་ནོ་ཞེས་བསྐལ་པ་རྫོགས་ལྡན་གྱི་མཇུག་ཏུ་ཁམས་ཀྱི་ཟས་རགས་པ་ཟོས་པ་ལ་བརྟེན་ནས་མ་ཞུ་བ་སོགས་ནད་བྱུང་བའི་དུས་དེར་གནས་རི་རབ་ཀྱི་རྩེ་མོར་འཆི་མེད་ཀྱི་བདུད་རྩི་ལྷ་མ་ཡིན་སྒྲ་གཅན་འཛིན་གྱིས་རྐུ་ཐབས་ཀྱིས་བཏུངས་པར་ཁྱབ་འཇུག་གི་ལག་ན་ཞོ་འཐུངས་ཀྱི་རུས་པ་ལས་བི་ཤྭ་ཀརྨས་བཟོས་པའི་ཉི་མ་བརྡར་བའི་འཁོར་ལོ་ཡོད་པ་དེ་འཕངས་པས་སྒྲ་གཅན་གྱི་མགྲིན་པ་བཅད་ཀྱང་བདུད་རྩིའི་མཐུས་མ་ཤི་བར་ཕྱིར་འཕངས་པས་ཚངས་པའི་དཔྲལ་བའམ་མཁུར་ཚོས་ལ་རྨ་བྱུང་བའི་ཟུག་རྔུ་དྲག་པོ་མི་བཟོད་པས་རིང་ཞིག་བརྒྱལ་བ་སོས། དྲན་པ་རྙེད་ནས་ཕན་ཐབས་བསམས་པས་སྔོན་སངས་རྒྱས་ཤིག་ལ་སྨན་གྱི་རྒྱུད་ཐོས་པས་རྐྱེན་བྱས། རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མ་ཨོཾ་ཨ་ཐ་ཞེས་བྱ་བ་ཐོན་པ་ལ་བརྟེན་ནས་ཚེའི་རིག་བྱེད་སོགས་རིག་བྱེད་བཞི་ཡན་ལག་དང་བཅས་པ་བྱུང་བ་སྟེ་ཟླ་ཟེར་ལས། ཡི་གེ་ཨོཾ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་བཤད་པ་ལྟར་བཀླག་པའི་ཚེ་ཡང་ངེས་བརྗོད་ཀྱི་རིག་བྱེད་ནི་ཨོཾ། སྙན་ངག་གི་ཨུ། སྲིད་སྲུང་གི་ཨེ། མཆོད་སྦྱིན་གྱི་ཨ་སྟེ། དེ་བཞི་པོའི་ཚད་དུ་འདོན་དགོས་པར་བཞེད་ཅིང༌། དེ་ཡང་བྲད་སྤྲོད་དབྱངས་ཅན་མའི་དགོངས་པ་ལྟར་བསྒྲུབས་ན། ཨ་བསྲུང་བ་ལ་སྟེ་སྐྱོང་བ་ལའོ་ཞེས་པའི་བྱིངས་བཞགབྱིངས་མཐའི་ཨ་དབྱིའོ། །བལ་སྲོག་གི་ཨ་ཕྱིས། ཨུ་ཎཱ་ལ་སོགས་པ་ནི་རྟག་ཏུའོ་ཞེས། རྐྱེན་མུཀ་བྱིན་ཀ་འགྲོ་བ་ལ་འོས་པ་དེ་སཾ་པྲ་སཱ་ར་ཎས་ཨུར་བསྒྱུར། ཀ་དེའི་དོན་ཡིན་པས་ཕྱིས། ཨུ་བརྗོད་དོན་ཨ་ཨུ་ལ་ཨོ། མ་ང་རོར་བྱས་པས་ཨོཾ་འགྲུབ་པས་སྲུང་བའི་དོན་ལའང་འཇུག་ཅིང༌། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་བཀྲ་ཤིས་པ་སོགས་དོན་མང་པོ་ལ་འཇུག་པར་གསུངས་པ་དང༌། ཐར་ལོའི་ཉི་ཟླའི་མདོར་ཡང༌། སྒྲ་གཅན་གྱིས་བདུད་རྩི་བརྐུས་པ་ཟླ་བས་བྱ་བཏང་བའི་འཁོན་འཛིན་གྱིས་བཅོ་ལྔའི་དུས་ཟིན་པའི་འཇིགས་སྐྱོབ་དེ་བཞིན་གཤེགས་པར་ཞུས་པར་བཤད་ཅིང༌། གནམ་སྟོང་དུ་ཉི་མ་སྒྲིབ་པའང་གཙོ་བོར་ཟླ་བར་ཡིན་རུང་ལྷན་ཅིག་ཏུ་གནས་པའི་དབང་ལས་ཡིན་པ་ལོ་རྒྱུས་ལ་ལར་བྱུང་བ་ཐུན་མོང་པའི་གདུལ་བྱའི་སྣང་ངོར་ཙམ་སྟེ་དོན་ཉི་ཟླ་ཁམས་ཀྱི་དྭངས་མའི་རྣམ་པར་སྒྲ་གཅན་བར་སྲིད་ཀྱི་ཚུལ་དུ་སྦྱོར་ཞིང༌། གོ་ལའི་རྒྱུ་ལམ་དུ་ཆུ་ཤེལ་དང་མེ་ཤེལ་གྱི་དཀྱིལ་འཁོར་ཤིན་ཏུ་དྭངས་པའི་སྟེང་དུ་གདོང་མཇུག་ནོར་བུ་བཻ་ཌཱུརྱའི་མདངས་ཅན་སྟེང་ནས་ཕོག་པའི་གྲིབ་མ་ལས་གནོད་པ་བྱས་པའི་ཐ་སྙད་མེད་ཅིང་དྷཱུ་ཏིའ་སྒྲ་གཅན་དང་རོ་རྐྱང་ཉི་ཟླར་བྱས་ནས་ཕྱི་ནང་གཞན་གསུམ་གྱི་སྦྱོར་ཚུལ་དང་པོའི་སངས་རྒྱས་སུ་གསུངས་པའི་དོན་བཻ་ཌཱུརྱ་དཀར་པོ་མ་བུར་རྒྱས་པར་བཤད་པ་ལྟར་རོ། །དེར་མ་ཟད་སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་བསྐོལ། ནད་པ་ལ་སྔ་བ་ཤེད་བུ། ནད་ལ་སྔ་བ་མ་འཇུ་བ་བྱུང་ཞེས་གྲགས་ཏེ། མེས་པོས་སྐྱེ་དགུའི་བདག་པོ་ཞེས་པ་ཚངས་པ་གཉིས་པ་ཞིག་ལ་བསྟན། དེས་ཐ་སྐར་གྱི་བུ་གཉིས་ཞེས་པ་སྔོན་གྱི་རྒྱལ་པོ་སྐྱ་བསེང་གི་བུ་ལྔར་གྲགས་པའི་འཐབ་བརྟན་ཆོས་ཀྱི་བུ། འཇིགས་སྡེ་རླུང་གི་བུ། སྲིད་སྒྲུབ་དབང་པོའི་བུ། རིས་མེད་ལྷར་བཅས་གཉིས་ཏེ་ལྔའི་ནང་ནས་ཐ་མ་གཉིས་ཐ་སྐར་གྱི་བུ་ཡིན་པ་ལ་བཤད། དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བསྟན་པ་ལས་རྒྱ་ཆེར་འཕེལ་ལོ། །དེ་ནས་འགྲོ་བ་མི་ལ་དར་རྒྱས་སུ་གྱུར་པ་ནི་བསྐལ་པ་བཟང་པོ་འདི་ལ་མཚོན་ན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་སངས་རྒྱས་ཀྱི་བཀའ་སྩལ་པ་དང༌། གཞན་དག་གིས་བཤད་པ་སོགས་མེད་པའི་མཐའ་མ་བཀག་ཀྱང་དེང་སང་འདིའོ་ཞེས་གསལ་བར་བརྗོད་པའི་སྐབས་མ་འཚལ་ཞིང༌། སྟོན་པ་ཤཱ་ཀྱའི་དབང་པོས་འཁོར་ལོ་དང་པོའི་དུས་སུ་དགེ་སློང་ནད་པའི་ནི་སྨན་པ་ལ་དྲིས་ཏེ་བྱའོ་ཞེས་པ་ལྟ་བུའི་འཕྲོས་ལ་བརྟེན་ནས་འདུལ་བ་ལུང་གི་དུམ་བུ་གསུམ་པར་སྨན་དང་མས་བཏང་བའི་དཔྱད་ལ་སོགས་པ་ཉུང་ངུ་ཙམ་ཞིག་བཤད་ཅིང་གཙོ་བོར་སྨོས་པ་ནི་བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ་ན་བཞུགས་པའི་ཚེ། དགེ་སློང་རྣམས་སྟོན་ཀའི་བྲོ་ནད་ཀྱིས་སྐྱ་བོ་སེང་སེང་པོར་གྱུར་པའི་ཚེ་སྨན་སོ་སོར་བསྟེན་པར་གསུངས་ཀྱང་དུས་སུ་མ་གཏོགས་དེ་ལས་ཡོལ་བར་མི་བསྟེན་པས་སྐྱ་བོར་གྱུར་པ་ལ། ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ་དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། ཇི་སྲིད་འཚོའི་བར་དུ་བཅང་བ་སོ་སོར་བསྟེན་པར་བྱའོ། །དེ་ལ་དུས་སུ་རུང་བ་ནི་ལྡེ་གུ་དང་ཞེས་སོགས་ཟས་བསྟེན་ཚུལ་འཚོ་བའི་བར་དུ་བཅང་བ་ནི་རྩ་བའི་ཞེས་སོགས་སྨན་བསྟེན་ཚུལ་ལ་སོགས་པ་བྱིན་གྱིས་བརླབ་ཚུལ་དང་བཅས་ཏེ་བཀའ་སྩལ། འཁོར་ལོ་བར་པའི་དུས་སུ་ལྷ་ཆེན་པོ་ཚངས་པ་ལ་གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་པའམ་གསོ་དཔྱད་འབུམ་པར་གྲགས་པ་གསུངས་ཤིང༌། ལ་ལར་ཀུན་དགའ་བོ་དང་བེ་ཏའི་ཡུལ་དུ་ཤཱ་རིའི་བུ་ལ་སྩལ་ཟེར་བའང་སྣང༌། འཁོར་ལོ་ཐ་མའི་དུས་སུ་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་མདོ་སྡེ་གསེར་འོད་དམ་པ་བཀའ་སྩལ་པ་ལ། རྒྱས་འབྲིང་བསྡུས་གསུམ་འགྱུར་བའི་འབྲིང་པོར། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །ཞེས་སོགས་ཤླཽ་ཀ་དགུ་དང༌། རྒྱ་ནག་འགྱུར་དུ། དེ་བཞིན་གཤེགས་པ་ཁྱེའུ་ཆུ་འབེབས་སུ་འཁྲུངས་པའི་ཚེ་རང་གི་ཡབ་ལས་བྱུང་བ་རྣམས་བསྐྱར་བའི་ཚུལ་གྱིས་གསུངས་པ་དང༌། མདོ་སྡེ་མྱང་འདས་སུ་གྲོང་ཁྱེར་ཞིག་ན་རྒྱལ་པོ་དང་སྨན་པ་གཉིས་ཀ་ཤེས་རབ་འཆལ་བ་འོ་མ་ཁོ་ན་སྨན་དུ་བཟུང་བས་སྐྱེ་བོ་མང་པོའི་སྲོག་འཕྲོག་པ་ན་ཡུལ་གཞན་ནས་སྨན་པ་ཚེའི་རིག་བྱེད་ཡན་ལག་ལ་མཁས་པ་ཞིག་གིས་ཐབས་ཀྱི་སྒོ་ནས་སྨན་པ་དེ་བསྐྲད་པ་དཔེར་མཛད་ནས་ཆོས་བསྟན། དེས་མཚོན་ནས། རྡོ་རྗེ་མཁའ་འགྲོ་ལས། འདས་པའི་དུས་སུ་སྔོན་བྱུང་བའི། །བདེ་ཆེན་བསྐལ་པ་དང་པོ་རུ། །རྡོ་རྗེ་སེམས་དཔའ་བདག་དང་དེར། །ལྷག་པ་ཡི་ནི་ལྷ་གཅིག་ཞུ། །གྲུབ་པ་ལྷ་མིན་མི་མ་ཡིན། །ལྷ་ཚོགས་ཀྱིས་ཀྱང་མཐོང་ནས་སྐྲག། སངས་རྒྱས་ཐམས་ཅད་འདུས་པ་ཡི། །བདག་ནི་མྱུར་དུ་སྐུལ་བར་བྱེད། །བྱང་ཆུབ་སེམས་གྱུར་ལྷ་ཆེན་པོ། །བདུད་རྣམས་ཀུན་ནས་ཟིལ་མནན་བྱས། ཐམས་ཅད་དེ་ཡིས་རྨོངས་པར་བྱེད། །དངུལ་ཆུ་ཞེས་ནི་བཤད་པ་ཡིན། །ཞེས་དངུལ་ཆུ་སོགས་བཅུད་ལེན་གྱི་སྦྱོར་བ་དང༌། གཞན་ཡང་གསོག་ལྡང་ཞི་གསུམ་རགས་པ་ཙམ་གསུངས་པ་དང༌། དམ་པ་དང་པོའི་སངས་རྒྱས་ཀྱི་བསྡུས་པའི་རྒྱུད་དུ། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་ལས། །ཞེས་སོགས་ལུས་ཆགས་ཚུལ་དང༌། རླུང་མཁྲིས་བད་ཀན་སོགས་ཉེས་གསུམ་འཇོམས་པ་དང༌། དབང་པོའི་ནད་སེལ་བའི་གཉེན་པོ་སོགས་སྨན་བསྟེན་ཚུལ་སྣ་ཚོགས་ཡུམ་དཀར་མོར་བརྟེན་ནས་རྡོ་རྗེའི་ཚེར་མ་གཞི་ལ་སྲུང༌། འཆི་ལྟས། རིན་ཆེན་སྦྱོར་བ། བླ་གནས་ཀྱི་འཕོ་ཚུལ་འདོད་པའི་བསྟན་བཅོས། རོ་བརྗོད་པའི་གཞུང༌། སྲིད་སྲུང་སོགས་རིག་བྱེད་རྣམས་དང་སྒོ་བསྟུན་ནས་གསུངས་པས་ཤེས་ནུས་ཤིང༌། ཕྱི་ནང་གི་སྟོན་པ་གཞན་དག་གིས་བཤད་པ་བརྒྱ་བྱིན་ལ་སྐྱ་བསེང་གི་བུ་ལྟར་ཕ་ལྷའི་དྲང་སྲོང་རྒྱུན་ཤེས་སོགས་བདུན། མ་མིའི་བུད་མེད་ལ་བརྟེན་ནས་རྒྱུན་ཤེས་ཀྱི་བུ་སོགས་ཀྱིས་རྒྱུད་ལ་འཇུག་པའི་འགྲེལ་པ་རྒྱ་ཆེ་བ་རེ་རེ་བརྩམས། དེ་དག་གི་སློབ་མ་དྲང་སྲོང་ལུག་ནག་སོགས་དང་ཤ་ལི་ཧོ་ཏྲ་རྣམས་ཀྱིས་ཀྱང་གསོ་བ་རིག་པའི་གཞུང་ཇི་སྙེད་ཅིག་མཛད་པ་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུའི་བར་དུ་བྱུང་བར་གྲགས།

          དེ་ཉིད་ལ་སློབ་མ་ནི་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཚོང་དཔོན་གྱི་ཆུང་མ་འདུས་པ་ལས་བྱུང་བའི་བུ་རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས་གཞོན་ནུས་གསོས་ཞེས་བྱ་བ་ལང་ཚོ་དར་ལ་བབ་པར་ཉེ་བ་ན་གོས་དཀར་ཅན་མང་དུ་མཐོང་བ་ལས་སུ་ཡིན་དྲིས་པས། ཡབ་ན་རེ་འདི་རྣམས་ནད་ཀྱིས་གདུང་བ་སེལ་བའི་སྨན་པ་ཞེས་བྱ་བ་ཤ་སྟག་ཡིན་ནོ་ཞེས་ཟེར་བ་ཐོས་པས་སྔོན་གྱི་བག་ཆགས་ཉིད་ཀྱིས་བདག་ཀྱང་འདི་རྣམས་ཀྱི་རྗེས་སུ་བསླབ་པར་བགྱིའོ་ཞེས་ཞུས་པས་གནང་སྟེ་སྨན་བསླབ་པར་བརྩམས་སོ། །དེའི་ཚེ་རྒྱུན་ཤེས་ཀྱི་བུའི་རྗེས་སུ་སློབ་པར་འདོད་ནས་རྡོ་འཇོག་གི་རྒྱལ་པོ་པདྨའི་སྙིང་པོ་ལ་ཡབ་ཀྱི་ཡི་གེ་དང་བཅས་ཏེ་ཕྱིན། དེར་སློབ་དཔོན་གྱིས་ཉུང་ཤས་ཙམ་ལས་མ་བསྟན་ཀྱང་ཁྱད་པར་དང་བཅས་ཏེ་ལོབས། དུས་གཞན་ཞིག་ན་སློབ་དཔོན་གྱིས་འཚོ་བྱེད་ཁྲིད་ནས་ནད་པ་ཞིག་ལ་སྨན་བསླབས་ནས་ལོག་པ་ལ་འཚོ་བྱེད་ཀྱི་བསམས་པས་སྨན་དེ་མི་འཕྲོད་པར་མཐོང་ནས་སླར་ནད་པའི་རྩར་སོང་སྟེ་སློབ་དཔོན་ན་རེ་སྨན་སྔ་མ་དེ་མ་ཟ་བར་ཕྱི་མ་འདི་དང་འདི་ལྟ་བུ་ཟོ་ཞིག་ཅེས་གསུངས་སོ་ཞེས་ཐབས་མཁས་ཀྱིས་བཟློག་གོ། ཇི་ཙམ་ན་སློབ་དཔོན་གྱིས་དྲིས་པས་གསོས་ཟེར། ད་དུང་སྨན་འདི་ཉིད་ཐོང་ཞིག་བྱས་པས་སྔ་ཕྱི་གང་ཡིན་ཟེར། ཁོ་བོས་གཉིས་ནི་མ་བསྟན་བྱས་པས། སྔ་མ་ནི་དངོས་སུ་དང༌། ཕྱི་མ་ནི་འཚོ་བྱེད་ལས་སོ་ཟེར་བས། སློབ་དཔོན་གྱིས་བསམས་པ། བདག་གིས་ཉེས་ཏེ་འཚོ་བྱེད་ནི་མཁས་པའི་སྙམ་ནས་འཚོ་བྱེད་ལ་དགའ་བ་སྐྱེས་ཏེ་ཤས་ཆེར་འཚོ་བྱེད་ཉིད་ཁྲིད་པར་བྱེད་དོ། །སློབ་མ་གཞན་རྣམས་ན་རེ། མཁན་པོ་ནི་འཚོ་བྱེད་ཁོ་ན་ལ་སྤྲོ་བས་སྟོན་གྱི་བདག་ཅག་རྣམས་ལ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་མཁན་པོས་འཚོ་བྱེད་ནི་ཤེས་རབ་ཆེ་བ་ཡིན་ཏེ། ངས་གང་བསྟན་པ་དེ་ལས་རྣམ་པར་འབྱེད་ནུས་ཀྱི་ཁྱོད་རྣམས་ཀྱིས་མ་ཡིན་ནོ། །དེ་ལྟར་མཁན་པོས་གང་ལས་མཁྱེན་འོ་ན་མངོན་སུམ་དུ་བྱའོ་ཞེས་སྨྲས་ནས། ཁྱེད་ཅག་རྣམས་ལྷན་ཅིག་ཏུ་ཚོང་འདུས་སུ་སོང་ལ་སྨན་འདི་དང་འདི་འདྲ་བའི་རིན་ཐང་ཁྱོད་དང་ཁྱོད་ལྟ་བུ་རེ་རེས་དྲིས་ལ་ཤོག་ཅིག་ཅེས་བསྒོས་ནས་བཏང་ཏེ་སླར་འཁོར་ནས་དྲིས་པས་གཞན་རྣམས་ཀྱིས་གང་སྨོས་པའི་སྨན་སྣ་རེའི་རིན་ཐང་མ་གཏོགས་མ་ཤེས། འཚོ་བྱེད་ཀྱིས་སྨན་སྣ་ཐམས་ཅད་ཀྱི་རིན་ཐང་འཆད་རྒྱུ་བྱུང་ངོ༌། །ཡང་སོང་ལ་ཐང་ཤིང་གི་རི་ནས་སྨན་མ་ཡིན་པ་ལོང་ཞིག་བྱས་ནས་འཁོར་བའི་ཚེ། གཞན་རྣམས་ཀྱིས་སྨན་མ་ཡིན་པ་མང་པོ་ཁྱེར་བྱུང་ལ། འཚོ་བྱེད་ཀྱིས་སྨན་མ་ཡིན་པ་མ་རྙེད་ནས་དེས་འོན་ཀྱང་འདམ་བུ་མདའ་རྒྱུའི་རྩ་བ་དང་རྡོའི་དུམ་བུ་ཞིག་ཁྱེར་ནས་སོང་བའི་ལམ་དུ་ཕྱུགས་རྫི་མོས་ཞོའི་བུམ་པ་དང་ཕྲུམ་ཚུད་ཁྱེར་ནས་མཁན་པོའི་དྲུང་དུ་འགྲོ་བ་ལས་མིག་ཤིན་ཏུ་ན་བ་མཐོང་ནས་དེས་དེ་ལ་མདུནདེ་ཉིད་ན་ཡོད་པའི་སྨན་ཞིག་བསྟན་པ་ལས་གསོས་ནས་དགའ་སྟེ་ཞོ་བུམ་ཁྱོད་སྣོམས་ཤིགདེས་ཕྲུམ་ཚུད་བླངས་ཏེ་ཞོའི་བུམ་པ་དེ་ཉིད་ལ་གཏད་ནས་ཕྱིན་པ་ལས་བ་གླང་གི་རྗེས་ཤིག་འདུག་པ་གྲོགས་རྣམས་བརྟག་པའི་ཆེད་དུ་དྲིས་པ། འདི་གང་གི་རྗེས་ཡིན། གཞན་རྣམས་ན་རེ་གླང་པོ་ཆེའི་རྗེས་སོ། །དེ་ནི་མ་ཡིན་ཏེ། འདི་ནི་བལ་གླང་མོའི་རྗེས་སོ། །དེ་ཡང་མིག་གཡས་པ་ཞར་བ་དེ་རིང་ཁོ་ནར་གླང་པོའི་ཕྲུ་གུ་ཕོ་སྐྱེ་བ། དེ་ལ་ཞོན་པ་དེ་བུད་མེད་ཡིན་པ། མིག་གཡས་ཞར་བ། དེ་རིང་ཉིད་དུ་བུ་ཕོ་བཙའ་བར་འགྱུར་བ་ཞིག་གོ་ཞེས་སྨྲས་ནས་སློབ་དཔོན་གྱི་དྲུང་དུ་སླེབ་པ་ན། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་སྨན་མ་ཡིན་པར་བསྟན་པ་དང༌། མཁན་པོས་འདི་ཐམས་ཅད་ཀྱང་སྨན་ཡིན་ཏེ། འདི་ལ་མིང་འདི་ཞེས་བྱ་བ་དང་ནད་འདི་དང་འདི་ལ་ཕན་ནོ་ཞེས་རེ་རེ་ནས་སྨྲས་སོ། །འཚོ་བྱེད་ཀྱིས་ཐམས་ཅད་སྨན་ལགས་ཏེ་སྨན་མ་ཡིན་པ་ཅི་ཡང་མ་མཆིས་སོ། །འོན་ཀྱང་འདི་གསུམ་ཁུར་རོ། འདིས་ཅི་བྱ། དེ་ན་རེ། སྡིག་པས་ཟིན་པ་ལ་མདའ་རྒྱུའི་རྩ་བའི་དུད་པས་བདུགས་ནས་ཕྲུམ་ཚུད་གླན་པས་ཕན་ཞིང་རྡོའི་དུམ་བུ་ནི་སྟོན་ག་ཞོའི་བུམ་པ་ཆགས་པར་འགྱུར་རོ་ཞེས་སྨྲས་པ་ལས་མཁན་པོ་འཛུམ་བྱུང་བ་ན་གཞན་རྣམས་ཀྱིས་བསམ་པ་མཁན་པོ་འཚོ་བྱེད་ལ་མ་མཉེས་སོ་སྙམ་ནས་སྨྲས་པ། མཁན་པོ་འདི་གཅིག་པུར་དགོངས་སམ། ལམ་དུ་གླང་པོ་ཆེའི་རྗེས་ལ་རིགས་པ་མ་ཡིན་པ་འདི་ལྟར་སྨྲས་སོ་ཞེས་ལོ་རྒྱུས་བསྐྱར་བས་འཚོ་བྱེད་བདེན་ནམ་བདེན་ལགས་སོ། དེ་ཇི་ལྟར་ཤེས། དེས་མཁན་པོ་བདག་རྒྱལ་པོའི་རིགས་ལས་ཆེན་པོར་གྱུར་པ་ལགས་ན་ཅི་སྟེ་མི་ཤེས། གླང་པོ་ཆེའི་རྗེས་ནི་ཟླུམ་མོ། །བལ་གླང་གི་རྗེས་ནི་མཆུར་རིང་ངོ༌། །མིག་གཡས་ཞར་བ་ནི་གཡོན་ཕྱོགས་སུ་རྩྭ་ཟོས་པ་ལས་ཤེས་སོ། །སྦྲུམ་མ་ནི་ལག་པ་བས་རྐང་རྗེས་གཏིང་རིང་བ་ལས། དེ་རིང་ཁོ་ནར་སྐྱེ་བ་ནི་གཅིན་བེའུ་སྣབས་ཅན་ལས། ཕྲུ་གུ་ཕོར་སྐྱེ་བ་ནི་རྐང་པ་གཡས་པའི་རྗེས་གཏིང་རིང་བ་ལས། དེ་ལ་བུད་མེད་ཞོན་པ་ནི་བབས་ནས་ཆུ་བཏང་བའི་རྗེས། དེའི་ཡང་མིག་གཡས་པ་ཞར་བ་ནི་གཡོན་ཕྱོགས་སུ་མེ་ཏོག་འཐུས་པ་ལས། དེ་སྦྲུམ་མ་ནི་རྟིང་པའི་རྗེས་ལྷག་པར་དོད་པ་ལས། དེ་རིང་ཁོ་ནར་བཙའ་བ་ནི་གཅིན་ལྗན་ལྗིན་ཅན་ལས། བུ་ཕོ་སྐྱེ་བ་ནི་རྐང་པ་གཡས་པའི་རྟིང་པའི་རྗེས་ལྷག་པར་དོད་པ་ལས་ཤེས་ཏེ། ཐུགས་མ་ཆེས་ན་དེ་ཉིད་དུ་དྲི་བར་མཛོད་ཅིག་ཅེས་སྨྲས་པ་ལྟར་དྲིས་པས་ཇི་ལྟ་བར་མཐོང་ནས་མཁན་པོས་གཞན་རྣམས་ལ་སྨྲས་པ་ཐོས་སམ། འཚོ་བྱེད་ནི་འདི་འདྲ་བའི་ཤེས་རབ་ཅན་ཡིན་ནོ་ཞེས་སྨྲས་ཏེ་ཐོད་པ་དབྱེ་བའི་དཔྱད་མ་གཏོགས་ཐམས་ཅད་བསླབས་སོ། །ཇི་ཙམ་ན་མི་ཞིག་ཀླད་ནད་ཀྱིས་ཐེབས་ནས་མཁན་པོ་ལ་ཞུས་པས། དེ་རིང་དོང་དང་ལྕི་བ་སྟ་གོན་གྱིས་ཤིག་པར་བྱའོ། །དེ་ཐོས་ནས་འཚོ་བྱེད་ཀྱིས་ནད་པའི་ཁང་པར་གབ་ནས་གནས་པའི་ཚེ། མཁན་པོས་ཐོད་པ་ཕྱེ་ནས་སྲིན་བུ་ལེན་པར་བརྩམས་པ་ན། འཚོ་བྱེད་ཐོན་ནས་ཐབས་བསྟན་པས་མགུ་སྟེ། ཁོ་བོ་ནི་འདིས་འཚོ་བ་ཡིན་ན་ཁྱེད་གཞན་དུ་སོང་ཞིག་སྨྲས་པས། ཕྱག་བྱས་ཏེ་རྒྱལ་པོ་པདྨའི་སྙིང་པོའི་གན་དུ་ཕྱིན་ནས་འགྲོ་བར་བརྩམས་པ་ན་ཁོ་བོ་དང་མི་མཐུན་པ་མཐའ་འཁོབ་སྐྱ་བསེང་ཐུལ་ལ་སོང་ཞིགདེས་ཁས་བླངས་ནས་ཡན་ལག་བཞིའི་དཔུང་གིས་ཕབ་གཏེའུ་བཟུང༌། དཔྱ་ཕུལ་བས་བྱ་དགའ་ཆེན་པོ་གནང་བ་ཐམས་ཅད་མཁན་པོ་ལ་ཕུལ་ནས་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་ཕྱིན་ནོ། །དེར་དབྱར་གནས་ནས་འབྱུང་པོ་ཐམས་ཅད་ཀྱི་སྐད་ཤེས་པའི་བསྟན་བཅོས་བསླབས་ནས་ཆས་པ་ན། ཤིང་ཁུར་བའི་མི་རུས་པ་དང་པགས་པའི་ལྷག་མ་ཅན་ཀུན་ནས་འཛག་པ་ཞིག་མཐོང་ནས་རྒྱུ་མཚན་དྲིས་པས། ཤིང་ཁུར་འདིས་བྱུང་སྟེ་གཞན་ནི་ཁོ་བོས་མི་ཤེས་ཟེར་བ་ལ་ཤིང་བརྟག་པའི་རིག་པས་འབྱུང་པོ་ཐམས་ཅད་སྡང་བར་བྱེད་པའི་ནོར་བུ་འདུག་པར་མཐོང་ནས། ཁུར་པོ་ཚོང་ཞིག་རིན་ཇི་ཙམ། ཀརྵ་པ་ཎ་ལྔ་བརྒྱའོ། །དེས་དེ་སྤྲད་ནས་ནོར་བུ་དེ་བླངས་སོ། །དེའི་ཡོན་ཏན་ནི་ཁྱིམ་ན་རྫས་ཅི་ཡོད་མར་མེ་བཏེག་པ་བཞིན་ནད་པའི་མདུན་དུ་བཞག་པ་ཙམ་གྱིས་ནད་ཇི་ལྟ་བ་ཤེས་པ་ཞིག་པས། རིམ་གྱིས་ཡུལ་ཨུ་དུམྺྰ་རར་ཕྱིན་པས་བྲེའུ་མགོ་ལ་བསྣུན་པ་ཞིག་མཐོང་ནས་དྲིས་པས་ཀླད་པ་གཡའ་ཟེར་དེར་ནོར་བུ་ལ་བརྟེན་ནས་བརྟགས་པས་ཀླད་པ་ལ་སྲིན་བུ་འདུག་པ་མཐོང་ནས་སྔར་གྱི་དཔྱད་བྱས་པས་སོས་ཏེ་ཀརྵཱ་པ་ཎ་ལྔ་བརྒྱ་ཐོབ་པའང་མཁན་པོ་ལ་བསྐུར་རོ། །དེ་ནས་ཡུལ་རོ་ཧི་ཏ་ཀར་ཕྱིན་པས་ཁྱིམ་བདག་ཅིག་ལ་སྐྱེད་ཚལ་ངོ་མཚར་ཅན་ཞིག་ཡོད་པ་ལ་ལྷག་པར་ཆགས་ནས་ཤི་བ་དེ་ཉིད་དུ་མི་མ་ཡིན་དུ་སྐྱེས་པས་ཁྱིམ་བདག་གི་བུ་ཚལ་དེར་བདག་པོར་གྱུར་པས་བསྲུང་མི་བཞག་པ་སོགས་དེར་གནས་པ་མང་དུ་བསད་བུ་དེ་ལའང་གནོད་པ་སོགས་བྱུང་བས་ཚལ་དེ་ཀུན་གྱིས་སྤངས་སོ། །ཇི་ཙམ་ན་དམུ་ཆུས་ན་ནས་སྨན་པས་སྤངས་པ་ཞིག་ཚལ་དེར་འཆི་བར་ཕྱིན་པ་དང༌། འཚོ་བྱེད་ཀྱང་ནུབ་མོ་དེ་ཉིད་དུབསྡད་པ་ལས། དེའི་ཚེ་མི་མ་ཡིན་དེས་ནད་པ་དེ་བསྡིགས་པ་ན་ནད་བདག་དེ་བྱུང་སྟེ་འདི་བདག་གིས་སྔར་ནས་བཟུང་ན་ཁྱོད་ཀྱིས་ཅི་ལ་སྡིགས། ཁྱོད་ལ་ར་སྤུའི་དུ་བས་ནི་མ་བདུགས། ད་བདུགས་ན་ཁྱོད་དཔག་ཚད་བཅུ་གཉིས་སུ་འབྲོས་དགོས་པར་མི་འགྱུར་རམ་ཟེར་བས་དེས་ཁྱོད་ལའང་ལ་ཕུག་གི་ས་བོན་མར་ཕྱུང་བའི་དར་བ་དང་སྦྱར་ཏེ་འགའ་ཡང་མ་བྱིན། དེས་ནི་ཁྱོད་དུམ་བུ་དུམ་བུར་འཛག་པར་མི་འགྱུར་རམ་ཞེས་གླེང་བ་ཐམས་ཅད་འཚོ་བྱེད་ཀྱིས་རྟོགས་ནས་ནང་པར་ཁྱིམ་བདག་གི་བུ་དང་ནད་པ་གཉིས་ཀ་ལ་ཐབས་དེ་སོ་སོར་བྱས་པས་ཇི་ལྟ་བ་བཞིན་བྱུང་ནས་ཀརྵཱ་པ་ཎ་ལྔ་བརྒྱ་བྱུང་བའང་མཁན་པོ་ལ་བསྐུར། དེ་ནས་ཡུལ་བཅོམ་བརླག་ཏུ་ཕྱིན་ནས་ཤིང་དྲུང་ཞིག་ན་ངལ་གསོ་བ་ལས། གྱད་གཅིག་གིས་གཅིག་བརྡབས་ནས་ནང་ཁྲོལ་འཁྲུགས་ཏེ་ཤིའོ་ཞེས་ཕྱིར་ཁུར་བྱུང་བ་ན། ཤིང་དེའི་རྩེ་ན་བྱ་རྒོད་མོ་ཕྲུ་གུ་དང་བཅས་པ་དག་ན་རེ། ཤ་དགོས་ག་ལ་ཡོད། གྱད་ཀྱི་རོའོ། །འདི་འཚོ་བྱེད་ཀྱིས་འཚོའོ། །ཇི་ལྟར་ཕྱེ་མས་རེག་ནའོ་ཞེས་ཟེར་བ་རྟོགས་ནས་ནོར་བུས་བལྟས་ཏེ་གཅེའུས་ཕྱེ་མ་ནང་གྲོལ་ལ་རེག་པས་སོས་ཏེ་ཀརྵཱ་པ་ཎ་ལྔ་བརྒྱ་རྙེད་པའང་མཁན་པོ་ལ་བསྐུར་རོ། །ཡང་དེ་ཉིད་དུ་ཁྱིམ་བདག་ཅིག་ཆུང་མ་ཤིན་ཏུ་མཛེས་པ་ལ་ཆགས་བཞིན་དུ་ཤི་བ་མངལ་གྱི་སྲིན་བུར་སྐྱེས་ནས་སྐྱེས་པ་སུས་སྤྱད་ཀྱང་འཆི་བར་བྱེད་དོ། །དེ་ན་སུས་ཀྱང་རེག་པར་མ་ནུས་པར་འཚོ་བྱེད་ལ་བསྟན་པས། སྒྲེན་མོར་ཕྱུངས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་བཞག་པ་ལས་སྲིན་བུ་ཤ་ལ་ཆགས་ནས་འོངས་པ་དོར་བས་སོས་སོ། །དེས་ཀྱང་ཀརྵཱ་པ་ཎ་ལྔ་བརྒྱ་བྱུང་བ་དེ་ཡང་མཁན་པོ་ལ་བསྐུར་རོ། །དེ་ནས་རིམ་གྱིས་ཆུ་བོ་ཡ་མུ་ནར་ཕྱིན་པ་དང༌། མི་རོའི་རྟིང་པ་ནས་ཉས་འཐེན་པས་མིག་འབྱེད་འཛུམ་བྱེད་པ་མཐོང་ས་རྩ་ཕྲ་ཐམས་ཅད་བརྟགས་ཏེ་རིམ་པས་ཡངས་པ་ཅན་དུ་ཕྱིན་ནོ། །དེར་གྱད་གཅིག་གིས་གཅིག་གི་གདོང་ལ་ཐལ་མོ་བསྣུན་པས་མིག་དོན་པ་ལ་རྟིང་པའི་རྩ་ནས་དྲངས་པས་ཚུད་དོ། །དེས་ཀརྵཱ་པ་ཎ་ལྔ་བརྒྱ་བྱུང་བ་ཐུ་བོ་འཇིགས་མེད་ཀྱི་མ་ཨ་མྲ་སྐྱོང་མ་ལ་བྱིན་ནོ། །ཡང་དེར་མི་ཞིག་གི་རྣ་བར་སྲིན་བུ་ཞུགས་ནས་ཕྲུ་གུ་བདུན་བརྒྱ་ཙམ་གནས་པས་ཉེན་པ་ཞེས་ན་བའམ་གཙེས་པ་ལ་བསམས་པས། སྔར་ནི་མཁན་པོས་བསྟན་པ་ལྟར་བྱས། ད་ནི་རང་གིས་བསམས་ལ་བྱའོ་སྙམ་ནས་ལོ་མའི་སྤྱིལ་པོར་རས་སྔོན་པོས་གཡོགས། དེའི་འོག་ཏུ་རྔ་བཞག་ནས་ས་ཡང་དྲོ་བར་བྱས་ཏེ་མི་དེ་ས་ལ་བཀལ། ས་རྣམས་ཆུས་ཆག་ཆག་བཏབ་སྟེ་རྔ་བརྡུངས་པས་སྲིན་བུ་རྣམས་ཀྱིས་དབྱར་ཞུའོ་སྙམ་ནས་ཕྱིར་ཐོན་པ་ལ་རྣའི་རྩར་ཤའི་དུམ་བུ་བཞག་པས་དེ་ནང་དུ་སོང་ནས་ཐམས་ཅད་བོས་ཏེ་ཟ་བའི་ཚེ་དོར་བས་སོས་ཤིང་ཀརྵཱ་པ་ཎ་ལྔ་བརྒྱ་རྙེད་པའང་ཨ་མྲ་སྐྱོང་མ་ལ་བྱིན་ནོ། །དེ་ནས་རིམ་པས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན་མ་སྐྱེས་དགྲས་སུས་ཀྱང་མ་ཕྲད་པར་སྒོ་གཞན་ནས་ཞུགས། དུས་གཞན་ཞིག་ན་སྐྱེ་བོ་མང་པོས་བསྐོར་ནས་སེམས་གཡེངས་ཤིང་སོང་བའི་ཚེ། བྲམ་ཟེ་མིག་ན་བ་ཞིག་གིས་སྲན་ཞུས་པ་ལ་ཞེ་སུན་ནས་ཐལ་བ་ཐོབ་བྱས་པ་ལྟར་བཏབ་པས་དེ་སོས་སོ། །ཕྱིས་དེ་དང་མི་གཞན་ཞིག་ཕྲད་པ་ལས་གར་འགྲོ་དྲིས་པས་འཚོ་བྱེད་ལ་སྨན་ཞུར་འགྲོ་ཟེར། དེས་འདིའི་སྨན་ནི་ཐལ་བའོ་ཞེས་སྦར་བཞིན་བཏབ་པས་ལོང༌། དེ་ཙམ་ན་ཡབ་རྒྱལ་པོའི་སྤྱི་བོར་ཕོལ་མིག་བྱུང་བ་ལ་སྨན་པ་རྣམས་བསགས་ནས་དཔྱད་གྱིས་ཤིག་པར་བསྒོས་པས། ལྷ་ལགས་སྨན་པའི་རྒྱལ་པོ་འཚོ་བྱེད་ཡོད་བཞིན་དུ་བདག་ཅག་རྣམས་ཀྱིས་རྔོ་མི་ཐོགས་པར་ཞུས་པས། འཚོ་བྱེད་བཀུག་ནས་དཔྱད་བྱོས་ཤིགདམ་ཞིག་བཅའ་ན་བྱའོ། །བདག་ཉིད་ཀྱིས་ཁྲུས་བགྱིད་ནའོ། །དེ་བཞིན་གྱིས་ཤིག་བྱས་དེས་སྐྱུ་རུ་ར་བསྐུད་ཅིང་སྨིན་རྫས་བཏབ་ནས་དེ་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་ནས་སྨིན་པའི་ཚེ་སྤུ་གྲིས་རེག་པ་ཙམ་གྱིས་མ་ཚོར་བར་བརྟོལ། དེ་ནས་འཚོ་བའི་རྫས་བཏབ་ཅིང་དེ་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་པས་སོས་ཏེ་སྐྲ་ཡང་མཉམ་པར་གྱུར་ཏོ། །ཁྲུས་དེ་བྱས་མ་ཐག་དཔྱད་གྱིས་ཤིགརེ་ཞིག་བཤོས་གསོས་ཞིགདེ་ནས་དཔྱད་ཀྱང་གྱིས་ཤིགལྷ་བགྱིས་ཟིན་ལགས་སོ། །དེ་ཡིད་མ་ཆེས་ནས་ལག་པས་ཉུལ་བས་མ་ཤེས། མེ་ལོང་ལ་བལྟས་པས་ཀྱང་མ་མཐོང༌། བཙུན་མོ་ལ་དྲིས་པས་ཀྱང་མ་ཤེས་ནས་ངོ་མཚར་སྐྱེས་ཏེ་བློན་པོ་རྣམས་ལ་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་བསྐུར་ཞིག་ཅེས་སོ། །ཐལ་བ་བཏབ་པས་ལོང་བ་དེས་སྨྲས་པ། ལྷ་སྲས་ལ་བྱམས་པས་སམ་མཁས་པས་དབང་བསྐུར། མཁས་པས་ཤེ་ན་ཁོ་བོའི་མིག་ལོང་བས་སོ་ཞེས་པ་ལ། འཚོ་བྱེད་ཀྱིས་ཁྱོད་མིག་གིས་ཀྱང་མ་མཐོང་ངོ༌། །ངེས་མེད་ཀྱང་ཁྱོད་ཀྱིས་བསྟན་པ་ལྟར་གཞན་གྱིས་སོ། །དེའི་ཁམས་ཀྱང་གཞན་ལ་ཁྱོད་ཀྱི་ཁམས་ཀྱང་གཞན་ཡིན་པས་སླད་ནས་འདི་ལྟ་བུ་ཞིག་གིས་ཞེས་བསྟན་པ་ལྟར་བྱས་པས་སོས་ནས་སྨྲས་པ། ལྷ་འདི་ནི་ལྷག་པར་མཁས་པས་དབང་བསྐུར་དུ་གསོལ། དེ་ནས་གླང་པོ་ཆེ་ལ་བསྐྱོན་ཏེ་དཔལ་གྱི་འབྱོར་པ་ཆེན་པོ་ནས་སྨན་པའི་རྒྱལ་པོ་ཆེན་པོར་དབང་བསྐུར་རོ། །ཡང་རྒྱལ་པོའི་ཁབ་ན་སྨན་པ་ཕལ་གྱིས་སྤང་བའི་སྐྲན་ནད་པ་ཞིག་ཡོད་པ་དེས་འཚོ་བྱེད་དཔྱད་མཛད་དུ་གསོལ། དེས་སྨན་འདི་ནི་རྙེད་དཀའོ་བྱས་པས་འདིས་ཀྱང་སྤངས་སོ་སྙམ་ནས་དུར་ཁྲོད་དུ་སོང་བ་དང༌། དེ་ན་རོ་བསྲེགས་པའི་མེ་འབར་བའི་ནང་ན་ནེའུ་ལེ་དང་སྲོག་ཆགས་གོ་དྷ་ཙན་དན་འཐབས་པ་ལྷུངས་པའི་ཤ་ཟོས་ཏེ། དུར་ཁྲོད་ཀྱི་འོད་པའི་ཆུ་འཐུངས་ནས་གནག་ལྷས་ཀྱི་ཀོ་དྲའི་ཆང་དང་མར་ཕྱུངས་པའི་ཞོ་འཐུངས་བས་སྐྲན་བརྡོལ་ཏེ་འཁྲུ་སྐྱུགས་བྱུང་ནས་སོས་སོ། །རེ་ཞིག་ན་བཙུན་མོ་ལུས་འཕགས་མ་དེ་གོས་ཅན་གྱི་འདོམས་སུ་ཕོལ་མིག་བྱུང་བ་ལ། རྒྱལ་པོས་མ་ཡར་མའི་དཔྱད་བྱོས་ཤིག དེས་ཟན་སླ་མོའི་ཁར་འདུག་ཏུ་བཅུག་ལ་ཁུར་ཤོག་དེ་མཐོང་ནས་སྨིན་པའི་སྨན་བཏབ་སྟེ་ཟན་ལ་གཙགས་བུ་བཙུགས་ནས་སྔར་བཞིན་སྡོད་དུ་བཅུག་པས་བརྡོལ་ཏེ་བསྐ་བའི་ཆུས་བཀྲུས་ནས་འཚོ་སྨན་བཏབ་པས་སོས་སོ། །རྒྱལ་པོས་དེ་ལ་དཔྱད་བྱས་སམ་ལྷ་བྱས་སོ། །གཅེར་མོར་མ་བལྟས་སམ། མ་བལྟས་ཏེ་རྒྱུ་མཚན་བཤད་པས་མགུ་ནས་ཡང་དབང་བསྐུར་ཞིག་དང༌། སྐྲན་ནད་པས་སྔར་བཞིན་སྨྲས་པས། འཚོ་བྱེད་ཀྱིས་ངས་དཔྱད་ནི་མ་བྱས། སྨན་རྙེད་དཀའོ་བྱས་རྙེད་དཀའ་བ་གང་ཡིན། འཚོ་བྱེད་ཀྱིས་མར་ངོའི་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཤི་བའི་རོ་དུར་ཁྲོད་དུ་བསྲེགས་པ་ལ་སོགས་སྔར་བཞིན་སྨྲས་པ། ཤིན་ཏུ་ལེགས་ཏེ་དེ་བཞིན་བགྱིས་སོ་ཞེས་མགུ་ནས་ལྷ་དེ་བཞིན་རྔོ་ཐོགས་ཀྱི་དབང་བསྐུར་དུ་གསོལ་ཞེས་སླར་ཡང་སྔར་བཞིན་ནོ། །གང་གི་ཚེ་མ་སྐྱེས་དགྲ་ལྷས་བྱིན་གྱིས་བསྐུལ་བས་ཕ་བསད་པའི་རྗེས་སུ་སྐྲན་ནད་ཀྱིས་ཐེབས་སོ། །སྨན་པ་ཀུན་བསགས་ཀྱང་དེ་རྣམས་ཀྱིས་རྔོ་མ་ཐོགས་ནས་འཚོ་བྱེད་ཀྱིས་གཞོན་ནུ་འཆར་བྱེད་བཟང་པོའི་ཤ་གསོལ་ནའོ། །དེས་ཁྱོད་རྒྱལ་སྲིད་འདོད་དམ། འདི་མིན་པའི་དཔྱད་མེད་དོ། །རང་ལས་ཕངས་པ་མེད་པས་ཁས་བླངས་སོ། །དེའི་ཚེ་བུ་སྦས་ནས་མི་ཤ་གཞན་བཙོས་ནས་བྱིན་པས་ཟ་བར་བརྩམས་པའི་ཚེ་ཕྲོགས་ནས་ཀླད་ལ་བརྒྱབ་སྟེ། སྔར་ཕ་བསད་དེ་བུ་ཤ་ཟ་བའི་གླེན་པ་ཞེས་སྨད་པས་མི་བཟོད་པ་སྐྱེས་པས་རྡོལ་ཏེ་འཁྲུ་སྐྱུགས་ཀྱི་སྒོ་ནས་སོས་ཤིང་བུ་གཏད་པས་ཆེས་དགའ་བས་དབང་གསུམ་པ་བསྐུར་རོ། །དེའི་ཚེ་ཁོ་བོ་དང་མཉམ་པའི་འཚོ་ཐབས་པ་མེད་སྙམ་པའི་ཁེངས་པ་སྐྱེས་ནས། ལུས་ཀྱི་དཔྱད་བྱེད་པའི་མཆོག་ནི་ཁོ་བོ་ཡིན་ལ། སེམས་ཀྱི་དཔྱད་བྱེད་པའི་མཆོག་ནི་སངས་རྒྱས་ཡིན་སྙམ་སྟེ་སངས་རྒྱས་ཀྱི་སྤྱན་སྔར་སོང་ངོ༌། །དེ་ཅི་ཙམ་ཉན་ཡང་བདེན་པ་མ་མཐོང༌། རྒྱུ་དེ་མཁྱེན་ནས་རིའི་རྒྱལ་པོ་གངས་ཅན་ལ་སོང་ལས་སྨན་ཅི་འདོད་པ་ལོངས་ཤིག འཇིགས་སོ་ཞེས་པ་ལ་ལག་ན་རྡོ་རྗེ་དང་མཉམ་དུ་སོང་ལ་ལོངས་ཤིག དེས་དེ་བླངས་ནས་དྲུང་དུ་སླེབས་པའི་ཚེ། འཚོ་བྱེད་འདི་ཅི་ཡིན་གསུངས་པ་ལ་ཕལ་ཆེར་ཤེས་ཀྱང་གཞན་མང་རབ་ཀྱི་མིང་ཙམ་ཡང་མ་ཤེས་པ་ལ། སངས་རྒྱས་ཀྱིས་མིང་དང་ཕན་ཡོན་སོགས་གསུངས་པས་བཅོམ་ལྡན་འདས་ཀྱིས་སྨན་དཔྱད་ཀྱང་མཁྱེན་ལགས་སམ་ཞེས་ཞུས་པས་བཀའ་སྩལ་པ།

          འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་ནི་རྒྱལ་པོ་ལ་འོས་པ་མཁོ་བ་རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོའོ། །བཞི་གང་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤང་བ་ལ་མཁས་པ་ཡིན། སྤང་བ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་ནད་འདི་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །ནད་ཀུན་ནས་སློང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་འདི་ནི་རླུང་གིས་ཀུན་ནས་བསླང་བའམ། མཁྲིས་པས་ཀུན་ནས་བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་པའམ། གཞན་ལས་གྱུར་པའམ། འདུས་པ་ལས་གྱུར་པའོ་ཞེས་དེ་ལྟར་ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན་ནོ། །ནད་བྱུང་བ་སྤོང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་མིག་སྨན་ནམ། བསྐུ་མཉེའམ། སྐྱུག་སྨན་ནམ། བཀྲུ་སྨན་ནམ། སྣར་བླུགས་པའམ། དུད་པས་བདུགས་པའམ། ནན་རྩིའི་ལས་ཀྱིས་སྤོང་བར་འགྱུར་རོ་ཞེས་དེ་ལྟར་བྱུང་བ་སྤོང་བ་ལ་མཁས་པ་ཡིན་ནོ། །ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འཕྲོད་པའི་ཆོ་ག་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱས་ཏེ་སྤངས་ན་ཕྱིས་མི་འབྱུང་ངོ་ཞེས་དེ་ལྟར་ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ནོ། །དེ་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་རྒྱལ་པོ་ལ་འོས་པ་ཡིན་རྒྱལ་པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བཞི་དང་ལྡན་པའང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །འཚོ་བྱེད་བཞི་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ། །རྒ་བ་དང་ན་བ་དང་འཆི་བ་དང༌། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་འཁྲུགས་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སཽ། །འཚོ་བྱེད་དེ་བཞིན་གཤེགས་པ་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ། །རྒ་བ་ནས་འཁྲུགས་པའི་རྩ་བ་ཅན་གྱི་བར་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྨནཔ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ་ཞེས་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ལས། འཚོ་བྱེད་གཞོན་ནུས་བསྐྱེད་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་ཆོས་མཐོང་བ་དང་ཐོས་པ་དང༌། ཆོས་ཀྱི་གཏིང་སླེབས་པ་དང༌། སོམ་ཉི་དང་ཐེ་ཚོམ་ལས་བརྒལ་བ་དང༌། གཞན་གྱིས་དྲིང་མི་འཇོག་པ་དང༌། གཞན་གྱིས་མི་བཀྲི་བ་དང༌། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ་མངོན་པར་འཕགས་སོ། །བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྡོས་ཏེ་སྐྱབས་སུ་མཆི་ལགས་སོ་ཞེས་གསོལ་ཏོ། །དེའི་ཚེ་རིའི་རྒྱལ་པོ་གངས་ཅན་རྟག་ཏུ་ཁ་བས་གཡོགས་ཤིང་ལྷགས་པ་ཆེ་བས་བཅོམ་ལྡན་འདས་གྲང་ནད་ཀྱི་སྙུན་གྱིས་ཐེབས་པ་དང༌། འཚོ་བྱེད་ཀྱིས་བསམ་པ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱེད་པ་བཞིན་བཅོམ་ལྡན་འདས་ཀྱི་རིམ་གྲོ་བདག་ཉིད་ཁོ་ནས་བྱའོ་སྙམ་མོ། །དེ་ནས་མེ་ཏོག་ཨུ་དམྺྰ་ར་ལ་སུམ་ཅུ་རྩ་གཉིས་བཀྲུ་སྨན་གྱི་རྫས་དང་སྦྱར་ནས་ཕུལ་ཏེ་འདི་རྣམས་ཤངས་ཀྱིས་མནམ་དུ་གསོལ། བཅོམ་ལྡན་འདས་ཀྱིས་མནམ་པ་ལས་ཐེངས་སུམ་ཅུ་རྩ་གཉིས་འཁྲུས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཅི་དགར་ལེགས་པར་འཁྲུས་ལགས་སམ། བཀའ་སྩལ་པ། འཚོ་བྱེད་སྐྱོན་གང་དག་གཡོས་ལ་འཁྲུས་པ་དག་ཀྱང་ཡོད། འཁྲུས་ལ་མ་གཡོས་པའང་ཡོད། འཁྲུས་ལ་གཡོས་པའང་ཡོད། མ་འཁྲུས་མ་གཡོས་པ་དག་ཀྱང་ཡོད་དོ། །གསོལ་པ་དེ་ལྟ་ན། བུ་རམ་དང་ཨ་རུ་ར་གསོལ་ལ་འཁྲུ་བའི་རིམ་པ་ཡང་མཛོད་ཅིག། དེས་དེ་བཞིན་མཛད་པས་སྙུང་དྭངས་པར་གྱུར་ཏོ། །འཚོ་བྱེད་ཀྱི་ཀུན་ཏུ་སྤྱོད་པ་ནི་རྒྱལ་པོའམ་བློན་པོའམ་གང་སུའི་དཔྱད་བྱས་ཀྱང་རུང་སྟེ། དེས་དེ་ལ་གྲོང་ངམ་མཆོག་སྦྱིན་པར་བྱེད་པ་ཡིན་ནོ། །དེ་ནས་ཡུལ་འཕགས་རྒྱལ་ཀྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་ཞེས་བྱ་བ་དབང་པོ་ལྔ་དང་ཉེ་དབང་ལྔ་དང་མཆོག་ལྔ་ལ་སོགས་པ་ཕུན་སུམ་ཚོགས་ཀྱང་ནད་དུ་གཉིད་མེད་ཅིང་མར་ལ་སྡང་ལ་ཆང་ལ་དགའ་བ་ཞིག་པས། དེ་ལ་སྨན་པ་རྣམས་ཀྱིས་རྫས་ཀྱི་ཁྱད་པར་སྣ་ཚོགས་པ་མར་དང་སྦྱར་ཏེ་བླུད་པར་བརྩམས་པའི་ཚེ་མི་འཐུང་ཞིང་མར་གྱི་མིང་ཙམ་སྨོས་པ་དེའི་མགོ་བོ་གཅོད་པར་བྱེད་པས་གཏུམ་པོ་རབ་སྣང་ཞེས་བྱ་བར་གྲགས་སོ། །དེ་གཉིད་མེད་པས་ཐམས་ཅད་ཀྱིས་རེས་མོས་སུ་མེལ་ཚེ་བགྱིད་དགོས་པ། སྤོས་འཚོང་གི་ཁྱེའུ་ཞིག་ལ་བབས་པས་བསད་དོགས་ནས་ས་འཛིན་པ་ཞིག་བརྔོན་ནས་ཚབ་ལ་བཏང༌། དེ་མཁས་པ་ཞིག་པས། འུག་པ་ཁྲུང་ཁྲུང་མུཉྫ་དང༌། །ནག་པོ་སྲེག་པ་བུམ་པ་དང༌། །ལན་ཚྭ་ཕྱེ་དང་ཤི་བ་དང༌། །དོང་ཐགས་རྫ་མ་སྡིག་པའོ། །ཞེས་པའི་སྡོམ་དང་མཐུན་པའི་སྒྲུང་གིས་རྒྱལ་པོ་དགའ་བར་བྱེད་དོ། །མཇུག་ཏུ་དེ་ལྟར་ཁྱོད་ཀྱིས་ཐམས་ཅད་ཤེས་ན་ང་གཉིད་མེད་པའི་རྒྱུ་མཚན་ཅི་ཡིན། མི་འཇིགས་པ་སྩོལ་ནའོ། །སྦྱིན་ནོ། །སྡིག་པ་ལས་སྐྱེས་པའི་རྒྱུ་མཚན་གྱིས་སོ། །གང་ལས་ཤེས་མངོན་སུམ་དུ་བྱའོ་ཞེས་སྨྲས་ནས། ས་དོང་དུ་བ་ལང་གི་ལྕི་བ་སྐམ་པོས་བཀང་བའི་སྟེང་དུ་རྒྱལ་པོ་བཞག་མ་ཐག་གཉིད་ལ་སོང་ངོ༌། །སད་ནས་དེ་ལྟར་ཡིན་པར་ཤེས་ཀྱང་ཡུམ་ལ་དྲིས་པས་མི་འཇིགས་པ་སྩོལ་ཞིག དེ་ལྟར་བགྱིའོ་གསུངས་ཤིག ཁྱོད་ཀྱི་ཡབ་བཙུན་མོའི་འཁོར་རྒྱ་ཆེན་པོ་དང་ལྡན་པས། བདག་ཟླ་མཚན་དང་ལྡན་པའི་དུས་སུ་ཁྲུས་བྱེད་པའི་ཚེ་སྡིག་པ་ཞིག་མཐོང་བ་ལ་བློ་སྐྱེས་པ་ལ་དེ་ཕོ་ཞིག་པས་འདོད་པ་སྤྱད་པས་ཁྱོད་སྐྱེས་སོ། རྒྱལ་པོས་བསམས་པ། ས་འཛིན་པ་དེ་མཁས་པ་ཞིག་པས་དེས་གཞན་ལ་སྨྲ་འོང༌། མི་འཇིགས་པ་བྱིན་པས་བསད་དུ་མི་རུང་ཡང་གཞན་དུ་དབྱུང་ངོ་སྙམ་ཀརྵཱ་པ་ཎ་ལྔ་བརྒྱ་བྱིན་ཏེ་བསྐྲད་དོ། །དེ་ནས་ནད་དེ་གཞི་ཆེར་གྱུར་པ་ལ་སྨན་པ་རྣམས་བསགས་ནས་དཔྱད་གྱིས་ཤིག་པར་བསྒོས་ཀྱང༌། དེ་རྣམས་ན་རེ། ངེད་ཅག་རྣམས་ཀྱིས་རྔོ་མི་ཐོགས་ཀྱི། རྒྱལ་པོའི་ཁབ་ན་གཟུགས་ཅན་སྙིང་པོའི་བུ་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་ཡོད་ཀྱི་དེས་རྔོ་ཐོགས་སོ། །དེས་ཡི་གེ་སྤྲིངས་ཏེ་འཚོ་བྱེད་འགྲོ་བར་བརྩམས་པ་ན། བང་ཆེན་པ་ལ་ན་ལུགས་དྲིས་ཏེ་ཆང་གི་དྲི་རོ་ཁ་དོག་ཡོད་པའི་མར་སྦྱར་ཏེ་ཁུར་ནས་ཕྱིན་ནོ། །ལམ་གྱི་ཡུལ་ཀ་ན་ཀུརྫ་སྨན་པའི་ཁྱེའུ་ཞིག་ཡོད་པ་དེ་དང་མཉམ་དུ་སོང་ངོ༌། །སླེབ་པ་ན་བཀུར་སྟི་ཡང་དག་པས་ནང་དུ་བོས་ནས་དཔྱད་གྱིས་ཤིག་ཟེར་རོ། །དེ་ལ་འབྲོས་པ་གོམས་སུ་འཇུག་པའི་ཆེད་དུ་སྨན་དཀོན་པ་ཚོལ་བ་ལྟར་བྱས་ནས། ཉིན་ཞག་གཅིག་ལ་དཔག་ཚད་བརྒྱད་ཅུར་བགྲོད་པའི་གླང་མོ་བཟང་ལྡན་ལ་ཞོན་ཏེ་སྔ་ཕྱི་ཅི་རིགས་པའི་ཚུལ་གྱིས་སླེབ་པར་བྱས་ནས་མཐར་སྨན་པའི་ཁྱེའུ་ལ་བརྡ་བྱས་ནས་ཁྲུས་མཛོད་ཅིག གདུགས་ཚོད་གསོལ་ཞིག བདག་གིས་ཁུར་པའི་སྐྱེམས་བཞེས་ཤིག་ཅེས་བྱས་ནས་བྲོས་སོ། །དེ་འཐུངས་མ་ཐག་གཉིད་དུ་སོང་ནས་ནམ་ཕྱེད་ན་སད་པའི་ཚེ་མར་གྱི་སྒྲེག་པ་བྱུང་ནས་མི་དགའ་བས་གསོད་པར་བརྩམས་པ་ན་བྲོས་པར་ཤེས་ནས། འཕར་མ་ས་ཥ་ཞེས་པ་ཉིན་ཞག་གཅིག་ལ་དཔག་ཚད་ཉི་ཤུ་ཆོད་པ་དེ་ཉིན་ཞག་གཅིག་ལ་དཔག་ཚད་བརྒྱ་ཆོད་པའི་གླང་པོ་ཆེ་ལ་བསྐྱོན་ནས་ཁྲིད་ཤོག་བསྒོས་སོ། །ཟིན་ལ་ཁད་པ་ན་གླང་མོས་ཆུ་བཏང་བའི་དྲིས་ཅུང་ཟད་ཐོགས་སོ། །དེ་ནས་སྐྱུ་རུ་རའི་ཚལ་ཞིག་ཏུ་ཟིན་ནས་ཁྲིད་པར་བརྩམས་པ་ན། ས་ཥ་ཅི་རིངས་རེ་ཞིག་སྐྱུ་རུ་ར་ཟོ་ཞིག ལྷའི་གསུང་གིས་ཅི་བྱིན་ཀྱང་མ་ཟ་ཟེར་བས་སོ། །དེ་ལྟར་ན་ཕྱེད་ཕྱེད་ཟའོ་བྱས་ནས་སེན་མོ་འཁྲུ་སྨན་གྱིས་བཀང་བས་བཅད་ནས་བྱིན་པས་ཤིན་ཏུ་འཁྲུས་ནས་རི་བོར་ཞིག་ཏུ་བཞག་སྟེ། འདི་རྣམས་རྒྱལ་པོའི་མཆོག་གསུམ་ཡིན་པས་རིམ་གྲོ་འདི་དང་འདི་ལྟ་བུ་གྱིས་ལ་ཕུལ་ཞིག གཞན་དུ་ཁྱོད་རྣམས་ཕུངས་པར་འགྱུར་རོ་བྱས་ནས་རྒྱལ་པོའི་ཁབ་ཏུ་སོང་ངོ༌། །ས་ཁ་དེ་མཛེ་ཅན་ཞིག་པས་སོས་ནས་ལོག་པའི་ཚེ་རྒྱལ་པོའང་ནད་དེ་ལས་གྲོལ་ནས་དྲིས་པས། བྲོས་སོ། །མ་ལེགས། ལྷ་ཟིན་ན་ཅི་བགྱི་གསོད་དོ། །ཅི་ངེད་རང་གཉིས་ཀ་སོས་པར་བྱས་པ་མ་ཡིན་ནམ། འོ་ན་ཅི་བྱ། བྱ་དགའ་སྟེར་མོད། ལེགས་ཏེ་དེ་བཞིན་བགྱིའོ་ཞེས་བྱས་ནས་ནོར་མང་པོ་སྤྲིངས་པ་ན། འཚོ་བྱེད་ཀྱིས་ཁོ་བོ་ལ་ནོར་ཡོད་ཀྱི་སྨན་པའི་ཁྱེའུ་ལ་གནང་བའི་རིགས་སོ། །དེས་སྨན་པའི་ཁྱེའུ་ལ་བྱ་དགའ་ཆེན་པོ་བྱིན་ཞིང༌། འཚོ་བྱེད་ལ་ཡང་ཀརྵཱ་པ་ཎ་བརྒྱ་སྟོང་རི་བའི་རས་ཡུག་པོ་ཆེ་བྱིན་ནོ། །དེའང་བཅོམ་ལྡན་འདས་ལ་ཕུལ་ནས་ཆོས་གོས་གསུམ་མཛད་པ་སོགས་མཛད་པ་མཐའ་ཀླས་ཤིང་ད་ལྟའང་ཚེའི་རིག་འཛིན་བརྙེས་ནས་བཞུགས་པར་བཤད།

          འཚོ་བྱེད་གཞོན་ནུས་གསོས། དེའི་སློབ་མར་རང་སྐད་དུ། ལང་ཀར་གཤེགས་པ་ནས། བློ་གྲོས་ཆེན་པོ་ཁྱེད་ཤེས་ཀྱི། །ལྷོ་ཕྱོགས་བཻ་དྷའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་དེ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་གང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག། གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ན་ཡང་དག་ཐོབ། །ཅེས་ལུང་བསྟན་པ་ལྟར་ལྷོ་ཕྱོགས་བཻ་དྷའི་ཡུལ་དུ་བྲམ་ཟེ་ཞིག་ལ་བུ་མེད་པ་ན་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་འབྱུང་བར་ལྷས་ལུང་བསྟན་པ་ལྟར་བྱས་པས་ཁྱེའུ་ཞིག་བཙས་དེ་མཚན་མཁན་ལ་བསྟན་པས་མཚན་བཟང་ཚེ་མེད་ཅེས་ཐབས་ལ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བདུན་དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་ཐུབ་ཟེར་བ་ལྟར་བྱས་ལོ་རྫོགས་པར་ཉེ་བས་བུ་རོ་ཕས་མཐོང་མི་བཟོད་པས་གཡོག་དང་བཅས་འཁྱམ་དུ་བཏང་བ་ནཱ་ལེནྡྲའི་སྒོ་དྲུང་ལ་བྱིས་པས་སྙན་ངག་གི་རིག་བྱེད་བསྒྲེང་བ་ན་བྲམ་ཟེ་ས་ར་ཧས་གསན་ཏེ་ནང་དུ་ཁྲིད་ཇི་ལྟར་གྱི་ཚུལ་བཤད་པས་རབ་ཏུ་བྱུང་ན་ཐབས་ཡོད་གསུངས་པ་རབ་ཏུ་བྱུང་བར་ཁས་བླངས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་བཅུག་དབང་བསྐུར་གཟུངས་འདོན་བཅུག་པས་འཆི་བདག་ལས་ཐར་བའི་མཚན་རྟགས་ཐོབ། ལོ་བརྒྱད་ནས་རབ་ཏུ་བྱུང་བའི་ཤེས་བྱ་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས། སླར་ཕ་མ་དང་མཇལ་ཏེ་ཐོག་མར་ཕ་མ་ཡིད་མ་ཆེས་ཀྱང་རྗེས་སུ་ལོ་རྒྱུས་བཤད་པས་ཡིད་ཆེས་པར་གྱུར། དགུང་ལོ་བཅུ་དགུ་ལ་བསྙེན་པར་རྫོགས་མཚན་དགེ་སློང་དཔལ་ལྡན་དུ་གྲགས་གསེར་འགྱུར་སོགས་བཟོ་ལ་མཁས་པར་གྱུར། སྒྲོལ་མ་མངོན་སུམ་ཞལ་གཟིགས་ལུང་བསྟན། ཀླུའི་བུ་མོས་ཀླུ་ཡུལ་དུ་ཕེབས་ན་ཙནྡན་གོརྵ་ཥ་འབུལ་ཟེར་བ་ལྟར་ཀླུ་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་གྱི་སྐོར་སྤྱན་དྲངས་ཀླུའི་སྐད་དོད་ནཱ་ག་ནི་ཆོས་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་མི་གནས་པ་དང༌། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ་བསྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུ་དེ་ཡང་ཀླུ་དང་མཐའ་དག་གཟུགས་ཅན་གྱི་སྒོ་ནས་སྦྱར་བཤད་དུ་བྱས་པ་སྟེ། ཀླུ་དེ་རྒྱ་མཚོ་ལྟ་བུ་ཡོངས་སུ་ཁྱབ་པར་ཕོ་བྲང་ངམ་གནས་བཅའ་བའི་དཔེ་དང་མཐུན་པར་ཀླུ་སྒྲུབ་ཆོས་ཀྱི་དབྱིངས་སུ་སྐྱེས་པ་དང༌། དེའི་ཆུའི་མཐའ་གཡས་གཡོན་ལྟ་བུ་གཅིག་ཏུ་མི་ཞེན་པ་དང་ཆོས་མཐུན་པར་ཀླུ་སྒྲུབ་ཀྱང་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པ་ཀླུ་དེ་རིན་པོ་ཆེ་དུ་མའི་བང་མཛོད་ལ་དབང་བ་ལྟར་ཀླུ་སྒྲུབ་ཀྱང་དམ་ཆོས་གསུང་རབ་ཀྱི་རིན་པོ་ཆེའི་བང་མཛོད་དུ་མ་ལ་མངའ་བརྙེས་པ། ཀླུ་དེའི་གཙུག་ཏོར་ནོར་བུ་སྒྲོན་མེ་དང་ཆོས་མཐུན་པར་མི་མཐུན་ཕྱོགས་བསྲེག་པ་དང༌། ས་འོག་གི་མུན་པ་སེལ་བ་དང་ཆོས་མཐུན་པར་ཀླུ་སྒྲུབ་ཀྱིས་ཀྱང་ལྟ་བ་ངན་པའི་ཚང་ཚིང་རྣམས་སྲེག་པར་བྱེད་ཅིང་ཡང་དག་པའི་ལྟ་བ་གསལ་བར་བྱེད་པའི་དབུ་མའི་ལྟ་བ་དང་ལྡན་པའི་ཀླུའོ། །ཨར་ཛུ་ན་ནི་སྲིད་སྒྲུབ་སྟེ་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་ཉེས་པའི་དགྲ་ཕྱོགས་འདུལ་བར་སྲིད་སྒྲུབ་སྟེ་དེ་གཉིས་མཚམས་སྦྱར་བས་ནཱ་གཱ་རྫུ་ན་སྟེ་ཀླུ་སྒྲུབ་ཅེས་གྲགས་པ་དེ་ནི་སངས་རྒྱས་གཉིས་པ་དབུ་མ་དང་གསང་བ་འདུས་པ་སོགས་སྔགས་གསར་རྙིང་གིས་མཚོན་མདོ་སྔགས་རིག་གནས་ཀུན་ལ་བཀའ་དྲིན་ཆེ་ལ། ཁྱད་པར་གསོ་བ་རིག་པར་ཡང་གསོ་རིག་གི་བསྟན་བཅོས་སྦྱོར་བ་བརྒྱ་པ། འཚོ་བའི་མདོ་ཚིགས་སུ་བཅད་པ། རྩྭ་ཨ་བའི་ཆོ་གསྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ་རྣམས་མཛད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ནི་འཇམ་དཔལ་རྩ་རྒྱུད་ལས། ཉམས་དགའ་གྲོང་ཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་གྱི་ས་སྟེང་དུ། །སློབ་མའི་ཚོགས་དང་ལྷན་ཅིག་ཏུ། །ཇི་ལྟར་བདེ་བར་ང་བཞུགས་ཚེ། །དེར་ནི་བྱ་རོག་གཅིག་ཡོད་པས། །ང་ལ་སེམས་ནི་དད་བྱས་ནས། །ལུས་ཞིག་ནས་ནི་མཐོ་རིས་སོང༌། །ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་ཡི་ནང་དུ་སྐྱེས་ནས་ཀྱང༌། །ང་ཡི་བསྟན་ལ་རབ་ཏུ་བྱུང༌། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །མ་ཁོལ་ཞེས་བྱའི་བརྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་འགྱུར། །ང་ལ་ཇི་བཞིན་བསྟོད་པས་མཆོད། །རྣམ་པ་སྣ་ཚོགས་དེ་དག་གིས། །ལེགས་པར་དཔྱད་ལ་རབ་བྱེད་པའོ། །བློ་ལྡན་དེ་ནི་མཐར་གྱིས་ཀྱང༌། །ཐམས་ཅད་མཁྱེན་པ་བྱང་ཆུབ་ཐོབ། །ཅེས་ལུང་བསྟན་པ་ལྟར་ཤར་ཕྱོགས་བྲམ་ཟེ་ནང་པར་གུས་པ་ཞིག་ལ་བྱིས་པ་བཙས་པ་མའི་འདོད་པར་ནང་པར་འཇུག་འདོད་ཀྱང་བྱིས་པས་མ་ཉན་པར་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཞུགས་ཏེ་མིང་རྟ་དབྱངས་སུ་གྲགས་ཕྱི་པའི་ལུགས་ལ་མཁས་པར་སྦྱངས་དབང་ཕྱུག་ཞལ་མངོན་སུམ་དུ་མཐོང༌། མངལ་སྐྱེས་ཀྱིས་མི་ཐུབ་པའི་སྨོན་ལམ་བཏབ་ཅིང་དངོས་གྲུབ་ལ་སྲིང་མོ་པཎྜི་ཏ་སྒྲ་ཚད་ལ་མཁས་པ་དང་ནེ་ཙོ་པཎྜི་ཏ་སྨྲ་མཁས་པ། ཐོད་ལེ་ཀོར་པཎྜི་ཏ་སྒྲ་ཚད་ཀྱི་ཡི་གེ་རང་བྲིས་འོང་བ་སྟེ་རྣམ་པ་གསུམ་བྱིན། དེས་མ་ཐུབ་ན་དབང་ཕྱུག་རང་གིས་བྱིན་གྱིས་བརླབས་པར་ཁས་བླངས་ཏེ་ཤར་ཕྱོགས་ཀྱི་པཎྜི་ཏ་རྣམས་དང་རྩོད་པས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ཕྱི་པའི་རིང་ལུགས་སུ་བསྒྱུར་རིམ་གྱིས་ལྷོ་ཕྱོགས་སུ་འགྲོ་བར་བརྩམས་པ་ན་མས་ནང་པའི་ཞེན་གྱིས་དབུས་སུ་འགྲོ་བའི་ཐབས་བྱས་པ་ལྟར་དབུས་སུ་ཕྱིན་ཏེ་རྩོད་པར་བརྩམ་ན་དཔལ་རི་ལ་འཕགས་པ་ཀླུ་སྒྲུབ་དང་དེའི་སློབ་མ་པདྨ་ལས་རྫུས་ཏེ་འཁྲུངས་པ་འཕགས་པ་ཡོད་པ་དབུས་ཀྱི་པཎྜི་ཏ་རྣམས་ཀྱིས་སྦྲན་པར་བརྩམས་པ་རྟ་དབྱངས་ཀྱིས་ཤེས་ཏེ་རེ་ཞིག་ཕྱི་པ་ནང་དུ་མ་འགྲོ་ནང་པ་ཕྱིར་མ་འགྲོ་ཞེས་སྒོ་ལ་ཉལ་ནས་འགྲུལ་བཅད། དགེ་འདུན་རྣམས་གདུགས་ཚོད་གསོལ་བར་སྒོ་བརྡེག་ཅིང་དེར་དགེ་འདུན་རྣམས་ཀྱིས་སློབ་དཔོན་ཡབ་སྲས་སྤྱན་འདྲེན་ལ་རྐང་པས་མི་སླེབ་སྟེ་བསམ་འཕྲིན་ཡིག་གཏོར་མའི་སྟེང་དུ་བཞག་ནང་པའི་སྲུང་མར་གསོལ་བས་བྱ་རོག་གཅིག་གིས་འཕྲིན་ཡིག་མཆུས་བླངས་ཏེ་འཕུར་ནས་སོང་སྟེ་འཕྲིན་འཁྱོལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟ་དབྱངས་ཀྱིས་བསྟན་པ་ཉམས་པར་བྱས་ཡོད་འདུག་དེ་བཟློག་པར་ང་འགྲོ་གསུངས་པས་འཕགས་པ་ལྷས་སློབ་དཔོན་གཤེགས་མི་འཚལ་བདག་གིས་འདུལ་གསུང་ཁྱོད་ཀྱིས་ཐུབ་མིན་བལྟའོ་གསུང་སློབ་དཔོན་གྱིས་རྟ་དབྱངས་ཀྱི་གྲུབ་མཐའ་བཟུང་འཕགས་པ་ལྷ་དང་རྩོད་པས་སློབ་དཔོན་རྒྱལ་ཏེ་ཐུགས་ཕྱུངས་སྟེ་མཆིལ་ལྷམ་འཕངས་པས་སློབ་དཔོན་གྱིས་ཁྱོད་དེ་འདྲ་མི་དགོས་སྨོན་ལམ་གྱིས་ཐུལ་བར་འདུག་སོང་ཞིག་གསུངས་པ་ལྟར་རྫུ་འཕྲུལ་གྱིས་ལམ་དུ་ལྷ་མོ་སྤྱན་གཅིག་ལོང་བར་སྤྱན་བྱིན་ནཱ་ལེནྡྲ་ཆུ་ལེན་ལ་ང་འོངས་སོ་གྱིས་བྱས་པས་དེས་འཕྲིན་བསྐྱལ་བས་ཡིད་མ་ཆེས། ཆུ་ལུག་མིག་གང་མེ་ལོང་གི་ནང་དུ་བླུགས་ནས་བསྐུར་བཏང་བས་དེས་ཁྲུས་བྱས་ཆུ་སྔར་བཞིན་བྱས་བཏང་བས་ངོ་ཤེས་ཆུ་ལེན་གྱི་ཆ་ལུགས་སུ་བྱས་བྱོན་ཅིག་བྱས་པས་ནང་དུ་བྱོན་དགེ་འདུན་གྱི་གྲལ་གྱི་སྨད་དེར་བཞུགས་པ་དང་སྤྱི་ལ་རྟ་དབྱངས་ཀྱིས་བགྲངས་པས་གྲངས་ལྷག་ནས་སྔོན་མེད་ཀྱི་མགོ་ཟླུམ་ག་ལ་ཡོད་ཟེར་དེར་འཕགས་པ་ལྷས་གྲལ་གཤམ་ནས་མགོ་ཟླུམ་སྐེའི་སྟེང་ན་ཡོད་གསུངས་པས་རྩོད་པར་བོས་པ་དེ་ཡིན་པར་ཤེས་ནས་རྟ་དབྱངས་ཀྱིས་བྱེའུ་ཞིག་ཆང་པར་བཟུང་འདི་ཤིའམ་མ་ཤི་ཟེར་དེ་ཁྱོད་ལ་རག་ལས་སོ་ཞེས་བརྗོད་པས་ཐེམ་པའི་སྟེང་ན་འདུག་སྟེང་ཕྱི་ལ་འདུག་གམ་ནང་ན་འདུག་ཟེར་ཁྱོད་ཀྱི་སྤྱོད་ལམ་ལ་རག་ལས་གསུངས་པས་སྤོབས་པ་ལན་མེད་དུ་གྱུར། དགེ་འདུན་རྣམས་ཀྱིས་དབང་ཕྱུག་གིས་དངོས་གྲུབ་ལ་སྩལ་བའི་གྲོགས་གསུམ་པ་འདིར་འདུག་ཅེས་ཞུས་པས་སྲིང་མོ་པཎྜི་ཏའི་གཉེན་པོར་དགེ་བསྙེན་ངོ་ཚ་མེད་པ། ནེ་ཙོ་ལ་བྱི་ལ། ཐོད་ལེ་ཀོར་ལ་མར་ནག་གསུམ་བསྔགས་པ་སྟ་གོན་མཛད། སང་རྩོད་པ་ངོ་བོ་བྱེད་པའི་ནུབ་དབུས་སུ་རྒྱལ་པོ་གཡས་སུ་སློབ་དཔོན། གཡོན་དུ་རྟ་དབྱངས་ཀྱི་ཁྲི་བཤམས། རྟ་དབྱངས་ཀྱི་ཁྲི་སྟེང་དུ་ཀྲད་རྙིང་ལ་སོགས་མི་གཙང་བའི་རྫས་བཞགསང་ཉིན་ཚོགས་ནས་ཁོ་སྐྱེངས་ཏེ་རལ་པ་བཏེག་སྟེ་མིག་གཅིག་བསྟན་པ་དང་སློབ་དཔོན་གྱིས་ཞབས་མཐིལ་ནས་མིག་བསྟན། དེར་ཁོ་ན་རེ་ཁྱོད་ཀྱིས་ངའི་རྩོད་ཟླ་མི་འོང་སྲིང་མོ་ནེ་ཙོ་ཐོད་ལེ་ཀོར་གྱིས་ལན་ཐོབ་ཅེས་དེ་རྣམས་བཏང་བས། སློབ་དཔོན་གྱིས་དགེ་བསྙེན་བྱི་ལ་མར་ནག་རྣམས་བཏང་བས་སྤོབས་པ་ལན་མེད་དུ་གྱུར། དེ་ནས་སྒྲ་ཚད་ལ་རྗེས་བརྗོད་བདེན་འཛིན་གཤགས་འབྱེད་ཀྱི་དཔང་པོ་དང༌། རྒྱལ་པོ་ཚར་གཅོད་ཀྱི་དཔང་པོ་བཙུགས་ཏེ་ལན་གསུམ་རྩོད་པས་རྗེས་བརྗོད་ཀྱི་དཔང་པོས་རྗེས་བརྗོད་མ་ཟིན། གཤགས་འབྱེད་ཀྱི་དཔང་པོས་གཤགས་མ་ཕྱེད། དེའི་སྟོབས་ཀྱིས་རྒྱལ་པོས་ཡང་ཚར་གཅོད་མ་ཤེས་པས་རྟ་དབྱངས་ཀྱིས་བླུན་ཚད་ལ་འདྲིའོ་ཟེར་བ་ལང་རྫིའུ་ལ་དྲིས་པས་སློབ་དཔོན་རྒྱལ་ཟེར། དེ་ནས་རྫུ་འཕྲུལ་འགྲན་པས་ཁྱེད་རང་ནམ་མཁར་དཀྱིལ་འཁོར་བྲིས་ངས་བསུབ་ཡང་ན་ངས་བྲིས་ཁྱེད་རང་བསུབ་ཞེས་པ་རྟ་དབྱངས་འདྲི་བཅུག་པ་འཕགས་ལྷས་བསུབས། ཡང་ན་ངས་ནམ་མཁའ་ལ་འཕུར་ཡང་ན་ཁྱོད་འཕུར་ཟེར་བ་ཁྱོད་རང་འཕུར་གསུངས་པས་རྟ་དབྱངས་རྒྱང་རིང་ལ་འཕུར་བས་འཕགས་པ་ལྷས་ཡུམ་ཆེན་མོའི་སྐུ་ཤིན་ཏུ་ཆེ་བར་སྤྲུལ་ནས་པུས་མོའི་ལྷ་ངའི་སྟེང་ཕྱག་བཀབ་སྟེ་འཕུར་མ་བཅུག། དེ་ལྟར་རྩོད་པ་དང་རྫུ་འཕྲུལ་གང་ཡང་འགྲན་མ་ནུས་ཤིང་དབང་ཕྱུག་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབས་པར་ཁས་བླངས་པ་ཡང་མི་གཙང་བའི་རྫས་ཀྱིས་འཁོར་མ་ནུས་པས་ལྷས་བསླུས་སོགས་ཞེས་སྨྲེ་སྔགས་བཏོན་ཏེ་སྔར་གྱི་ང་རྒྱལ་ལས་སྐྱེངས་ནས་ཚངས་པའི་འཇིག་རྟེན་ལ་འགྲོའོ་སྙམ་བྲོས་འཕགས་པ་ལྷས་བདས་པས་ནམ་མཁར་ཐོ་རེངས་ཟིན་པ་དང༌། ཁྱོད་ཀྱིས་འདི་ནས་ཡར་ལ་མ་འགྲོ་ཞིག་རླུང་སྤུ་གྲི་ཅན་གྱིས་ལུས་དུམ་བུར་གཏུབ་པ་ཡོད་གསུངས་པས་ཡོད་པ་སུས་ཤེས་ཟེར་རལ་པ་གཅིག་འཕོངས་དང་གསུངས་པས་འཕངས་པས་སྐྲ་དུམ་བུར་སོང་བས་ཁོ་བྲེད་དེ་འགྲོ་མ་ནུས་པར་ཟིན་ཁྲིད་ནས་འོངས་རལ་པ་བྲོགས་ཤིག་བྱས་པས། ཁོ་ན་རེ་རལ་པ་འདྲེག་པ་ལས་ང་རང་གང་དགར་འཆིར་འགྲོ་ཟེར་ནའང་རལ་པ་བྲེགས་ནས་བཀའ་སྡེ་སྣོད་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག་སྟེ་སྒོ་ལྕགས་རྒྱབ་བཞག་པས་རྟ་དབྱངས་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་ཁྱད་པར་ཅན་རྣམས་ལ་བལྟས་པས་རང་གི་ལྟ་བ་ལོག་པར་སྤྱད་པ་ནོར་བ་དང༌། རྒྱུ་འབྲས་ཁྱད་བསད་ཀྱིས་དམྱལ་བར་སྐྱེ་བར་གོ་ནས་རང་གི་བྱ་བ་མ་ཡིན་པར་འགྱོད་ཉེས་པ་ལྕེས་བྱས་ལྕེ་གཅོད་ཟེར་སྤུ་གྲི་བླངས་པས་སྟེར་དུ་མ་བཅུགདེ་ནུབ་རྨི་ལམ་ལ་སྔར་བྱས་ལ་འགྱོད་པ་སྐྱེས་ཀྱང་སྡིག་པ་མ་བྱང༌། ད་ནང་པ་སངས་རྒྱས་པར་ཞུགས་ནས་ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་འདག་གོ་ཞེས་ལུང་བསྟན་བྱུང་བ་ཡིན་ལ་དེ་ཡང་སློབ་དཔོན་འདི་ཉིད་ཐོག་མར་ཕྱི་རོལ་པའི་གྲུབ་མཐའ་རྒྱ་མཚོའི་མཐར་སོན། རྗེས་སུ་ནང་པའི་རིང་ལུགས་སུ་ཞུགས་དཔལ་མགོན་ཀླུ་སྒྲུབ་ཀྱི་སློབ་མ་མཛད། ཕྱི་ནང་གི་གྲུབ་མཐའ་དང་སྙན་ངག་སོགས་རིག་བྱེད་ལ་མཁས་པར་གྱུར་མཚན་ཡང་བདུད་རྩི་བུམ་པ་ཕ་ཁོལ་མ་ཁོལ། དཔལ་ཆེན་དགེ་བ། རྟ་དབྱངས། དགའ་བྱེད། མ་ཏི་ཙི་ཏྲ། ཨ་ཤྭ་ཀ ཐུབ་རྒྱལ་ནག་པོ་ཞེས་པར་གྲགས་ཤིང་ནང་པར་ཞུགས་ནས་དཀོན་ཅོག་འབངས། རབ་འབྱོར་བསྐྱངས། བྷ་ཝི་ལྷ། མར་མེ་མཛད། ངོ་བོ་གཉིས་མེད། ཕ་བཀོད་མེ་འཛིན། བཙུན་པ་དཔའ་བོ། དགྲ་ལས་རྣམ་རྒྱལ། རྡོ་རྗེའི་མཚོན་ཆ། ལྷ་གསུམ་པ། བྷྷ་བ་བྷྷ། གཞན་ལ་ཕན་པའི་དབྱངས་ཏེ་མཚན་ཉི་ཤུ་རྩ་གཅིག་ཏུ་གྲགས་པའི་མཁས་མཆོག་དཔའ་བོས་ནི་གོང་དུ་ལུང་བསྟན་བྱུང་བ་ལྟར་ལས་འབྲས་ལ་སྐུར་བ་བཏབ་པའི་ལུས་ཀྱི་སྡིག་བཤགས་སུ་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། ཡན་ལག་བརྒྱད་པ་བསྡུས་པ་སྟེ་བཞི། ངག་གི་སྡིག་བཤགས་ལ་སྐྱེས་རབས། ཡིད་ཀྱི་སྒྲིབ་པ་སྦྱངས་ཕྱིར་རྩ་ལྟུང༌། གཞན་ཡང་རིག་པའི་གནས་ལྔ་སོགས་བསྟན་བཅོས་མང་དུ་མཛད་ཅིང་དེའི་ནང་ནས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩོམ་པའི་དུས་སུ། ས་གསུམ་དགེ་ལེགས་འགྱུར་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང༌། །ཞེས་གསུངས་པ་ལྟར་ས་འོག་ཀླུའི་ཡུལ་དུ་འོད་སྣ་ཚོགས་ཀྱི་ཁུག་སྣ་སྤྲིན་དུ་ཆགས་པ། དེ་ལ་བདུད་རྩིའི་ཆར་འབབ་པ། ཤིང་རྣམས་ལས་དུས་མིན་དུ་འབྲས་བུ་སྨིན་པ་གསུམ། ས་བླ་ལྷའི་ཡུལ་དུ་བ་དན་དང་རྒྱལ་མཚན་གཡོ་བ། དེ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་ཀུན་ཁྱབ་པ། མེ་ཏོག་གི་ཆར་འབབ་པ་གསུམ། ས་སྟེང་མིའི་ཡུལ་དུ་ས་གཡོ་བ། ཨུ་ལའི་ཆར་འབབ་པ། དུག་གི་མེ་ཏོག་རྙིང་པ། གསེར་གདུགས་རང་བཞིན་གྱིས་འཁོར་བ། དུང་རྣམས་རང་སྐད་འབྱིན་པ། ཤིང་གི་བཅད་མཚམས་ནས་འོ་མ་དང་སྦྲང་རྩི་འབབ་པ། ལུས་འཕགས་ཀྱི་རྒྱལ་པོ་ནོར་འཛིན་དམུས་ལོང་ལ་མིག་བྱུང་བ། ཡུལ་དབུས་འགྱུར་འཆང་གི་ཡམས་ནད་ཆད་པ། མུ་སྟེགས་ཀྱི་མཁན་པོ་ར་ལ་པ་ཏྲ་ང་རྒྱལ་ཆག་ནས་ལྟོ་བ་ས་ལ་སྦྱར་བ། རྫ་རྔ་ལས་རིག་སྔགས་ཀྱི་སྒྲ་འབྱུང་བ། དཀོན་མཆོག་གི་རྟེན་རྣམས་མདངས་དང་ལྡན་པ། ནང་པའི་པཎྜི་ཏ་རྣམས་ཀྱིས་ཤིས་པ་བརྗོད་པ་སྟེ་བཅུ་གཉིས་དང་བཅས་པ་དེ་ལྟར་ས་གསུམ་དུ་རྩོམ་པའི་རྣམ་འཕྲུལ་བཅོ་བརྒྱད་གསལ་བར་གྱུར་ཅིང་རིག་པའི་དབང་ཕྱུག་གིས་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲི་ལན་དུ། ཙཎྡྲ་གོ་མི་བརྗོད་པ་རྣམ་པར་དག། སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཞེས་བསྟན་བཅོས་རྩོམ་པ་ལ་ཕུལ་དུ་བྱུང་བར་བསྔགས། དེས་མཛད་པའང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འདི་ལ་ལེའུ་ལ་གནས་དྲུག་གི་དང་པོ་མདོ་གནས་ལེའུ་དང་པོས་བརྗོད་བྱ་ཡན་ལག་བརྒྱད་ནད་ཀྱི་ངོ་བོ། སྨན་སྨན་པ། ནད་པ་ནད་གཡོགསྤྱིའི་རྣམ་གཞགལེའུ་བརྒྱ་ཉི་ཤུའི་གྲངས་རྣམས་བསྟན་པས་རྩ་རྒྱུད་ལྟ་བུ་དང༌། ལེའུ་གཉིས་པས་ཉིན་རེའི་སྤྱོད་པ། གསུམ་པས་དུས་སྤྱོད། བཞི་པས་ནད་མེད་བྱ་བ། ལྔ་པས་བཏུང་བའི་རྫས། དྲུག་པས་ཟས་ཀྱི་མཚན་ཉིད། བདུན་པས་ཟས་བསྡམ་ཚུལ། བརྒྱད་པས་ཟས་ཚོད་ཟིན་པ། དགུ་པས་སྨན་ལ་སོགས་པའི་རྫས། བཅུ་པས་རོ་རྣམས། བཅུ་གཅིག་པས་ནད་ཚུལ། བཅུ་གཉིས་པས་ནད་ཀྱི་བྱེ་བྲགབཅུ་གསུམ་པས་ནད་གསོ་བ། བཅུ་བཞི་པས་གསོ་ཐབས་རྣམ་པ་གཉིས། བཅོ་ལྔ་པས་སྦྱང་བ་སོགས། བཅུ་དྲུག་པས་སྣུམ་འཆོས། བཅུ་བདུན་པས་དུགས། བཅོ་བརྒྱད་པས་རློན་ཁྲུས། བཅུ་དགུ་པས་མས་བཏང༌། ཉི་ཤུ་པས་སྣ་ནས་བཏང་བ། ཉེར་གཅིག་པས་དུད་པ། ཉེར་གཉིས་པས་མཁུར་བཀང་སོགས། ཉེར་གསུམ་པས་མིག་སྨན་བླུགས་པ། ཉེར་བཞི་པས་མིག་གསོ་བ། ཉེར་ལྔ་པས་ཆ་དཔྱད། ཉེར་དྲུག་པས་གཏར་དཔྱད། ཉེར་བདུན་པས་གཏར་ག་གདབ་པ། ཉེར་བརྒྱད་པས་ཟུག་རྔུ་དབྱུང་བ། ཉེར་དགུ་པས་གཏར་གའི་ལས། སུམ་ཅུ་པས་ཐལ་སྨན་རྣོན་པོ་དང་མེ་བཙའི་ཆོ་ག་བཅས་ལེའུ་སུམ་ཅུ། གནས་གཉིས་པ་ལུས་གནས་ལ་ལེའུ་དང་པོས་མངལ་དུ་འཇུག་པ་སོགས། གཉིས་པས་དེའི་ནད། གསུམ་པས་ཡན་ལག་གི་བྱེ་བྲགབཞི་པས་ལུས་ཀྱི་གནད། ལྔ་པས་ལུས་ཀྱི་འགྱུར་བ། དྲུག་པས་ཕོ་ཉ་སོགས་ལེའུ་དྲུགགནས་གསུམ་པ་ནད་ཀྱི་གནས་ལ། ལེའུ་དང་པོས་ནད་ཐམས་ཅད་ཀྱི་ནད་གཞི། གཉིས་པས་རིམས། གསུམ་པས་ཁྲག་མཁྲིས་ལུད་པ། བཞི་པས་དབུགས་མི་བདེ། ལྔ་པས་གློ་གཅོང་ཟད་བྱེད་སོགས། དྲུག་པས་ཆང་ནད། བདུན་པས་གཞང་འབྲུམ། བརྒྱད་པས་ཚད་འཁྲུ། དགུ་པས་གཅིན་འགགས། བཅུ་པས་གཅིན་སྙི། བཅུ་གཅིག་པས་ཁོང་འབྲས་དང་སྐྲན། བཅུ་གཉིས་པས་དམུ་རྫིངས། བཅུ་གསུམ་པས་སྐྱ་རྦབ་འོར་མེ་དབལ། །བཅུ་བཞི་པས་མཛེ་ཤ་བཀྲ་ཟ་གུ་སྲིན་བུ། བཅོ་ལྔ་པས་རླུང༌། བཅུ་དྲུག་པས་དྲེག་ནད་རྣམས་ཀྱི་ནད་དམིགས་ཏེ་ལེའུ་བཅུ་དྲུགགནས་བཞི་པ་གསོ་བའི་གནས་ལ་ལེའུ་དང་པོས་རིམས་གསོ་བ། གཉིས་པས་ཁྲག་མཁྲིས། གསུམ་པས་ལུད་པ། བཞི་པས་སྐྱིགས་བུ་དང་དབུགས་མི་བདེ་བ། ལྔ་པས་གཅོང་ཆེན་ཟད་བྱེད། དྲུག་པས་རློན་པ་སྙིང་ནད་སྐོམ་དད། བདུན་པས་ཆང་ནད། བརྒྱད་པས་གཞང་འབྲུམ། དགུ་པས་ཚད་འཁྲུ། བཅུ་པས་ཕོ་བ། བཅུ་གཅིག་པས་གཅིན་འགགས། བཅུ་གཉིས་པས་གཅིན་སྙི་ཟ་ཁུ། བཅུ་གསུམ་པས་ཁོང་འབྲས། བཅུ་བཞི་པས་སྐྲན། བཅོ་ལྔ་པས་དམུ་རྫིངས། བཅུ་དྲུག་པས་སྐྱ་རྦབ། བཅུ་བདུན་པས་འོར། བཅོ་བརྒྱད་པས་མེ་དབལ། བཅུ་དགུ་པས་མཛེ། ཉི་ཤུ་པས་ཤ་བཀྲ་དང་སྲིན་བུ། ཉེར་གཅིག་པས་རླུང་ནད། ཉེར་གཉིས་པས་དྲེག་ནད་རྣམས་གསོ་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས། གནས་ལྔ་པ་ཆོ་ག་གྲུབ་པ་ལ་ལེའུ་དང་པོས་སྐྱུག་སྨན། གཉིས་པས་བཀྲུ་སྨན། གསུམ་པས་སྐྱུག་སྨན་གྲུབ་པ། བཞི་པས་མས་བཏང༌། ལྔ་པས་མས་བཏང་གྲུབ་པ། དྲུག་པས་སྨན་གྱི་ཆོ་ག་བཅས་ལེའུ་དྲུགགནས་དྲུག་པ་ཕྱི་མའི་གནས་ལ་ལེའུ་དང་པོས་བྱིས་པ་ཉེར་སྤྱོད། གཉིས་པས་བྱིས་པའི་ནད། གསུམ་པས་བྱིས་པའི་གདོན་ཏེ་བྱིས་པར་ལེའུ་གསུམ། བཞི་པས་འབྱུང་པོའི་གདོན། ལྔ་པས་དེ་གསོ་བ། དྲུག་པས་སྨྱོ་བྱེད། བདུན་པས་བརྗེད་བྱེད་གསོ་བ་སྟེ་འབྱུང་པོར་ལེའུ་བཞི། བརྒྱད་པས་མིག་ཆུའི་ནད་དམིགས། དགུ་པས་དེ་གསོ་བ། བཅུ་པས་མིག་འབྲས་དཀར་ནག་གི་ནད་དམིགས། བཅུ་གཅིག་པས་དེ་གསོ་བ། བཅུ་གཉིས་པས་མིག་ནད། བཅུ་གསུམ་པས་རབ་རིབ། བཅུ་བཞི་པས་དེ་གསོ་བ། བཅོ་ལྔ་པས་མིག་ནད་སྣ་ཚོགས་ཀྱི་དམིགས། བཅུ་དྲུག་པས་དེ་རྣམས་གསོ་བ་བཅས་ལུས་སྟོད་མིག་ལ་ལེའུ་དགུ། བཅུ་བདུན་པས་རྣ་བའི་ནད་ཀྱི་དམིགས། བཅོ་བརྒྱད་པས་དེ་གསོ་བ། བཅུ་དགུ་པས་སྣ་ནད་ཀྱི་དམིགས། ཉི་ཤུ་པས་དེ་གསོ་བ། ཉེར་གཅིག་པས་ཁ་ནད་ཀྱི་དམིགས། ཉེར་གཉིས་པས་དེ་གསོ་བ། ཉེར་གསུམ་པས་མགོ་ནད་ཀྱི་དམིགས། ཉེར་བཞི་པས་དེ་གསོ་བ་བཅས་ལུས་སྟོད་གཞན་ལ་ལེའུ་བརྒྱད་དེ་ཁྱོན་ལུས་སྟོད་ལ་ལེའུ་བཅུ་བདུན། ཉེར་ལྔ་པས་རྨ་རྙིང་པ། ཉེར་དྲུག་པ་རྨ་གསར་པ། ཉེར་བདུན་པས་རྐང་ལག་ཆག་གྲུགས། ཉེར་བརྒྱད་པས་མཚན་པར་བརྡོལ་བ། ཉེར་དགུ་པས་རྨེན་བུ་ཐོར་བུ་རྐང་འབམ་འབྲས་སོགས་ཀྱི་ནད་དམིགས། སུམ་ཅུ་པས་དེ་རྣམས་གསོ་བ། སོ་གཅིག་པས་ཕྲ་མོའི་ནད་དམིགས། སོ་གཉིས་པས་དེ་གསོ་བ། སོ་གསུམ་པས་གསང་གནས་ཀྱི་ནད་དམིགས། སོ་བཞི་པས་དེ་གསོ་བ་བཅས་རྨ་སྐོར་ལ་ལེའུ་བཅུ། སོ་ལྔ་པས་དུག་སྣ་ཚོགས། སོ་དྲུག་པས་སྦྲུལ་དུག་སོགས་གསོ་བ། སོ་བདུན་པས་སྲིན་དང་བ་དུག་གསོ་བ། སོ་བརྒྱད་པས་བྱི་བ་དང་ཨ་ལངྐའི་དུག་གསོ་བ་བཅས་དུག་ལེའུ་བཞི། སོ་དགུ་པས་བཅུད་ལེན། བཞི་བཅུ་པས་རོ་ཙ་བ་སྟེ་རྒས་པ་གསོ་བ་ལེའུ་གཉིས་བཅས་རྒྱུད་ཕྱི་མར་ལེའུ་བཞི་བཅུ་བཅས་ཁྱོན་ལེའུ་བརྒྱ་ཉི་ཤུ་ཡོད་པ་འདི་མཛད། སློབ་དཔོན་དཔའ་བོ་དེའི་སློབ་མ་ཁ་ཆེ་ཟླ་བ་མངོན་དགའ་ནི། སྒྲ་སྦྱོར་ངེས་པར། ཆགས་ལ་མངོན་པར་དགའ་བའི་བུ། ཟླ་བ་མངོན་དགའ་ཞེས་བྱ་བས། །ཞེས་དང༌། ཟླ་ཟེར་དུ། བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་གྲགས་ཡིན། །དེ་ནི་ད་ལྟའང་ས་གསུམ་ན། གྲགས་པ་དྲི་མེད་སྒྲོག་པར་བྱེད། །དེ་སྲས་ཆགས་ལ་མངོན་པར་དགའ། །དེའི་བུ་ཟླ་བ་མངོན་དགའ་བདག། སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུད་ཤེས་དོན་ལྡན་མིང་བཏགས་ལ། །དོན་དམ་ཞེས་བྱ་སྨན་པའི་མཆོག། ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །ཞེས་དཔལ་ཆེན་དགེ་བ་སློབ་དཔོན་དཔའ་བོ་དང༌། དེའི་སྲས་ཆགས་པ་མངོན་དགའ་དེའི་སྲས་ཁ་ཆེ་ཟླ་མངོན་ཡིན་ཏེ། དེས་ཡན་ལག་བརྒྱད་པ་ཆེན་པོ་དེ་ལ་འཇུག་པ་བསྡུས་པ་རྣམས་དང༌། ཙ་ར་ཀ་འབུམ་སྡེ་སོགས་གསོ་རིག་གི་གཙུག་ལག་མཐའ་ཀླས་པར་བརྟེན་ཅིང་རང་ཉིད་ཀྱི་རྣམ་པར་དཔྱོད་པའི་རིག་ལམ་ནས་དྲངས་ཏེ་སྙིང་པོ་བསྡུས་པ་རྒྱས་པར་འགྲེལ་པ་ཚིག་དོན་ཟླ་ཟེར་ལེའུ་གྲངས་སོགས་གོང་མཚུངས། དེའི་སྨན་མིང་ཟུར་དུ་བཀོལ་བའི་ཚིག་དོན་སྒྲ་སྦྱོར་ངེས་པ་སོགས་མཛད་དེ་འཕགས་ཡུལ་གྱི་གསོ་རིག་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར། གངས་ཅན་གྱི་ལྗོངས་སུ་ལོ་ཆེན་རིན་བཟང་གིས་པཎྜི་ཏ་འདི་ཉིད་དང་ཛ་གརྔྷ་ན་ལ་བརྟེན་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རང་འགྲེལ། ཟླ་ཟེར་རྣམས་འགྱུར། གཞན་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱིས་རི་བོ་རྩེ་ལྔར་གསུངས་པའི་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་ར་ཛ་ཞེས་ལུས་སྐྱེད་རྒྱུ། ལུས་རྐང་རུས། མགོ་རྐང་རུས། ཡན་ལག་རྐང་རུས། ལྡང་ཚད། ནད་གནས། རྣམ་གཞགདབྱིབས་དང་ལྕེ་སོན་ངོས་བཟུང༌། ཡུལ་དུས་བརྟག་པ། ཆུའི་དཔྱད་ཆུའི་དོན་གྱི་བྱད་ལམ། བྱད་ལམ་དུས་ཀྱི་འཁོར་ལོ། བྱད་ལམ་ཆུའི་ཐ་སྐར་བརྟག་པ། རྩ་ཚ་གྲང་སྟོད་སྨད་བརྟག་པ། སྙིང༌། མཆིན། མཁལ། གློ། མཆེར་རྣམས་ཀྱི་རྩ་བརྟག་པ། འཆི་རྩ། དགྲ་རྩ། གདོན་རྩ། དུས་བཞིའི་རྩ། རླུང༌། བད་མཁྲིས་ཀྱི་མཚན་ཉིད། སྙིང་གློ། མཆིན། མཆེར། མཁལ། རྒྱུ། ཕོ། མཁྲིས། ལོང༌། ལྒང༌། བསམ་སེ། མ་ཞུ་འཁྲུ་བ་རྣམས་ཀྱི་མཚན་ཉིད། མ་ཞུའི་མཚན་ཉིད། སྐྲན་ངོས་བཟུང་བ། འབྲས་དང་སུར་ཡའི་ནད་བསྟན་པ། འབྲུམ་པ། ལྷོག་པ། དུགདམུ་ཆུ། སྲིན་རྣམས་ཀྱི་མཚན་ཉིད་བསྟན་པ། མགོ་དབྱིབས་ཤ་དང་རྩ། ཡན་ལག་གནད། བྱང་ཁོག་གསུམ་གྱི་མཚན་ཉིད། ལ་ཉེ་མུ་ཟི། བྲག་ཞུན་གཉིས་སྦྱར་ཐབས། རླུང༌། མཁྲིས། བད། ལྡན་འདུས། སྙིང༌། རླུང༌། གློ་ནད། མཆིན་ནད། མཁལ་ནད། མཆེར་ནད། རྒྱུ་ནད། ཤ་ཡ། ལོང་ནད། ལྒང་ནད། བསམ་སེའི་ནད། མ་ཞུ་བ། འཁྲུ་བ། སྐྲན། འབྲས། སུར་ཡ། འབྲུམ་བུ། གག་ལྷོགདུགདམུ་ཆུ། སྲིན་ནད་རྣམས་བཅོས་པའི་ལེའུ། ཕྱེ་མ། ལྡེ་གུ། ཐང་རྣམས་ཀྱི་སྦྱོར་སྡེ། ཐང་བཤལ། བཤལ། འཇམ་རྩི་ནི་རུ་ཧ། སྣ་བཤལ། རྩ་སྦྱོང༌། ལས་རྣམས་ཀྱི་ལོག་གནོན། སྨན་མར། དར་ཡ་ཀན། རིན་པོ་ཆེ། ཟས་དང་ཤཟས་སྨན། རྨ་དང་ཁོང་སྨན། རུས་པ། སྲུབས། རྩ་བཅོས་པ། རྩ་བབ། འགྲམས་པ། རྨ་སྨན་བསྡུས་པ། དཔྱད་མདོར་བསྡུས། ཡན་ལག་བཅོས་པ། གདོན་དང་སྐེ་བཅོས་པ། ཐུན་མོང་ནན་ལྕིབས། བྱང་ཁོག་སྟོད། བྱང་ཁོག་སྨད་བཅོས་པ། བྱང་ཁོག་ཐིག་ཚད། བྱང་ཁོག་གི་དཔྱད་དང་སྨན། གཏར་གམེ་བཙའ། སྨན་གྱི་ནུས་པ་བསྟེན་པ་སྟེ་ལེའུ་བརྒྱ་བཅུ་གཉིས་ཀྱི་བདག་ཉིད་ཅན་ནི་དཔེ་རེ་གཉིས་ཀྱི་དབུར་ཀླུ་སྒྲུབ་ཀྱིས་ཞུ་བ་པོ་མཛད་ཚུལ་སྣང་ཡང་དེ་ནི་ཅུང་ཡི་གེ་ཉམས་པར་དོགས་ཏེ་གང་ཞེ་ན། ཝང་ཐེའམ་ཀླུ་རྒྱལ་གབ་པས་ཞུ་བ་པོ་བྱས་ཙི་ནའི་རྒྱལ་ཁམས་རི་བོ་རྩེ་ལྔར་གསུངས་པ་རིམ་པར་རྒྱ་གར་དུ་འོངས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིའང་དཔྱད་པ་མཛད། གངས་ཅན་གྱི་ལྗོངས་སུ་རྒྱ་གར་རྒྱུད་མཁན་པོ་ཀྲི་ཎ་ཞེས་པའི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་བནྡེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་སོགས་ཇི་སྙེད་མཆིས་པ་དེ་དག་རྣམས་ཀྱི་དོན་མཐའ་དག་མ་ལུས་པར་འདུས་ཤིང་ཁྱད་པར་དུ་འཕགས་པའི་དཔལ་ལྡན་རྒྱུད་བཞི་ཞེས་བྱ་བ་འདི་ནི། ཕྱི་རྒྱུད་ལས། རྩ་བ་ཐུགས་ཀྱི་རྒྱུད་ནི་ས་བོན་འདྲ། །འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན། །སྐུ་ཡི་བཤད་རྒྱུད་བར་སྣང་ཉི་ཟླ་འདྲ། །ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་སྟོན། །མན་ངག་ཡོན་ཏན་རྒྱུད་ནི་ནོར་བུ་འདྲ། །དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེད། །ཕྱི་མ་ཕྲིན་ལས་རྒྱུད་ནི་ཕ་ལམ་འདྲ། །ནད་ཀྱི་སྟེང་དུ་ཐོགས་པ་ཡོད་མ་ཡིན། །ཞེས་པ་ལྟར་གྱི་རྒྱུད་ཆེན་བཞི་པོ་གསུངས་གནས་ལ་དགག་བཞག་སོགས་རྩ་རྒྱུད་དུས་བརྗོད་པ་ལྟར་དོན་ཨོ་རྒྱན་གྱི་ཡུལ་དུ་འཐད་ནའང་འཕྲལ་སྤྱིར་བཏང་ལྟར་བརྗོད་ན་བྱེ་བྲག་ཏུ་བཤད་མཛོད་ཆེན་མོའི་ལུང་དུམ་བུ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་གསུངས་པའི། སྨན་གྱི་ནགས་སུ་ལོ་བཞི་སྟེ། །ཞེས་པའི་སྨན་ནགས་དེ་ནི་དྲང་སྲོང་གི་གནས་ཡིན་ཏེ། །དེ་དག་གི་རྒྱས་བཤད་རྩ་རྒྱུད་དུ་སོང་བ་བཞིན་གྱི་གནས་དེ་དབུས་རི་བོ་ངོས་བཞི་པ་རྒྱར་དཔག་ཚད་བརྒྱ་དང་དཔངས་སུ་གསུམ་དང་ལྡན་པའི་རི་དེ་དག་གི་རྩེ་མོར་སྟོན་པས་གསར་དུ་སྤྲུལ་པའི་གནས་ལག་མཐིལ་ལྟར་མཉམ་པ་གསེག་མ་ལ་སོགས་པ་མ་དག་པའི་རྫས་མེད་པ་ཁྱོན་ཡངས་ཤིང་ཐ་གྲུ་མཉམ་པ། རྣམ་པ་ཀུན་ཏུ་འོད་དང་འོད་ཟེར་འཕྲོ་བ་ཉིན་མཚན་གྱི་སྣང་བ་མེད་པས་གཞི་དེ་ཉིད་མནན་ན་ནེམ་ནེམ་ཞིང་བཏེག་ན་འཕར་བ། བདུག་སྤོས་ཀྱི་དྲི་དངར་བ་དེའི་དབུས་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་མིའི་རིན་པོ་ཆེ་གསེར་དང་དངུལ་མུ་ཏིག་དཀར་དམར་བཻ་ཌཱུརྱ་སོགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ལྔ་ལས་ཡོངས་སུ་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྩིག་པ་རིམ་པ་ལྔ་དང་ལྡན་པ་སྒོ་རེ་ན་རྒྱལ་ཆེན་རེ་ཡོད་དེ་གཞལ་ཡས་ཁང་དེའི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་སྟེ་མདའ་ཡབ་པུ་ཤུ་ལྷའི་རིན་པོ་ཆེ་སྣ་ལྔས་དྲ་བ་དྲ་ཕྱེད་མིག་མང་རིས་སུ་བྱས་པ། བྱང་ཆུབ་སེམས་དཔའི་རིན་པོ་ཆེ་སྣ་ལྔས་ཐོག་གི་རྒྱལ་མཚན་དང་གྷ་ཊ་རྣམས་ཀྱི་ཏོག་ལ་སོགས་པ་བྱས་པ་འོད་དང་འོད་ཟེར་དུས་ཀུན་ཏུ་འཕྲོ་བ་ཕྱི་བལྟས་ནང་གསལ་བ་དང་ནང་བལྟས་ཕྱི་གསལ་བ་སྟེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མིའི་ནོར་བུ་རིན་པོ་ཆེ་ནི་ཡོངས་སུ་དག་པའི་ཁ་དོག་དང་ལྡན་པས་དུག་དང་གདོན་དང་མུན་པ་དང་སྐྲངས་པ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་པ་ཇི་ལྟར་བསམས་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པ་སྟེ་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ལ། ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་རྣམས་ཀྱི་སྟེང་དུ་རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང༌། ཡང་དག་པ་དང༌། སྨྲ་བར་རུང་བ་དང༌། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང༌། བྱང་ཆུབ་སེམས་པའི་ནོར་བུ་རིན་པོ་ཆེ་དེ་ལ་ནི་སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ་སེམས་ཅན་རྣམས་ཀྱི་འཆི་འཕོ་རྟོགས་པ་དང༌། སྐྱེ་བའི་མཐའ་ཤེས་པ་དང་ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་བ་སྟེ་ཡོན་ཏན་རྒྱུད་ཀྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ནོར་བུའམ་རིན་པོ་ཆེ་དེ་རྣམས་ཀྱི་མཐུ་དང་ནུས་པ་དེས་ནི་རླུང་གི་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང་ལྡན་པའི་ནད་དང་འདུས་པའི་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ཡང་ཚ་བའི་ནད་རྣམས་ལ་དེའི་ནུས་པ་བསིལ་དུ་གྱུར་པས་ན་ཚ་བ་སེལ་བ། གྲང་བའི་ནད་རྣམས་ལ་དེའི་ནུས་པ་དྲོད་དུ་གྱུར་པས་ན་གྲང་བ་སེལ་བ། ལུས་དང་བསམ་པ་ལ་བར་དུ་གཅོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ་སོགས་མི་མཐུན་པ་མཐའ་དག་ལས་བསྲུང་ཞིང་སྐྱོབ་པ་དང༌། མཐུན་པའི་རྐྱེན་རང་རང་གི་ཡིད་ལ་ཇི་ལྟར་བསམས་པའི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པའི་རིན་པོ་ཆེའི་གཞལ་ཡས་ཁང་མཆོག་ཏུ་གྱུར་པ་དག་ཡོད་དོ། །གྲོང་ཁྱེར་གྱི་ལྷོ་ན་ཉི་མའི་སྟོབས་ལྡན་རི་ལ་གྲང་ནད་སེལ་བའི་དྲོད་སྨན་གྱི་རིགས་དང༌། བྱང་ཕྱོགས་ན་ཚད་ནད་སེལ་བའི་བསིལ་སྨན་གྱི་རིགས་ཤར་དུ་ཨ་རུ་ར་རྣམ་པ་ལྔ་དང༌། ནུབ་ཏུ་བཟང་པོ་དྲུག་ཅོང་ཞི་དང་བྲག་ཞུན་སོགས་ཆུ་ཚན་དང་སྨན་ཆུ་རིགས་ལྔ། སྨན་གྱི་ལྗོན་ཤིང་གི་རྩེ་ན་སྐད་སྙན་པར་སྒྲོག་པའི་བྱ་དང༌། རྩ་བ་ན་གླང་པོ་ཆེ་དང་དོམ་གླ་བ་སོགས་སྨན་བཟང་པོ་ལུས་ལ་ཡོད་པའི་སྲོག་ཆགས་དང་ལྡན་པའི་ནགས་ཚལ་གྱིས་བསྐོར་པའི་དབུས་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པ་དེའི་ནང་ན་ནོར་བུ་སྣ་ཚོགས་དང༌། བཻ་ཌཱུརྱ་དཀར་སེར་སྔོའི་ཁྲི་སེང་གེ་དང་གླང་ཆེན་རྟ་མཆོག་ཁྱུང་དང་རྨ་བྱས་བཏེག་པའི་སྟེང་དུ་ལྷའི་གོས་རིན་ཐང་མེད་པའི་གདན་ལ་བདག་ཅག་གི་སྟོན་པ་ཟས་གཙང་གི་སྲས་པོ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྐུར་བཞེངས་ཏེ་སྐྱེ་དགུའི་བདག་པོ་སོགས་ལྷའི་འཁོར་དང༌། རྒྱུན་ཤེས་ཀྱི་བུ་སོགས་དྲང་སྲོང་གི་འཁོར། ཚངས་པ་སོགས་ཕྱི་པའི་འཁོར། སྤྱན་རས་གཟིགས་སོགས་ནང་པའི་འཁོར་མང་པོ་དང་བཅས་བཞུགས་པའི་དུས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ནས་ཡེ་ཤེས་ལྔའི་རང་མདངས་ཀྱི་སྤྲུལ་པའི་དྲང་སྲོང་མཆེད་ལྔ་འཕྲོས་ཏེ་གསུང་སྤྲུལ་གྱིས་ཞུ་བ་པོ་དང༌། གཞན་བཞིས་འཆད་པོའི་ཚུལ་དུ་གསུངས་པ་ལྷ་རྣམས་ཀྱིས་གསོ་དཔྱད་འབུམ་པར་གོ། དྲང་སྲོང་རྣམས་ཀྱིས་ཙ་ར་ཀ་སྡེ་བརྒྱད་དུ་གོ། ཕྱི་པ་རྣམས་ཀྱིས་དབང་ཕྱུག་ནག་པོའི་རྒྱུད་དུ་གོ། ནང་པ་རྣམས་ཀྱིས་རིགས་གསུམ་མགོན་པོའི་སྐོར་དུ་གོ་བ་མཇུག་དོན་ཡོངས་གཏད་ལས། བདེ་གཤེགས་རྣམས་ཀྱི་སྤྲུལ་པས་འགྲོ་དོན་དུ། །རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས། །རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོང་གསུངས། །དོལ་པོའི་ཡུལ་དུ་གཏར་ག་གཙོ་བོར་བསྟན། །བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས། །དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། །མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། །ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། །གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། །འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང༌། །གང་ཟག་མོས་པའི་མཐོང་སྣང་སོ་སོར་ཤར། །དཔེར་ན་མཁའ་ལ་ཟླ་བ་གཅིག་ཤར་ན། །ཆུ་ཡི་སྐྱོགས་རེར་ཟླ་བ་རེ་རེ་བཞིན། །གཅིག་ཏུ་གསུངས་ཀྱང་སོ་སོས་དུ་མར་གོ། །ཞེས་པ་ལྟར། སྣང་མཐའི་རང་གཟུགས་གསུང་སྤྲུལ་དྲང་སྲོང་ཡིད་ལས་སྐྱེས་ཉིད་ཀྱིས་གོ་བར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པའི་རྒྱུད་བཞིའི་བཤད་རྒྱུད་ཕལ་ཆེར་དང༌། རྩ་རྒྱུད་ཐོ་ལོང་ཕྱི་མ་མན་རྒྱུད་ཀྱི་ཆ་ཙམ་དང་བཅས་པར་གོ་བ་ལྟར་གསེར་ལྗང་བརྡུངས་ཀྱི་སྤང་ལེབ་ལ་བཻ་ཌཱུརྱས་བྲིས་ཏེ། རིམ་གྱིས་ཆིག་བརྒྱུད་ཀྱི་ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་པར་དགའ་བ་ལ་མཆེད། དེ་ཉིད་བོད་དུ་དར་ཚུལ་ནི་ྋསྐྱབས་མགོན་དམ་པ་འདི་ཉིད་ཀྱི་སྐུའི་སྐྱེ་སྲིད་གོང་མ་མངའ་བདག་ཚངས་པ་ལྷའི་མེ་ཏོག་གམ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཡིན་ཏེ། གླེགས་བམ་རིན་པོ་ཆེ་ནས། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། ཞེས་དང༌། དགེ་སློང་ང་ལ་བདེན་པ་ཡོད་མོད་ཀྱང༌། །མི་དབང་ཁྱོད་ཀྱི་གྲོགས་བྱེད་རྟག་ཏུ་དགེ། །ཞེས་གསུངས་པ་ལྟར་དུས་གསུམ་སངས་རྒྱས་པདྨཱ་ཀ་ར་དངོས་སུ་ཕེབས་ཤིང་གཞན་ཡང་ལོ་པཎ་ནམ་མཁའི་སྐར་མ་ལྟར་གྲངས་མང་བ་སྤྱན་དྲངས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང༌། དར་རྒྱས་སུ་མཛད་པའི་དུས་ལོ་ཆེན་བཻ་རོ་ཙ་ནས་རྒྱ་གར་དུ་བྱོན་ཏེ་པཎ་ཆེན་ཟླ་བ་མངོན་དགའ་དང་བཅས་བསྒྱུར་ཏེ་བོད་དུ་སྤྱན་དྲངས། སློབ་དཔོན་ཆེན་པོ་དང་ཆོས་རྒྱལ་ཡབ་སྲས་ལ་ཕུལ་སློབ་དཔོན་གྱིས་ཆོས་སྐྱོང་ཞང་བློན་ལ་གཏད། དེ་ནས་བཀའ་མའི་ལོ་རྒྱུས་ལྷ་སྲས་རིམ་པར་ནང་བརྒྱུད་སོགས་དང༌། གཏེར་མ་ནི་སློབ་དཔོན་གྱིས་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་གཞུར་གཏེར་དུ་སྦས་གཏེར་སྲུང་ཤིང་བྱ་ཅན་ལ་བཅོལ་བ། ཐང་ཡིག་ལས། སྐབས་སུ་གཅིག་ལས་གཅིག་ཉིད་སྡུད་པ་ཡོད། །ཇིང་དང་རྒྱ་རྣམས་གྲོག་མའི་ཚང་ཞིག་འདྲ། །དབུ་རྩེའི་གསོ་རིག་རྒྱུད་ཀྱི་གཏེར་ཁ་དང༌། །ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༌། །གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང༌། །ཞེས་ལུང་བསྟན་པ་ལྟར་ཤུད་བུའི་སྐྱེ་བ་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་མི་ལོ་ཕྱེད་ཉིས་བརྒྱ་སྐོར་ནས་གདན་དྲངས་པ་དཀོན་མཆོག་སྐྱབས་ལ་ཆིག་བརྒྱུད་དུ་གནང་བ་ཡིན་ཀྱང་གཞུང་མན་ངག་ཐམས་ཅད་ཀྱི་སློབ་མའི་བཀའ་བབས་པ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས་ལ་དེ་ཡང་གསར་རྙིང་གཉིས་ལས་ཐོག་མར་རྙིང་མ་ནས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་དག་ནི་འོད་གསལ་ལྷ་ལས་ཆད་པའི་རིགས་ཤཱཀྱའི་གདུང་ཡིན་པ་རིམ་པར་བོད་ཡུལ་སྟོད་ལུང་དུ་འཕོས་པ་འདྲེ་རྗེ་བཛྲ་གྱི་དུས་གཡུ་ཐོག་པ་ཞེས་པའི་མིང་བྱུང་ལ། དེ་ཚུལ་འདྲེ་རྗེ་བ་དེ་ཉིད་སྟོད་ལུང་སྐྱི་སྣ་ལ་བཞུགས་ནས་ནད་པ་བསྐོར་བའི་ཚེ་ཟམ་མོ་ཆེའི་མདུན་དུ་བུད་མེད་ཤིན་ཏུ་མཛེས་པ་ཞིག་གིས་བདག་གི་ཡུལ་དུ་ཕེབས་ཞེས་པར་མི་འབྱོན་པའི་ཚིགས་བཅད་དུ་མ་གསུངས་པ་དང༌། དེ་ལན་བཅས་བདག་གི་རྗེ་བོ་ཀླུ་རྒྱལ་ཀླུ་རྗེ་དེ་བསྙུན་པས་དེ་དོན་ཕེབས་དགོས་པར་གསོལ་བ་ལྟར་དར་སྣ་དང་བཅས་གདན་དྲངས་པ་ཀླུ་བདུད་སྔགས་པའི་གཟུགས་སུ་བྱས་ནས་བདག་གི་ཡུལ་དུ་ལོ་ཏོག་ལ་གནོད་པ་བྱས་པས་སྔགས་པའི་ཐུན་ཤ་རུས་རྩར་ཐེབས་ཞེས་ལུས་ཐམས་ཅད་ཐུན་གྱིས་གང་བའི་འགྲོ་མི་ཐུབ་པ་འདུག་པར་འདྲེ་རྗེས་བཟོས་ཤིང་དམ་ལ་བཏགས་སྲོག་སྙིང་ཕུལ་དངོས་གྲུབ་སྟེར་བར་ཁས་བླངས། ཡང་བུད་མེད་དེས་དར་སྣ་དང་བཅས་སྟོད་ལུང་ཟམ་མོ་ཆེའི་སྣེར་ཕེབས་བདག་གིས་ཀྱང་བྱ་དགའ་འབུལ་སང་ད་ཚོད་ཟམ་སྣེར་བྱོན་ཞེས་བུད་མེད་དེ་རླུང་འཚུབ་གཅིག་ཏུ་གྱུར་ཏེ་བྲག་རིར་ཐིམ། སང་ནད་པ་བསྐོར་ནས་མོ་རང་ཟེར་བ་ལྟར་ཟམ་སྣེར་ཕེབས་པས་འབྲུག་གློག་ཆར་མུན་ཆེན་པོའི་གསེབ་བུད་མེད་རྐེད་པ་ཡན་གསེར་གཡུས་བརྒྱན་པའི་རོ་ཆུས་ཁྱེར་བ་རྙེད། དེའི་རྒྱན་རྣམས་ཁང་ཐོག་ཏུ་བཀྲམས་པ་ར་རྫིས་མཐོང་སྟེ་འདི་ལ་གཡུ་ཐོག་འདུག་བྱས་པས་གཡུ་ཐོག་པར་དེ་ནས་གྲགས། དེ་ལ་སྲས་ཁྱུང་པོ་རྡོ་རྗེ་འཁྲུངས། དེ་ལ་རྗེ་ཡོན་ཏན་མགོན་པོ་རྙིང་མ་འདི་ཉིད་སྲས་སུ་བྱུང་སྟེ། ཁྲི་སྲོང་ལྡེ་བཙན་དང་ཡབ་མེས་ཨག་ཚོམ་གྱི་བླ་སྨན་མཛད་པར་ཡང་གྲགས། གཡུ་ཐོག་ཡོན་ཏན་མགོན་པོ་འདི་ཉིད་སློབ་དཔོན་ཆེན་པོ་པདྨ་བོད་དུ་ཕེབས་ནས་ཟན་ཡང་བརྩིག་དུས་དགུང་ལོ་ཉེར་ལྔ་བཞེས། རྒྱ་གར་དུ་འབྱོན་པར་སློབ་དཔོན་ཆེན་པོར་བར་ཆད་བཟློག་པའི་རྫས་སྲུང་ཞུས་པ་དང༌། ལོ་ཙཱ་བཻ་རོ་ཙ་ན་དང་ལམ་དུ་མཇལ་ལོ་ཙཱ་བས་པཎ་ཆེན་ཙཎྡྲ་དེ་བ་རྒྱུད་བཞིའི་གདམས་པ་ཁ་སྐོང་བཅས་ལོང་སོགས་གསུངས། གཡུ་ཐོག་པས་ལོ་ཙཱ་བར་རྒྱུད་བཞི་བདག་མ་སླེབས་བར་གཏེར་དུ་མ་སྦ་གསུངས་པ་སོགས་ཀྱི་ལོ་རྒྱུས་ཀྱང་མཆིས་ལ། དེས་ཡབ་ཁྱུང་པོ་རྡོ་རྗེའི་བཀའ་གཅིག་བཅག་པས་ཡབ་ཀྱི་ཞལ་ནས། བུ་ཁྱོད་ཀྱིས་ངའི་བཀའ་ལན་གཅིག་བཅག་པའི་རྣམ་སྨིན་ལ་ཁྱོད་རང་གི་སྐྱེ་བ་ཐ་མ་ཞིག་ངེད་རང་གཡུ་ཐོག་པའི་མི་རབས་འདི་ནས་བཟུང་སྟེ་བཅུ་གསུམ་པ་ན་མིང་ཡང་ཡོན་ཏན་མགོན་པོར་གྲགས་པ་ཞིག་འོང་བའི་དུས་མེ་ལྷ་ཕྱག་རྡུམ་བོད་དུ་འབྱོན་དེ་དང་ཁྱེད་ཚེ་སྔ་མའི་ལས་འབྲེལ་གྱིས་དཔོན་སློབ་ལྷད་མེད་དུ་འབྲེལ་པ་ལ་མཁས་པ་མི་དགུ་བརྫུས་མས་ངན་ཁག་གི་ཡ་ག་ཡོད་ཚུལ་སོགས་གསུངས་པ་དང༌། སྤྱིར་གཡུ་ཐོག་གསར་རྙིང་གཉིས་ཀྱི་དབྱེ་བ་ནི་གཡུ་ཐོག་བྱམས་པ་ཡན་ཆད་ལ་རྙིང་མ། པདྨ་འོད་ཟེར་མན་ཆད་ལ་གསར་མར་བརྗོད་དེ་ཡང་ཡེར་ལྷ་མོ་བདུད་རྩི་མས་ལུང་བསྟན་ཚུལ་སོགས་གཡུ་ཐོག་རྙིང་མའི་རྣམ་ཐར་ལྟར་གྱི་རྙིང་མ་ནས་མི་རབས་བཅུ་གསུམ་སྔ་ཕྱི་ཧ་ལམ་འབྲོམ་སོགས་དང་མཚུངས་པར་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་བྱུང་ཚུལ་ནི་རྙིང་མའི་དུས་སྨན་གྱི་བླ་མས་ལུང་བསྟན་དུ། དང་པོའི་དུས་སུ་ཀརྨ་དྲི་མེད་དང༌། །བར་དུ་གཞོན་ནུ་འཇིགས་མེད་གྲགས་པ་ཡིན། །ད་ལྟ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས། །འདི་ནས་སྨན་གྱི་གྲོང་ཁྱེར་ལྟ་སྡུག་དུ། །དྲང་སྲོང་རིག་འཛིན་རྣམས་ཀྱི་ཚོགས་དཔོན་བྱེད། །དེ་ནས་ལྔ་བརྒྱ་ཐ་མའི་དུས་བབས་ལ། །ང་ཡི་གསུང་སྤྲུལ་སྐྱེས་བུ་དམ་པ་ཁྱེད། །འགྲོ་བ་སེམས་ཅན་སྙིགས་མ་ལ་དགོངས་ནས། །གཡུ་ཐོག་གསར་མ་ཞེས་བྱར་རབ་གྲགས་པ། ཡོན་ཏན་མགོན་པོ་ཞེས་བྱ་འབྱུང་ཞིང་འབྱོན། །སྨན་ཕྲེང་སྨན་སྒྲུབ་ཉམས་ལེན་རྒྱས་པར་བྱེད། །གསུངས་པ་ལྟར་སྟོད་ལུང་སྐྱི་སྣའི་རིགས་དེ་ནས་མཆེད་པ་ལས་གཙང་ཉང་སྟོད་རིག་པའི་འབྱུང་གནས་འདྲེ་དང་ཁྱུང་གིས་འཛིན་པའི་འདྲེ་རིགས་རྒྱ་གར་ཛཱ་ར་ཞེས་བྱ་བ་དེས་ཀྱང་ཡང་སྔ་མ་བཞིན་རྒྱ་གར་ཀ་བ་འཕྲེང་གི་ལྷ་འདྲེའི་ནད་བསལ་བའི་གཏང་རག་ཏུ་བུད་མེད་གཡུ་རྒྱན་གྱིས་སྤྲས་པའི་རོ་དང་ཕྲད་པས་དངོས་གྲུབ་བྱུང་བ། སླར་གཡུ་རྣམས་ཐོག་ཁར་བརྡལ་ནས་བཀྲམས་པས་སླར་ཡང་ཡུལ་དེར་གཡུ་ཐོག་པར་གྲགས་པ་དེ་ལ་སྲས་བརྗིད་པོ། གྲགས་སེང༌། ཁྱུང་པོ་གསུམ། བརྗིད་པོའི་སྲས་ལ་འབུམ་སེང་མཆེད་གཉིས། ཁྱུང་པོའི་སྲས་ལ་རྗེ་གསར་མ་ཡོན་ཏན་མགོན་པོ་ཞེས་དྲང་སྲོང་མེ་ལྷའི་སློབ་མར་གྱུར་པ་འཕགས་ཡུལ་དུ་ལན་དྲུག་ཕེབས་དྲང་སྲོང་ཙ་ར་ཀ་སོགས་བསྟེན། ཌཱ་ཀིའི་གཙོ་མོ་དཔལ་ལྡན་ཕྲེང་བ་སོགས་ཡེ་ཤེས་མཁའ་འགྲོ་མས་རྗེས་སུ་བཟུང༌། མུ་སྟེགས་ཀྱི་སྟོན་པ་བཏུལ། རྡོ་རྗེ་གདན་དུ་པཎ་གྲུབ་མང་པོའི་ཚོགས་དཔོན་མཛད། དཔལ་གྱི་རིའི་ལམ་དུ་ལྟ་སྟངས་ཀྱིས་ཆོམ་རྐུན་ཐམས་ཅད་རེངས། ཆུ་དབུས་སུ་གྲུ་ཞིག་པའི་ཚེ་ནམ་མཁར་འཕུར་ཏེ་གྲོགས་རྣམས་བསྒྲལ། རྡོ་རྗེ་གདན་ནས་བོད་དུ་ཉིན་གཅིག་ལ་བྱོན་ཏེ་ཚོང་འདུས་མགུར་མོར་ཉི་མ་བརྟོད་ལ་མནན་ཨ་རུ་རའི་ཆར་ཕབ་པ་སོགས་རྫུ་འཕྲུལ་ཡ་མཚན་གྱི་མཛད་པ་དུ་མ་དང་བཅས་དགུང་ལོ་དོན་དྲུག་པར་འགྲོ་དོན་བསྐྱངས་ཏེ་མཐར་སྐུ་ཡང་མཐོང་སྣང་སྣ་ཚོགས་དང་བཅས་མ་བརྗེས་པར་སྤྲུལ་ཞིང་བལྟ་ན་སྡུག་ཏུ་ཕེབས་པ་དེ་ཡིན་ལ་དེའི་ཚུལ་གཡུ་ཐོག་རྙིང་མའི་འདྲེ་རྗེ་བཛྲ་གྱི་སྲས་ལ་གསུངས་པའི་ལུང་བསྟན་དུ། ཕ་ལས་བུ་དགའི་སྐྱེས་བུ་ནི། །ཡོན་ཏན་མགོན་པོ་ཞེས་བྱ་འབྱུང༌། །གསོ་དཔྱད་བསྟན་པའི་ཉི་མ་འཆར། །གཡུ་ཐོག་བསྟན་པ་ཁོ་བོས་འཛིན། འགྲོ་ཀུན་དུག་གསུམ་ནད་ལས་གྲོལ། །ཁྲི་སྲོང་ལྡེ་བཙན་ཞེས་བྱ་ཡི། །བླ་སྨན་ལྷ་ཡི་རྗེ་རུ་འགྱུར། །དེ་ཐོག་བཻ་རོ་ཙ་ན་ཡིས། །མཁས་པ་ཟླ་བ་མངོན་དགའ་ལ། །དཔལ་ལྡན་རྒྱུད་བཞི་ལེགས་ཞུས་ནས། །བོད་དུ་སྒྱུར་བར་བྱེད་པ་ཡིན། །སླར་ཡང་ཡོན་ཏན་མགོན་པོ་ཡིས། །རྒྱུད་བཞིའི་ཚིག་དོན་གསལ་བར་བྱེད། །ཅེས་ལུང་བསྟན་པ་ལྟར་རྒྱུད་བཞིར་ཡུལ་དང་མཚུངས་པའི་གོ་བདེ་རུ་དང་སྣོན་ཁ་སོགས་མཛད་དེ་དེ་ནས་རྒྱུད་དར་རྒྱས་སུ་གྱུར། དེར་ཡང་རྒྱུད་འདི་ཉིད་བཀའ་བསྟན་བཞེད་པ་མང་ཙམ་ཡོད་པ་ལས་ངོ་བོ་ནི་བཀའ་ཁོ་ན་ཡིན་ཅིང་དེའི་ཚུལ་རྒྱས་པར་ཡོད་ཀྱང་སྐབས་འདིར་བསྡུས་ལ་མཚོན་ཙམ་ནི་ཕྱི་ནང་གསང་གསུམ་གྱི་སྒོ་ནས་བཤད་ན། ཕྱི་ལྟར་ན་ངོ་བོ་གོང་དུ་བརྗོད་པ་ལྟར་བཀའ་ཤ་སྟག་ལ་སོམ་ཉི་མ་དགོས་ཀྱང་རྗེ་ཡོན་ཏན་མགོན་པོར་བོད་ཡུལ་དང་འཚམ་པའི་ཚིག་དོན་གསལ་དགོས་པར་ལུང་བསྟན་པ་ལྟར་ནག་རྩིས་ཀྱི་གཞུང་དང་བསྟུན་དགོས་པ་ཇ་དཀར་ཡོལ་མ་བུ་དགྲ་གྲོགས་སོགས་ཚིག་གི་ཡས་མས་མང་པོར་རྒྱ་གར་གྱི་མིན་པ་ཡོད་པར་བརྟེན་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་སྟག་ལོ་སོགས་མཁས་པ་ཁ་ཅིག་ཀྱང་བོད་ཀྱི་བསྟན་བཅོས་སུ་འཁྲུལ་བ་དང༌། དེར་བརྟེན་གྱི་མཛད་པ་པོ་སྣ་ཚོགས་སུ་བཤད་པ་ཡོད་ནའང་རྒྱུད་བཞི་རྩ་བར་མ་ཚང་བ་རྣམས་གོང་དུ་བརྗོད་པའི་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཀྱིས་རྒྱ་ནག་གི་འགྱུར་ཟླ་བའི་རྒྱལ་པོ་སོགས་ཀྱི་ཉིང་ཁུ་དང་བོད་ཀྱི་ཡུལ་དང་མཚུངས་པར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་མན་ངག་གི་རྒྱུད་ཅེས་པར་ཕྱི་མ་དང་མན་ངག་རྒྱུད་གཉིས་ལ་བསྣན་ཁ་མང་བ་དང་རྩ་རྒྱུད་དུ་རྒྱུད་ལེའི་གྲངས་དང་བཤད་རྒྱུད་དུ་སྨན་ལེ་སོགས་ལ་ཡང་ཐོར་བུ་བསྣན་ཏེ་མཛད་ཀ་ཡང་དེ་ལ་དབྱེ་བ་མེད་པར་ཐམས་ཅད་བཀའི་ཚུལ་ནི་སྙིགས་དུས་ཀྱི་སྐྱེ་བོ་དོན་ལ་མི་དཔྱོད་ཅིང་ཚིག་ལ་བལྟ་བ་རྣམས་ཀྱི་ངོར་བློ་དྲངས་བའི་ཕྱིར་ཐམས་ཅད་བཀའ་ལྟར་མཛད་པ་ཡིན་ཀྱང་དེ་ལ་ཉེས་པ་མི་འཇུག་པ་ནི་བཀའ་གདམས་ཐིག་ལེ་བཅུ་དྲུག་ཇོ་བོ་ཡབ་སྲས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་རོལ་གར་ལས་ཤར་ནའང་དོན་གྱིས་བརྒྱུད་པ་རྡོ་རྗེ་འཆང་ནས་རིམ་པར་འབྱུང་བ་ལྟར་ཡིན་ནོ། །ནང་ངམ་གསོ་དཔྱད་རང་ལུགས་ལྟར་ན། གསེར་འོད་དམ་པའི་འགྱུར་གཅིག་ཏུ། །རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་སྡུད་པ་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ནད་རབ་ཏུ་ཞི་བར་བྱས་པའི་ལེའུ་བཀའ་སྩལ་ལོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་སྨན་གྱི་བླ་རུ་སྐུ་སྤྲུལ་ནས་གསོ་བ་རིག་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་བཀའ་སྩལ་ཏོ་ཞེས་པ་ལྟར་གནས་ཀྱང༌། སྨན་གྱི་གནས་སུ་ལོ་བཞི་སྟེ། །ཞེས་གསུངས་པའི་གནས་ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་དེའི་དབུས་ན་སྨན་གྱི་རི་བོ་དང་གྲོང་ཁྱེར་རྩ་རྒྱུད་དུ་བཤད་པ་ལྟར་ཡོད་ལ། དེའི་རི་བོ་ནི་ད་ལྟ་ཡང་ཡོད་གྲོང་ཁྱེར་ནི་དྲང་སྲོང་དང་མཉམ་དུ་སྤྲུལ་པ་བསྡུས་ནས་མེད་དོ། །དེར་རྒྱུད་གསུང་བ་པོ་ནི་སྟོན་པ་ཤཱཀྱ་ཐུབ་པ་དངོས་ཀྱིས་སྨན་རྒྱལ་དུ་སྤྲུལ་པར་རྨ་བྱ་ཆེན་མོ་འགྱུར་གཅིག་ནས་གསུངས་པ་ལྟར་སྤྲུལ་གཞི་རིག་པའི་ཡེ་ཤེས་བཞི་ཡིད་ལས་སྐྱེས་དང་བཅས་རྒྱུད་བཞི་རྫོགས་པར་གསུངས་པས་བཀའ་ཤ་སྟག་ཏུ་བཞེད་ལ། དེ་ཡང་སྡེ་སྣོད་གསུམ་གང་དུ་བསྡུ་ན། མདོ་སྡེའི་སྡེ་སྣོད་ལ་འདུ་སྟེ་ཅིའི་ཕྱིར་ན། མངོན་པ་ཀུན་བཏུས་ལས་མདོ་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ་ཞེས་གསུངས་པ་ལྟར་དང༌། གསང་བ་ལྟར་ན་གསུང་པའི་གནས་ཀྱི་གྲོང་ཁྱེར་དེ་ཡང་རྩ་རྒྱུད་སྐབས་བཤད་པ་ལྟར་ཕྱི་ནང་གསང་གསུམ་ནས་གསང་བ་ཇི་སྐད་དུ། གསང་བའི་གྱོང་ཁྱེར་ལྟ་ན་སྡུག་ཅེས་པ། །རང་ཉིད་ལུས་གནས་སྤྱི་བོ་བདེ་ཆེན་འཁོར། རང་སེམས་བཻཌཱུརྱ་ཡི་འོད་དུ་སེམས། །མགྲིན་པ་ལོངས་སྤྱོད་མ་ལ་ཡ་རུ་སེམས། །སྙིང་ག་ཆོས་འཁོར་རི་བོ་སྤོས་ངད་ལྡན། །ལྟེ་བ་སྤྲུལ་པ་རི་བོ་འབིགས་བྱེད་དེ། །གསང་གནས་བདེ་སྐྱོང་རི་བོ་གངས་ཅན་ཡིན། །ཞེས་པ་ལྟར་མཐའ་གཅིག་ཏུ་དཀའ་ལ་ངོ་བོ་བཀའ་ཤ་སྟག་ལ་བསྣོན་ཁ་རྣམས་ཀྱང་བོད་ཀྱི་ཡུལ་དང་འཚམ་པར་སྨན་རྒྱལ་དངོས་སམ་ཐ་མི་དད་པར་མ་ཧཱ་གུ་རུ་གུ་ཎ་ནཱ་ཐ་སྟེ་རྗེ་ཡོན་ཏན་མགོན་པོ་གསར་མ་འདི་ཉིད་ཀྱིས་གསུངས་ཤིང༌། དེ་ཡང་སུམ་སྟོན་ཡེ་ཤེས་གཟུང་གི་རྣམ་ཐར་བཀའ་རྒྱ་མར་བླ་མ་རིན་པོ་ཆེ་རིག་པའི་ཡེ་ཤེས་དངོས་དང༌། བདག་རང་ཡིད་ལས་སྐྱེས་ཡིན་ནམ་སྙམ་ཞེས་པའི་རྩ་བའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པའི་རྒྱུད་ལྟར་ཞུ་བ་ཞུ་ལན་གྱི་ཚུལ་དུ་བསྣོན་ཁ་ཡང་གསུངས། དེ་ཡང་སུམ་སྟོན་ཆེན་པོ་ལྷ་དང་བཅས་པའི་ྋསྐྱབས་མགོན་དམ་པ་ཕྱག་ན་པདྨ་འདིའི་སྐུའི་སྐྱེས་རབས་སུའང་ཡོད་པ་དང་མ་ཧཱ་གུ་རུ་ཡོན་ཏན་མགོན་པོ་དེའང་ངོ་བོ་བླ་མ་དྲི་མ་མེད་པ་མཚོ་ལས་སྐྱེས་པའི་རྡོ་རྗེའམ་སློབ་དཔོན་ཆེན་པོ་པདྨ་ཀ་རའི་སྤྲུལ་པ་ཡིན་ལ། དེ་བས་ན་རྒྱ་གར་དུ་མེད་པའི་བསྣན་ཁ་རྣམས་ཀྱང་བཀའ་དངོས་སམ་དབྱེར་མེད་དེ། དེ་ཡང་རྒྱུ་མཚན་ནི་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་ཀྱི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་དགེ་བའི་ལྕགས་ཀྱུར་རྗེ་གཡུ་ཐོག་པས་རྣམ་པ་གཅིག་ཏུ་སིདྡྷི་རྣམ་པ་གཉིས་ལུས་ཐོག་འདིར་ཐོབ་ཡི་དམ་ལྷ་རྣམས་ཀྱིས་ལུང་བསྟན་རྗེས་སུ་གནང་བ་བྱིན་པ་ལ་བརྟེན་ནས་གསང་སྔགས་བླ་ན་མེད་པའི་རྒྱུད་དང་བྱིན་རླབས་ཁྱད་པར་ཅུང་ཟད་ཙམ་མེད་པའི་གསོ་དཔྱད་ཀྱི་བསྟན་བཅོས་བརྩམས་ཚར་བའི་རྗེས་སུ་རིགས་གསུམ་མགོན་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ལ་ལྷ་དང་ལྷ་མོ་དཔག་ཏུ་མེད་པས་མཆོད་པ་འབུལ་བ་དང་བཅས་མདུན་གྱི་ནམ་མཁར་བྱོན་ནས། ཨ་ལ་ལ་རྒྱུད་ཆེན་པོ་འདི་མ་འོངས་པ་ན་ལུས་ཅན་ཐམས་ཅད་ཀྱི་སྐྱབས་བླ་ན་མེད་པའི་ཡུལ་དུ་འབྱུང་བར་འགྱུར་ཞིང༌། འདི་ཉིད་བཞུགས་པའི་ས་ཕྱོགས་ཐམས་ཅད་བཀྲ་ཤིས་ཤིང་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར། འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཉན་པ་དང༌། ཀུན་ཏུ་བྱང་ཆུབ་པར་བྱེད་པ་དང༌། གཞན་དག་ལ་རྒྱ་ཆེར་སྟོན་པ་དེ་དག་ཀྱང་ནི་རྒྱལ་བ་སྲས་བཅས་གྱི་ཐུ་བོར་འགྱུར། སྐྱེ་བ་འདི་ཉིད་ལ་འདྲེན་པ་སྨན་གྱི་བླའི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར། ཐ་ན་གཞུང་འདིའི་ཚིགས་བཅད་ཙམ་བློར་ཟིན་པ་དེ་དག་ཀྱང་སླར་འཁོར་བར་ལྷུང་བར་མི་འགྱུར་ཞིང་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་འབྱང་བར་འགྱུར་དེ་ལྟ་ནའང་སྤེལ་བའི་དུས་ལ་བབས་པ་ན་སྣོད་ལྡན་གྱི་སློབ་མ་ལུང་སྟོན་པར་འགྱུར་གྱིས། དེ་མ་བྱུང་གི་བར་དུ་སུ་ལ་ཡང་བསྟན་པར་མི་བྱའོ་གསུངས་པས་ཡིད་ཆེས་ཤིང་སྤྲོ་བ་བསྐྱེད་པའི་ཕྱིར་ཡིན་པས་ན་བསྒྲིགས་ཞུས་ཀྱིས་རྒྱ་གར་དུ་མེད་པའི་ཚིགས་བསྣན་སོགས་ལ་ཡང་ཡིད་གཉིས་མི་དགོས་པ་དང༌། བཀའ་དངོས་རྣམས་རྗོད་བྱེད་ཀྱི་བསྔོ་སྨོན་དང་བཅས་པའི་དོན་བཞིན་དེ་བས་ཀྱང་འདི་ཉིད་ལ་ཐོས་བསམ་བྱས་པ་ཕན་ཡོན་ཆེ་བར་བཤད་པས་ན་ཀུན་གྱིས་ཐོས་བསམ་གྱི་ཡུལ་གསོ་བ་རིག་པ་ཡིན་པར་མ་ཟད་མཐར་ཐུག་གི་འབྲས་བུར་བསམ་པའི་ཕྱག་མཆོད་ཁ་ཏོན་སོགས་བྱེད་པར་རིགས་ལ་དེ་ལྟར་ཐོས་བསམ་གྱིས་འགྲོ་བའི་དོན་བྱེད་པ་པོ་རྣམས་ཀྱང་བློ་རབ་བྱུང་ན་མིང་ཚིག་བརྗོད་གཞི་ཡི་གེ་ཡིན་པས་དེ་འབྲི་བ་གཟུགས་མི་ལེགས་ཀྱང་ཤེས་ཤིང་ཀློག་པ་བྱང་ཆུབ་པ་དང་དེའི་བརྡ་དག་ལ་འདྲིས་པ་མདོ་སྡེ་ནས་གསེར་འོད་དང་དགའ་བོ་མངལ་འཇུག་སོགས་གསོ་དཔྱད་ལ་མཁོ་བ་རྣམས་དང༌། རྒྱུད་སྡེ་ནས་དུས་འཁོར་རྫོགས་པའམ་ཁྱད་པར་ནང་ལེ་ནས་རྩ་འཁོར་དང༌། ཁམས་ལེ་ནས་ཕྱི་རོལ་རྟོགས་པའི་སྐར་རྩིས་འདུལ་བ་དང་མངོན་པ་ནས་གསོ་བ་འདིར་མཁོ་བའི་རིགས་སོགས་བྱང་ཆུབ་ངེས་པ་མ་བྱུང་ཡང་ཕྱོགས་འགོ་དོད་པ་རྩ་ཆུ་སོགས་ནག་རྩིས་དང་བསྟུན་དགོས་པ་ནག་རྩིས་ཚང་མ་འགྲིལ་ན་རབ་དེ་མིན་ཁྱུང་ནག་སྒང་སྒྲིལ་འབྲིང་རྒྱས་སམ། བཻ་དཀར་ལེའུ་ཉེར་གཅིག་པ་དང་ཉེར་བཞི་པ་ཙམ་མཐར་ཡང་ཧ་ལམ་ཤེས་པ་དང་བརྡ་སྤྲོད་སྐར་རྩིས་སོགས་ཐོས་རྒྱ་ཆེ་བ་ཐུབ་ན་གཅིག་གྲོགས་གཅིག་གིས་བྱེད་པས་ཡོན་ཏན་གཞན་མའི་རིགས་བྱུང་ན་སྨོས་མེད་དང༌། ཚུལ་འདི་ག་རང་ལ་རྒྱུད་བཞི་ངེས་ཤིང་བྱང་ཆུབ་པ་དེ་སྟེང་རིག་པ་འདིའི་སྤྱིའི་ཁོག་འབུབས་པར་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཟླ་ཟེར་སོ་མ་ར་ཛ་སོགས་རྒྱ་དཀར་ནག་དང༌། ཞང་ཞུང་གི་ཡུལ་ནས་འགྱུར་རིགས་རྒྱུད་ཀྱི་གོ་བ་ལེན་པར་འགྲེལ་པ་གཡུ་ཐོག་པའི་གསུང་ཡིན་ཞེས་པའི་བྲང་ཏིའི་ལག་ལེན་པོད་ཆུང་དང༌། སྟོད་སྨད་འཚོ་བྱེད་གཞོན་ནུའི་སྙིང་པོ་བསྡུས་པ་བྱང་པ་རིགས་ལྡན་གྱིས་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་དང་འགྲེལ་པའི་རིགས་གཞན་ཡང་བྲང་ཏི་དང་གོང་སྨན་པས་མཛད་པ་ཟུར་མཁར་དྷརྨ་སྭ་མིའི་བཞེད་པ་ཤས་ཆེར་བཀོད་པ་སྐྱེམས་འགྲེལ་གསོ་དཔྱད་རང་ལ་ཁྱད་མཚར་མ་བྱུང་ཡང་བཤད་སྒྲོམ་ཆེ་བས་མེས་པོའི་ཞལ་ལུང་སོགས་པའམ་དེ་དག་ཀུན་གྱི་དོན་འདུས་ཤིང་ཁ་མི་གསལ་བ་མཐའ་དག་གསལ་བ་དང༌། ཕྱི་མ་རྣམས་ཀྱི་དཔྱད་བྱ་རྣམས་བཀོད་རྒྱས་བཤད་དོར་བ་བཻ་ཌཱུར་སྔོན་པོ་འདི་བློར་བྱང་ཞིང་སྨན་ངོ་མན་ངག་དང་བཅས་ཆེ་ཕྲ་འཕྲོད་པ་ལག་ལེན་བདུད་རྩི་བུམ་པ་ཆེ་ཆུང་འདི་སློབ་དཔོན་ཆེན་པོས་སྙིགས་དུས་ཀྱི་གག་ལྷོག་གཟེར་གསུམ་བལ་ནད་རྒྱུ་གཟེར་སོགས་གཉན་པར་པ་ཏས་སྲོག་གློ་བུར་དུ་འཕྲོག་པའི་རིགས་ལ་དགོངས་ཤིང་དོན་ཡང་མཆོག་ཏུ་གྱུར་འདུག་པས་འདི་དང༌། གསེར་བྲེ་དངུལ་བྲེ་ཟིན་ཏིག་གཅེས་བཏུས་གོང་སྨན་པའི་ཕན་བདེ་བརྒྱ་རྩ་ཆེ་ཆུང་རྣམས་མན་རྒྱུད་དང་བདུད་རྩི་བུམ་པའི་དགོངས་པ་གཞིར་བཟུང༌། ཟུར་བཀོལ་གཞན་དང་རང་རང་གི་ཉམས་བཅོས་སོགས་བསྣན་པ་ཡིན་འདུག་པས་དེ་རྣམས་དང༌། རྗེ་ཟུར་མཁར་བའི་བྱེ་བ་རིང་བསྲེལ་འདི་ལའང་ཐེམ་ཅན་ཐེམ་མེད་དང༌། དཀར་ཆག་ཀྱང་རིམ་པ་གསུམ་བཞི་ཙམ་མཆིས་པས་བློ་གྲོས་རྒྱལ་པོ་ནས་བཟུང་སློབ་རྒྱུན་རྣམས་ཀྱིས་རིམ་པར་བསྣན་པའི་ཡིག་ཆའི་རིགས་ལ་སྣ་ཚོགས་སུ་གྱུར་ནའང་རྗེ་དྷརྨ་སྭ་མིའི་གསུང་གང་ཡིན་རྣམས་དང༌། དབུ་རུ་ནམ་མཁའ་རྒྱལ་མཚན་གྱི་ཟབ་བཅུད་ཀུན་འདུས་དང༌། ལྷུན་སྡིངས་པའི་དགོས་འདོད་ཀུན་འབྱུང་སོགས་དང༌། ཁྱད་པར་དེ་དག་རྣམས་ནས་ཞོ་ལས་དཀྲོགས་པ་བཞིན་སྙིང་པོ་བསྡུས་པའི་སྟེང་རྒྱ་དཀར་ནག་དང་བོད་དུའང་ཌཱ་ཀི་སོགས་ཀྱིས་ལུང་བསྟན་པའི་གསང་སྨན་རིགས་དང་ཉམས་བཅོས་སོགས་བསྣན་པའི་ཡོངས་གྲུབ་ཚེའི་ནད་ལ་འགྲན་པའི་ཟླ་དང་བྲལ་བ་མན་རྒྱུད་ལྷན་ཐབས་རྣམས་བློར་ངེས་པ། འབྲིང་གིའང་གོང་ནས་མདོ་རྒྱུད་རིག་བྱེད་སོགས་དང་ཡན་ལག་བརྒྱད་པ་ཟླ་ཟེར་སོགས་གསོ་དཔྱད་སྐོར་གྱི་ཡིག་ཆ་གཞན་རྣམས་བཞག། རྒྱུད་བཞི་དང་འགྲེལ་པ་འདི་བློར་ངེས་ཤིང་མ་བུ་དགྲ་གྲོགས་སོགས་ནག་རྩིས་ཀྱི་ཕྱོགས་འགོ་དོད་པ་ལག་ལེན་མན་རྒྱུད་ལྷན་ཐབས་སམ་གོང་འཁོད་ལེ་ཚན་ནས་ཁ་ཐིག་ཚང་བ་གང་རིགས་ངེས་ཤིང་བྱང་ཆུབ་པ་དེ་དག་རྣམས་ཀྱི་སྨན་ངོ་ཆོད་པ་བཅས་པའི་གལ་ཏེ་ཐ་མས་ཀྱང་རྒྱུད་འགྲེལ་སྤྲད་པ་མི་ཟིན་པས་རྩ་བཤད་གཉིས་དང་ཕྱི་མའི་རྩ་ཆུའི་འགྲེལ་པ་འདི་དང་ཕྱི་རྒྱུད་ནས་ཐང་ཕྱེ། མན་རྒྱུད་ནས་རྐྱང་པ་ངེས་པ་ལག་ལེན་ལྷན་ཐབས་སམ་གོང་གསལ་གང་རིགས་བྱང་ཆུབ་ཅིང་གང་ངེས་ཀྱི་སྨན་རྣམས་ངོ་འཕྲོད་པ་མ་བྱུང་བར་གསོ་དཔྱད་རྟོགས་ཁུལ་གྱིས་འགྲོ་བའི་སྲོག་ལ་ཚོད་ལེན་གྱི་རྩ་བལྟ་སྨན་སྟེར་སོགས་རང་ཉིད་སེམས་བསྐྱེད་ཙམ་གྱི་བསམ་པ་ལྟ་བུ་ཡིན་ཤས་ཆེ་རུང༌། དེ་ཉིད་ལའང་བསམ་པ་དང་སྦྱོར་བའི་དཔེར་འགྱུར་ཞིང་སྨན་བཅོས་ཀྱིས་འགྲོ་བའི་སྲོག་ལེན་དུ་གྱུར་བས་རྣམ་སྨིན་ལྕི་བས་ན་ཡིད་དུ་ངེས་པར་སེམས་པར་བྱ་དགོས་སོ་ཞེས་སྤང་བླང་གི་རིམ་པ་ཟུར་ཙམ་བརྗོད་ནས་སླར་ཅུང་ཟད་སྨྲས་པ། ལུས་ཅན་རྒྱུད་ལ་ཉེར་གོས་དུག་གསུམ་ལས་སྐྱེས་སྟོང་དང་རྩ་གཉིས་ནད་ཀྱི་མུན། །བསངས་བྱེད་ལུང་རིགས་རྟ་བདུན་གྱིས་དྲངས་ཚེ་རིག་སྣང་བ་གསར་སྟེར་འོད་སྟོང་ཅན། །ཤར་འདིར་སྨན་བླ་དྲང་སྲོང་ཕྱི་དང་ནང་འཁོར་དམ་ཅན་སྡེ་དགུས་རྟག་དགྱེས་པའི། །འཛུམ་ཞལ་སྟོན་ལ་འགྲོ་བ་འཆི་བདག་ལས་རྒྱལ་བདེ་སྐྱིད་དཔལ་ལ་སྦྱོར་དང་ཀྱེ། །ལས་ཉོན་འཕྲུལ་དུ་ཆེ་བས་ཉེར་བཅིངས་ཡིད་ཅན་སེམས་ཀྱི་རྡོ་རྗེའི་ཟ་མ་ཏོག། ངེས་ལེགས་ཐར་པ་མཆོག་གི་ལམ་ལས་སྐུ་གསུམ་རོ་བདའི་འབྲས་བུ་ཟ་བའི་རྒྱུ། །དལ་འབྱོར་གྲུ་ཆེན་ཐོབ་པའི་རྟེན་ཞེས་ཕྱོགས་བཅུ་དག་པའི་ངོ་མཚར་ཞིང་ཁམས་ནས། །སྟོང་ཕྲག་རྒྱལ་བས་གཅིག་མིན་ལན་བརྒྱར་བསྔགས་པའི་མེ་ཏོག་རབ་ཕོག་ཕུལ་བྱུང་འདིར། །མི་འདོད་ཟུག་རྔུར་གྲགས་པ་ཉེར་འཚེའི་དགྲ། །མ་རིག་ལས་བྱུང་འཁྲུལ་ངོར་ཆུ་ཟླ་བཞིན། །འབྱུང་ལྔས་གྲུབ་པའི་ལུས་ལ་གནོད་བྱ་ཡང༌། །ལས་དབང་རང་གི་ངོ་བོར་གྲུབ་པར་གྲགས། །དེ་དག་བསྡུ་ན་བཞི་བརྒྱ་རྩ་བཞི་ཡི། །ཆུ་ཀླུང་དྲི་མས་རྙོག་མར་བྱས་པ་ཀུན། །དྭངས་བྱེད་རྒྱུད་ཆེན་གསེར་འོད་སྣོན་གཞི་སོགས། །རྣམ་དག་བཀའ་བསྟན་ཨགསྟྱ་རྣམས་ཀྱི། །བརྗོད་དོན་མ་ཚང་མེད་འདུས་གོ་བདེ་བར། །རྒྱལ་བས་བྱིན་བརླབས་དྲང་སྲོང་མཆེད་གཉིས་ཀྱིས། །དྲིས་ལན་ཚུལ་གསུངས་ཀུན་ལས་ཁྱད་འཕགས་པ། སྲོག་གི་མཆོག་སྦྱིན་རྒྱུད་བཞི་ཞེས་གྲགས་པའི། །རྩ་བཤད་མན་རྒྱུད་དགོངས་དོན་རིང་དོར་ནས། །རྩ་ཆུའི་མདོ་དང་ཉམས་བཅོས་ཟུར་བཀོལ་གྱི། །ལན་ལེན་འཛིན་རྣམས་འཚོ་ཐབས་པར་བགྲང་ན། །དྲང་སྲོང་མཆེད་བཞི་ཡོན་ཏན་མགོན་དེ་གང༌། །དོན་བཟང་རྒྱུད་བཞིའི་མངར་བཅུད་འཐུང་ལྟ་ཅི། །ཚིག་དང་སྨན་ངོ་མི་འཕྲོད་འཁྱུད་དཔྱད་པས། །ཟུག་རྔུ་གསོས་ཀྱང་ལྟར་སྣང་འཕྲལ་ནད་ལ། །ཤེས་ལྡན་དད་གུས་མེ་ཏོག་ག་ལ་འཐོར། །དེ་ལྟ་མ་ཡིན་གཞུང་ཚིག་སྨན་ངོ་ལ། །མི་འཁྲུལ་གཉེན་པོ་དམ་པའི་སྨན་བྱིན་ནས། །དུས་སུ་ཞིག་ཀྱང་གཞན་དབང་སྔོན་ལས་ཀྱི། །སྐྱེ་ཤི་འཁོར་བའི་ཆོས་ཉིད་སུ་མི་རང༌། །ཀྱེ་མ་དེང་སྐབས་གསོ་རིག་མཁན་རྣམས་དང༌། །ཆེས་ཕྲ་པད་སྐུད་སྤུན་ཟླ་ངེས་འཐོབ་ཅིང༌། །དྲོད་ཆའི་སར་ཡང་དབྱར་དུས་ཆུ་བོ་ཙམ། །འདི་ཅི་སྙིགས་མས་བྱས་ལ་སུ་ཞིག་བཤུང༌། །སྨན་གྱི་བླ་མའི་དགོངས་དོན་བཙོ་སྦྱངས་གསེར། །བཟང་པོ་དོར་ནས་མཚན་མོ་མུན་ནག་དཀྱིལ། །མདའ་འཕེན་སྤྱི་འཇོམས་ནད་བརྒྱར་སྨན་གཅིག་གི། །ར་གན་རིན་ཐངཆེ་བའི་སྐབས་འདི་འདྲར། །བློ་གྲོས་མིག་བགྲད་གཞུང་ལ་བལྟས་བལྟས་ནས། །ཚིག་དོན་གོ་བ་ཉེར་བླངས་འདི་དང་འདི། །ངེས་ཤེས་མཛུབ་མོ་བཙུགས་ཏེ་འཐད་མིན་གྱི། །གླེང་མོ་བྱས་ཀྱང་རང་ཉིད་ངལ་རྒྱུར་སྣང༌། །རི་བོང་རྟོག་བརྟགས་གཅན་གཟན་ཆལ་ཞེས་པར། །སྲབ་མོའི་བློས་འཁྲུལ་སྣང་རིགས་རྗེས་སྦྱངས་ཀྱི། །མ་ཉམས་བརྒྱུད་འཛིན་ཡིན་ཞེས་སྙན་པོའི་གཏམ། །ས་སྟེང་ཕྱོགས་ཀྱི་བུ་མོའི་རྣ་ལུང་མཛེས། །ལ་ལ་ཟ་འོག་བརྩེགས་པའི་ཁྲིར་འདུག་སྟེ། །སྔོ་བསངས་མཁའ་ལ་རྒྱུ་སྐར་ཕྲེང་བ་བཞིན། །བགྲང་ཡས་འཁོར་དང་སློབ་མའི་འདུ་ལོང་ཁྲོད། །ཆེ་དགུའི་བླ་ཡི་སྨན་པའི་ཚུལ་གྱིས་འགྱིང༌། །འགའ་ཞིག་ལས་ཀླུང་ཡར་ལ་དར་བ་ལས། །ལྟར་སྣང་འཕྲལ་གྱི་ཟུག་རྔུ་སྟེས་དབང་གིས། །རེ་གཉིས་གསོས་རྣམས་གྲགས་པའི་འབྲུག་ལྡིར་ཞིང༌། །སྨན་རྒྱལ་དངོས་སམ་སྙམ་པའི་རྫ་རྔ་བརྡུང༌། །འགའ་ནི་སྨན་པའི་རྒྱུ་དྲུག་དང་ལྡན་ཞིང༌། །གསོ་དཔྱད་དོན་ལ་མ་རྨོངས་གཉེན་པོ་རྣམས། །མ་ནོར་བསྟེན་ཀྱང་ཚེ་ཡི་འཕེན་རྫོགས་པའི། །གཞན་དབང་སྔོན་ལས་ནད་ཀྱིས་འཆི་མོད་དེར། །མི་ཞན་ཐུགས་རྗེའི་འཇུག་པ་ཆེས་ཟབ་པའི། །རྒྱལ་བ་སྟོང་གི་མཐུ་བརྡུགས་ཡལ་འདོར་ན། །རེ་གཉིས་གུམ་ལ་ཡ་གས་ཚུལ་མིན་དུ། །འཛིན་པའི་དུས་འདིར་མཁས་བླུན་སུ་ཡིས་དབྱེ། །འོན་ཏེ་རྨོངས་ཞན་ཨ་འཐས་བླུན་པོའི་ཁྲོད། །མ་ཡིན་ཤེས་རབ་ལྡན་པའི་མདུན་ས་རུ། །ཟུག་རྔུའི་བཞི་ཆ་ཡོངས་གྲུབ་ཚེ་ནད་ལ། །ཞིབ་མོར་བརྟགས་ཚེ་ལག་མཐིལ་སྐྱུར་འབྲས་བཞིན། །དེ་ཕྱིར་རྒྱུ་རྐྱེན་འཇུག་ཚུལ་གཉེན་པོ་སོགས། །ལོག་ལམ་འཁྲུལ་པའི་དྲི་ཡིས་མ་སྦགས་པར། །ལུང་རིགས་ཚད་མ་གསུམ་གྱིས་ལེགས་བརྒྱན་པ། །བཀོད་འདི་དྲི་མེད་དགེ་བའི་ལམ་དུ་ཆེ། །རྒྱལ་བའི་ཐུགས་རྗེ་འགྲོ་བའི་ལེགས་བྱས་ལས། །སྨན་ཞེས་འབྱུང་བ་བཞི་འམ་ལྔ་ལས་གྲུབ། །དེ་ལྟའི་རོ་དྲུག་ཆ་ཤས་ཡོན་ཏན་རྣམས། །གཞུང་འདི་མ་མཐོང་རྟོགས་མིན་ཉམས་ལོངས་ཤིག། ཕྲ་རགས་གསོ་བྱ་གསོ་བྱེད་རྣམ་པ་ཀུན། །གསལ་པོར་རྟགས་ཅན་རྡེ་འུ་ངོས་འཛིན་ལྟར། །རྟོགས་བྱེད་དཔྱད་གསུམ་རིགས་པས་མཛེས་པ་འདི། །དོན་ལྡན་འཆི་གསོས་སྨན་པའི་མིག་གཅིག་ཡིན། །རྟོགས་དཀའི་ཚིག་རྣམས་རྟོགས་པར་གསལ་བཀོད་ཅིང༌། །སྨན་གྱི་རིང་ལུགས་སྨན་བླས་མངོན་སུམ་དུ། །སྐལ་ལྡན་རྣམས་ལ་སྐལ་སྟེར་སྤྲུལ་ཞིང་ནས། །རིག་པའི་ཡེ་ཤེས་རིག་ཏུ་ཞུགས་མིན་ནམ། །ཚེ་དང་བདེ་འདོད་ཤེས་ལྡན་ལུས་དཀར་དབང༌། །ལེགས་བཤད་ཆུ་གཏེར་ཆེན་པོའི་འཇིང་ཞུགས་ལ། །ཕན་གནོད་ཆུ་དང་འོ་མ་མ་ནོར་བའི། །གཙུག་ལག་གཞུང་ལུགས་འདི་ལ་གར་གྱིས་ཤིག། རྒྱ་བོད་གསོ་རིག་དོན་བཟང་རྨད་བྱུང་རྣམས། །དགོངས་པའི་སྐད་ཀྱིས་གཞུང་འདིར་གསུངས་པ་ཀུན། །འཁྲུལ་མེད་ལུང་རིགས་ཟབ་མོའི་ཉེ་ལམ་ནས། །དལ་གྱིས་དྲངས་ནས་གོ་བདེར་བཀྲོལ་བ་ཡིན། །འོན་ཏེ་འཕོ་བ་གྲོང་འཇུག་བྱང་གྱུར་ཀྱང༌། །མགོ་མེད་ཕུང་པོར་ཅི་བྱར་གྱུར་པ་ལྟར། །ཕྱོགས་འདིའི་སྣང་བ་ནུབ་ནས་རིང་ལོན་པར། །ཉམ་ཆུང་བདག་ལྟའི་ལེགས་པར་བཤད་པས་ཅི། །དེ་ལྟ་ན་འང་མཁའ་ལྡིང་འཕུར་བའི་ཤུལ། །བུང་བ་དག་ཀྱང་ཟློས་གར་བསྒྱུར་བ་བཞིན། །བྱང་ཟུར་མཁས་པས་བསྟན་བཅོས་མཛད་པ་ལ། །འགྲན་ཟླ་མིན་ཡང་དད་པས་རྗེས་འབྲངས་ནས། །ཟུང་གི་གསོ་དཔྱད་དཀའ་གནད་འགྲེལ་ཚོགས་ལས། །འོ་མའི་ནང་ནས་མར་བཞིན་སྙིང་པོར་བསྡུས། །དཔྱད་བྱར་བཞག་དེ་བརྟོགས་ཤིག་བགྱིས་པ་ཀུན། །བློ་གྲོས་རྩལ་གྱིས་ཞིབ་མོར་བརྟགས་བཀོད་འདི། །འཛིན་ཞེས་ཤེས་རབ་མགྲིན་རྔ་ཀུན་ལས་སྙན། །གོ་དོན་གཤོག་པའི་རྩལ་ཡང་མི་དམན་ཞིང༌། །རིག་བྱེད་སྦྲང་རྩིའི་ཁུར་འཛིན་བྷྲ་མ་ར། །བློ་གསལ་གཞོན་ནུ་ཆགས་པ་ཆོས་འཕེལ་སོགས། །མང་དུ་ཐོས་པའི་དོན་རྣམས་མེ་གཡེལ་ལ། །མངོན་པར་སྦྱོར་བའི་འཇུག་པ་ཐོགས་མེད་ཅན། །གསོ་རིག་ཐོས་བསམ་བསྟན་པ་འཛིན་བཟོད་པ། །དོན་ལྡན་འབྱུང་སྙམ་ཚུལ་འདི་འབད་པས་བསྒྲུབས། །འོན་ཏེ་སྔོན་ཆད་དཔྱད་བྱར་བཞག་པ་རྣམས། །བྱང་ཟུར་མཁས་པས་རྩལ་དུ་མ་བཏོན་པར། །ཕྱི་བྱར་འབྱུང་འགྱུར་ལས་སུ་བཞག་པ་ལས། །མ་རྟོགས་བདག་ལྟ་སྦྱངས་སྟོབས་ན་ཕྲ་ཞིང༌། །ཁྱད་པར་ཕྱོགས་འདིར་བྱིས་པ་གཞོན་ནུ་ལྟའི། །བརྗོད་ཡུལ་མིན་ཅིང་ད་ལྟའང་གངས་ལྗོངས་སུ། །ལུགས་འདིར་རང་ལས་སྐལ་ལྷག་དྲན་པའི་དབང༌། །མང་དུ་མཆིས་མོད་འཁྲུལ་རྣམས་བཟོད་བཞེས་ལ། །རྒྱུད་ཚིག་སླ་རྣམས་དྲུག་སྒྲའི་རིང་སྤེལ་དང༌། །དཀའ་གནད་བརྗོད་མེད་ཡན་པོར་བཏང་མིན་པའི། །རྟོགས་དཀར་ལེགས་བཤད་འདི་ཡིས་ལོག་རྟོག་རྣམས། །སུན་ཕྱུང་གསོ་དཔྱད་སྣང་བ་གསར་པ་སྩོལ། །ཚུལ་འདིས་ཚེ་རིག་དགོངས་པ་ལྟོ་འཕྱེ་ཡི། །འགྲོས་བཞིན་འཁྱོག་མིན་མ་ནོར་ལེགས་བསྲངས་པས། །རྣམ་དག་རྒྱུད་ཆེན་དོན་སྙིང་ཆུ་ཤེལ་དབང༌། །འཆད་ཉན་ཕྱག་ལེན་ཡར་ངོའི་དཔལ་འཕྲོག་ཤོག། མ་རིག་ལས་བྱུང་བཞི་རྒྱ་རྩ་བཞི་ཡིས། །འགྲོ་བའི་ལུས་ལ་ཉེར་འཚེ་ཟུག་རྔུའི་མུན། །བསང་བྱེད་མ་ནོར་གཉེན་པོའི་འོད་བརྒྱ་པ། །སྐྱེ་དགུ་པདྨའི་གཉེན་དུ་དགུང་འཆར་སྨོན། །ཁེ་གྲགས་རང་གི་ཆེད་མིན་འགྲོ་བའི་ངོར། །གཙུག་ལག་འདིར་སྦྱངས་འཆད་ཉན་ནད་པའི་དོན། །བྱེད་རྣམས་སྨན་བླ་དྲང་སྲོང་དམ་ཅན་སྡེ་དགུ་ཡིས། །དགྱེས་ཞལ་ལྷུག་བསྟན་འདི་ཕྱིའི་འདུན་མ་བསྒྲུབས། །མིག་མི་འཛུམ་གང་སྙིགས་མའི་འགྲོ་བ་ལ། །རྗེས་བརྩེར་ངུར་སྨྲིག་གར་རོལ་ས་གསུམ་གྱི། །བསྟན་འགྲོའི་བདག་པོ་ཕྱག་ན་པད་དཀར་འཆང༌། །སྲིད་མཐར་གངས་ཅན་གཉེན་དུ་རྟག་བརྟན་ཤོག། གནམ་བསྐོས་ཆོས་སྲིད་ཟུང་འཇུག་གསེར་སྦྱངས་ཀྱི། །རྩིབས་སྟོང་མཁར་འཕགས་དགའ་བདེ་རྫོགས་ལྡན་དཔལ། །སྤྱོད་པས་རྩོད་མིང་མཐར་བྱས་ས་གསུམ་ན། །རྣམ་རྒྱལ་ཕོ་བྲང་བཀའ་ཁྲིམས་རྟག་བརྗིད་ཅིང༌། །མདོ་སྔགས་ལུང་རྟོགས་ཁྱབ་འཇུག་ཞབས་ཀྱི་དྲི། །རབ་བཀྲུས་ལེགས་བཤད་སྐབས་གསུམ་ཆུ་བོའི་གོས། །འདེགས་བྱེད་ཛ་ཧུའི་བུ་མོ་བློ་བཟང་གྲགས། །གང་གི་རིང་ལུགས་བླ་ནས་བླར་འཕེལ་ཤོག། རྒྱལ་དབང་སྨན་བླའི་ཐུགས་བསྐྱེད་རྩ་སྦོམ་བརྩེ་བའི་ལང་ཚོ་དར་དྲག་པས། །ཌཱ་ཀིའི་གཙོ་མོ་དཔལ་ལྡན་ཕྲེང་རྒྱུད་ཟབ་མོ་སྙིང་ཐིག་ཉེ་བའི་ལམ། །མ་ཉམས་ཇི་བཞིན་བསྒྲུབས་པའི་འབྲས་བུ་གཡུར་དུ་ཟ་བ་ཅི་མཆིས་པ། །ཐོགས་མེད་གྲུབ་སྟེ་ལུས་ཅན་མ་ལུས་ཀུན་མཁྱེན་ས་ལ་འགོད་པར་ཤོག། འཆི་གསོས་ཚེ་སྦྱིན་སྨན་ཀུན་ནུས་པ་དང་ལྡན་ཞིང༌། །གཏར་སྲེག་ཐུར་སོགས་དཔྱད་རྣམས་མ་ནོར་གནད་སོང་བའི། །དུས་ཀྱི་བདག་པོས་འཚེ་བའི་དཔུང་པ་རྒྱང་བསྲིངས་ཏེ། །འགྲོ་རྣམས་ཚེ་ཡི་ཀ་བ་གཡོ་མེད་ཚུགས་གྱུར་ཅིག། ཅེས་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་མ་ལུས་གཅིག་ཏུ་ཤར་བ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས་གངས་ཅན་གྱི་འགྲོ་བར་རྗེས་སུ་བསྐྱངས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རབ་བྱུང་སྔགས་པ་སོགས་སྐུའི་སྐྱེ་མཐའ་ཇི་སྙེད་ཅིག་འབྱུང་བའི་ནང་ནས་འགྲོ་དོན་སྐྱོང་བར་ཟམ་མ་ཆད་པའི་སྤྲུལ་པའིསྐུ་བདུན་དུ་ཕེབས་རྒྱུའི་ལྔ་པ་ལྷ་དང་བཅས་པའི་སྐྱབས་མགོན་དམ་པ་འདིའི་ཐུགས་རྗེའི་གྲིབ་མ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་མདོ་སྔགས་གསར་རྙིང་སྤྱི་དང་རིག་གནས་ཆེ་ཕྲ་གང་ཡང་དར་ཞིང་རྒྱས་པར་གྱུར་ཅིང༌། རིག་གནས་ཀྱི་གཙོ་བོ་རྗེས་འཛིན་གྱི་རིག་པའམ་ཚེའི་མཆོག་སྦྱིན་གསོ་བ་རིག་པ་འདིའང་བར་སྐབས་ལས་དར་རྒྱས་ཆེ་ནའང༌། སྙིགས་མ་ལྔ་བདོ་བའི་ནག་ཕྱོགས་འབྱུང་པོའི་རིགས་རྣམས་སྟོབས་མཐུ་ཆེ་བས་འགྲོ་བའི་སྲོག་དབུགས་ལེན་པར་རིག་པ་འདི་ཚད་ལྡན་བྱུང་ན་གནོད་པས་ན་སྨན་པ་སྐྱེས་སྟོབས་ཀྱི་ཤེས་རབ་དང་ལྡན་པའི་རིགས་རྣམས་རིག་པ་འདི་ཉིད་ལ་མི་འཇུག་པར་བློ་བསྒྱུར་བ་དང༌། གལ་ཏེ་འཇུག་པའི་རྒྱུ་དྲུག་ཚང་བ་བྱུང་སྲིད་ན་འང་ཚེ་ལ་སོགས་པ་མཐར་མི་འཁྱོལ་བའི་བར་ཆད་ཅི་ཐུབ་དང༌། དེ་ལྟར་མ་ཐུབ་ན་འཕྲིན་ལས་ཀྱི་འཇུག་པ་ཐོག་མར་གཞན་དབང་སྔོན་ལས་བཅོས་ཀྱང་མི་ཐུབ་པར་འཆི་བའི་ནད་དང་ཐུག་འགྲོ་བ་ཞིག་བསྒྲིགས་ཏེ་གྲགས་པ་ངན་པས་འཕྲིན་ལས་སྒོ་འགག་པར་བྱེད་ཅིང༌། གཞན་པ་བཤད་རྒྱུད་ལས། རྒྱུ་ནི་འདྲི་ཀློག་མཐའ་རུ་ཕྱིན་པར་བསླབ། །ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང༌། །གསུངས་པ་ལྟར་ཡི་གའི་གཟུགས་མི་ལེགས་ཀྱང་འདྲི་ཀློག་དང་སྡེབ་ཀྱི་གོ་ཕྱོགས་མེད་ན་དོན་ཕྱིན་ཅི་ལོག་ཏུ་འགྲོ་བ་ཤེས་ལྡན་རྣམས་ཀྱིས་རྟོགས་པ་བཞིན་ཡིན་འདུག་རུང་ཡི་གེའི་སྡེབ་ལྟ་ཅི། ལྷོགས་པའང་དཀའ་བའི་རིགས་ཀྱིས་རྒྱུད་བཞི་དང༌། དེ་དོན་སྨན་ངོ་ཕྱོགས་ཀྱང་མི་རྟོགས་ཤིང་བློ་ལ་ཤོག་ལྡེབ་ཉི་ཤུའང་མེད་པའི་མན་ངག་གི་སྨན་སྣ་རེ་གཉིས་དང༌། །མ་ནུ་བཞི་ཐང་ཙམ་ལ་བརྟེན་རིགས་རྣམས་མཐའ་ཀླས་སྐྱེ་འགྲོ་བསླུ་ཐབས་ཀྱི་ཐོག་མར་འཕྲིན་ལས་འཕེལ་ཕྱིར་ལྟར་སྣང་འཕྲལ་ནད་མ་བཅོས་ཀྱང་དྲག་རྒྱུད་དང་ཐུག་པའི་གྲོགས་དོན་བྱས་པ་དེ་ལ་བླུན་རྒན་རྣམས་སངས་རྒྱས་སྨན་བླར་འཁྲུལ་བ་སོགས་དུས་སྙིགས་མའི་བྱ་སྤྱོད་ལ་ཤེས་ལྡན་གྱིས་བརྟགས་ཚེ་གད་མོ་བྲོ་བའི་རྒྱུ་འབའ་ཞིག་དང༌། དོན་མཐུན་རེ་གཉིས་བྱུང་བ་རྣམས་ཡིད་ཕྱུང་བའི་རྒྱུར་སྣང་མོད། གསར་དུ་སློབ་གཉེར་བའི་རིགས་ཀྱང་ལོ་ཟླ་གྲངས་མེད་ཟན་ལ་ཚོས་རྒྱག་ལ་རེམ་ཡང་རྒྱུད་འདྲིལ་བ་རེ་གཉིས་ལས་དཀོན་ཅིང༌། ཚད་ལྡན་གྱི་སློབ་དཔོན་བཤད་པ་འབྲུ་བསྣན་གྱི་བཤད་རྒྱུ་ཡོད་པ་ཡང་ཉིན་སྐར་དུ་མ་ཟད་རྒྱུད་གསུམ་པོ་ཡང་ཟིན་ཙམ་ལས་ཆེར་མི་འོང་ཞིང༌། ལ་ལ་རྒྱུད་རྩ་བའི་གོ་དོན་ཏིལ་འབྲུའི་ཆ་ཡང་མེད་པའི་ཟིན་ཙམ་ལ་རྒྱུགས་སྤྲད་ཀྱི་གྲགས་པ་གཙོར་བཏོན་དེ་ནས་ལོ་འཁོར་བ་དང་ཚིག་འབྲུ་ཡང་ན་གཅིག་མི་ངེས་པ་བཅས་རིག་བྱེད་སོགས་གཞན་ནས་བསྐོར་ན་ཕྱོགས་འདིར་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་ལྷག་བསམ་གཉིས་སྐྱབས་མགོན་ཆེན་པོ་འདི་ཉིད་ཀྱིས་ཀྱང་གསོལ་སྨན་བཞེས་པ་དང་ཕྱག་རྩ་ཞུ་མཁན་གྱི་ཚུལ་དུ་གནང་ཞིང༌། སྨན་རམས་པ་ཕན་བདེ་ལེགས་བཤད་གླིང་གི་གྲྭ་པ་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་གནང་བ་དང་ལྷག་བསམ་ཞམ་རིང་རྙིང་པ་བཅས་ཐུགས་ནང་དག་ཅིང་གོང་གི་ཐུགས་རྗེ་ལ་བརྟེན་མན་ངག་ཉམས་བཅོས་ཀྱི་སྨན་སྣ་ཚོགས་དང་འཕྲིན་ལས་ཀྱི་མཐོང་མྱོང་ཆེ་ཞིང་སྨན་རྣམས་ཀྱང་སྨན་བསོད་ཆེ་བ་ཙམ་ལས་རིག་བྱེད་གཞན་ནས་བསྐོར་ན་གསོ་བ་རིག་པ་འདི་ཉག་ཕྲ་བ་ཙམ་དུ་མངོན་ཞིང༌། ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུ་སྐུ་ན་ཕྲ་བ་ནས་རྒྱུད་དང་ཆ་ལག་བཅས་ལོ་ལྔ་ལ་འགྲིལ་བའི་རྒྱུགས་སྤྲོད་ཀྱང་གན་གཙང་ཙམ་བྱུང་སོང་བ་དང༌། ཁོང་གི་རྩ་རྒྱུད་དུ་རིན་ཆེན་བང་མཛོད། བཤད་རྒྱུད་ལ་བདུད་རྩིའི་ཆུ་རྒྱུན། ཕྱི་རྒྱུད་ལ་རིན་ཆེན་གོ་ཆ་སྟེ་འགྲེལ་པ་གསུམ་ཡང་མཛད་འདུག་པ་རྒྱུད་ཚིག་ཆད་ལག་དང་དོན་དཔྱད་བྱར་ལུས་པ་འཁྱོག་བཤད་སོགས་ཚང་མ་ཆུ་མདོ་ཡན་ཀརྨ་རང་བྱུང་རྡོ་རྗེའི་ལུང་འདྲེན་མན་ཆད་མེས་པོའི་ཞལ་ལུང་སོར་བཞག་དང༌། དེ་མན་རྡོ་རྗེ་མདུད་འགྲོལ་དང་མཚུངས་པ་ལས་ལྷག་པའི་ལེགས་བཤད་ཅིག་མ་མཆིས་ན་འང་ཚང་མ་སྤྲུལ་སྐུ་རང་གིས་མཛད་པ་ཡིན་ན་སྐུ་ནའི་སྟབས་ཀྱི་སྒོ་དོད་པ་དང་སྤྱན་ལྟོས་ལེགས་པའི་གོང་མའི་བག་ཆགས་སད་པར་མངོན་ཞིང་དེ་མུར་ཤེས་བྱ་གཞན་ཞོར་དང་གཙོ་བོར་ཡན་ལག་བརྒྱད་པ་ཟླ་ཟེར་སོགས་རྒྱ་འགྱུར་རིགས་དང༌། བྲང་ཏི་དང་བྱང་པ་ལ་སོགས་པའི་རྒྱུད་ཀྱི་འགྲེལ་པའམ་ཡང་ན་རྒྱུད་བཞི་ག་ཚང་བ་བཅས་སྐྱེམས་པའི་འགྲེལ་པའམ་ཡང་རྩ་བཤད་མེས་པོའི་ཞལ་ལུང་ཕྱི་མ་གཉིས་སྐྱེམས་འགྲེལ་ལྟ་བུ་ཐུགས་འཛིན་ངོས་སྨན་ངོ་དང་མཐོང་བ་བརྒྱུད་པའི་ལག་ལེན་བདུད་རྩི་བུམ་པ་གསེར་བྲེ་དངུལ་བྲེ་ཟིན་ཏིག་གཅེས་བཏུས། ཉམས་ཡིགབྱེ་བ་རིང་བསྲེལ་སོགས་མན་ངག་སྦྱོར་སྡེའི་རིགས་དང༌། སྨན་པའང་མཐའ་གཅིག་ཏུ་མ་འགགས་པར་ཆེ་ཕྲར་གསན་ཚེ་ལ་ལ་ནས་ལེགས་བཤད་བྱིས་པའི་དཔེ་ཚུལ་དུ་མཆིས་པས་གསོ་རིག་བསྟན་འཛིན་དོན་མཐུན་ཞིག་འོང་རྒྱུར་སྣང་ཡང་གསོ་དཔྱད་སྐོར་ཐུགས་འཛིན་སོགས་དེས་ཆོག་སེམས་དང༌། རང་བཞིན་གྲལ་སོགས་སུ་གསུང་འཕྲོས་ལ་སྨན་ངོ་རྣམས་དགོངས་ཀྱི་ཡོད་དམ་ཞུས་པར་ཐམས་ཅད་ཨེམ་ཆི་དར་མོ་ནས་ཀྱིས་ངོ་སྤྲོད་གནང་བའི་ཤེས་ཀྱི་ཡོད་གསུང་བ་ཕལ་ཆེར་ལས་སྒོ་ནས་འོང་བའི་རྩི་སྨན་དང་རྡོ་སྨན་རགས་རིམ། ཡེར་པར་སྐྱེ་བའི་སྔོ་སྨན་ངོ་འཕྲོད་ཙམ་གྱིས་སྨན་ངོ་འཕྲོད་ཟིན་པར་དགོངས་པའི་རྒྱུད་ཀྱི་ཡས་མས་སུ་ཐུགས་ཞིབ་བཅུག་ནས་མཐར་ཆགས་མ་གནང་བའི་ཐུགས་རྟོག་ཧོལ་རྒྱུགས་ཙམ་དུ་མངོན། ཉེ་ཆར་ཕུན་གླིང་རྫོང་འོག་བཀྲ་ཤིས་འཛོམ་དུ་གྲོང་པ་རབ་བརྟན་གྱི་བུ་ཕ་མས་མིང་ལ་ནོར་བུ་རབ་བརྟན་བཏགས་པ་ལོ་བཅུ་གསུམ་གྱི་ཐོག་ཕུན་གླིང་དུ་ཆོས་བྱས་པ་སློབ་དཔོན་གྱིས་མིང་ཚོགས་གཉིས་རྒྱ་མཚོ་བྱིས་པ་རང་གི་རྨི་ལྟས་སུ་སློབ་དཔོན་པདྨས་ཁྱོད་ཀྱི་མིང་ཆགས་པ་ཆོས་འཕེལ་དུ་ཐོགས་གསུངས་པ་ཞིག་གིས་ཆོས་ཤོག་ནས་བཟུང་ལོ་གཅིག་ལ་དབུ་མ་འཇུག་པ་དང་མཛོད་རྩ་གོང་ཞབས་རིན་པོ་ཆེའི་བཀའ་རྩོམ་གྱི་དབུ་མ་ཐེག་ཆེན་གྲུ་གཟིངས་དང༌། ཕར་ཕྱིན་བློ་བཟང་དགོངས་རྒྱན། བྱམས་ཆོས་གྲས་ནས་རྒྱན་གཉིས་དང་ཆོས་སྤྱོད་རབ་གསལ་ཡོངས་རྫོགས། སྨན་བླ་བླ་མཆོད་སོགས་ཤོག་གྲངས་དྲུག་བརྒྱ་དང་རེ་བཞི་ཐུན་གླིང་ཚོགས་སུ་ལོ་གཅིག་ཁོངས་སུ་རྒྱུགས་སྤྲད་འདུག་པ་འཛིན་ཞེ་ལེགས་པར་མངོན་ཏེ་ཕྱིར་བོས་པ་གོང་གསལ་ཕལ་ཆེར་གོང་དུ་རྒྱུགས་ཕུལ་ཞིང༌། མར་ལམ་ཕྲན་བུ་འཁྲུགས་པ་འདི་གར་ཞག་བཅུ་སྐོར་རིང་སོས་འདུག་ཅིང༌། འཛིན་ཞེའི་ཚོད་བལྟ་བར་རང་གིས་སྔར་འཛིན་མྱོང་སོགས་ཀྱི་ཁྱད་རྩ་རྒྱུད་དོ་ནུབ་སྤྲད་པ་སང་ཉི་ཕྱེད་ལ་རྒྱུགས་འཕྲོད་བྱུང་བས་རང་ཉིད་སྐྱབས་མགོན་དམ་པ་འདིའི་བཀའི་ལུང་ལྕི་བས་ཆེ་སྲིད་ཀྱི་ཁྲིར་སླེབས་པ་ལས་བོང་བུ་དར་གཏུམས་ལྟ་བུའི་ཤིས་བརྩོན་དང་ཐོས་པ་སོགས་གང་ནས་ཀྱང་ཆ་ཕྲ་བ་རྒྱས་པ་བཻ་དཀར་མ་བུར་བརྗོད་པ་ལྟར་ཡིན་རུང༌། རང་གིའང་ཤ་ཁྲག་ལང་ཚོའི་རོ་ཙ་ལས་བྱུང་བའི་གཙང་མ་རིས་རུས་ཀྱི་བུ་ནི་ཡིན་ཞེས་ཁ་ཤས་སུ་མཆིས་མོད། ལས་ཤུགས་བཙན་པོའི་རོ་ཙ་ལས་བྱུང་བའི་དབང་ཆེ་ཁས་དྲག་གི་བུ་ནི་བྱེད་འདོད་མེད་པའི་ཧབ་ཐོབ་ལྟ་བུའི་མ་བྱུང་དོགས་མ་དགོས་ཐོས་བསམ་སྒོམ་པའི་རོ་ཙ་ལས་བྱུང་བའི་དམ་པ་ཆོས་རྒྱུད་དམ་ཤེས་རབ་ཡོན་ཏན་བུ་ཞིག་བྱུང་ན་སྙམ་པ་གཏན་དུ་དང་ཁྱད་པར་གསོ་བ་རིག་པ་འདིར་གཞན་ནས་ཉག་ཕྲ་གཤིས་གསོ་ཐུབ་བྱུང་ན་བསྟན་འགྲོ་སྤྱིར་ཕན་ཆེ་བ་ཞིག་འདུག་པས་ཡིད་ཤིན་ཏུ་དུངས་པ་ཡོད་ཀྱང་བར་ཆད་དང་གེགས་སོགས་སྡང་ཞིང་སྔོན་ཆད་སུ་ཡང་མ་བྱུང་འདུག་པ་དང༌། ཁྱད་པར་གང་ཡང་བསམ་པ་དང་ལག་འཁེལ་དཀའ་བས་དོན་གནས་ཤིག་མ་བྱུང་དོགས་ཤིང༌། ཕལ་ཆེར་གང་ཟག་རང་གི་ཆའམ་གཞན་གྱི་འཕྲིན་ལས་ལ་གནོད་པ་སོགས་མི་འོང་བར་ཉེ་ཡང་འཛིན་ཞེ་ནད་ཁྱག་པས་ངེས་མེད་རིག་པ་འདི་སོགས་ནས་བསྟན་འགྲོར་ཕན་པ་རང་འདོད་ཁེངས་ཙམ་ཞིག་དུ་རེ་བའི་གསོ་དཔྱད་ཀྱི་དཔེ་འཛིན་དགོས་ཚུལ་བྱས་པ་ལྷ་རྗེ་འདི་བྱང་དུ་འགྲོ་དགོས་སོགས་ནས་དགོངས་པ་དགོས་གླེང་ཡང་རྒྱུ་མཚན་མང་བ་དང་བཅས་དུས་འཁོར་འགྲེལ་ཆེན་དང་རྒྱུད་གཉིས་བསྣོལ་མར་སྤྲད་པ་ཟླ་རེར་གང་ཟིན་རྒྱུགས་ལེན་དང༌། གོ་དོན་རང་བློས་གང་དཔགས་རེ་སྤེལ་བ་སོགས་བྱས་པར་ཟླ་བ་ལྔ་ལ་རྒྱུད་བཞི་རྫོགས་པར་ཟིན་སོང་རུང༌། མཚན་ཉིད་ཀྱི་དཔེ་ལས་གསོ་དཔྱད་ལ་འཛིན་ཅུང་ཞིག་འགོར་བར་སྣང་ཞིང༌། དེ་ཡང་ངེས་ཁྱད་ད་ལྟའི་བར་ཟླ་རེར་རྒྱུད་སྦྱོང་ཐེངས་རེར་གནོན་མི་བཏང་ཞིང༌། སླར་ཡང་གསོ་དཔྱད་མུ་འཐུད་ཚེ་ལོ་སུམ་ཅུ་མ་རྫོགས་པར་ཟླ་བ་གཉིས་གསུམ་མམ། མཐར་ཡང་བཞི་རེར་རྒྱུད་འགྲེལ་ཚར་རེ་གནོན་མི་གཏོང་རྩིས་དང༌། རང་ཉིད་ཀྱིས་སྔར་རྒྱུད་ཆུང་བ་གསུམ་པོ་ལོ་བཅུ་དྲུག་སྐོར་ལ་བློ་འཛིན་ཙམ་དང༌། རང་ཟུག་རྔུས་མནར་སྐབས་སྨན་ཅི་འགབ་ལྷ་རྗེ་དང་ཆ་བསྡུར་འདྲའི་བལྟ་བ་ཙམ་ལས་ཕྱོགས་འདི་བར་སྐབས་རྒྱང་བཏང་བ་ཡིན་རུང་ཁོང་པས་རྒྱུད་ཟིན་འདུག་པར་དྲི་བ་འདྲ་ལ་ལན་གཏོང་ཁྱད་སླར་ཡང་དུས་འཁོར་དང་མཁའ་འགྲོ་རྒྱ་མཚོ་སོགས་རྒྱུད། གསེར་འོད་དམ་པ་དང་དཀོན་བརྩེགས་སོགས་མདོ། ལུང་གཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པ་དང་མཛོད་སོགས་མངོན་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར་སྦྱོར་བ་བརྒྱ་པ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་བསྒྲུབ་པའི་བསྟན་བཅོས། ཞང་སྨན་གཟི་བརྗིད་འབར་གྱི་སྒྲོལ་མེ་གསལ་བའི་གདམས་པ་སུམ་ཅུ་པ། སྐྱེས་བུ་མེ་ལྷའི་བདུད་རྩི་ཟླ་བའི་སྙིང་པོ་སོགས་རྒྱ་འགྱུར། ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་འགྱུར། ཞང་ཞུང་འཁོར་ལོ་རྒྱལ་པོ་སོགས་ཞང་ཞུང་ནས་བྱུང་བ། བོད་ཀྱི་གསོ་དཔྱད་གཡུ་ཐོག་པའི་གསུང་ཡིན་ངེས་དང༌། བྲང་ཏིའི་ལག་ལེན་པོད་ཆུང་སོགས་ཡིན་གླེང་བ། གཞན་ཡང་སྟོད་སྨན་འཚོ་བྱེད་གཞོན་ནུས་མཛད་པའི་སྙིང་པོ་བསྡུས་པ། བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་སོགས་མཁས་པའི་རིགས་ཀྱི་ཡིག་ཆ་སྐབས་འདིར་ཡོད་དོ་ཅོག་མིང་སྨོས་ན་ཡིག་ཚོགས་ཆེས་པས་རྣམ་གྲངས་བརྒྱ་ལྷག་གི་པོད་ཚད་དུ་བསྒྲིལ་ན་བཞི་བཅུ་སྐོར་ལོངས་པར་རྟོག་པ་ཞིབ་ཏུ་བཅུགརྒྱུད་བཞིར་གྲགས་པ་འདི་གལ་ཡང་ཕྱིས་རིམ་ལྷད་འདུག་པ་ཡིག་རྙིང་གདན་བཏིང་གིས་ཞུས་དག་ཅིང་བྱིངས་ཀྱི་རྣ་བར་མན་ངག་རྒྱུད་ཚིག་རྫོགས་ཆེ་བ་ལ་བརྟེན་དོན་ཡང་རྒྱ་ཆེ་བར་གོ་རུང་ཚིག་བསྡུས་རྒྱས་ལས་དོན་རྩ་བཤད་གཉིས་ལ་མ་འདུས་པའི་གསོ་དཔྱད་མེད་པར་མངོན་ཞིང༌། དེའི་གཏིང་ལོན་དུ་འགྲེལ་པའམ་ལྷན་ཐབས་ལུགས་སུ་ཆ་ལག་བཅོ་བརྒྱད་འདི་ཉིད་རགས་པར་གཙོ་བ་ཕལ་ཆེར་འཛིན་འདུག་ཀྱང་དོན་གཞིགས་ཚེ་རྒྱུད་ཆུང་བདུད་རྩི་སྙིང་པོ་དང༌། གསོ་དཔྱད་མུ་ཏིག་ཕྲེང་བ་གཉིས་གཡུ་ཐོག་པའི་གསུང་ཡིན་འདུག་རུང༌། མན་ངག་རྒྱུད་ཀྱི་དགོངས་པ་དབང་པོ་རབ་འབྲིང་སོགས་སུ་གསུངས་པས་མན་རྒྱུད་བཟུང་གྲུབ་པར་དགོས་པ་ཆུང་བ་དང༌། དེ་ཕྱིན་ཕན་ཆ་སྔགས་འབུམ་དཀར་པོ། ལག་ལེན་རིན་ཆེན་གཏེར་སྤུངས། ཁ་འཐོར་རིན་ཆེན་སྤུངས་པ། ལག་ལེན་དམར་ཁྲིད་ཡིག་ཆུང༌། མེད་ཐབས་མེད་པ་རྣམ་གསུམ། ཡང་གབ་སྦས་པ་བཅོ་བརྒྱད། ཁྱད་པར་ཟབ་པ་རྣམ་གསུམ། མཁས་ཁྱད་ངོ་མཚར་བཞི་སྤྲུགས་རྣམས་གཡུ་ཐོག་གསར་རྙིང་གི་གསུང་ཇི་ལྟར་རུང་མན་ངག་ལྟ་བུ་ཉེ་བར་མཁོ་བ་ཡང་ཁ་ཤས་ཙམ་ལས་ཁོག་དབུབ་ཁྱུང་ཆེན་ལྡིང་བ། སྟོང་ཐུན་མཛེས་པའི་འཇའ་རིས། ས་དཔྱད་སྟག་མོ་རྔམ་ཐབས་རྣམས་གོ་རིམ་སོགས་ནག་རྩིས་ལ་དཔེ་བླངས་པ་ཙམ་དང༌། དེ་ཕྱིན་ཌིའཀྐ་མུན་སེལ་སྒྲོན་མེ། འགྲེལ་པ་འབུམ་ཆུང་གསལ་སྒྲོན། རྩོད་བཟློག་གེགས་སེལ། འཁོར་ལོ་རྣམས་ཐ་སྙད་ཀྱི་ཕྱོགས་འགོ་ཡང་མ་དོད་པ་ཞིག་གིས་བྱས་པ་ལས་གཡུ་ཐོག་གསར་རྙིང་དང་བཻ་རོ། སུམ་སྟོན་སོགས་ཀྱི་གསུང་སྦྱར་བྱང་ལ་ཡོད་པ་རྣམས་ཀྱང་མིན་ངེས་སུ་སེམས་ཤིང༌། དོན་ཡང་གསོ་རིག་སྐོར་ལ་ཅུང་ཟད་ཕན་ཙམ་ལས་རྒྱུད་ཀྱི་གོ་བ་ལེན་པར་ཆེར་མི་ཕན་འདུག་ཅིང༌། སྤྱིར་འགྲེལ་པའི་རིགས་བྲང་ཏི་དང་བྱང་པ་རིགས་ལྡན་གྱིས་མཛད་པའི་ཁུངས་ཆེ་ཞིང་དོན་མ་གསལ་བ་འདྲ་ལས་ཕྱིན་ཅི་ལོག་ཏུ་མ་སོང་བ་དང༌། གཞན་ཡང་རྩ་བཤད་ཕྱི་གསུམ་ལ་ཤིན་ཏུ་མང་ཞིང་མན་རྒྱུད་དུའང་སྐྱེམས་པ་ཚེ་དབང་གི་བདེ་བའི་འདོད་འཇོ་དང་ལེའུ་ཁོལ་བཏོན་གྱི་འགྲེལ་རིགས་མང་ཙམ་ཡོད་འདུག་ཅིང༌། དེང་སང་དེ་དག་རྣམས་ལས་པར་བརྐོ་སོགས་གྲགས་ཆེ་བ་ཟུར་མཁར་བའི་མེས་པོའི་ཞལ་ལུང་འདི་ཉིད་སྔ་སོར་པར་དུ་གནང་སྐབས་འགྲེལ་པ་སྔ་མ་རྣམས་ཀྱི་སྙིང་པོ་བསྡུས། དེ་དག་གི་འཁྱོག་བཤད་མི་འཐད་པ་རྣམས་ལུང་རིགས་ཀྱིས་སུན་ཕྱུངས། རྒྱ་གར་གྱི་བསྟན་བཅོས་རྣམས་ལེགས་པར་བཀྲལ་བ་སོགས་ལེགས་པའི་གྲགས་པའང་ཆེ་ལ། དེ་གའི་གཤམདུ་གསལ་བ་ལྟར་པར་ལ་གནང་གདོང་རྣམ་གླིང་པཎ་ཆེན་གྱིས་པར་ལག་མ་ཚང་བ་ཁ་འཐོར་རྣམས་ཁ་སྐོང་སོགས་ཞུས་ལེགས་པར་དག་པ་དང༌། རྗེས་སུ་རྒྱུད་ཚིག་སེལ་འབྱེད་དང་སྦྲགས་མ་ཚང་བ་སོགས་བསྣན་ཁ་ཡང་མཛད་པ་དང༌། མ་གཞི་འབྲུ་བསྣན་གྱི་འགྲེལ་པའི་ཆར་རྟོགས་ཤིག་འདུག་རུང་ཞིབ་ཏུ་བརྟགས་ན་རྗེ་ཟུར་མཁར་བ་དྷརྨ་སྭ་མི་དེ་རིག་པ་འདིར་སྐུ་དྲིན་ཆེ་བ་ཞིག་ཡིན་འདུག་ཀྱང་རྒྱུད་འགྲེལ་མཛད་པ་སོགས་སྐུ་ཚེས་མ་ཐུབ། ཕྱི་མ་བློ་གྲོས་རྒྱལ་པོ་སྒྲ་སྙན་ཀར་ལུགས་མཚན་ཉིད་སོགས་ཤེས་བྱ་རྣམ་གྲངས་མང་བ་ལས་གསོ་དཔྱད་རང་ལ་ཧ་ཅང་གི་གོང་མའི་ཤུལ་མི་ཟིན་ཅིང༌། འདི་ལས་སྐྱེམས་པ་ཚེ་དབང་རིགས་མིན་པ་ལས་གསོ་དཔྱད་ལ་རྒྱུན་ཟིན་སོགས་འགའ་ཞིག་གླེང་བ་ལྟར་རིག་བྱེད་གཞན་གྱི་བཤད་ཡམས་ལས་རིག་པ་འདིར་ལེགས་བཤད་གསར་དུ་མེད་པའི་རྩ་བཤད་མེས་པོའི་ཞལ་ལུང་འདིའི་ཕྱི་མོའང་བྱང་ཊིའཀ་བདུད་རྩིའི་ཆུ་རྒྱུན་མིའི་དབང་པོ་རྣམ་རྒྱལ་གྲགས་བཟང་གིས་མཛད་པ་དེ་སྟེང་ཕྲན་བུའི་བསྣོན་ཁ་དང་མི་མཐུན་པ་རེ་གཉིས་ཟུར་མཁར་ཕྱི་མ་རང་གིས་མཛད་འདུག་ཅིང༌། དཀའ་གནད་ཕལ་ཆེར་དཔྱད་བྱར་བཞག་པ་དང༌། ནོར་འཁྲུལ་ཁ་ཤས་སྔོན་མ་ལ་རྗེས་མས་བལྟས་ན་འོང་བ་ཆོས་ཉིད་ལྟར་བཅས་རིག་པ་འདིར་མི་ཕན་པའི་བཤད་ཡམས་མང་བ་ལས་འགྲེལ་པ་སྔོན་མ་རྣམས་ལས་ལེགས་རྒྱུ་མི་འདུག་ཅིང༌། ཁྱད་པར་ལུང་འདྲེན་རིགས་ཀརྨ་རང་བྱུང་རྡོ་རྗེའི་གསུང་དྲངས་པས་ཡི་གར་མ་སོང་བར་མ་ཟད་སླད་ནས། བློ་དམན་རྣམས་མིག་ལྟོས་ཡར་བལྟའི་རྒྱུད་འགྲེལ་ཁ་སྤྲོད་དུ་འཛིན་མི་བྱུང་ན་མདོར་བསྟན་རྒྱས་བཤད་དེ་ཉིད་ལ་ཡང་ནང་གསེས་དང་ཚིག་གི་དོན་བཅས་ས་བཅད་ཧ་ཅང་བློ་དམན་དུ་མངས་ཤིང་དོན་མ་ཚང་བའི་ཉུང་སྐྱོན་ཙམ་འཁྱོག་བཤད་འདྲ་ཡང་འདུག་པ་དང༌། ཕྱི་རྒྱུད་རྩ་མདོ་ཡན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་འདི་ཡང་ཟུར་མཁར་བློ་གྲོས་རྒྱལ་པོ་བསྙུན་ནས་མཛད་གཤིས་རྩ་བཤད་ལས་ཀྱང་ཞེལ་བ་དང༌། དེའི་འཕྲོ་དང་མན་རྒྱུད་གཉིས་ལ་དར་མོ་སྨན་རམས་པའི་སྦྱར་བྱང་དང༌། ལ་ར་བ་དང་མར་མོ་བཟུང་འཇུག་གིས་ཕྱི་རྒྱུད་དུ་འགྲེལ་པ་རྡོ་རྗེའི་མདུད་འགྲོལ་འབྲུ་བསྣན་གྱི་ཚུལ་དང༌། མན་རྒྱུད་ལ་གསེར་རྒྱུན་ཚིག་རྐང་གི་གྲངས་གཙོ་ཆེ་བ་བཅས་མཛད་པ་པར་དུའང་པར་བྱང་དང་བཅས་ཟིན་པ་ཀརྨ་རང་བྱུང་རྡོ་རྗེའི་གསུང་གི་ལུང་འདྲེན་སོགས་མེད་པ་ལས་གཉིས་ཀ་ཞལ་ལུང་གི་འཕྲོ་ཡིན་འདུག་ཀྱང༌། དེ་སྐབས་ཆ་ལག་གྲས་པར་འཁོད་རྣམས་དང་མེས་པོའི་ཞལ་ལུང༌། སྐྱེམས་པའི་འགྲེལ་པ་རྒྱུད་བཞི་བཞི་གར་ཡོད་པ་ནས། མན་རྒྱུད་ཙམ་ལས་འགྲེལ་པའི་རིགས་བསྒྲིག་པ་པོར་མ་འབྱོར་འདྲ་ཞིང༌། ཟླ་བའི་རྒྱལ་པོ་དེ་ཡང་མི་དག་པ་ཞིག་བྱུང་འདུག་པ་དང༌། དེའི་དགོངས་པ་འགྲོལ་བར་ནག་རྩིས་ཀྱང་ཀུན་འབྱུང་ཨ་ལོའི་འབྱུང་བ་རིན་ཆེན་ཀུན་འདུས་ལས་རྒྱུད་འགྲེལ་གཞན་མ་འབྱོར་པའི་སྐྱོན་སོགས་ཐོར་ཆགས་ཀྱིས་རྩ་བཤད་ལས་ཕྱི་མ་ཞན། དེ་ལས་མན་རྒྱུད་ལ་ཚིག་རྐང་ལས་འགྲེལ་པའི་ཐ་སྙད་མེད་པ་སོགས་ནས་རྒྱུད་དོན་རྟོགས་ཤིང་ད་ལམ་ཁོང་པས་འཛིན་པ་དང༌། སླར་ཡང་ཕྱོགས་འདིར་མིང་ཙམ་མིན་པའི་སློབ་གཉེར་བའི་རིགས་ལ་དོན་མ་ལོག་ཅིང༌། ཚང་ལ་རྒྱས་བཤད་ཚིག་ཉོག་མེད་པའི་འབྲུ་བསྣན་གྱི་འགྲེལ་པ་ཞིག་བྱུང་ན་སྙམ་རུང་སྨན་ངོ་སོགས་རང་གིས་དཔེར་བལྟས་པའི་འདི་ཡིན་འདྲ་བསམ་ཚོད་ལས་བྱུང་ན། རིམ་པར་བརྒྱུད་པ་ཟམ་མ་ཆད་པའི་འདི་དང་འདིའོ་ཞེས་ངོ་སྤྲོད་ཐུབ་པ་དང༌། རྒྱུད་འབྲུ་བསྣན་གྱི་དོན་འཆད་རྒྱུ་ཡོད་པའི་སློབ་དཔོན་ཞིག་རྙེད་ན་བསམས་པ་སྐོམ་པ་ཆུ་འདོད་ལྟར་གྱུར་ཀྱང༌། གོང་འཁོད་དར་གསུམ་རྣམ་གཉིས་ངེད་རང་ཡང་ཁམས་མ་བདེ་དུས་རྩ་བལྟ་སྨན་སྦྱོར་ཞིང༌། ཕྱིས་སུ་མ་གཏོགས་མཉམ་གཤིབས་ཀྱི་གསོ་རིག་སྐོར་གྱི་འཕྲོས་གླེང་ཞར་ཞོར་དུ་ཞིབ་པ་ཞིག་ཡོད་འདུག་པར་སྐྱབས་མགོན་དམ་པའི་ཐུགས་རྗེ་ཞུགས་པའི་གཉིས་ཀ་སྨན་བསོད་དང་བཅས་སྨན་བླ་གཉིས་པ་ལྟ་བུ་ཡིན་འདུག་རུང༌། རྒྱུད་མན་ངག་སོགས་ཡིག་ཆའི་ཚིག་དོན་ལ་ཅུང་ཞིག་གསོ་དཔྱད་འགོ་བརྩམས་པ་ནས། ད་ལྟའི་བར་འཕྲིན་ལས་ཀྱིས་ཐུགས་ཞིབ་མ་ཆུག་སྐྱོན་ཙམ་དང༌། བྱང་ཉི་སོགས་སློབ་དཔོན་རྣམས་ཀྱིས་མ་གསུངས་སམ། དྲི་བཤད་ལུས་པ་ཇི་ལྟར་ཡང་དེ་སྐབས་འདི་ལ་ཕར་དྲི་བ་དང༌། ཚུར་གསུངས་འདི་ཡིན་མེད་གླེང་བ་མང་ཙམ་བྱུང་ཞིང༌། གཞན་ལྷ་རྗེའི་རིགས་ལ་དྲིས་ཀྱང་མེད་ངེས་དག་རྣམས་མ་གཏོགས་ཐེ་ཚོམ་ཅན་གྱི་རིགས་མཐའ་དག་ལ་མཐའ་སྒོར་མ་ནས་ནད་བཅོས་བྱེད་ལུགས། རྒྱུད་ཚིག་གི་གོ་བ་ལེན་པ། སྨན་ངོ་སོགས་དྲིས་པར་ཐམས་ཅད་ར་ཅོ་དང༌། གཉན་ཅོ་ལས་གཞི་གོང་དུ་བརྗོད་པ་ལྟར་དུས་སྙིགས་པའི་ནག་ཕྱོགས་ཁ་རྒྱལ་དབང་ཡིན་འདྲ་བས་མི་འདུག་ཅིང༌། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ཁོང་པ་ཡོན་ཏན་མཁན་པོ་ཚད་མར་གྲགས་ཆེ་ཞིང༌། བར་སྐབས་ཁོང་གིས་མེས་པོའི་ཞལ་ལུང་རྐྱང་སེལ་ཐད་དགག་པ་ཞིག་རྡོ་རིང་དུ་སྦྱར་འདུག་པ་ཡང་དོན་གནད་རྩ་བ་མ་ཁོགས་པ་མ་བྱུང་འདུག་པས། སྨན་ངོའི་དྲི་བ་དང༌། དཔུས་ཚད་སོགས་བྱུང་རིགས་ཚོར་བརྟགས་པར་རྒྱུད་ནང་བཞིན་ནས་སྔོ་སོགས་དབྱེ་བ་ཕྲ་བ་དང༌། གཞན་རེ་གཉིས་མ་གཏོགས་ལུང་རིགས་ཀྱིས་དཔྱད་པས་རང་བློ་དང་མཐུན་ཙམ་འདུག་ཅིང༌། མ་ནས་ཁོང་པ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ནས་ལྷ་རྗེའི་བརྒྱུད་ཟམ་མ་ཆད་པ་ཡིན་འདུག་པ་དང༌། ད་ལྟ་ཡང་ཉིན་རེ་ཤླཽ་ཀ་རེ་འཛིན་པའི་དམ་བཅའ་བྱས་པ་ཡིན་གླེང་བའི་འཛིན་བཞིན་དང༌། ཤོག་བུ་ཁྲིའི་རྒྱུགས་སོང་གླེང་བ་འཕྲལ་མ་བླངས་པས་ཇི་ལྟར་རུང་རྒྱུད་ཚིག་ཤིན་ཏུ་ངེས་པ་དང༌། དུས་འཁོར་རྩ་རྒྱུད་དང་འགྲེལ་ཆེན། རིག་གནས་གཞན་གྱི་སྐོར་བཅས་ཚིག་བློར་རྒྱ་ཆེ་ནའང༌། ཞིབ་ཚེགས་ཕྲ་མོའི་ཐད་དང་གསོ་དཔྱད་ལ་སྨན་དཀོན་པས་ཡིན་ནམ། སྦྱོར་སྡེའི་དུས་རྟོག་པ་རྩིང་སྐྱོན་དང༌། འཆད་ལགས་ལ་བཟང་རྩི་ཆུང་བ་ཙམ་ལས་བློ་རྒྱ་ཆེ་ཞིང་སྤོབས་མཐོ་ཁ་ལ་རྒྱུག་པར་མངོན་པ་སོགས་ནས་རྩ་རྒྱུད་ཀྱི་སྡོང་འགྲེམས་དང༌། ཡུལ་ཐིག་ཀྱང་རྗེས་སུ་རང་བློས་གོ་བ་ལོན་པའི་རྙིང་བའི་སྐྱོན་ཐེངས་ཤིང་གསལ་དུ་བཏང་བ་ལས། ལྷུན་སྡིངས་གོང་མ་བདུད་རྩི་འགྱུར་མེད་ཀྱི་བྲིས་ཆའི་སྟེང་ཁོང་པས་ཚར་གཅིག་མཛད་པས་ཤིན་ཏུ་འགྲོ་ཕྱོགས་རྙེད་པར་ཕན་པ་བྱུང་བ་དང༌། རྩ་ཐིག་དང༌། གསང་ས་མེ་ཐུར་གཏར་གྱི་དཔྱད་དམིགས་སྐོར་གལ་ཆེ་བ་འདུག་པར་རྩ་ཐིག་ནས་འགྲེལ་པའི་རྩ་རྣམས་རྣམ་རྒྱལ་རྡོ་རྗེ་རང་གིས་བརྒྱབ་པ་བྲིས་ཆ་ཟུར་གསལ་ལྟར་དང༌། དེ་ལས་ཕྲ་བའི་ཆགས་སྲིད་ཚེ་རྩ་དང༌། འབྲེལ་རྩ་ལ་ལའི་རྩ་ཐིག་སྐོར་ལ་རང་བློ་དང་མི་མཐུན་ཙམ་བྱུང་བ་ཁོང་རང་ཡང་གཞན་ལྟར་མི་རྟོགས་མི་གླེང་བའི་ཤིན་ཏུ་སྒྲུབ་བྱེད་མང་བ་འདུག་པ་བློ་བསྡུར་ལྟ་བུའི་མཐུན་པ་མང་བ་ཞིག་ལ་ཐག་གཅོད་རྩིས་ལ་ལྷ་རྗེ་རྣམས་ལ་དྲི་བ་བྱས་ཀྱང་ཆགས་སྲིད་ཚེ་རྩ་མི་དགོས། འབྲེལ་པའི་རྩ་ཡང་འཆད་རྒྱུར་ལྗགས་ཐུང་བར་གྱུར་པ་བལ་པོའི་སེའུའི་དཔེར་སྣང་བས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་མ་ནས་རིག་བྱེད་མཐའ་དག་ལ་ཐོས་བརྩོན་ཆེ་བ་དང༌། རང་གིས་བལྟས་པར་སྙན་ངག་དོན་རྒྱན་དང༌། གསོ་དཔྱད་སྐོར་ལ་ཁོང་པ་དེང་དུས་གཉུག་མར་གནས་པ་སོགས་ནས་ལེགས་པར་གོ་བའི་ཁོང་པར་དྲི་རྟོགས་ཁྱམས་སྟེངས་སུ་ལྷུན་སྡིངས་པ་རང་དང་བཅས་དཔྱད་པར་འཕྲལ་རང་ལ་གསུང་བ་བབས་ནས་དཀའ་འདུག་བསམ་བྱུང་ཡང༌། སླར་ཆགས་སྲིད་རྩའི་སྐོར་རང་གི་བསམ་པ་དང༌། པཎ་ཆེན་གཉིས་ཕལ་ཆེར་མཐུན་པ་བྱུང་བས་ལྷུན་སྡིངས་པར་རྒྱུ་མཚན་བྱས་ཀྱང་དག་སྟེར་ཞིག་མི་འདུག་རུང་ཐག་བཅད། མ་ནས་གོ་དོན་རྣམས་ལ་ཕན་པའི་ཁྱད་བྲིས་ཆའི་ཐོག་ངོ་འཕྲོད་ཅིག་བྱུང་ན་སྙམ་པ་རྩ་རྒྱུད་གླེང་གཞི་ནས་བཟུང༌། ཕྱི་རྒྱུད་རྫོགས་པའི་བར་ཚང་མ་བྲིས་ཆར་འདྲི་ན་གོ་དོན་ལ་ཕན་པ་དང༌། ཆེར་མི་ཕན་པ་སྣ་ཚོགས་ཀྱི་ཇི་སྙེད་ཅིག་སྤྲོ་ཐུབ་ཀྱང་དོར། རྩ་རྒྱུད་གླེང་གཞི་ནས་སྡོང་འགྲེམས། བཤད་རྒྱུད་ལུས་ཀྱི་ཆགས་ཚུལ། འདྲ་དཔེ། གནས་ལུགས། འཆི་ལྟས། སྨན་ངོ༌། རྒྱུན་དུས་སྤྱོད་པ། མན་རྒྱུད་ནས་ནད་ཀྱི་རྒྱུ་རྐྱེན། ཕྱི་རྒྱུད་ནས་རྩ་ཆུ་མེ་གཏར་ཐུར་གྱི་དཔྱད་དམིགས་སོགས་གཙོ་ཆེ་བས་གོ་དོན་ལ་ཕན་པ་མཚར་བསྡུས་ཀྱི་བྲིས་ཆ་དང༌། ལ་ལ་དག་རྩ་བཤད་ལ་རྡེའུ་རྒྱག་པ་ལས་སྡོང་འགྲེམས་བྱེད་པ་འདི་མི་འཐད། འདི་ལ་སྟོད་ལུགས་སྨད་ལུགས་ཀྱི་དབྱེ་བ་ཡོད་ཚུལ་དང༌། བཤད་རྒྱུད་དུའང་རྡེའུ་དགོས་པར་བཞེད་འདུག་རུང༌། བརྟགས་ན་སྟོད་ལུགས་སྨད་ལུགས་ཀྱི་ཁྱད་པར་སྔོ་སྨན་གཙོར་གྱུར་སྨན་གྱི་ངོས་འཛིན་དང༌། སྦྱོར་སྡེ་ཟུར་བཀོལ་འདྲ་ལས་རྒྱུད་ཀྱི་དོན་ལ་བྱང་ཊིའཀ་ལ་གཞི་བཅོལ་མེས་པོའི་ཞལ་ལུང་བྱུང་བ་དང་བཅས། སྡོང་འགྲེམས་ལ་ལོ་མ་སོགས་ལ་ཁྱེར་སོའི་ཁྱད་ཙམ་ལས་ཁྱད་པར་སྤུ་ཙམ་མེད་པས་ཞལ་ལུང་དང་ཡང་སྡོང་འགྲེམས་ཤིན་ཏུ་འགྲིགརྩ་རྒྱུད་དེ་སོང་ཕྱིན་བཤད་རྒྱུད་ལ་དེ་ཉིད་རྒྱས་བཤད་ལས་མེད་པས་སྡོང་འགྲེམས་བྱས་ཀྱང་ཧ་ཅང་བྲིས་ཆ་ཚོགས་ཆེས་དོགས་རྩ་ཐིག་ལས་མ་བཀོད་ཅིང༌། འགྲེལ་པ་དངོས་ཀྱི་ཆ་ཁུངས་ཆེ་བ་བྲང་ཏི་དང༌། བྱར་པཎ་གྱི་འགྲེལ་པ་བྱང་པ་རྣམ་རྒྱལ་གྲགས་བཟང་གི་བདུད་རྩིའི་ཆུ་རྒྱུན་དང༌། རྒྱུད་ཀྱི་སྙིང་བསྡུས་གཞན་ཡང་པར་འཁོད་པ་རྣམས་དང༌། མ་འཁོད་པ་སོགས་འགྲེལ་པ་སྔོན་མ་རྣམས་སུ་རྒྱས་བཤད་མདོར་བསྟན་སོགས་ཚིག་རོ་འཁྲུལ་པ་འཁྱོག་བཤད་རྣམས་དོར། དཔྱད་བྱ་དང་བརྗོད་མེད་དུ་ལུས་རིགས་སོགས་རྒྱ་བོད་ཀྱི་གཞུང་ཁུངས་མ་གོང་འཁོད་མང་པོ་གོ་བསྡུར་ཞིང་མྱོང་ཡིག་འདྲ་དང་བསྟུན་ཏེ། འཁྲུལ་མེད་ཁུལ་རང་བློས་གང་སྤོབས་བསྒྲིགས་ཤིང་ཁྱད་པར་སྨན་གྱི་རྐྱང་སེལ་གྱི་འགྲེལ་པའི་ཐད་ཁུངས་ཆེ་བ་རྣམས་བསྡུས་པ་དང༌། ཕྱི་མ་རྣམས་ནོར་འཁྲུལ་དུའང་དོགས་པས་སྨན་མིང་བསྐུར་བའི་སྨན་པ་གཉུག་གནས་རྣམས་ཀྱི་སྔོ་སྨན་ལོ་སྟར་གང་འཐོག་དང་ངོས་སོ་སོས་གང་ཚོད་ཀྱི་ཚད་བསྡུས་པ་དང༌། དུས་དབང་གིས་རྒྱ་བལ་ནས་འོངས་པའི་པཎྜི་ཏ་ཡིན་ཟེར་བ་རྣམས་ཀྱང་ཚད་དང་མི་ལྡན་ཅིང་རྫུན་འབའ་ཞིག་ཤས་ཆེ་བ་ཙམ་འདུག་ནའང༌། ཡུལ་དབུས་ཀྱི་སྨན་པ་ཛ་མུ་ན་གྷི་དང༌། ནུབ་ཕྱོགས་ཀ་ན་ནས་ཡིན་པའི་པཎྜི་ཏ་ག་ན། མཐའི་རྒྱ་མཚོ་ལི་ཤི་སོགས་ཤང་ཤང་གིས་ཁྱེར་འོང་བྱའི་མཁྲིས་གྲོང་ཚོ་བསམ་ཡ་ཟེར་བ་ནས་ཤམ་བྷ་དྲ། ཁ་ཆེ་ཁྲི་སྟན་གྱི་སྨན་པ་ཨི་བ། ནེ་པ་ལའི་སྨན་པ་མ་ཧཱ་མི་སུ་དང༌། དྭགས་ཀོང་གི་སྨན་པ་ཁ་ཤས། དེ་ཕྱིན་སྨན་པ་རང་མ་བྱུང་ཡང་ལྷོ་མོན་གྱི་རིགས་དང་ལ་སྟོད་པ་སོགས་ལ་རང་ཡུལ་ནས་འོང་བའི་སྨན་གྱི་སྐྱེ་ཚུལ་སོགས་རང་རང་གི་ངག་བརྗོད་ལྟར་ལ། རི་མོ་བྲིས་པ་སོ་སོས་འདི་ག་ཡིན་ཟེར་བའི་བར་བྱ་གོ་བ་བློ་བཟང་དབང་ཕྱུག་གིས་དྲི་བདར་དཔྱད། དེ་རྣམས་དང་གསོ་དཔྱད་རང་ལུགས་སུ་འཁྲུངས་དཔེ་བསྟན་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ་དང༌། མཁས་པ་མི་བདུན་ནམ་བཞིས་བསྒྱུར་བའི་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་གི་ཁོལ་བཏོན་དང༌། དེ་ལས་འདྲ་ཆོས་སྒྲོལ་མ་འཇམ་དབྱངས་གཡུ་ཐོག་གསུམ་གྱི་སྔོ་འབུམ་དུ་གྲགས་པ་སོགས་འཁྲུངས་དཔེའི་རིགས་དང༌། ལུང་རིགས་གཞན་དང་མཐུན་མི་མཐུན་རང་ཉིད་ཀྱིས་གོ་བསྡུར་ཞིང་འགྲིག་པ་རྣམས་བཀོད། མན་ངག་གི་སྨན་ལ་མཐའ་མ་བཀག་པ་ལས་རྒྱུད་བཞི་རང་དུ་གང་ཡོད་སྡེབས་རྟོགས་འགབ་འདུག་པས་རྐྱང་སེལ་དུ་ཚིག་མེད་རིགས་ཀྱང་རྒྱུད་གསུམ་པོ་ནས་གསུངས་པའི་མིང་མི་འདྲ་བ་དོན་གཅིག་རྣམས་མ་གཏོགས་མ་ལུས་པ་ཁ་སྐོང་དུ་བསྣན། གཞན་རྣམས་རྒྱུད་ཚིག་འབྲུ་བསྣན་མ་ལུས་ཙམ་ནས་མགོའི་མཆོད་བརྗོད་ནས་གཤམ་རྫོགས་པའི་བར་དོན་དུ་མི་དགོས་ཀ་མེད་ལས་ལུང་འདྲེན་དང༌། ཚིགས་བཅད་སོགས་སྤྲོས་པའི་རིས་མེད་པའི་ཚིག་ཚོགས་ཉུང་བ་བློ་འབྲིང་མན་གྱི་དོན་གཙོར་བཏོན་པའི་འགྲེལ་པ་འདིའི་སྒང་ཙམ་ལ་དར་མོ་སྨན་རམས་པས་ཁྱོད་བསྟན་བཅོས་ཤིག་བརྩམས་ན་དེའི་བསྐུལ་བ་པོར་ངེད་ཅིས་ཀྱང་དགོས་ཚུལ་བྱུང་རུང་བསྟན་བཅོས་གསར་དུ་རྩོམ་གྱི་མིན་ཚུལ་བགྱིས་ཤིང༌། གསོ་རིག་གི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུར་སྔོན་པོའི་མལླི་ཀ་ཞེས་པ་འདི་དོན་དུའང་གཞན་ལྟར་ན་བསྟན་བཅོས་གསར་པར་ཡང་བརྩིས་ཆོག་འདུག་རུང་རང་གི་བཞེད་པ་རྙིང་པར་གཞི་བཅོལ་བ་འདི་རིགས་གསར་པར་གཞན་གྱིས་བརྩིས་འདུག་པར་ཡང་ཡ་ཆེ་བར་གྱུར་ཅིང༌། ཁྱད་པར་བསྟན་བཅོས་རྩོམ་པའི་རྒྱུ་རྣམས་ཚང་དཀའ་བ་དང་འདིའི་རྩ་བཤད་ཀྱི་ཚིག་ཕྱེད་བྱང་ཟུར་སོགས་ཀྱི་ཚིག་མ་ཉམས་པར་སྙིང་པོར་བསྡུས་ཤིང༌། དེར་མ་ཚང་བ་རང་གི་ཚིག་ཕྱེད་ལྷག་ཙམ་ལས་མེད་པས་རང་རྩོམ་འབའ་ཞིག་མིན་ལ། དེ་ཡང་ཚང་མར་ངོ་འཕྲོད་བཤད་པ་སོགས་གཞན་གྱིས་བརྗོད་པ་ཡིད་ཆེས་ངེས་པ་དང་འགྲེལ་དཔེ་ཡང་ཆ་ཚང་ཞིང་ཁུངས་ཐུབ་ཆེ་བ་རང་མ་རྙེད་ཅིང༌། རྟོག་བཟོ་མི་རུང་པ་ནི་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མིན། །བརྗོད་དོན་མཁས་པ་བདག་ལ་ཡོད་མིན་ཏེ། །ཞེས་པ་ཡིད་ལ་བརྣགས་ཏེ་གོང་འཁོད་ཡིག་ཆ་ཁུངས་ཐུབ་ལེ་ཚན་ལ་ཞིབ་བཅུགདེ་སྟེང་རང་གི་རིག་པས་གང་སྤོབས་བརྟགས་པ་ཡིན་རུང་གདེངས་ཁེལ་རྩིས་སྐར་ནག་ལྟ་བུ་མ་བྱུང་བ་རང་ཉིད་ཀྱི་བློ་ཡང་མ་ཚིམ་འོན་ཀྱང་སྔ་སོར་བྱང་ངོས་ནས་སོགས་བཤད་པ་ས་བཅད་ཅེས་གསུང་ངག་ནས་ཐོར་རེ་བ་ལས་རྒྱུད་དང་འགྲེལ་པར་སྤྲད་དེ་དང་བྲིས་ཆ་ངོ་འཕྲོད་པའི་མཛུབ་བཙུགས་ཀྱི་ལག་ཁྲིད་འདི་བཞིན་མཛད་སྲོལ་མ་བྱུང་འདུག་ཅིང༌། །ལྷག་ཏུ་སྔར་བྱུང་ཟིན་རྣམས་ཐོས་བརྩོན་སོགས་བྱེད་མི་ཚད་ལྡན་མེད་པར་འདི་བཞིན་རང་ཉིད་ངལ་རྒྱུར་སྣང་ཡང༌། ཕྱོགས་འདི་དང་སེམས་ཅན་ལ་ཕན་པ་རྔོ་ཐོགས་པ་ཞིག་འོང་རེ་དང༌། ཉམས་པ་བློས་མ་བཟོད་པ་ལས་རང་ཉིད་ཁེ་གྲགས་ལམ་འདིར་བརྟེན་མི་དགོས་པར་མ་ཟད་མཁས་འདོད་ཤེས་འདོད་ཀྱང་མིན་ངེས་དང༌། སྔ་སོར་མིག་མེད་ན་ལིང་ཏོག་མི་འབྱུང་བ་ལྟར་འདི་བཞིན་ར་སྤྲོད་ལུགས་མི་འདུག་རུང༌། ད་ལམ་འདིས་མཁས་པའི་དབང་པོ་རྣམས་ལ་འགྲོ་ཕྱོགས་ཙམ་ལམ་གྱི་སྒོ་ཕྱེ་བ་ཡིན་པར་མ་རྟོགས་པ་དང་ལོག་པར་སོང་བ་ལྷག་ལུས་སོགས་སུ་གྱུར་པ་རྣམས་བཟོད་པར་བཞེས་དགོས་ཤིང༌། འོན་ཀྱང་མཁས་པའི་ཚོགས་ཀྱིས་དཔྱད་པ་མཛད་པར་ས་བོན་ནམ་དྲན་གསོ་ལྟ་བུ་ཡིན་པས། ལེགས་བཤད་ཀྱི་བསྟན་བཅོས་སོགས་མཛད་དགོངས་པར་བྲིས་ཆ་ཡོ་བྱད་སོགས་ཀྱིས་མ་འབྱོངས་ཚེ་མཐུན་རྐྱེན་ཀྱང་དབུལ་བས་ན་ཚུལ་བཞིན་དུ་སྒྲུབ་པར་མཛད་རིགས་ཤིང༌། དེ་དག་རྣམ་པར་དག་པའི་ལེགས་བཤད་དུ་འདུག་ན་རང་ཉིད་ཀྱང་རྗེས་སུ་ཡི་རངས་ཀྱང་བྱེད་ལ། མཁས་པའི་དབང་པོ་རྣམས་དགྱེས་པ་བསྐྱེད་པ་ཞིག་འདིར་མེད་རུང༌། ལག་ལེན་མན་རྒྱུད་ཀྱི་ལྷན་ཐབས་ཤིག་བྱེད་རྒྱུ་ནད་ཐོག་འཁེལ་མིན་དང༌། བསྟན་བཅོས་བཻཌཱུར་དཀར་པོ་མ་བུར་མཁས་དབང་རྣམས་ཀྱིས་ཞིབ་ཏུ་གཞིགས་ཚེ་སྔོན་མེད་ཀྱི་ལེགས་བཤད་བློ་གྲོས་ཀྱི་རྩལ་ལས་ཐོན་མི་དགོངས་དྭངས་པ་དང༌། དེ་ལ་ཡང་ཐེ་ཚོམ་བྱུང་ན་ལུང་རིགས་ཀྱིས་སྒྲུབ་རྒྱུ་ཡོད་པས། རང་ཡང་འདི་ཉིད་ཧ་ཅང་གི་རྔོ་ཐོགས་སུ་མ་གྱུར་ཀྱང་ངོ་ཆེར་གནོང་མ་དགོས། གང་ལྟར་ཕྱོགས་བསྒྲིགས་སམ་བྲིས་ཆ་དང་བཅས་རང་ལོ་སོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ས་ག་ཟླ་བའི་ཉེར་དྲུག་ལ་འགོ་བཙུགས། འདི་ཉིད་བྲིས་ཆ་རྩ་སོགས་གནས་ལུགས་དང་དཔྱད་དམིགས་དཀའ་བ་ཙམ་དང༌། གསོ་རིག་འདི་གཅིག་ནས་གཅིག་བརྒྱུད་ཀྱི་ཞལ་རྒྱུན་ལེགས་བཤད་ཉུང་བས་དཔེ་ཁག་ཆ་བསྡུར་དགོས་པ་ལས་མ་ནས་ཡིག་ཆའི་ཚོགས་ཀྱང་རིག་བྱེད་གཞན་ལས་ཉུང་ཞིང༌། ད་ལམ་གཞི་རྙིང་པ་ཤས་ཆེ་བ་བཅས་ཆིག་སྒྲིལ་བྱས་ན་ཟླ་བ་ཕྱེད་གཉིས་དང་མིན་ཀྱང་གསུམ་བཞིར་ངེས་པར་གྲུབ་འདུག་ཀྱང༌། བཻ་དཀར་དགག་ལེན་དང་སྤེལ་བའི་གཤིས་ལོ་གཅིག་ཏུ་བཅར་བར་འཐོགས་པའི་རང་ལོ་སོ་དྲུག་པ་རྒྱལ་བ་ཉི་མའི་གཉེན་སྐུ་བལྟམས་ནས་ཉིས་སྟོང་དྲུག་བརྒྱ་ཞེ་བརྒྱད་དང༌། གསོ་དཔྱད་རང་ལུགས་སུ་རྒྱུད་ཆེན་འདི་སྨན་གྱི་གནས་སུ་གསུངས་ནས་ཉིས་སྟོང་ལྔ་བརྒྱ་དོན་བདུན། གངས་ཅན་གྱི་ཡུལ་དུ་ལོ་ཆེན་བཻ་རོས་བསྒྱུར་ནས་དགུ་བརྒྱ་བཞི་བཅུའི་བགྲང་བྱའམ་ལོ་སོང་བ་འཕགས་ཡུལ་ལེགས་སྦྱར་གྱི་སྐད་དུ་བི་བྷ་ཝ། ཤར་ཕྱོགས་རྒྱལ་པོའི་ཁབ་ཏུ་ཝུ་ཤིན། སྟོད་འགྲེལ་དུ་རྣམ་བྱུང་སྟེ་ས་ཕོ་འབྲུག་གི་ལོ། འབྱུང་བ་སུམ་ལྡན། ཁ་ཡན་མིག་དམར་གྱི་ཀླུངས་ཕོ་བྲང་གླིང་དགུའི་དབུས་སུ་ཡབ་ལྷའི་མེ་ལོང་འཆར་བའི་ལོ་མེ་ཏོག་ལྡན་གྱི་ཟླ་བའམ་ས་གས་ཉ་བ། ཉིན་མོར་བྱེད་པ་རགས་པ་གླང༌། ཞིབ་པ་ལུགརྒྱ་ནག་དབྱར་ཐ་ལུག་གི་ཟླ་བ། ཧོར་ཟླ་བཞི་པའི་ཚེས་བདུན་སྤྱིར་བཏང་འདྲེན་པ་བུ་རམ་ཤིང་པ་བལྟམས་པའི་དུས་ཆེན་བཟང་པོ་གཉིས་པ་དུས་འཁོར་བའི་དབྱངས་ཨི། གསལ་བྱེད་མ། འབྱུང་བ་ཆུ། འདོད་ཡོན་རོ། གཉིས་ཀ་མཐུན་པའི་དར་གུད་གཞོན་ནུ། རེས་གཟའ་ལྷའི་བླ་མ་རགས་པ་དར་བ། ཞིབ་པར་གུད་པ། ལས་སྐར་སྦྱོར་ལྡན་མའི་ཡུལ་གྱི་ལོངས་སྤྱོད་རྣམ་བར་དག་པའི་ལམ་ནས་དྲངས་ན་ཆུ་ཚོད་མདའ། སྲང་སྲིན་བུ། དབུགས་གཅིགརི་རོ་ཆ་སུམ་ཅུ་རྣམས་འདས་པའི་འཆི་མེད་འགྲུབ་པའི་སྦྱོར་བ་སྦྱོར་ཆུང་སྟོབས་ལྡན། འཕྲོད་མདུང༌། སྦྱོར་བ་གཟེར། བྱེད་པ་ཁྱིམ་སྐྱེས། རྟེན་འབྲེལ་རྣམ་ཤེས། ཉི་མ་ས་སྟགསྤར་ཁ་ཁམ། སྨེ་བ་བཞི་ལྗང་རྣམས་འཆར་བའི་ནམ་ལངས་ཏཏྐཱལ། ལུག་གི་སྔ་ཆ། དུས་ཚོད་ལྕགས་ཡོས་དུས། སྤར་ཁ་ཁམ། དུས་སྨེ་བཞི་ལྗང༌། ཟླ་སྙིགས་རགས་པ་ཀྲྀཥྞ། ཞིབ་པ་ནོར་ཐོབ་གཉིས་འབྲས་བུ་བཟང་བ། དུས་སྦྱོར་ཕྱེད་པའི་གཟའ་རགས་ཞིབ་མཐུན་པར་ཕུར་བུ། ལྷ་དྲག་པོ། བདུད་རྩི་ཐུན་མཚམས་རྣམས་འཆར་བའི་དུས་དགེ་བར་རྒྱས་པའི་བཻ་དཀར་དུ་བརྗོད་པ་ལྟར་གྱི་དབུ་རུ་ཉང་བྲན་དགེ་བཅུ་ལྡན་པའི་སར་སྐྱེས་པ་ཆོས་སྲིད་དང་གཞུང་ལུགས་གཞན་གྱི་བྱ་བས་དུས་འདའ་ཞིང་འགྲོ་དོན་དངོས་བསྐྱང་སོགས་མེད་པས་ཕྱོགས་འདིར་ན་ཚོད་བྱིས་པ་ལྟར་གྱུར་བ་བུདྡྷ་ཨའམ་དབྱངས་ཅན་དགྱེས་པའི་བློ་ལྡན་གདོང་དྲུག་སྙེམས་པའི་ལང་ཚོ་གསར་པས་འགྲེལ་རྙིང་གི་དོན་ཕྱོགས་སྒྲིགས་པ་དང་གསར་པ་རྣམས་སུག་བྲིས་སུ་བགྱིས་ཤིང་རང་བློར་བྱང་བ་མེད་པའི་མན་རྒྱུད་ངེས་པ་བཅས་ལྷུན་བུ་དགའ་ལྡན་སྨན་བླས་དགོས་གནས་ཀྱི་དཔེ་འཚོལ་གྱི་གྲོགས་བྱས་ཏེ་དཔེ་ཤོག་ཏུ་འབེབས་པའི་བར་བཻ་དཀར་ལུགས་ཟིན་བྲིས་སོགས་མེད་པར་འདྲི་མི་བཻ་དཀར་དུས་ཀྱི་སྟེང་སྟོད་ལུང་དངོས་གཞི་པ་འབུམ་སྐྱབས་བྲིས་ཆའི་གྲངས་རས་གཞིའི་ཆེ་ཆུང་སོགས་མཐའ་གཅིག་ཏུ་མ་ངེས་ཀྱང༌། ད་ལམ་དྲུག་ཅུ་ཡོད་པའི་སྐྱ་བྲིས་སྣག་གནོན་ལྷོ་བྲག་ནོར་བུ་རྒྱ་མཚོ་དང་མཚོན་བྱུག་ལྷ་ས་བ་དགེ་གཉེན་གྱིས་བགྱིས་ཏེ་ལེགས་པར་གྲུབ་པ་འདིས་ཀྱང་ཀུན་མཁྱེན་ཕྱག་ན་པདྨའི་ཞབས་ཟུང་རྡོ་རྗེ་ལྟར་བརྟན་པ་དང༌། གང་གི་ཆོས་སྲིད་ཟུང་དུ་འཇུག་པའི་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཡུན་རིང་དུ་གནས་ཤིང་རྒྱས་པ་དང༌། རྗེས་འཛིན་གྱི་རིག་པ་འདི་ཉིད་རྒྱ་བོད་ཀྱི་བསྟན་བཅོས་ཚད་ལྡན་དང་བཅས་པ་བྱུང་ཟིན་རྣམས་ཕྱོགས་དུས་སུ་དར་ཞིང་སླད་ཆར་ཡང་ཟམ་མི་ཆད་དུ་འབྱུང་བ་དང༌། དེའང་ཆ་ཙམ་གྱིས་འགྲོ་བའི་སྲོག་ལ་ཚོད་ལེན་པར་རྒྱུད་ཆེན་འདིའི་དོན་རྣམས་དཔྱིས་ཕྱིན་པར་འགྲེལ་པ་འདིས་མཚོན་བྱུང་ཟིན་འབྱུང་འགྱུར་གྱི་ཡིག་ཆ་མན་ངག་ཚད་ལྡན་རྣམས་ཉམས་སུ་བླངས་པ་ལ་བརྟེན་ནས། འགྲོ་ཀུན་འཆི་བདག་དུས་ཀྱི་དགྲ་དང་བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཟུག་རྔུ་ལས་རྒྱང་བསྲིངས་ཏེ་ཚེ་མཐར་ཕྱིན་པ་དང་ནད་མེད་ཅིང་བདེ་བ་དང་ལྡན་པར་གྱུར་ཅིག། ས་འབྲུག་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་འདི་ནང་ཆགས་པ་ཆོས་འཕེལ་གྱིས་ཚིག་རྒྱུགས་རྒྱུད་བཞི་དང་ལྷན་དུ་སྐྱབས་མགོན་དམ་པར་ཕུལ་ཞིང༌། འཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནས་འཇམ་དཔལ་དུས་དགྲའི་དབང་པོའི་སྒྲུབ་མཆོད་བར་དང༌། ལྷ་ས་སྨོན་ལམ། སྟོད་རྒྱུད་མཁས་མང༌། གྲྭ་ཚང་སོགས་སུ་ཚོགས་བཤད། ཕྱོགས་དང་གཉུག་གནས་ཀྱི་སྨན་པ་མཐའ་དག་ཚོགས་པའི་འཕྲོས་གླེང་སོགས་གཞུང་རབ་འབྱམས་སྨ་བའི་བཤེས་གཉེན་དུ་གྱུར་དུས་འགྲེལ་པ་འདི་དོན་གྱི་བྲིས་ཆ་སོགས་ངོ་སྤྲོད་དང༌། སྤྱིར་འཁྲུལ་པ་སྤངས་པ་སངས་རྒྱས་ཀྱི་ཁྱད་ཆོས་སུ་མཆིས་པར་མ་ཟད་གསོ་བ་རིག་པ་འདི་རོ་མགོ་མེད་ལ་འཕོ་བ་གྲོང་འཇུག་ལྟ་བུའི་བྱེད་ཐེབས་དཀའ་བ་བཅས་ཡིད་ཆེས་པའི་བཻ་དཀར་ལྟར་ལེགས་པ་གདེངས་ཁེལ་ཞིག་མ་བྱུང་བས་འཁྲུལ་པ་འདུག་ན་དཔྱད་པ་མཛོད་ཅིག་བྱས་པར་བྱེད་མི་ཆེར་མ་བྱུང༌། འོན་ཀྱང་རྣམ་གླིང་པཎ་ཆེན་མ་ནས་མཐའ་དག་ལ་ཐོས་བརྩོན་མཛད་པ་དང༌། ཕྱོགས་འདིར་གཉུག་གནས་རྣམས་ལས་ཐོས་པ་ཆེ་བར་གོ་ཞིང༌། དེར་མ་ཟད་སྔོན་མར་རྗེས་མས་བལྟས་ན་སྐྱོན་མཐོང་པ་ཆོས་ཉིད་དང་རང་གི་དེ་གདེངས་ཁེལ་མ་བྱུང་བས་སྐྱོན་ཐོན་མང་ཙམ་ཡོད་རེ་དང༌། ད་ལམ་དེར་ཚོགས་ཁྲོད་ནས་སྨོན་གོང་པ་རྒྱུད་ཚིག་རྒྱུགས་སོགས་མ་སོང་ཀྱང་སྔར་སོང་ཟེར་བ་དག་འདྲ་བས་ཐོར་ཐོར་ངེས་པ་དང་དཀའ་གནད་དྲིས་པར་ལན་ཆེར་མི་འདུག་ཀྱང་བར་མ་དོ་ཚོར་ལན་ཀྱང་གཞན་ལས་མང་བ་ཁ་ཤས་བྱུང་བ་དང༌། འཕྲོས་གླེང་གི་བབས་ལ་བལྟས་ན་ད་ལྟ་ལྷ་རྗེ་ནས་ངེད་རང་གིས་རྩ་བ་བཅས་ནས། ཧ་ལམ་ངེས་པ་ལྷུན་ལྡིངས་པ་རྣམ་རྡོར་དང༌། ཚིག་དང་གོ་དོན་རེ་ལེགས་ཡོད་ཟེར་སྐད་ཆ་ཐོས་པ་སྙེ་མོ་ཚད་ལྡན་གཉིས་ཙམ་མ་གཏོགས་གཞན་ལས་རྒྱུད་བཤད་ལ་ཁོང་པ་དྲག་པ་ཡོད་འདྲ་བསམ་པ་བཅས་རྣམ་པཎ་དང་ཁོང་གཉིས་ཀྱིས་ཞག་ཤས་དོགས་སྐྱོན་འདུག་ན་གང་ཐོངས་མཛད་དགོས་ཚུལ་བྱས་ཤིང་དེ་རྩིས་བྱེད་ཚུལ་བྱུང་ཡང་མཛད་མ་ནུས་པའམ། གསར་རྩོམ་ལྟ་བུ་རྩ་བ་ནས་མཛད་ན་མ་གཏོགས་བབས་ནས་གཞི་ཞེལ་བའི་མཛད་ཐེབས་མ་བྱུང་པའམ། ཡང་ན་འབྲུམ་དོགས་ཆེ་བས་ལོང་གིས་མ་བྱུང་བ་ཇི་ལྟར་ནའང་དོན་ཆར་དབྲི་བསྣན་དང་འཁྲུལ་ནོར་གྱི་དོགས་སློང་བཅུ་ཙམ་ལས་མཛད་མ་བྱུང་ཞིང༌། དེ་ཁྲོད་མན་རྒྱུད་མིག་ལེར། རག་དུད་མར་གསར་མེ་ལོང་གཡའ་སྦྱར་བྱུག། ཟེར་བའི་རག་དེ་ངོས་འཛིན་རྐྱང་སེལ་ཁ་སྐོངས་སུ་ཡོད་པར་དོགས་གཞི་ད་ལྟ་ཏི་ཚའི་དུད་པས་མིག་ལ་མངོན་སུམ་ཕན་པ་ཏི་ཚ་ཡིན་ནམ་གསུང་བ་དངོས་སུ་ཏི་ཚ་ཕན་ཞིང་ལག་ཏུ་ལེན་ནའང་རྒྱུད་མཐའ་དག་མཐུན་པའི་མན་རྒྱུད་དུ་དེ་བཞིན་ཡོད་པའི་རག་དེའི་གོ་བ་ཡིན་པས་རྒྱུད་དུ་ཏི་ཚ་བཟོ་ན་མ་གཏོགས་རག་རང་དགོས་པ་བྱུང་བ་སོགས་བྱིངས་ལ་དོགས་པ་མཛད་པ་ལས་སྔོན་མ་ལྟར་བཞགགསུམ་བཞི་ལེགས་བཤད་དུ་བྱུང༌། གཞན་མ་སྡེབ་ཞུས་འདྲ་དང་བྲིས་ཆ་འདྲི་དུས་ནོར་བ་སོགས་ཀྱི་དཔྱད་པ་སུམ་ཅུ་སྐོར་བདེན་འདུག་པས་བཟོས། སྨོན་གྲོང་བས་ཤར་མོན་དུ་མཐོང་ཟེར་བའི་སྨན་སྐྱེ་ཚུལ་གྱི་མཚམས་ལ་ཁ་ཤས་དང༌། འདི་ཁར་སྐྱེ་བའི་རིགས་ཆུ་ཆུང་བ་ལ་ལོ་མ་ཉག་ག་ཅན་ཡོད་ཚུལ་སོགས་ཅུང་ཟད་དོགས་པ་བྱུང་བས་ངོ་བོ་ལེན་མི་བཏང་བའི་ཞིབ་བསྡུར་བྱས་པ་ཕལ་ཆེར་སྔོན་མ་དག་པ་ལྟར་བཞག་པ་བཅས་ས་སྦྲུལ་ཟླ་བ་གསུམ་པའི་ཚེས་གཅིག་ལ་ཞུས་ཧ་ལམ་དག་པའི་ཁུལ་ཡིན་ཀྱང་རང་ཉིད་ཡིད་ཚིམ་བཻ་དཀར་མ་བུ་དང་གསོ་བ་རང་ལ་ཡང་ལྷན་ཐབས་ལུགས་མེད་དོ། །། །

འདི་དང་ཕྱི་མའི་ལེགས་ཚོགས་ཀུན། །འབད་མེད་ངང་གིས་བརྩོལ་བ་ལ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ། །དཀོན་མཆོག་རིན་ཆེན་རྣམ་གསུམ་རྒྱལ། །གང་གི་ཚད་མེད་ཐུགས་རྗེའི་མཐུས། །ཉེ་བར་བསྐྱངས་ཤིང་ཁམས་གསུམ་གྱི། །བདག་ཉིད་ཆེན་པོར་དབང་བསྐུར་བའི། །དགེ་མཚན་ཕོ་ལྷ་ཞེས་སུ་མཐོ། །དེ་ཡི་རིགས་ཀྱི་ཁྱད་པར་ཙྡནའི། །ཕྲེང་བ་ཚར་དུ་དངར་དབུས་ཡོངས་འདུའི་ཤིང༌། །ཆེན་པོའི་ངང་ཚུལ་བསོད་ནམས་སྟོབས་ཀྱི་རྒྱལ། །བསྟན་འགྲོ་ཕན་བདེ་རྒྱས་པའི་བྱེད་པོ་བཞིན། །སྤྱོད་ཚུལ་གང་ཡང་བསྟན་དང་འགྲོ་བ་ལ། །ཕན་དང་བདེ་བ་ཁོ་ནར་འཆར་བྱེད་པས། །ཐོག་མཐའ་བར་དུ་སྙན་པའི་གྲགས་པ་ནི། །དིར་དིར་སྒྲོགས་ལ་དབྱར་གྱི་རྔ་ཆེན་དངོས། །དེར་ནི་ལུས་མེད་སྙིང་ཞུགས་བདུད་སྡེ་འགས། །སྙིང་ལ་བཟོད་དཀའི་གདུང་བས་གླགས་པ་ན། །སྣ་ཚོགས་ཐབས་བརྒྱས་གཞོམ་པར་བརྩོམ་པ་ཡིས། །ནག་པོའི་རྩ་ལག་ཆེས་ཆེར་རྒྱས་པའི་དུས། །མཆོག་གསུམ་བདེན་པའི་ཤུགས་དང་སྙིང་སྟོབས་ཀྱི། །འཐོར་རླུང་དྲག་པོར་གཡོ་བའི་འཕྲུལ་འཁོར་གྱིས། །འཕུང་བྱེད་ནག་པོའི་སྤྲིན་རུམ་བརྩེགས་པའི་དཔུང༌། །མཐར་བྱེད་གྲུབ་པ་དཔའ་བོའི་དགའ་སྟོན་བཞིན། །དེ་ཚེ་གནམ་བསྐོས་ཤར་ཕྱོགས་མི་བདག་གིས། །རིན་ཆེན་བདུན་དང་ཤིས་པའི་རྟགས་རྫས་བརྒྱད། །ཕུན་ཚོགས་འདོད་དགུའི་སྒོ་འཕར་སྟོང་ཕྱེ་ནས། །བོད་ཡུལ་ཕན་བདེའི་ཉི་མས་ཡོངས་སུ་བསྐང༌། །སྐབས་དེར་སྔོན་ཆང་ཆེན་པོའི་ཡིད་སྨོན་གནས། །རྒྱལ་གསུང་འགྱུར་རོ་ཅོག་དང་ལུང་རིག་གི། འཕྲུལ་ཆེན་པར་གྱི་མཆོད་སྦྱིན་ཟད་མི་ཤེས། །ནམ་མཁའ་དོག་པོར་བགྱིད་འདྲའི་ཞིང་འདི་བཀང༌། །ཁྱད་པར་རྨོངས་ནད་བརྩེགས་པས་འགྲོ་བའི་སྲོག། མཐར་བྱེད་རྒྱུ་དང་འབྲས་བུའི་དུཿཁ་ལ། །བཟོད་དུ་མེད་པའི་སྙིང་རྗེའི་གྲུ་ཆེན་གྱིས། །གསོ་རིག་རིན་ཆེན་གླིང་དེར་ཆས་པ་ན། །ཟབ་ཅིང་རྒྱ་ཆེ་གཞུང་དོན་ལྟ་ཅི་ཞིག། ཆིག་འཕྲེང་ལག་ཏུ་ལོན་ལའང་ཆེས་དཀའི་ཚུལ། །མཐོང་བས་མ་བཟོད་མི་འཛད་ཆོས་ཀྱི་སྦྱིན། །ཁོ་བོས་སྦྱིན་ནོ་སྐལ་བཟང་ཡིད་དགར་གྱིས། །རྣམ་དཀར་འདིའི་ཆེད་ལུས་ངག་ཡིད་གསུམ་གྱི། །གང་ཞིག་འབྲེལ་ཐོགས་ཀྱིས་མཚོན་དགྲ་གཉེན་དང༌། །བར་མར་བཅས་ཀུན་རྒྱུ་འབྲས་ནད་ལས་གྲོལ། །བླ་མེད་སྨན་པའི་རྒྱལ་པོ་དང་མཚུངས་ཤོག། རིན་ཆེན་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༌། །དྲང་སྲོང་བདེན་ཚིག་གྲུབ་པའི་སྨོན་ལམ་དང༌། །སླུ་མེད་རྒྱུ་འབྲས་བདེན་པའི་སྟོབས་ཤུགས་ཀྱིས། །བདག་གི་བསམ་པའི་དོན་ཀུན་ལྷུན་གྲུབ་ཤོག། ཆོས་ཚུལ་འདི་ཡང་མི་ཉམས་དར་ཞིང་རྒྱས། །ནམ་མཁས་གར་ཁྱབ་དེ་སྲིད་འདི་སོང་སྟེ། །དུག་གསུམ་ནད་ཀྱིས་གདུང་བ་ཡོངས་སེལ་ཏེ། །ཕན་བདེའི་སྣང་བ་ཀུན་དགར་རྒྱས་བྱེད་ཤོག། ཅེས་སྨོན་ཚིག་སོར་བཞག་ཐོག། །

ཨོཾ་སྭ་སྟི། ཕྱག་ན་པདྨོ་ཐུབ་བསྟན་རྒྱ་མཚོ་ཡི། །ཐུགས་བསྐྱེད་མཐའ་བྲལ་ཀུན་གསལ་ཡངས་པའི་ཀློང༌། །གང་འདུལ་ཕྲིན་ལས་ཉིན་བྱེད་འོད་སྣང་གིས། །བསྟན་འགྲོ་ཕན་བདེའི་པདྨོ་ཅི་ཡང་འཛུམ། །བཅོམ་ལྡན་འཚོ་མཛད་སྨན་པའི་རྒྱལ་པོ་ཡི། །ཏནྟྲ་རྣམ་བཞིའི་འགྲེལ་ཆེན་བཻ་ཌཱུརྱ། །འཇམ་མགོན་མི་ཡི་རྣམ་རོལ་འཁོར་ལོས་སྒྱུར། །ཁྲི་སྲོང་གཉིས་པ་དེ་མོ་རྒྱལ་བས་བསྐྲུན། །གྲངས་མེད་ཚོགས་པའི་བསོད་ནམས་ཆུ་གཏེར་རུམ། །སྤངས་རྟོགས་རིན་ཆེན་གདེངས་ཀ་དབྱིངས་སུ་བཏེག། བཤད་སྒྲུབ་དགོས་འདོད་ནོར་བུའི་འབྱུང་གནས་ཆེ། །སྐུ་གསུམ་ཀླུ་ཡི་དབང་པོ་ཐོབ་ཕྱིར་བསྔོ། །ཞེས་དུས་གསུམ་ྋརྒྱལ་ཀུན་ཡོངས་ཀྱི་མཁྱེན་ནུས་བརྩེ་བའི་ཕུང་པོ་གཅིག་ཏུ་བཟླུམས་པའི་གངས་རིའི་མགོན་པོ་ཕྱག་ན་པད་དཀར་འཆང་བ་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ་མཆོག་དང༌། མཁྱེན་རབ་འཇམ་དཔལ་རྣོན་པོ་མིའི་གར་གྱི་སྲིད་པ་བཟུང་བ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་ཟློས་གར་བསམ་བཞིན་བསིལ་ལྗོངས་བསྟན་འགྲོའི་མགོན་དུ་དགེ་བཅུའི་ཁྲིམས་གཉིས་གསེར་གྱི་འཁོར་ལོས་དབང་སྒྱུར་བ་སྲིད་སྐྱོང་ཡོངས་འཛིན་དེ་མོ་ཧོ་ཐོག་ཐུ་མཆོད་ཡོན་ནས་བསྟན་འགྲོར་ཕན་བདེ་སྤེལ་བའི་རླབས་ཆེན་ཐུགས་བསྐྱེད་བཟང་པོ་མཁའ་དང་འགྲོགས་པ་ཉལ་འགྲོའི་རྒྱུན་བཞིན་ནའང༌། ལྷག་ཏུ་ཟུག་རྔུའི་ཚོར་བས་གདུངས་པའི་འགྲོ་བ་མཐའ་དག་བདེ་བའི་དཔལ་ལ་སྤྱོད་ཕྱིར་ཐུགས་རྗེ་ཚད་མེད་པའི་འཇུག་པ་ཟབ་མོས་བཅོམ་ལྡན་འཚོ་མཛད་སྨན་གྱི་བླའི་རྒྱུད་ཆེན་རྣམ་བཞིས་གཙོས་མན་ངག་ཉམས་ཡིག་སྐོར་དང༌། ཁྱད་པར་གསོ་བ་རིག་པའི་རྒྱུད་འགྲེལ་ཐམས་ཅད་ཀྱི་རྒྱལ་པོ་རབ་དང་ཕུལ་དུ་གྱུར་པའི་བསྟན་བཅོས་བཻཌཱུར་སྔོན་པོར་གྲགས་པ་འདི་ཉིད་ཕྲིན་ལས་ཤིན་ཏུ་རྒྱས་པའི་དབང་གིས་པར་གཞི་བགྲེས་ཟོམ་ཆེ་བར་བརྟེན། རབ་ཚེས་ཀུན་འཛིན་ཞེས་བྱི་བ་གསེར་གྱི་གོས་ཅན་ལོར་ྋགཞུང་ས་མཆོག་ནས་པར་དུ་གསར་བསྐྲུན་མཛད་སྐབས་དོ་དམ་མཁན་ཆུང་བློ་བཟང་བློ་ལྡན། ལས་བྱ་རྩེ་གཉེར་ངག་དབང་བློ་གསལ། ཞུས་དག་པ་ཆབ་མདོ་གཞན་ཕན་འོད་ཟེར་དང༌། ཚེའི་རིག་ལམ་འཛིན་པ་ཐོན་རྡོ་རྗེ་རྒྱལ་མཚན། པར་ཡིག་སྨྱུག་འཛིན་འདུ་བྱེད་ལ་མཁས་པ་སྙེ་མོ་ཡོན་བདག་བཀྲ་ཤིས་རབ་བརྟན་གཙོས་དབུ་བྱིང་ལྔ་དང༌། པར་བརྐོས་དབུ་ཆུང་བུ་ཚེ་རིང་སོགས་དབུ་བྱིང་སུམ་ཅུ་སོ་ལྔ་བཅས་ནས་སྒོ་གསུམ་ལྷག་པའི་བསམ་སྦྱོར་ཡང་དག་པས་བསྒྲུབས་སྐབས་པར་བྱང་སྨོན་ཚིག་དང་བཅས་མདོ་ཁམས་པ་འཇིགས་བྲལ་ཆོས་ཀྱི་སེང་གེས་སྨྲས་པའི་དགེ་བས། འགྲོ་རྣམས་དུག་ལྔའི་ནད་ལས་གྲོལ་ཞིང༌། སྐུ་གསུམ་སྨན་པའི་རྒྱལ་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། དགེའོ། །དགེའོ། །དགེའོ། །

སླར་ཡང༌། ཆུ་འབྲུག་ལོར་བཀའ་བསྒྱུར་དགོངས་དོན་ཉེ་ཆར་གསར་བརྐོས་སྨན་དཔེ་རྒྱུད་བཞི་རྩ་འགྲེལ་ལེ་ལག་དང་བཅས་པར་སྐབས་དེར་རྟོག་ཞིབ་ཆུང་སྐྱོན་གྱིས་ཤླཽ་ཀ་སོགས་ཆད་པ་དང༌། ཚིག་འབྲུར་ནོར་སྐྱོན་ལྷག་ཆད་ཇི་སྙེད་ཅིག་འདུག་པར་བརྟེན་སྐྱེ་འགྲོའི་སྲོག་བཟུང་གི་རྩ་བར་སོང་གཤིས་དེ་ལམ་དུ་བཞག་པས་མ་འཐུས་ཤིང་བསྐྱར་ཞུས་ནན་ཏན་དགོས་རྒྱུ་སྤྱི་ཕེབས་བཞིན་ཀུན་མཁྱེན་རྒྱལ་བའི་དབང་པོ་ཕྱག་ན་པདྨོའི་བླ་སྨན་པ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་དང༌། ལྕགས་རིའི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། །དབུ་མཛད་དཀོན་མཆོག་དགེ་ལེགས་བཅས་ནས་ཞུས་དག་ཞུ་སྐབས་ཤླཽ་ཀ་སོགས་ཆད་པ་པར་ཤིང་གསར་བརྗེས་དང༌། ཚིག་འབྲུར་ལྷག་ཆད་ནོར་འཁྲུལ་ཡོད་རིགས་རྣམས་བཅོས་ཏེ་ཞུས་ལེགས་པར་དག་པར་བགྱིས་པ་སརྦ་ཛ་ག་ཏཾ། །

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དིའ་མཧཱ་ཤྲ་མ་ཎཿཡེ་སྭཱཧཱ། །པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། །

ཞེས་པ་འདི་ནི་བོད་གཞུང་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་ནས་པར་རྩ་བཅུག་ཅིང་སྤེལ་བའོ།། །།




མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།