སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་བདུན་པ། ནད་ངོས་ཟིན་ནས་ཇི་ལྟར་གསོ་ཚུལ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་བདུན་པ། ནད་ངོས་ཟིན་ནས་ཇི་ལྟར་གསོ་ཚུལ་བཤད་པ།

གཉིས་པ་ནད་ངོས་ཟིན་ནས་ཇི་ལྟར་གསོ་ཚུལ་བཤད་པ་ལ་གསུམ། ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས་ལེའུའི་མཚན་བསྟན་པའོ།  །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། ངོས་འཛིན་རྟགས་ཀྱི་གནས་བཤད་ཟིན་པའི་རྗེས་ཐོག་དེ་ནས་ཡང་བྱ་བ་གཞན་གྱིས་བར་མ་ཆོད་པར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་མཚན་ནས་བོས་ནས། གནས་བཅུ་པ་གསོ་བྱེད་ཐབས་ཀྱི་གནས་ལ་ཇི་ལྟར་བསླ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་པའོ། །གཉིས་པ་ལན་དངོས་བཤད་པ་ལ་གཉིས། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་གསོ་ཐབས་གཉིས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཞུས་པའི་ལན་དུ་སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིང་དང་ངས་བཤད་པར་བྱའོ། །ཞེས་གདམས་ནས་ལན་དངོས་ནི། བཤད་མ་ཐག་པའི་ནད་ངོས་འཛིན་ཚུལ་དེ་རྣམས་ཀྱི་སྤྱི་དང་བྱེ་བྲག་མ་འདྲེས་པར་སོ་སོར་རྟགས་ནས་ད་ནི་ནད་ཇི་ལྟར་གསོ་བའི་ཚུལ་ཤེས་པར་བྱ་བའི་ཕྱིར་གསོ་བར་བྱེད་པ་ཐབས་ཀྱི་གནས་ཞེས་བྱ་བ་བསྟན་པར་བྱའོ། །དེའང་ནང་ཚེགས་ཀྱི་དབྱེ་བས་གསོ་བའི་ཚུལ་ཇི་ལྟར་བྱ་བ་དང༌། གང་གིས་གསོ་བའི་ཐབས་དངོས་བཤད་པ་དང་རྣམ་པ་གཉིས་སུ་ངེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཇི་ལྟར་གསོ་བའི་ཚུལ་བཤད་པ་དང༌། གསོ་ཐབས་དངོས་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དང་པོ་ཞེས་པ་ནས་གསོ་ཚུལ་ལོ་ཞེས་པའི་བར་གྱིས་བསྟན་ཏེ། གསོ་ཚུལ་དང་གསོ་ཐབས་གཉིས་ཀྱི་ནང་ནས་དང་པོ་ནད་ཀྱི་གསོ་ཚུལ་ཇི་ལྟར་བྱ་བ་བསྟན་པ་དེ་ལ་ནི་འདི་ལྟར་ནད་ལ་གསོ་བའི་ཐབས་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པ་དཔག་ཏུ་མེད་པ་ཞིག་ཡོད་མོད་ཀྱང༌། དེ་ལ་ཤིན་ཏུ་གཅེས་པའི་གསོ་ཚུལ་འཆད་འགྱུར་འདི་ལྟ་བུ་ཞིག་མེད་ན་མུན་བའི་གནས་སུ་མདའ་འཕེན་པ་དང་འདྲ་བར་གར་རྡེག་ཆ་མེད་པར་འགྱུར་བ་དེའི་ཕྱིར་གསོ་ཚུལ་འཆད་པ་དེ་ལ་རྣམ་པ་གསུམ་སྟེ། ནད་སྤྱིའི་གསོ་ཚུལ། བྱེ་བྲག་གི་གསོ་ཚུལ། ཁྱད་པར་བའི་གསོ་ཚུལ་དགུ་བཤད་པ་དང་གསུམ་མོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་སྤྱིའི་གསོ་ཚུལ་ལའང་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། དང་པོ་ཞེས་པ་ནས་གསུམ་གྱིས་བསྟན་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་གསོ་ཚུལ་རྣམ་པ་གསུམ་པོ་དེ་ལས། དང་པོ་སྤྱིའི་གསོ་ཚུལ་དེ་ལའང་ཇི་ལྟར་གསོ་བའི་ཚུལ་དང༌། གང་གིས་གསོ་བའི་གཉེན་པོ་དང་སོས་པའི་ཚད་དང་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཇི་ལྟར་གསོ་བའི་ཚུལ་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཐེག་པ་ཆེན་པོའི་མདོ་སྡེ་གསེར་འོད་དམ་པ་ལས། རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང༌། །སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་སུ་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ༌། །དབྱར་ནི་སྣུམ་དྲོ་ལན་ཚྭ་སྐྱུར་བའི་རོ། །སྟོན་ནི་མངར་བའི་རོ་དང་བསིལ་བའོ། །དགུན་ནི་མངར་དང་སྐྱུར་དང་སྣུམ་པ་སྟེ། །དཔྱིད་ཀྱི་དུས་ན་རྩུབ་རོ་ཚ་བའོ། །བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང༌། །མཁྲིས་པ་ཆེ་བ་འཇུ་བའི་དུས་ན་ལྡང༌། །རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང༌། །ཁམས་གསུམ་གཡོ་བ་དེ་ནི་དེ་འདྲའོ། །རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་བསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་མཐུན་བསྡེབས་པ། །བད་ཀན་ཚིགས་སུ་བབས་ན་སྐྱུག་སྨན་བཏང༌། །རླུང་ཤས་ཆེ་བ་མཁྲིས་དང་འདུས་པ་དང༌། །བད་ཀན་ཆེ་བའི་ཚིགས་རྣམས་ཤེས་པར་བྱ། །དུས་གང་ཁམས་གང་ལུས་ནི་གང་ཡིན་པ། །དེ་ཡི་སྨན་དང་ཟས་སྐོམ་བསྟེན་པར་བྱ། །ཞེས་པ་དང༌། སྙིང་པོ་བསྡུས་པའི་རང་འགྲེལ་ལས། ནད་དུ་གྱུར་པ་ཡང་ཆོ་གའི་ཐབས་འདི་འདྲ་བར་བྱས་ན་ནད་ཞི་བར་འགྱུར་རོ། །དགུན་ཟླ་ར་བ་དང༌། དགུན་ཟླ་འབྲིང་པོ། དགུན་ཟླ་ཐ་ཆུང་དང༌། དཔྱིད་ཟླ་ར་བ་ཡར་གྱི་ངོ་དང་ཟླ་བ་བཞིའི་ཚེ་ནི་གྲང་ལྷགས་སུ་འགྱུར་ཏེ། བད་ཀན་འབྱུང་ཞིང་དགུན་ཐོག་ཐག་བད་ཀན་བསགས་ནས། དཔྱིད་ཟླ་འབྲིང་པོ་དང་དཔྱིད་ཟླ་ཐ་ཆུང་གཉིས་ལ་བད་ཀན་སྨིན་ནས་བད་ཀན་གྱི་ནད་དུ་འགྱུར་རོ། །དེའི་ཕྱིར་དཔྱིད་སྐྱུག་སྨན་དང༌། བཀྲུ་སྨན་གྱིས་བད་ཀན་གྱི་ནད་བཀྲུའོ། །ཡང་སོ་གའི་ཟླ་བ་དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོ་གཉིས་ལ་རླུང་ནད་བསགས་པ་ནི་དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བ་གཉིས་ལ་རླུང་ནད་དུ་འགྱུར་རོ། །དབྱར་ཟླ་གཉིས་ལ་མཁྲིས་པའི་ནད་བསགས་པ་ནི་སྟོན་ཟླ་འབྲིང་པོ་དང་སྟོན་ཟླ་ཐ་ཆུང་གཉིས་ལ་མཁྲིས་པའི་ནད་ཆེ་བ་ལྡང་བར་འགྱུར་ཏེ། རླུང་དང་བད་ཀན་དང་མཁྲིས་པའི་ནད་སོ་སོའི་དུས་ཚིགས་སུ་སྨིན་ཏེ་འབྱུང་བའི་དུས་སུ་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པས་ལུས་བཀྲུ་ཞིང་སྦྱངས་ན་དུས་ཚིགས་ཀྱི་ནད་རྣམས་ཀྱང་མི་འབྱུང་ངོ༌། །ཞེས་དང༌། ཟླ་ཟེར་ལས། དབྱར་སྟོན་ཐ་ཆུང་དཔྱིད་ཟླ་འབྲིང༌། །ཐུན་མོང་དུས་སུ་རིམ་བཞིན་དུ། །སོ་ག་དབྱར་དང་དགུན་བསགས་པའི། །རླུང་སོགས་ནད་ནི་མྱུར་དུ་བསལ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སོ་ག་ལ་སོགས་པའི་དུས་གསུམ་དུ་གསོ་བར་བྱ་བ་བསགས་པར་གྱུར་པའི་ནད་ནི་དབྱར་ཟླ་བ་ཆུང་དང་སྟོན་ཟླ་ཐ་ཆུང་དང་དཔྱིད་ཟླ་འབྲིང་པོ་དག་ཐུན་མོང་གི་དུས་ཡིན་པས་རིམ་བཞིན་དུ་བསལ་བར་བྱ་སྟེ། སོ་གའི་དུས་སུ་བསགས་པའི་རླུང་དབྱར་ཟླ་ཐ་ཆུང་ལ་བསལ་བར་བྱའོ། །དབྱར་བསགས་པའི་མཁྲིས་པ་སྟོན་ཟླ་ཐ་ཆུང་ལ་བསལ་བར་བྱའོ། །དགུན་བསགས་པའི་བད་ཀན་དཔྱིད་ཟླ་འབྲིང་པོ་ལ་བསལ་བར་བྱའོ། །སོ་ག་དང་ནི་དགུན་གྱི་ཚེ། །རབ་ཚ་ཆར་དང་གྲང་བའི་དུས། །ཞེས་བྱ་བ་ལ། གང་གི་ཕྱིར་སོ་ག་དང་དབྱར་དང་དགུན་གྱི་ཚེ་ནི་རིམ་བཞིན་དུ་རབ་ཏུ་ཚ་བ་དང༌། ཆར་འབབ་པ་དང་གྲང་བའི་དུས་ཡིན་ནོ། །དེ་ལ་རབ་ཏུ་ཚ་བ་ནི་སོ་གའི་དུས་སོ། །རབ་ཏུ་ཆར་འབབ་པ་ནི་དབྱར་གྱི་དུས་སོ། །རབ་ཏུ་གྲང་བ་ནི་དགུན་སྟོད་དང་དགུན་སྨད་ཀྱི་དུས་སོ། །དེ་རྣམས་དུས་མཚམས་ཐུན་མོང་སྟེ། །དེའི་ཚེ་ནད་ནི་མི་བཟད་བསལ། །ཞེས་བྱ་བ་ལ། རབ་ཏུ་ཚ་བ་དང་ཆར་འབབ་པ་དང་གྲང་བའི་དུས་སོ་ག་དང་དབྱར་དང་དགུན་ཞེས་བྱ་བ་དེ་རམས་ཀྱི་དུས་མཚམས་ཐུན་མོང་གྲང་བ་དང་དྲོ་བ་དང་ཆར་འབབ་པ་ཆ་མཉམ་པའི་དུས་དེའི་ཚེ་རླུང་ལ་སོགས་པའི་ནད་མི་བཟད་པའི་གནོད་པ་བསལ་ཞིང་སྦྱང་བར་བྱའོ། །ཞེས་དང༌། གྲང་བ་ལས་བྱུང་ཉེས་ཚོགས་དཔྱིད་ཀྱི་ཚེ། །རྣམ་བསལ་སོ་ག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལེགས་སྦྱངས་ན། །དུས་བྱུང་ནད་ནི་ནམ་ཡང་འབྱུང་མི་འགྱུར། །ཞེས་བྱ་བ་ལ། གྲང་བ་ཞེས་བྱ་བའི་སྒྲས་ནི་དགུན་སྟོད་དང་དགུན་སླད་གཉིས་ཀ་བཟུང་ངོ༌། །ཉེས་པ་རྣམས་ཀྱི་ཚོགས་ཡིན་པས་ན་ཉེས་ཚོགས་ཏེ། དེ་ཡང་གྲང་བ་ལས་བྱུང་བའི་ཉེས་པའི་ཚོགས་སོ། །དེ་ལྟར་གྲང་བ་ལ་བྱུང་ཞིང་སྐྱེས་པའི་ཉེས་པའི་ཚོགས་གང་ཡིན་པ་དེ་ནི་དཔྱིད་ཀྱི་ཚེ་རྣམ་པར་བསལ་ཞིང་སྦྱང་བར་བྱའོ། །དེ་བཞིན་དུ་སོ་གའི་ཚེ་བསགས་པ་ལས་བྱུང་བའི་ཉེས་པའི་ཚོགས་ནི་དབྱར་གྱི་དུས་ན་རྣམ་པར་སྦྱང་བར་བྱའོ། །དེ་བཞིན་དུ་དབྱར་བསགས་པའི་ཉེས་པ་རྣམས་ནི་སྤྲིན་བྲལ་དུས་སུ་སྟེ་སྟོན་གྱི་དུས་སུ་མྱུར་ཞིང་རིངས་པར་གསོ་དཔྱད་ཀྱི་བསྟན་བཅོས་ལས་བྱུང་བའི་ཆོ་ག་བཞིན་དུ་ལེགས་པར་སྦྱངས་ཤིང་རྣམ་པར་བསལ་ན་དུས་ལས་བྱུང་བའི་ནད་སྐྱེས་བུ་དེ་ལ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ།།

དཔྱིད་ཀྱི་ཚེ་རྣམ་བསལ་ཞེས་སྨོས་པ་འདིར་ནི་དཔྱིད་ཟླ་འབྲིང་པོ་མགོ་ཟུག་པ་ཁོ་ནའི་དུས་སུ་སྦྱང་བར་བྱ་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་མ་བྱས་ན་བཟློག་དཀའ་བའི་ཉེས་པ་ཡོད་དེ། དུས་གཉིས་པོ་འདི་ལ་བསགས་པའི་ཉེས་པའི་ཚོགས་སྦྱང་བར་བྱ་བའི་དུས་ལ་བབ་པ་དག་ནི་དུས་གཞན་དག་ལ་བསྡད་ན་བསལ་བར་དཀའ་བ་ཡིན་པའི་ཕྱིར་རོ། །སོ་ག་ལས་བྱུང་དབྱར་དུས་ན། །ཞེས་བྱ་བའི་སྐབས་འདི་ཡང་དབྱར་གྱི་དུས་རྩོམ་པ་ཉིད་ན་ཡིན་པར་བྱ་ཞིང༌། ཇི་སྲིད་གྲང་བ་དང་བ་མོ་དང་ཆར་གྱི་རྒྱུན་དང་འདྲེས་པའི་དུས་སུ་མ་ཕྱིན་པར་བྱ་བ་ཡིན་ནོ། །དབྱར་བསགས་སྤྲིན་བྲལ་དུས་ཞེས་བྱ་བ་འདིར་དུས་གང་གི་ཚེ་སྤྲིན་དང་ཤིན་ཏུ་བྲལ་ཞིང་ནམ་མཁའ་དྭངས་པར་གྱུར་པ་སྟེ། སྟོན་ཟླ་གཉིས་ཀྱི་ཕྱི་མའི་ཆ་སྟོན་ཟླ་ཐ་ཆུང་ཡིན་པར་ཤེས་པར་བྱའི། མགོ་རྩོམ་པ་ལ་ནི་མི་གཟུང་ངོ༌། །ཞེས་དང༌། དྲི་མ་རྣམས་ནི་སྦྱང་བའི་ཕྱིར། །ཇི་བཞིན་དུས་སུ་ནན་ཏན་བྱ། །ཞེས་བཤད་དོ། །འོན་ཀྱང་ལུང་དེ་རྣམས་སུ་ནི་ཉེས་གསུམ་རང་རང་བསགས་པ་ལྡང་བའི་སྐབས་སུ་བསལ་དགོས་པར་བཤད་ལ་འདིར་ནི། རང་གནས་གསོག་པའི་དུས་སུ་བསལ་བར་བྱ། ཞེས་གསུངས་པ་གཉིས་འགལ་བ་ལྟར་སྣང་ཡང༌། བསལ་བ་ཞེས་བྱ་བ་འདི་ཞི་སྦྱང་གཉིས་ཀ་ལ་འཇུག་ཅིང༌། འོག་ནས། གསོག་དུས་ཞི་ལ་ལངས་ནས་སྦྱང་བས་བཅོས། །ཞེས་གསུངས་པ་དང་མཐུན་པ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་གང་ཆེ་བཅོས་ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟར་གསོ་བ་ལ་སོགས་པ་གསུམ་གྱི་དང་པོ་ནི། རླུང་དང་ལ་སོགས་པའི་སྒྲས་ནི་མཁྲིས་པ་དང༌། བད་ཀན་གསུམ་པོ་སོ་སོའི་དབྱེ་བ་དང་བཅས་པ་ཇི་སྙེད་པའི་ནད་རྣམས་རང་རང་གི་གནས་སུ་གསོག་པའི་དུས་སུ་བསལ་བར་བྱ། དེའང་རླུང་ལྟ་བུ་ལ་མཚོན་ན་སོ་ག་གསོག་པའི་དུས་སུ་ཞི་བར་བྱེད་པའི་ཐབས་ཀྱིས་བསལ་དགོས་ཤིང༌། དེ་ལྟར་མ་བྱས་ན་དབྱར་ཁ་ལྡང་བའི་དུས་སུ་འཇམ་རྩི་ལྟ་བུས་སྦྱང་བར་བྱའོ། །གལ་ཏེ་དེ་གཉིས་ཀ་མ་གྲུབ་པར་ཆེས་ཆེར་ལངས་ཤིང་སྟོབས་རྒྱས་པར་གྱུར་ནས་གཞན་དག་ཀྱང་རབ་ཏུ་འཁྲུག་པར་བྱེད་པ་དེའི་ཕྱིར་ནེས་པ་གཞན་ལ་གནོད་པ་མེད་པའི་སྦྱོར་བ་ཞི་སྦྱང་གི་སྒོ་ནས་སེལ་དགོས་སོ། །འཁྲུགས་པ་ཙམ་དུ་མ་ཟད་གལ་ཏེ་བླ་གཉན་གྱི་ནད་གཞན་སྐྱེས་པར་གྱུར་ན་ནད་སྟོབས་གང་ཆེ་བ་དེ་ཉིད་ཐོག་མར་བཅོས་ལ་རིམ་པས་གཞན་ཡང་བཅོས་པར་བྱའོ། །གཉིས་པ་གཉེན་པོ་གང་གིས་གསོ་བ་ལ་གཉིས། གཉེན་པོ་གཏོང་བའི་དུས་སྨན་གྱི་གཏང་ཚུལ་ལོ། །དང་པོ་ནི། གསོ་བའི་ཞེས་པ་ནས་འཕྲལ་དུ་བསལ་ཞེས་པའི་བར་གྱིས་བསྟན་ཏེ། ནད་གསོ་བར་བྱེད་པའི་གཉེན་པོ་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་སུ་ཡོད་པ་ལས། རླུང་ལ་སོགས་པ་གསོག་པའི་དུས་སུ་ཐང་ཕྱེ་ལ་སོགས་པའི་ཞི་བྱེད་བསྔགས་ལ། ལངས་ཟིན་ནས་བཤལ་སྐྱུག་ལ་སོགས་པས་སྦྱང་བའི་སྒོ་ནས་བཅོས་པ་དང༌། ཞི་བའི་དུས་ལ་སླེབས་པ་དེའི་ཚེ་ན་ཟས་དང་སྤྱོད་ལམ་ལ་གཟབ་ཅིང་ནད་གཞན་མི་འཁྲུག་པའི་སྦྱོར་བ་འཇམ་པོས་གསོ་བར་བྱའོ། །དེ་ནི་གསོག་ལྡང་ཞི་གསུམ་གྱི་དུས་ངེས་པ་ཅན་ལ་བལྟོས་པ་ཡིན་མོད། འོན་ཀྱང་འཕྲལ་གྱི་རྐྱེན་འགའ་ཞིག་ལ་བརྟེན་ནས་རང་རང་གི་དུས་མ་ཡིན་པར་གསོག་ལྡང་བྱེད་པའི་ནད་དག་བྱུང་ན་ལེ་ལོ་མི་བྱ་སྟེ། གལ་ཏེ་དུས་ལས་འདས་ན་འཕྲལ་དུ་སྲོག་འཕྲོག་པའམ་ལྡན་འདུས་སྟོབས་ཆེ་བར་གྱུར་ནས་གསོ་དཀའ་བར་འགྱུར་བའི་ཕྱིར། འཕྲལ་དུ་རྟོགས་མ་ཐག་བསལ་བར་བྱའོ།།

གཉིས་པ་སྨན་གྱི་གཏང་ཚུལ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། དེང་སང་གི་དུས་ན་སྨན་པ་གཞུང་ལུགས་པར་ཁས་འཆེ་བ་དང༌། མན་ངག་པར་གྲགས་པ་ཐམས་ཅད་ཀྱིས་ཟས་ཞུ་སྨན་ཞུ་ཞེས་སྨན་གྱི་གཏོང་ཚུལ་ཁོ་ན་ལས་བྱེད་པ་མ་མཐོང་མོད། དེ་ནི་ངེས་པར་བདེན་ཏེ་ནད་རིགས་སོ་སོ་དང་སྦྱོར་ཚུལ་མི་ཤེས་ཤིང་ཚིག་ཙམ་ཡང་ཡིད་ལ་མ་བྱས་པའི་ཕྱིར་རོ། །འོན་ཀྱང་ནད་དང་བསྟུན་པའི་བཏང་ཚུལ་བཅུ་པོ་བྱས་པའི་ཚེ་ད་ལྟའི་མཁས་བླུན་པར་མ་སྐྱེ་བོ་ནད་པ་དང་བཅས་པ་ཀུན་གྱིས་ཐུགས་ཁྲེལ་གྱི་གནས་སུ་བྱས་ནས་སྨོད་པར་སྣང་བ་དང༌། མ་དག་པས་དག་པ་སུན་འབྱིན་པའི་སྐབས་འདིར་ཁོ་བོའི་འབད་པ་དོན་མེད་པར་འགྱུར་རམ་སྙམ་མོ། །དེ་ལྟར་ཡང་ཁོ་བོའི་མེས་པོ་དཔལ་དྷརྨ་སྭ་མཱིས། ལྟས་ངན་སྲིན་བྱ་ཚོགས་པའི་གླིང་གསེབ་ཏུ། །བྱ་རྒྱལ་ཁུ་བྱུག་བྱུང་ན་ཐན་དུ་བྱེད། །ཁྲི་གདུགས་ཉི་མའི་འོད་ཀྱིས་ཀུན་སྐྱོང་ཡང༌། །བྱ་ངན་འུག་པའི་མིག་ལ་ཕན་པ་དཀའ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་ཡོངས་གཏད་ལས། གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་གསུངས་པའི་ཚུལ་ལྟར། དྲང་སྲོང་གི་གསུང་བཞིན་སྤྱད་ནས་རང་གཞན་གྱི་དོན་མ་གྲུབ་ཀྱང་འགྱོད་མི་དགོས་པས་དེ་ལྟར་ཉམས་སུ་ལོངས་ཤིག དེས་ན་གཏང་ཚུལ་བཅུ་ནི་རྒྱས་པར། ཟླ་ཟེར་ལས། སྨན་ནི་མ་བཟོས་ཟས་སྔོན་དང༌། །དབུས་དང་མཐའ་དང་ཁམ་གྱི་བར། །ཟས་བར་ཙེག་བུ་ཟས་བཅས་དང༌། །ཟས་མནན་མཚན་མོ་གཏང་བའོ། །ཞེས་བྱ་བ་ལ། སྨན་དུས་སྐབས་བསྟུན་སྦྱར་ཞིང་གཏང་བར་བྱའོ། །དེ་ལ་ཟས་མ་ཟོས་པ་ནི་གང་དུ་སྨན་གཅིག་པུ་དགོས་པ་དེ་ལ་ཟས་མ་ཟོས་པ་ཞེས་བྱའོ། །སྔོན་དང་ཞེས་པ་ནི་ཟས་ཟ་བའི་སྔོན་དུ་སྨན་ཟོས་ནས་དེའི་རྗེས་ཐོག་ཉིད་ལ་ཟ་བའོ། །དབུས་ནི་གང་ཟས་ཀྱི་བར་དུའོ། །ཐ་མ་ནི་ཟས་ཟོས་པའི་རྗེས་ཐོག་ལའོ། །ཁམ་གྱི་བར་ཞེས་བྱ་བ་ནི་སྨན་ཁམ་གྱི་བར་དུ་ཟས་དང་འདྲེས་མར་ཟའོ། །ཟས་བར་ཞེས་བྱ་བ་ནི་གང་ཟས་ཀྱི་བར་བར་དུ་བཟའ་བའོ། །ཙེག་པུ་ནི་ཡང་དང་ཡང་སྐད་ཅིག་མ་རེ་རེ་ཞིང་ཟས་ཟོས་པའམ་མ་ཟོས་པའི་སྐབས་སུ་བཟའ་བའོ། །ཟས་བཅས་ནི་ཟས་དང་ལྷན་ཅིག་བཅོས་པའམ་ཕྱིས་བསྲེས་ཏེ་བཟའ་བའོ།།

ཟས་མནན་ནི་ཁ་སྦྱར་གྱི་ཚུལ་དུ་སྔར་སྨན་ཟོས་ནས་བར་དུ་ཟན་ཟ་བ་སྟེ་ཕྱིས་ཡང་སྨན་གྱིས་མནན་པའོ། །བད་ཀན་བདོ་འདས་ནད་པ་ནི། །ཉམས་སྟོབས་ལྡན་པ་མ་ཟོས་གཏང༌། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་ཞིང་བདོ་བའི་དུས་འདས་ནས་བད་ཀན་ལྡང་བའི་དུས་ཚོད་ཡོལ་བའི་ནད་པ་ཉམས་སྟོབས་དང་ལྡན་པ་ལ་ཟས་མ་ཟོས་པའི་སྔར་ཟས་མེད་པར་གཏང་བར་བྱའོ། །ཐུར་སེལ་རླུང་ལ་ཟས་སྔར་གཏང༌། །མཉམ་གནས་ལྡང་ལ་བར་དུ་ཡིན། །ཞེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གི་ནད་ལྡང་བར་གྱུར་ན་ཟས་ཀྱི་དང་པོ་ཉིད་དུ་སྨན་གཏང་ལ། དེའི་རྗེས་ཐོག་ཁོ་ན་ལ་ཟས་བཟའ་བར་བྱའོ། །རླུང་མེ་དང་མཉམ་པ་ཞེས་བྱ་བ་ལྡང་བར་གྱུར་པ་ལ་ཟས་ཀྱི་བར་དུ་སྨན་བཟའ་བར་བྱའོ། །ཟས་ཀྱི་ཕྱེད་ཟོས་པ་དང་བར་དུ་སྨན་ཟོས་ལ་དེའི་འོག་ཏུ་ཟས་ལྷག་མ་རྣམས་བཟའ་བར་བྱའོ། །ཁྱབ་བྱེད་ནད་པར་ཟས་ཟོས་མཐའ། །གྱེན་རྒྱུའི་རླུང་ལ་དགོངས་ཀའི་འོ། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཅེས་བྱ་བ་ལྡང་བར་གྱུར་པ་ན་ནང་པར་ཏེ་སྔ་དྲོ་ཟན་ཟོས་པའི་ཐ་མ་རྫོགས་ཁར་སྨན་བཟའ་བར་བྱའོ། །གྱེན་དུ་རྒྱུ་བ་ཞེས་བྱ་བའི་རླུང་གི་ནད་ལ་ནི་དགོང་ཀའི་ཟས་ཟོས་པའི་མཐར་སྨན་བཟའ་བར་བྱའོ། །སྲོག་ཅེས་བྱ་བའི་རླུང་ལྡན་ལ། །ཁམས་ཀྱི་བར་དང་ཟས་བར་བཟའ། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་ལྡན་ཞིང་འཁྲུགས་པ་ལ་ཁམ་གྱི་བར་དང་དེ་བཞིན་དུ་ཟས་ཀྱི་བར་ཏེ་དབུས་སུ་སྨན་བཟའ་བར་བྱ་སྟེ། དེའང་ཁམས་ལ་དཔག་ཅིང་བཟའ་བར་བྱ་སྟེ། ཟས་ཟ་བའི་བར་བར་དུ་བཟའ་བར་བྱའོ། །དུག་དང་སྐྱུག་ལུད་དབུགས་མི་བདེ། །སྐོམ་དད་སྐྱེས་ལ་ཙེག་པུའོ། །ཞེས་བྱ་བ་ལ། དུག་འཐུངས་པ་དང་སྐྱུག་པ་དང་ལུད་པ་དང་དབུགས་མི་བདེ་བ་དང་སྐོམ་དད་སྐྱེ་བ་ལ་ཙེག་པུར་ཏེ་ཡང་དང་ཡང་དུ་བཟའ་བ་ཟས་ཟོས་པའམ་མ་ཟོས་པའི་སྐབས་སུ་བྱའོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །སྨན་དང་ཟས་བཅས་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡི་ག་འཆུས་ཤིང་ཟས་མི་འདོད་པ་ལ་སྨན་སྦྱིན་པར་བྱ་བ་ནི་སྣ་ཚོགས་པའི་ཟས་དུ་མ་དག་དང་ལྷན་ཅིག་སྨན་སྦྱིན་པར་བྱ་བ་ཡིན་པས་ན་ཟས་དང་བཅས་པར་སྦྱར་བར་བྱའོ། །སྐྱིགས་བུ་ལུས་འདར་ཡན་ལག་དང༌། །ཟས་ཉུང་ཟས་ལ་མནན་ལ་གཏང༌། ཞེས་བྱ་བ་ལ། །སྐྱིགས་བུ་ལ་སོགས་པའི་ནད་རྣམས་དང་ཟས་ཉུང་ངུ་ཟ་བ་ལ་སྨན་གྱིས་མནན་པ་གཏར་བར་བྱ་སྟེ་སྨན་གྱིས་མནན་པ་ཞེས་བྱ་བ་ནི་གང་ཟས་ཀྱི་སྔོན་དང་ཕྱིས་ནས་སྨན་གཏང་ལ། གང་གི་ཟས་དེ་ཟ་མ་ཏོག་གི་ནང་དུ་བཅུག་པ་ལྟར་སྨན་གྱིས་སྟེང་འོག་ནས་བཀབ་སྟེ་གནས་པ་དེ་ལ་མནན་པ་ཞེས་བྱའོ། །ནམ་ཚོང་ཡན་ཆད་ནད་ལ་ནི། །མཚན་མོའི་དུས་སུ་གཏང་བ་བསྔགས། །ཞེས་བྱ་བ་ལ། ནམ་ཚོང་ཡན་ཆད་ཀྱི་ནད་མིག་དང་གདོང་འགྱུར་བ་ལ་སོགས་པའི་ནད་ལ་མཚན་མོ་ཉལ་ཁར་སྨན་གཏང་བ་རབ་ཏུ་བསྔགས་ཤིང་མཆོག་ཏུ་འདོད་པ་ཡིན་ནོ། །ཞེས་དང༌། ཤིན་ཏུ་གསལ་བར་རང་འགྲེལ་ལས། ཡོངས་ནི་སྨན་གཏང་ངོ་ཅོག་ཀྱང་ནད་པའི་ནད་དམིགས་དང་སྦྱར་ལ་སྨན་གཏང་བའི་དུས་ལས་མ་འགྱུར་བར་གཏང་ངོ༌། །དེ་ལ་ནད་པར་ཁྱེའུ་སུས་ལ་ཁ་ཟས་མ་ཟོས་པར་སྨན་བཟའ་བ་ནི་ནད་པ་ཕོ་བའི་དྲོད་ཆེ་ལ་བེའུ་སྣབས་ཀྱང་མེད། ཕོ་བའི་རྩ་སྒོ་རྣམས་ཀྱང་མ་འགགས་ལ་ནད་པ་ཉམས་སྟོབས་དང་ལྡན། བད་ཀན་ཤས་ཆེ་བའི་མི་དེ་ལྟ་བུ་ལ་སྨན་ཁྱེའུ་སུས་ལ་གཏང་ན་སྨན་གྱི་མཐུ་རབ་ཏུ་ཆེ་བར་འགྱུར་རོ། །དེ་ལ་དྲོ་ཁར་སྨན་གཏང་རྗེས་སུ་ཟན་ཟ་བ་ནི་རླུང་ནད་ལ་ཨ་ཝ་ཐུར་དུ་སེལ་བྱ་བའི་ནད་ཀྱིས་བཏབ་པ་བསལ་བ་དང༌། དུས་ཀྱི་ཉམས་སྟོབས་བསྐྱེད་པ་དང་ཤ་སྐམ་ཞིང་གྲིམ་པར་བྱ་བའི་ཕྱིར་དྲོ་ཁར་སྨན་འཐུངས་པའི་རྗེས་ལ་ཟན་བཟའ་བར་བྱའོ། །ཟས་ཕྱེད་ཟོས་ནས་སྨན་བཟའ་བ་ནི་རླུང་ནད་པ་མང་ན་མེའི་དྲོད་དང་མཉམ་དུ་གནས་པ་ཞེས་བྱ་བ་ལས་ནད་དུ་གྱུར་པ་དེ་ལྟ་བུ་ལ་ཟན་བྱེད་ཟོས་ནས་སྨན་བཏང་ལ་མཇུག་ཀྱང་ཟན་དང་སྐོམ་གྱིས་མནན་ནོ། །ཐབས་འདི་ལྟར་བཏང་ན་རླུང་ནད་དེ་ལྟ་བུའི་ནད་དང༌། ཁོང་བའི་ནང་གི་ནད་རྣམས་དང་མཁྲིས་པ་རྒྱས་པའི་ནད་ལ་ཕན་ནོ། །ཟས་ཟོས་སྐོམ་འཐུངས་པའི་རྗེས་ལ་སྨན་གྱིས་མནན་ཅེས་བྱ་བ་ནི་རླུང་ཁྱབ་བྱེད་ཅེས་བྱ་བ་ལས་ནད་ཏུ་གྱུར་ཏེ་མི་བདེ་བ་དང༌། རླུང་ནད་ཨ་ཝ་རྟ་ཞེས་ཐུར་དུ་སེལ་བར་བྱེད་པའི་ནད་ཁྱེའུ་སུས་ལ་སྨན་བཏང་བར་མ་ཕན་པ་དང༌། མཚན་མོ་མི་བདེ་བའི་ནད་མ་ཞི་བ་ལ་ཕན་པར་བྱ་བ་དང༌། རོ་སྟོད་ཡན་ཆད་མ་བདེ་ཞིང་སྟོབས་མཐུ་བསྐྱེད་པ་དང༌། བད་ཀན་ལས་ནད་དུ་གྱུར་པ་ལ་ཞི་བར་བྱ་བ་དང༌། ཤ་ཚག་སྐེམ་ཞིང་སྦོམ་པོར་བྱ་བ་འདི་ལྟ་བུ་ལ་ཁ་ཟས་ཀྱི་མཇུག་ལ་སྨན་གྱིས་མནན་ཅིང་བཟའ་སྟེ། དྲོ་གའི་ཟན་གྱི་མཇུག་དང་དགོང་གའི་ཟན་གྱི་མཇུག་ལ་སྨན་བཟའ་ཞིང་མནན་ཏོ། །ནང་པར་ཁྱེའུ་སུས་དང་ཕྱི་ཕྲེད་ཀྱི་ཟས་ཀྱི་བར་ཉི་མའི་གུང་ལ་སྨན་གཏང་ཞེས་བྱ་བ་ནི། དྲོད་ཅེས་པ་ལས་ཁྱབ་བྱེད་ཅེས་བྱ་བའི་རླུང་ནད་དུ་གྱུར་ན་ཁྱེའུ་སུས་སུ་ཟོས་ཏེ་ཞུ་བ་དང་དྲོ་གར་སྨན་ཟོས་ལ་སྨན་དེ་ཞུ་ན་ཕྱི་ཕྲེད་ནུབ་ཀར་ཟན་བཟའ་བ་ནི་མཚན་མོའི་ཆོ་ག་ཡང་འདི་ལས་ལྷག་པར་བྱ་བ་མེད་དེ་འདི་ལྟར་འདུས་སོ། །ཟས་ཁམ་རེ་དང་ཐུན་རེ་སྤེལ་ཞིང་ཟ་ཞེས་བྱ་བ་ནི་སྲོག་ཅེས་བྱ་བའི་རླུང་ལས་ནད་དུ་གྱུར་པ་དང༌། ཕོ་བའི་དྲོད་བསྐྱེད་པ་དང༌། བུད་མེད་ལ་ཉལ་ཕོད་པར་བྱ་བ་དང༌། སྙིང་ན་བ་དང་སྐྱུག་པ་བཅད་པ་འདི་ལྟ་བུ་ལ་ཟན་ཁམ་རེ་ཟོས་ཤིང་སྨན་ཅུར་ནིས་ཕྱེ་མའམ་སྨན་ལྡེ་གུའམ་སྨན་རིལ་བུ་ཐུན་རེ་བཞིན་བཟའ་འོ། །ཡང་དང་ཡང་ཙེག་པུར་བཟའ་བ་ནི་ཟན་ཟོས་ཀྱང་རུང་མ་ཟོས་ཀྱང་རུང་དབུགས་མི་བདེ་བ་དང་ལུད་པ་ལུ་བ་དང་སྐྱིགས་བུས་བཏབ་པ་དང་སྐོམ་གྱིས་གདུང་བ་དང༌། དུག་གིས་ཕོག་པ་དང་སྐྱུག་བྲོ་བ་འདི་ལྟ་བུ་ལ་སོགས་པ་ལ་སྨན་ཙེག་པུ་ཡང་ཡང་བཟའ་འོ། །འབྲས་ཆན་ནམ་ཟན་དང་སྨན་ལྷན་ཅིག་བཙོས་ཏེ་བཟའ་བའམ་ཡང་ན་སོ་སོར་བཙོས་པ་ལ་བསྲེས་ཏེ་བཟའ་བ་ལ་བྱིས་པ་ཆུང་ངུ་སྨན་འཐུང་མི་ནུས་པ་དང༌། སྟོབས་ཆུང་ངུ་སྨན་འཐུངས་པ་ལ་ཞན་པ་དང༌། སྨན་དང་ཁ་ཟས་ཡི་ཁར་མི་འོང་བ་འདི་ལྟ་བུ་དང༌། ལུས་དང་ཡན་ལག་ཐམས་ཅད་ན་བ་འདི་ལྟ་བུ་ལ་ཁ་ཟས་ཡིད་དུ་འོང་བ་སྣ་ཚོགས་དང་སྨན་དུ་སྦྱར་ལ་ལྷན་ཅིག་བཙོས་སམ་སོ་སོ་ན་བཙོས་པ་ལ་སྦྱར་ཏེ་བཟའ་བར་བྱའོ། །སྔར་སྨན་བཏང་ནས་དེའི་རྗེས་ལ་ཁ་ཟས་ཅུང་ཟད་ཟོས་ནས་ཡང་སྨན་བཟའ་བ་ནི་སྐྱིགས་བུ་དང་ལུས་འདར་འདར་བ་དང་རྐང་ལག་འདར་འདར་བ་དང༌། ལུས་སྟོད་སྨད་མ་བདེ་བ་དེ་ལྟ་བུའི་ནད་ལ་སྨན་སྔར་འཐུང་ལ་ཟས་ཡང་བ་དེའི་འོག་ཏུ་ཟོས་ཏེ་དེའི་རྗེས་ལ་སྨན་འཐུང་ན་ཕན་ནོ། །མཚན་མོ་ཉལ་ཁར་སྨན་གཏང་བ་ནི་མགུལ་པ་ཡན་ཆད་སྟོད་ཀྱི་ནད་ལ་མཚན་མོ་ཉལ་ཁར་སྨན་གཏང་ན་ཕན་ཏེ། དེ་ལ་སྐོམ་མམ་ཡང་ན་ཆུ་འཐུངས་པར་མ་གྱུར་ཏམ། ཟས་མ་ཞུའམ་ཡང་ན་བཀྲེས་སམ་ལུས་རྨྱ་ན་མཚན་མོ་ཉལ་ཁར་སྨན་གཏང་དུ་མི་རུང་ངོ༌། །ཞེས་ཞིབ་ཏུ་བཤད་པ་ལྟར་རྟོགས་ཤིང་ཉམས་སུ་བླང་བར་བྱའོ།།

གཉིས་པ་ཚིག་གི་དོན་ནི། སྨན་ཡང་ཞེས་པ་ནས་ངོས་འཛིན་འདྲ་ཞེས་པའི་བར་གྱིས་བསྟན་ཏེ། གཉེན་པོ་ཞི་བྱེད་ཀྱི་སྨན་དེ་ཡང་ཉིན་ཞག་གཅིག་གི་ནང་དུ་ནད་ལྡང་བའི་ཚུལ། ཁ་ཟས་ཟ་བའི་ཚུལ་ལ་བལྟོས་པའི་རིགས་པ་དེ་ཡིས་གང་ལ་གང་འཚམ་པའི་ནད་དང་སྦྱར་ཏེ་གཏང་བའི་ཚུལ་ལ་མི་འདྲ་བ་རྣམ་པ་བཅུ་རུ་བཤད་པ་ཡིན་ཏེ། གང་ཞེ་ན། བད་ཀན་ལྡང་ཞིང་རྒྱས་པ་ལས་འདུས་པའི་ནད་སྟོབས་དང་ལྡན་པ་ལ་ཕན་པའི་སྨན་ཟས་མ་ཟོས་པ་སྟེ་སྔ་དྲོ་སྐྱ་རེངས་འཆར་བའི་དུས་ཀྱི་ཁྱེའུ་སུས་ལ་གཏང་བར་བྱ་བ་དང༌། ཐུར་སེལ་ལ་སོགས་པའི་ནད་ལ་ཕན་པའི་སྨན་དེ་ནི་ཉི་ཕྱེད་གྱི་ཟས་ཀྱི་སྔོན་ལ་གཏང་ནས་དེ་མ་ཐག་ཟས་བཟའ་བ་དང༌། མེ་དང་མཉམ་པའི་རླུང་གི་ནད་ལ་སོགས་པ་རྣམས་ལ་ཕན་པའི་སྨན་ནི་བཤད་མ་ཐག་པའི་རིགས་པས་ཉི་ཕྱེད་ཀྱི་ཟས་ཕྱེད་ཟོས་ཕྱེད་མ་ཟོས་པའི་དབུས་སུ་གཏང་ནས་སླར་ཁ་ཟས་ཕྱེད་པ་དེ་བཟའ་བ་དང༌། རླུང་ཁྱབ་བྱེད་ལས་གྱུར་པའི་ནད་ལ་ཕན་པའི་སྨན་ནི་ཉི་ཕྱེད་དམ་དགོང་མོའི་བཟའ་བཏུང་ཟོས་མ་ཐག་པའི་མཐར་གཏང་བ་དང༌། སྲོག་འཛིན་གྱི་རླུང་ལས་གྱུར་པའི་ནད་ལ་སོགས་པ་ལ་ཕན་པའི་སྨན་ནི་ཟས་ཁམ་རེ་དང་ཐུན་ཆུང་ཆུང་རེ་སྤེལ་ཞིང་གཏང་བར་བྱ་བ་དང༌། གྱེན་དུ་རྒྱུ་བའི་རླུང་གི་ནད་ལ་སོགས་པ་ཕལ་མོ་ཆེ་ལ་ནི་ཟས་ཀྱི་མཚམས་སུ་སྟེ་ཟས་ཞུ་སྨན་ཞུ་ཞེས་བྱ་བའི་ཚུལ་དུ་གཏང་བ་དང༌། དབུགས་མི་བདེ་བ་དང་ལུད་པ་ལ་སོགས་པའི་ནད་ལ་ཕན་པའི་སྨན་ནི་ཁ་ཟས་ལ་མ་བལྟོས་པར་དུས་ངེས་མེད་དུ་ཙེག་གུ་སྟེ་ཐུན་ཆུང་ཆུང་ཡང་ཡང་གཏང་བ་དང༌། ཡི་ག་འཆུས་པ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཕན་པའི་ཁ་ཟས་དང་བཅས་ཏེ་བསྲེས་ནས་གཏང་བ་དང༌། སྐྱིགས་བུ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཁ་ཟས་ཀྱི་སྔོན་དང་རྗེས་གཉིས་ཀར་གཏང་ནས་ཁ་ཟས་སྨན་གྱི་དབུས་སུ་མནན་པའི་ཚུལ་གྱིས་གཏང་བ་དང༌། ནམ་ཚོང་ཡན་ཆད་ཀྱི་ནད་ལ་ཕན་པའི་སྨན་འགའ་ཞིག་ནི་དགོང་ཀའི་ཁ་ཟས་མ་ཟོས་སམ་ཟོས་ཀྱང་ཞུ་ནས་མཚན་མོ་ཉལ་ཁར་གཏང་བ་སྟེ་བཅུ་པོ་ལེགས་པར་ཤེས་པར་བྱའོ། །སྨན་པ་ཕལ་མོ་ཆེས་ནད་ཀྱི་གནས་དང་མཚན་ཉིད་ལྡང་དུས་སོགས་དང་མི་སྦྱོར་བར་ནད་ཀུན་ལ་ཁ་ཟས་དང་སྨན་ཞུ་དུས་ཁོ་ནར་གཏོང་བ་ནི་རྨོངས་པ་གཞུང་ལུགས་མི་ཤེས་པ་རྣམས་ཀྱི་ལུགས་ཡིན་ཏེ། དེ་འདྲ་བས་ནི་གཉེན་པོ་སྨན་ནད་ཀྱི་ཐོག་ཏུ་ཇི་བཞིན་མི་འབབ་ཅིང་ཕན་པ་དཀའ་བའི་ཕྱིར་ལུགས་ངན་དེ་དོར་ལ། ཇི་སྐད་བཤད་པའི་གཏང་ཚུལ་བཅུ་པོ་དེ་ཉིད་སོ་སོར་མ་འདྲེས་ཤིང་རང་རང་གི་དུས་ལས་མ་འདས་པར་བྱས་ན་རྡེའུ་ངོས་འཛིན་དང་འདྲ་བར་གང་ལ་དམིགས་པའི་ནད་ཐོག་ཏུ་འབབ་པ་ཡིན་ནོ། །

གསུམ་པ་སྨན་དེ་ལྟར་བཏང་བས་སོས་པའི་ཚད་དམ་རྟགས་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། བུ་ག་འབྱུང་འགག་སྟོབས་ཉམས་ཤིང༌། །ལྕི་ཞིང་རླུང་ནི་ཁོང་དུ་འཁྲུལ། །ཁོང་སྙོམ་མི་འཇུ་མཆིལ་མ་མང༌། །བཤང་གཅི་སྲི་དུབ་ཟས་མི་ལེན། །ནད་རྩེ་མ་གཞིལ་སྤྱི་ཡི་རྟགས། །རྩེ་གཞིལ་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ལ། བུ་ག་འབྱུང་འགགས་ནི་ནད་ཀྱེན་དུ་མི་འབྱུང་བའོ། །སྟོབས་ཉམས་པ་ནི་སྟོབས་བཅོམ་པའོ། །ལྕི་བ་ནི་ལུས་དང་ཡན་ལག་ལྕི་བའོ། །རླུང་ཁོང་དུ་འཁྲུལ་བ་ནི་རླུང་གསལ་པོ་མི་རྒྱུ་བའོ། །ཁོང་སྙོམས་པ་ནི་སྤྲོ་བ་ཆུང་བའོ། །མི་འཇུ་བ་ནི་ཟས་འཇུ་བར་མི་བྱེད་པའོ། །མཆིལ་མ་མང་བ་ནི་མཆིལ་སྣབས་འཛག་པའོ། །བཤང་གཅི་སྲི་བ་ནི་བཤང་ལ་སོགས་པ་འགག་པའོ། །དུབ་བ་ནི་ཉམས་བྲི་བའོ། །ཟས་མི་ལེན་པ་ཟས་ལ་སྲེད་པ་མེད་པའོ། །དེ་ལྟ་བུའི་རྟགས་རྣམས་ནི་ནད་རྩེ་མ་གཞིལ་ཞིང་གཏིང་མ་ཕྱིན་པ་སྤྱིའི་རྟགས་ཡིན་ནོ། །རྩེ་གཞིལ་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ནི། རྩེ་གཞིལ་ཞིང་ནད་ཞི་བའི་རྟགས་བཤད་མ་ཐག་པ་ལས་གོ་བཟློག་པ་སྟེ། དེ་ཡང་རྩ་སྦུབས་དག་པ་དང་སྟོབས་སྐྱེ་བ་དང༌། ཡང་བ་ཉིད་དང༌། རླུང་ལུགས་སུ་འབྱུང་བ་དང་ཁོང་སྙོམས་པ་མེད་པ་དང་ཟས་འཇུ་བ་དང༌། མཆིལ་མ་ཉུང་བ་དང༌། དྲི་མ་རྣམས་བདེ་བར་འབྱུང་བ་དང༌། ཟས་ཡི་གར་འོང་བ་དང༌། སྤྲོ་བ་དང་ལྡན་པ་སྟེ་འདི་དག་ནི་ནད་མེད་པའི་མཚན་ཉིད་ཡིན་ཞེས་པ་དང༌། རང་འགྲེལ་ལས། ནད་པ་ཞིག་ན་ན་རླུང་ངམ་མཁྲིས་པའམ་བད་ཀན་གྱི་ནད་གང་ཡང་རུང་བ་སྟེ་ནད་རྩེ་མ་གཞིལ་ན་ནད་ཚབས་ཆེ་སྟེ། ནད་མ་སྨིན་པའི་རྟགས་ནི་བུ་ག་དགུ་ནས་འབྱུང་བ་རྣམས་འགགས། ཉམས་སྟོབས་ཆུང་ཞིང་ཉམས། ལུས་ལྕི་ལྟོ་བའི་ནང་དུ་རླུང་འཁྲུལ་ཞིང་འུ་རུ་རུ་ཟེར། ཁོང་སྙོམས་ཟས་མི་འཇུ་བད་ཀན་དང་མཆིལ་མ་མང༌། བཤང་གཅི་སྲི་ཞིང་འགགས་ཁ་ཟས་ཡི་གར་མི་འོང༌། ཁོང་རྨྱ་སྟེ་འདི་ནི་ནད་དོ་ཅོག་གང་གིས་བཏབ་ཀྱང་རུང་རྩེ་མ་གཞིལ་ཏེ་མ་ཐུབ་པའི་རྟགས་ཡིན་ནོ། །ནད་ཐབས་འདི་ལྟ་བུ་ལས་བཟློག་ན་ནད་རྩེ་གཞིལ་ཏེ་སྨིན་པ་ཡིན་ནོ། །དེའང་ཇི་ལྟར་ཞེ་ན། ཁོང་བའི་དྲོད་ཆུང༌། ཉམས་སྟོབས་ཀྱང་ཆུང༌། ཁམས་བདུན་པོ་ལས་དང་པོའི་ཁམས་བཅུད་ཅེས་བྱ་བ་ཁོང་དུ་མི་འཇུ། ནད་ཁོང་དུ་དྲོད་ཀྱི་ཕོ་བའི་ནང་དུ་ཞུགས་ཏེ། དེ་ན་བཅུད་དྭངས་མ་ཡང་མ་ཞུ་བར་འདུག་པས་ན་དེའི་ཚེ་དེ་ལྟ་བུའི་ནད་རྩེ་གཞིལ་ཏེ་སྨིན་པའི་རྟགས་ཡིན་ནོ། །ཞེས་གསུངས་པའི་རྩེ་མ་གཞིལ་བའི་རྟགས་ལ་ཕལ་ཆེར་མཐུན་མོད་ཀྱང༌། རྩེ་གཞིལ་རྟགས་ལ་མ་མཐུན་པ་ནི་སྔ་མ་ཞི་བ་དང་ཕྱི་མ་ཕོ་བར་འདུས་པ་ལ་དགོངས་པའོ།།

གཉིས་པ་ཚིག་གི་དོན་ནི། ནད་གང་ཞེས་པ་ནས་ལྷག་མི་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། རླུང་ལ་སོགས་པའི་ནད་གང་ལའང་གསོ་དཔྱད་འབད་པས་སྦྱར་ཡང་མཆིལ་སྣབས་མང་ཞིང་ལུས་ལྕི་ལ་དང་ག་མི་བདེ་བ་དང་ཁ་ཟས་མི་འཇུ་ཞིང་བཤང་གཅིའི་རྒྱུན་སྐམ་པའམ་རླུང་གི་ཁོང་བ་འཁྲུལ་ཏེ་བཤང་གཅི་དུས་མིན་དུ་འབྱུང་བ་དང༌། ཤེད་སྟོབས་ཆུང་ཞིང་སྐད་གདངས་དམའ་བ་སྟེ། དེ་ལྟ་བུ་ནི་ད་དུང་ནད་ཀྱི་རྩེ་མ་གཞིལ་པའམ་ཁོང་དུ་མ་འདུས་པའི་རྟགས་ཡིན་ལ། ནད་གང་ཡང་ཞི་བའམ་ཁོང་དུ་འདུས་པའི་དུས་སུ་གོང་གི་རྟགས་དེ་རྣམས་ལས་བཟློག་པ་བྱུང་བའི་ཕྱིར་ནད་མ་ཞི་བའི་བར་དུ་འབད་པས་བཅོས་དགོས་ཤིང༌། ཞི་ནས་ནི་སྨན་ལྷག་པར་མི་སྦྱོར་ཏེ་ནད་གཞན་སྐྱེ་བར་འགྱུར་བ་དང༌། ནད་འགའ་ཞིག་གི་དབང་གིས་ཁོང་བར་འདུས་ན་སྟེང་འོག་གི་ལམ་ནས་སྦྱང་བར་བྱ་དགོས་སོ། །གཉིས་པ་བྱེ་བྲག་གི་གསོ་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། བྱེ་བྲག་ཅེས་པ་ནས་གཞན་དབང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། ནད་གང་ཞིག་བྱེ་བྲག་ཏུ་གསོ་བའི་ཚུལ་དེ་ལའང་རྣམ་པ་གསུམ་ཡོད་དེ། མ་ཞུ་བ་དང་བཅས་པའི་གསོ་ཚུལ་དང༌། ནད་རྐྱང་བ་རང་རྒྱུད་ཅན་གྱི་གསོ་ཚུལ་དང༌། འདྲེས་པ་གཞན་དབང་ཅན་གྱི་གསོ་ཚུལ་རྣམས་སུ་འབྱུང་ངོ༌། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཡང་མ་ཞུ་བའི་མཚན་ཉིད་ཅི་ཞིག་དང་ལྡན་ན། རླུང་ལ་སོགས་པ་ལ་མ་ཞུ་བའམ་ནད་ཀྱི་ལྷག་མ་དང་བཅས་པ་ཞེས་བྱ་ཞེ་ན། དེ་ཅིའི་ཕྱིར་སྨྲས་པ་ནི། ཁོང་བའི་དྲོད་སྟོབས་ཆུང་ཉིད་ཀྱིས། །ལུས་ཟུངས་དང་པོ་མི་འཇུ་བ། །ནད་ནི་ཕོ་བར་ཞུགས་པ་དག །དྭངས་མ་མ་ཞུ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་ཟུངས་ཀྱི་དང་པོ་དངས་མ་ཆེན་པོ་ཞེས་བྱ་བ་དེ་ཁོང་བའི་དྲོད་སྟོབས་ཆུང་བ་ཉིད་ཀྱིས་འཇུ་ཞིང་སྨིན་པར་མ་གྱུར་པ་རླུང་ལ་སོགས་པའི་ནད་དང་འདྲེས་པ་རང་གི་གནས་ཕོ་བར་ཞུགས་པ་གནོད་པར་རྣམ་པར་གྱུར་པ་དེ་ནི་དྭངས་མ་མ་སྨིན་ཞིང་མ་ཞུ་བ་ཡིན་ནོ། །ཞེས་ལ་ལ་དག་འདོད་དོ། །གཞན་དག་ནད་ཉིད་མ་འཁྲུགས་པ། །རབ་གདུག་ཕན་ཚུན་འདོམས་ལས་བྱུང༌། །ཀྲོ་ཏྲ་པ་ཡི་དུག་བཞིན་དུ། །ནད་ཚབས་ཆེན་པོ་འབྱུང་བར་བཤད། །ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་མ་ཞུ་བ་འབྱུང་བའི་ཚུལ་གཞན་དུ་འདོད་དེ། རླུང་ལ་སོགས་པའི་ནད་ཉིད་རབ་ཏུ་འཁྲུགས་ཤིང་ཤིན་ཏུ་གསོག་པ་ལས་དུས་ཕྱི་ཞིག་ན་ཁ་ཟས་མ་ཞུ་བ་རབ་ཏུ་གདུག་པ་ཕན་ཚུན་གཅིག་ལ་གཅིག་འདོམས་ཤིང་འདྲེས་པར་བྱུང་བ་ཉིད་ལས་མ་ཞུ་བ་འབྱུང་བར་འདོད་དོ། །དེ་ཡང་དཔེར་ན་ཀྲོ་ཏྲ་པ་ཞེས་པའི་འབྲུ་ལས་དུས་དང་ཡུལ་གྱི་རྒྱུ་ལ་བལྟོས་ནས་དུག་ཏུ་འགྱུར་བར་འཆད་དོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དཔེར་ན་ཀྲོ་ཏྲ་པ་ཉིད་དུག་ཏུ་འགྱུར་བ་བཞིན་དུ་ནད་རྣམས་ཀྱང་ཚབས་ཆེན་པོར་འཁྲུགས་པ་ལས་རང་ཉིད་ཀྱི་ཆ་ལས་མ་ཞུ་བ་འབྱུང་བར་འགྱུར་རོ། །དེ་བས་ན་རླུང་ལ་སོགས་པ་ལ་མ་ཞུ་བའི་དོན་གཞན་དག་ཡིན་པར་ཤེས་པའི་ཕྱིར་སྨྲས་པ་ནི། ནད་ཚབས་དེ་དང་འདྲེས་པ་དང༌། །གནོད་པ་གནོད་བྱ་གནོད་འགྱུར་དང༌། །ནད་གཞན་གང་དག་དེ་ལས་འབྱུང༌། །མ་ཞུ་བ་དང་བཅས་པར་བསྟན། །ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་མ་ཞུ་བ་དེ་རླུང་ལ་སོགས་པའི་ནད་འདྲེས་ཤིང་གཅིག་ཏུ་གྱུར་པ་ལ་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ།།

དེ་བཞིན་དུ་གནོད་བྱ་སྟེ་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང༌། བཤང་བ་ལ་སོགས་པའི་དྲི་མ་དེ་རྣམས་ཀྱང་མ་ཞུ་བ་དེ་ཉིད་ཀྱིས་གནོད་པར་འགྱུར་བ་ལ་མ་ཞུ་བ་དང་བཅས་པ་ཞེས་བྱའོ། །དེ་བཞིན་དུ་ནད་གཞན་གང་དག་རླུང་ཁོང་དུ་འཁྱིལ་བ་ལ་སོགས་པ་དེ་ལས་བྱུང་བ་དེ་རྣམས་ནི་ནད་མ་ཞུ་བ་དང་བཅས་པ་དང༌། དེ་བཞིན་དུ་གནོད་བྱ་ལུས་ཟུངས་རྣམས་དང་དྲི་མ་རྣམས་ལས་བྱུང་བ་ལའང་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ། །ཅི་དེ་དག་བཀྲུ་སྨན་ལ་སོགས་པའི་མདོ་ལས་དབྱུང་བར་བྱ་བའམ་འོན་ཏེ་བསལ་བར་མི་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ནི་ལུས་ཀུན་ཞུགས་གྱུར་པ། །ནད་ནང་ཞུགས་ཏེ་རྩེ་མ་བཅིལ། །མ་སྨིན་དབྱུང་བར་མི་བྱ་སྟེ། །མ་སྨིན་ཤིང་ཏོག་ཁུ་བར་མཚུངས། །ཞེས་བྱ་བ་ལ། མ་ཞུ་བ་དང་འདྲེས་ཤིང་ལྷན་ཅིག་གནས་པའི་ནད་དེ་ལུས་ཀུན་ཏུ་ཁྱབ་ཅིང་མགོ་ནས་རྐང་པའི་བར་དུ་ཞུགས་པས་ཁྱབ་པར་གནས་ལ། ནད་ནང་དུ་ཞུགས་ཏེ་རྩ་དང་རྒྱུས་པ་ཕྲ་མོ་ཡན་ཆད་ཀྱི་ཚོགས་ལ་ཁྱབ་ཅིང་ཞུགས་ལ་དྭངས་མ་ལ་སོགས་པའི་ལུས་ཟུངས་ལ་ཞེན་ཅིང་དབྱུང་དཀའ་བ་གནས་ལས་མ་འགུལ་བ་དེ་སྨིན་ཞིང་སྙི་བར་མ་བྱས་པ་ན་རློན་སྨན་ལ་སོགས་པས་དབྱུང་བར་མི་བྱ་སྟེ། དེ་ནི་སྨན་པའི་ཆོ་ག་མ་བྱས་པར་ཕྱུང་ན་གནོད་པ་ཆེན་པོ་ཉིད་དུ་འགྱུར་རོ། །འདི་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར། །མ་སྨིན་ཤིང་ཏོག་ཁུ་བར་མཚུངས། །ཞེས་བྱ་བ་སྨོས་པ་ཡིན་ཏེ་མཚུངས་ཞེས་བྱ་བའི་སྒྲ་ནི་འདྲ་བའི་དོན་ཏེ། དཔེར་ན་མ་དུ་ལུང་ག་དང་སྐྱུ་རུ་ར་དང་རྒུན་འབྲུམ་ལ་སོགས་པའི་ཤིང་ཏོག་མ་སྨིན་ཞིང་མ་ཚོས་པ་ལས་ཁུ་བ་བཙིར་བ་ན་ཁུ་བ་ཐམས་ཅད་དབྱུང་བར་མི་ནུས་ཤིང་འབྲས་བུ་ཉིད་བརླག་པར་འགྱུར་ཏེ་དུས་ལ་མ་བབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དཔེ་བསྟན་པའི་དོན་གསལ་བའི་ཕྱིར་སྨྲས་པ་ནི། དེ་ནི་དབྱུང་བར་དཀའ་བས་ན། །རྟེན་ནི་འཇིག་པར་བྱེད་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ནད་མ་སྨིན་པ་དེ་ནི་གནོད་པར་བྱེད་ཅིང་ལུས་ཀུན་ལ་ཁྱབ་པ་ལུས་ཟུངས་ལ་ཞེན་ཅིང་འདྲེས་པས་ན་སྨིན་པའི་ཆོ་ག་མ་བྱས་པར་དབྱུང་བར་དཀའ་བ་ཡིན་ནོ། །དེས་ན་རྟེན་ཞེས་བྱ་བ་ལུས་ཉིད་འཇིག་ཅིང་ཉམས་པར་བྱེད་པར་འགྱུར་ཏེ། ཤིན་ཏུ་དཀའ་བས་ཀྱང་ཅུང་ཟད་ཙམ་ཡང་དབྱུང་བར་མི་ནུས་པ་ཡིན་ནོ། །དེ་དག་གི་སྨན་ཅི་ཞིག་ཡིན་པ་བསྟན་པའི་ཕྱིར་སྨྲས་པ་ནི། དེ་ནི་སྨིན་དང་དྲོད་བསྐྱེད་སྨན། །དུགས་བྱས་རྩེ་བཅིལ་དེ་གསལ་བ། །ཇི་ལྟར་ཉེ་དང་སྟོབས་ཇི་བཞིན། །སྦྱང་བའི་དུས་སུ་བསལ་བར་བྱ། །ཞེས་བྱ་བ་ལ། ཉེས་པ་དེ་ནི་སྨིན་པ་ལ་སོགས་པ་བྱས་ཏེ། ནད་རྣམས་སྨིན་ཞིང་ཞུ་བར་བྱེད་པས་ན་སྨིན་པ་སྟེ། དེའི་ཕྱིར་ན་མ་སྨིན་པ་ལུས་ཟུངས་ལ་ཞེན་པ་དབྱུང་བ་དཀའ་བ་དེ་སྨིན་པ་ལ་སོགས་པའི་རིམ་གྱིས་གནས་པར་བྱས་ལ། དེའི་འོག་ཏུ་ཇི་ལྟར་ཉེ་བ་དང་སྟོབས་ནི་ཇི་ལྟ་བ་བཞིན་དུ་སྦྱར་བའི་དུས་ལ་བབ་པ་དང་སྦྱར་བའི་སྨན་གྱིས་བསལ་བར་བྱའོ། །དེ་ལ་ཇི་ལྟར་ཉེ་བ་ནི་ནད་གང་ལམ་གང་དང་ཉེ་བ་དེ་ཉིད་ནས་བསལ་བར་བྱའོ། །དེའང་མ་ཞུ་བའི་གནས་སྐབས་ན་གནས་པ་ནི་སྐྱུག་སྨན་གྱིས་བསལ་བར་བྱའོ། །ཞུ་བའི་གནས་ན་གནས་པ་ནི་མས་བཏང་བས་བསལ་བར་བྱའོ། །མགོ་བོ་ལ་གནས་པ་ནི་སྣ་ནས་བཏང་བས་སོ།།

སྟོབས་ཇི་བཞིན་ཞེས་བྱ་བ་ནི་སྟོབས་དང་ནད་ཚབས་ཤིན་ཏུ་ཆེ་བ་ནི་སྨན་རྣོ་བ་དང་ཚབས་ཆེ་བས་བསལ་བར་བྱའོ། །སྟོབས་འབྲིང་ལ་ནི་འབྲིང་ཙམ་གྱིས་སོ། །སྟོབས་ཆུང་བ་ལ་ནི་འཇམ་པོས་སོ། །དེ་ཉིད་གསལ་པའི་ཕྱིར་སྨྲས་པ་ནི། ཁ་ནས་རིགས་པར་སྨན་བཏང་བས། །མ་ཞུའི་གནས་ལས་ནད་མྱུར་བསལ། །ནམ་ཚོང་ཡན་ཆད་སྣ་སྨན་གྱིས། །ཞུ་བའི་གནས་ཡོད་མས་བཏང་བསལ། །ཞེས་བྱ་བ་ཡིན་ཏེ། ཁ་ནས་ཅི་རིགས་པར་སྨན་བཏང་བས་མ་ཞུ་བའི་གནས་ཀྱི་ནད་མྱུར་དུ་བསལ་ཞིང་གདོན་པར་བྱའོ། །ནམ་ཚོང་ཡན་ཆད་ཀྱི་ནད་ནི་སྣ་ནས་སྨན་བཏང་བས་བསལ་བར་བྱའོ། །ཞུ་བའི་གནས་ལྟེ་བ་མན་ཆད་ན་གནས་པ་དག་ནི་མས་བཏང་སྟེ་བཤང་སྒོ་ནས་སྨན་བཏང་བས་མྱུར་དུ་བསལ་བར་བྱའོ། །ནད་དབྱུང་བར་རྩོམ་པའི་མ་སྨིན་པ་ནི་རང་ཉིད་འབྱུང་ཡང་མི་དགག་སྟེ། དཔེར་ན་ཁྲག་མཁྲིས་དང་ཚད་པར་འཁྲུ་བ་དང་པོར་བྱུང་བ་ན་དགག་པར་མི་བྱ་སྟེ། དེ་ནི་ནད་དུ་མའི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྟེང་མ་འོག་ཏུ་དབྱུང་བར་རྩོམ། །ནད་ནི་རང་ཉིད་འབྱུང་བ་ན། །སྨན་གྱིས་ནད་ནི་མི་དགག་སྟེ། །བཀག་ན་དེ་ཉིད་ནད་བསྐྱེད་འགྱུར། །ཞེས་བྱ་བ་ལ། སྟེང་གི་ལམ་ཁ་དང་སྣ་ཞེས་བྱ་བ་དང༌། འོག་གི་ལམ་བཤང་སྒོ་དང་གཅིན་སྒོ་ལས་ནད་རྣམས་འབྱུར་བར་རྩོམ་ཞིང་ཕྱིར་ཕྱོགས་པ་གནས་ལས་འཕགས་པ་མ་སྨིན་པར་གྱུར་པ་དེ་རང་ཉིད་ཀྱིས་འབད་མི་དགོས་པར་འབྱུང་ཞིང་འབབ་པ་ན་སྨན་གྱིས་བཅད་པའི་ཚུལ་གྱིས་ནད་དེ་བཞག་ཅིང་དགག་པར་མི་བྱའོ། །དེའང་གང་གི་ཕྱིར་མ་སྨིན་པའི་ནད་རང་ཉིད་འབྱུར་བར་རྩོམ་པ་དེ་སྨན་གྱིས་བཀག་ན་དེ་ཉིད་ནད་བསྐྱེད་པའི་རྒྱུར་འགྱུར་རོ། །དེ་བས་དང་པོ་ནད་འབྱུང་ལ། །བསྡད་དེ་ཕན་པ་བཟའ་བར་བྱ། །དེ་བས་ན་རྒྱུ་དེའི་ཕྱིར་དང་པོ་ནད་འབྱུང་བ་ལ་ནན་གྱིས་བཀག་པ་ནི་ཤུགས་བཀག་པའི་རྒྱུར་འགྱུར་བས་སྨན་གྱིས་མི་བཟློག་པར་བཏང་སྙོམས་སུ་བྱ་ཞིང་བསྡད་པར་བྱའོ། །གང་ཞིག་ཅེས་ནས་ཕན་པར་བཟའ་ཞེས་བྱ་བ་སྟེ། ནད་དང་རྗེས་སུ་མཐུན་པའི་ཁ་ཟས་ཕན་ཞིང་བསོད་པ་བཟའ་ཞིང་ལོངས་སྤྱད་པར་བྱའོ། །དེར་ནི་དགག་པར་མི་བྱ་ལ་སྦྱང་བར་ཡང་མི་བྱ་སྟེ། རང་ཉིད་འབྱུང་བ་ཡིན་པའི་ཕྱིར་བཏང་སྙོམས་སུ་བསྡད་པ་ཉིད་འདིར་སྨན་ཡིན་ནོ། །འཁྱིལ་བ་སྨིན་པ་དེ་དང་དེའི། །སྨིན་བྱས་དེ་བཞིན་བསལ་བར་བྱ། །ཞེས་བྱ་བ་ལ། །མ་སྨིན་པའི་ནད་དེ་འཁྱིལ་ཞིང་འགགས་ན་སྨིན་པར་བྱེད་པའི་སྨན་དེ་དང་དེས་སྨིན་པར་བྱས་ཤིང་དབྱུང་དུ་རུང་བར་བྱས་ནས་དེ་བཞིན་དུ་སྔར་ཇི་སྐད་བསྟན་པའི་ལམ་ནས་དབྱུང་ཞིང་བསལ་བར་བྱའོ། །ཞེས་དང༌། བརྒྱད་པའི་འགྲེལ་པ་ལྡེ་མིག་གསེར་བཟང་དུ། འགའ་ཞིག་ལྟོ་བ་སྲ་སྙི་མི་ཤེས་པར། །གྱང་སྨན་རྣོན་པོ་གཏོང་བའི་སྨན་པ་དེ། །དགྲ་ཟིན་ཁྲོད་དུ་མདའ་འཕེན་སྨྱོན་པ་འདྲ། །ཞེས་བཤད་པས་སྨིན་དུས་སྦྱོང་བ་སོགས་ལྟོ་བ་སྲ་སྙི་དང་སྟོབས་ལས་དཔགས་ནས་དུས་ནི་གོང་དུ་བཤད་པ་ལྟར་བཟོས་པའི་སྐབས་སམ་གློ་བུར་དུ་ཡང་ཤེས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་ཆུས་བསིངས་བཞིན་ཞེས་པའི་བར་གྱིས་བསྟན་ཏེ། གསོ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་ཡོད་པའི་དང་པོ་མ་ཞུ་བ་དང་བཅས་པ་ཞེས་བྱ་བའི་དོན་ནི་ཕོ་བའི་མེ་དྲོད་ཆུང་བས་ཟས་སྐོམ་དང་དྭངས་མ་མ་ཞུ་བ་དེ་ཉིད་རླུང་ལ་སོགས་པའི་ནད་རྣམས་དང་བསྡོམས་པ་གནོད་བྱ་བཅུ་དང་འདྲེས་པ་མ་ཞུ་བ་དང་བཅས་པ་ཞེས་བྱའོ། །དེ་བས་ན་ལུས་ཀྱི་རྩ་རྒྱུས་ཕྲ་མོ་ཡན་ཆད་ལ་ཁྱབ་ཅིང་ཞེན་པའི་ནད་དེ་རྣམས་ཁོང་དུ་བསྡུ་བ་དང༌། ནད་སྨིན་ཞིང་དྭངས་སྙིགས་དབྱེ་བ་དང༌། ལྟོ་བ་སྙི་ཞིང་དྲོད་སྐྱེད་པར་བྱེད་པའི་སྨན་གྱིས་ནད་ཀྱི་རྩེ་ལེགས་པར་བཅིལ་ལ་དེས་འདུས་ཤིང་སྨིན་པ་ལ་སོགས་པའི་རྟགས་ངེས་པ་ཅན་ཐོབ་ནས་སྟེང་འོག་གི་ལམ་གང་དང་ཉེ་བའི་གནས་ནས་འབད་པས་སྦྱང་བར་བྱའོ། །གལ་ཏེ་སྦྱང་བའི་ཆོ་ག་མ་བྱས་ཀྱང་སྟེང་འོག་གི་ལམ་ནས་རང་བྱུང་གི་ཚུལ་དུ་ལྷུག་པར་བྱུང་ན་གཅོད་པའི་སྨན་གྱིས་དགག་པར་མི་བྱ་སྟེ། དཔེར་ན་ཚད་པས་འཁྲུ་བ་ལ་སོགས་པ་དེ་ཉིད་མ་སྨིན་པར་བཀག་ན་སླར་ཡང་ཉེས་པ་ཆེན་པོ་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་རེ་ཞིག་བཏང་སྙོམས་སུ་བཞག་ལ་སྨིན་ནས་དོད་ཀྱིས་བཅད་པ་ལ་སོགས་པའི་ཆོ་ག་བརྩམ་པར་བྱའོ། །དེས་ན་སྨིན་པ་ལ་སོགས་པའི་རྟགས་དང་མི་ལྡན་པའི་སྔ་རོལ་ཏུ་མི་སྦྱང་སྟེ། ཅིའི་ཕྱིར་ཞེ་ན། ནད་དེ་ཉིད་ལུས་ཟུངས་རྣམས་ལ་ཞེན་ནས་གནས་པའི་ཕྱིར་ནད་མི་ཐོན་པའི་ཁར་ལུས་ཟུངས་འཇོམས་པར་བྱེད་དེ། དཔེར་ན་མ་ལངས་པའི་ཆང་ལ་ཆུ་བླུགས་ཏེ་བསིངས་ན་ཆང་མི་འབྱུང་ཞིང་འབྲུ་ཆན་ཉིད་ཉམས་པར་བྱེད་པ་ཇི་ལྟ་བ་བཞིན་དུ་འགྱུར་བ་བསམ་པར་བྱའོ།།

གཉིས་པ་རང་རྒྱུད་ཅན་ལ་བསྟན་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། དྲངས་མ་ཐག་པའི་ལུང་དེ་དག་ཀྱང་དེའི་རྗེས་སུ་འགྲོ་མོད་ཀྱི་གཞན་ཡང༌། ཟླ་ཟེར་ལས། ཕལ་ཆེར་རྩིབ་ལོགས་འགྲོ་བའི་ནད། །ནད་པ་ཡུན་རིང་ཉོན་མོངས་བྱེད། །ལུས་མེའི་སྟོབས་ནི་ཤེས་པ་ཡིས། །དེ་ལ་རིངས་ཐབས་དག་མི་བྱ། །དེ་ཡི་སྦྱོར་བས་ཞི་བྱའམ། །ཁོང་དུ་བདེ་བར་བསྡུ་བར་བྱ། །ཁོང་དུ་འདུས་པར་ཤེས་ནས་ནི། །ཇི་ལྟར་ཉེ་བ་བཞིན་དུ་བསལ། །ཞེས་བྱ་བ་ཡིན་ཏེ། ཕལ་ཆེར་ཞེས་པ་མང་དུ་རྩིབ་ལོགས་སུ་འགྲོ་ཞིང་རྩིབ་ལོགས་གཡས་གཡོན་ན་རྒྱུ་བའི་ནད་རླུང་ལ་སོགས་པའི་ནད་པ་སྡུག་བསྔལ་བ་དང་ལྡན་པ་ཡུན་རིང་ཟིང་དུས་རིང་དུ་ཉོན་མོངས་ཤིང་སྡུག་བསྔལ་བར་བྱེད་དོ། །ནད་རྩིབ་ལོགས་སུ་འགྲོ་བ་དེ་རྣམས་ལ་ནི་ལུས་ཀྱི་མེའི་སྟོབས་ཤེས་ཤིང་རྟོགས་པའི་སྨན་པས་ནད་དེ་ལ་མྱུར་བར་རིངས་ཐབས་སུ་དེའི་གསོ་བ་དག་མི་བྱའོ། །འོ་ན་ཇི་ལྟར་བྱ་ཞེ་ན། ནད་དེ་སྦྱོར་བས་ཤེས་པའི་རིགས་པ་དང་ལྡན་པས་ཞི་བར་བྱ་བའམ། །ཁོང་བའི་ནང་དུ་བདེ་བར་བསྡུ་ཞིང་ནང་དུ་ཆུད་པར་བྱས་ལ་དེའི་འོག་ཏུ་གཟོད་གསོའོ། །དེའང་ནད་དེ་ཁོང་དུ་འདུས་ཤིང་ཆུད་པར་ཤེས་ནས་རྩིབ་ལོགས་སུ་འགྲོ་བའི་ནད་དེ་ནང་དུ་བསྡུས་ནས་སྣའམ་ཁའམ་བཤང་སྒོ་ལ་སོགས་པ་ནད་གང་དང་ཉེ་བའི་ལམ་དེ་ནས་སྐྱུག་སྨན་ལ་སོགས་པས་བསལ་བར་བྱ་ཞིང་ཕྱིར་གདོན་པར་བྱའོ། །ཞེས་བཤད་དོ། །སྐབས་འདིར་སྔ་ཕྱིའི་འགྲེལ་པ་མཁན་པོ་འགའ་ཞིག་གིས། རང་གནས་གསོག་ཅིང་རིང་སྡོད་ཤུགས་མི་ཕྱིན། །ཞེས་པའི་མཇུག་ཏུ། དཔེར་ན་འཁྲུག་པ་བྱེད་པའི་ཤི་བོ་བཞིན། །བཙིར་ཡང་མི་ལྡོག་བར་དུ་མི་ལྡང་ཞིང༌། །ལོག་པའི་རྐྱེན་དང་ཕྲད་ན་ནུས་པ་ཐོབ། །ཅེས་བཤད་པ་སྣང་ཡང༌། དེ་ནི་མི་རུང་སྟེ་ཤི་བོ་ཞེས་པའི་དཔེ་མ་གྲུབ་ཅིང་རྐྱེན་ཕྲད་ནུས་པ་རྙེད་དེ་གནས་ལས་ལྡང༌། །ཞེས་པ་ལས་ཟློས་པའི་སྐྱོན་ཡང་འབྱུང་བའི་ཕྱིར་རང་བཟོ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། མ་ཞུ་ཞེས་པ་ནས་སྦྱང་ལ་དབྱུང་ཞེས་པའི་བར་གྱིས་བསྟན་ཏེ། ནད་གང་ཞེས་བཤད་མ་ཐག་པའི་མ་ཞུ་བ་མེད་པའི་རང་རྒྱུད་ཅན་གྱི་ནད་རྐྱང་བ་རང་རང་གི་གནས་སུ་གནས་པ་དེ་ཟས་སྤྱོད་མི་འཕྲོད་པ་ལ་སོགས་པ་ནད་ཀུན་སྐྱེད་པར་བྱེད་པའི་རྒྱུ་བསྟེན་ཅིང་ལོངས་སྤྱད་པས་ཐོག་མ་ཉིད་དུ་རླུང་གི་ནད་འཇུག་ཅིང༌། དེ་ནས་རིམ་པས་ནད་གཞན་ཡང་འཇུག་པར་བྱེད་ལ་གལ་ཏེ་ནད་རྐྱང་པ་དེ་དག་དང་ཟས་སྤྱོད་ཀྱི་རྐྱེན་གཉིས་སློང་བའི་དུས་མ་འཛོམས་ན་རང་རང་གི་གནས་དེ་དང་དེར་གསོག་ཅིང་སྡོད་དུས་རིང་དུ་སྡོད་ལ་ལངས་པའི་ཤུགས་མཐར་མི་ཕྱིར། དུས་གདོན་ཟས་སྤྱོད་ཀྱི་རྐྱེན་དང་ནམ་ཕྲད་པའི་ཚེ་རང་སྟོབས་ཀྱི་ནུས་པ་རྙེད་དེ་སོ་སོའི་གནས་ལས་ལྡང་བར་བྱེད་པ་ཡིན་ནོ། །དེ་ཡང་ཐོག་མར་རླུང་ཞུགས་པའི་རྒྱུས་ནད་གཞན་རྣམས་འཁྲུགས་ཤིང་བྱེར་བར་བྱེད་པ་དེའི་ཕྱིར་རླུང་འཇིག་ཅིང་མཁྲིས་པ་འཇུ་བྱེད་ཀྱི་སྟོབས་འཕེལ་བའི་ཁ་ཟས་སོགས་ཀྱིས་ནད་གང་ཡིན་པ་དེ་ཉིད་སྨིན་པར་བྱས། ནད་འཐོར་བར་བྱེད་པའི་རླུང་དེ་ཉིད་ཚར་གཅོད་ཅིང་བྱེར་བ་རྣམས་ཁོང་བར་འདུས་པ་ཡིན་ཏེ། དཔེར་ན་ཆར་བ་འབེབས་པའི་སྔ་རོལ་ཏུ་རླུང་གནོན་བྱེད་པ་དང་འདྲའོ། །ནད་ཁོང་དུ་འདུས་ཤིང་སྨིན་པར་གྱུར་པ་དེ་ནས་སྟོད་སྨད་གང་དང་ཉེ་བའི་ལམ་ནས་རློན་ཁྲུས་སོགས་ཀྱིས་སྦྱངས་པ་དང༌། ཡན་ལག་དང་ཤ་པགས་སོགས་ཕྱིར་གནས་པའི་ནད་བསྡུ་སྨན་གྱིས་ཁོང་དུ་མ་འདུས་པའི་ཚེ་ན་རྩའི་སྒོ་ཕྱི་དང་ནང་ནས་སྦྱངས་ལ་དབྱུང་བར་བྱ་སྟེ། ཕྱི་ནས་ཁྲག་དབྱུང་བ་དང་ནང་ནས་རྩ་སྦྱོངས་ཀྱིས་གདོན་པར་བྱའོ། །དེ་ལྟར་ཡང༌། མན་ངག་རྒྱུད་ལས། དཔེར་ན་རླུང་མཁྲིས་བད་ཀན་ཕ་སྤུན་འདྲ། །གཅིག་ལ་ནད་བྱུང་གཉིས་ཀྱང་མི་བདེ་ལྟར། །ཞེས་དང༌། དེ་ལ་རླུང་ནི་ནད་ཀུན་འཁྲུག་པའི་རྒྱུ། །སྣ་འདྲེན་མཇུག་སྡུད་འཐོར་དང་ཁྱབ་པར་བྱེད། །རང་རྒྱུད་གདུག་ཅིང་ནད་མང་རྩུབ་པའི་ཕྱིར། །ཞེས་དང༌། བྱེར་བ་མ་བསྡུས་གཉེན་པོ་བསྟེན་བྱས་ཀྱང༌། །རི་དྭགས་ཐང་འདེད་འདྲ་སྟེ་གསོད་མི་འགྱུར། །འདི་ལ་ཐང་དང་ཕྱེ་མ་ཟས་སྤྱོད་ཀྱིས། །རླུང་གཏོར་ནད་དེ་ཁོང་དུ་བསྡུས་བྱས་ལ། །གཉེན་པོ་བསྟེན་ན་མེ་ཐོག་ཆུ་བླུག་འདྲ། །འདུས་དཀའ་རྩ་སྦྱོངས་ཆུ་སྦྱོངས་ཆུ་ལུམས་བསྔགས། །ཞེས་གསུངས་སོ།།

གསུམ་པ་གཞན་དབང་ཅན་གྱི་ནད་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། དང་པོ་ནི། སྔ་ཕྱིའི་འགྲེལ་བྱེད་པ་རྣམས་ན་རེ། གཞན་དབང་ཅན་ཞེས་པའི་ནད་གང་ཡང་རུང་བའི་སྟེང་དུ་ནད་གཞན་བྱུང་བ་ནི་བླ་གཉན་དང་བཅས་པའི་ནད་ཡིན་ཏེ། དེ་ཡང་ནད་གང་ཡང་རུང་བ་རང་གི་གནས་སུ་བསགས་པ་དེ་ལྡང་བའི་རྐྱེན་དང་ཕྲད་ནས་ལངས་པ་དེ་རང་གི་ནུས་རྙེད་ནས་གནས་གཞན་དུ་ཕྱིན་པས་ཕྱི་མ་ལ་གནས་ནས། སྔ་མ་རང་གི་གནས་ན་གནས་པའི་ནད་དེ་ལ་གནོད་ཅིང་འཁྲུག་པར་འགྱུར་རོ། །བླ་གཉན་གྱི་ནད་དེ་སྟོབས་ཆུང་ན་རང་གི་གནས་ན་གནས་པའི་ནད་སྔ་མ་གསོ་བར་བྱ་ཞིང༌། ཕྱི་མ་སྟོབས་ཆེ་ན་བླ་གཉན་གྱི་ནད་དེ་བཅོས་པས་རང་གནས་ན་གནས་པའི་ནད་སྔ་མ་དེ་བཅོས་མི་དགོས་པར་འཚོ་བར་འགྱུར་ཏེ། དཔེར་ན་རྐུན་མོ་བསྟེན་པའི་རྗེ་བོ་བཞིན་ནོ། །ཞེས་ཟེར་རོ། འདིས་ནི་གཞུང་དོན་ལོག་པར་བཤད་པ་ཡིན་ཏེ། ནད་གང་ཡང་རུང་བ་རང་གནས་སུ་བསགས་པ་དེ་རྐྱེན་དབང་གིས་གཞན་གནས་སུ་ཕྱིན་ནས་རང་གནས་སུ་གནས་པ་གནོད་ཅིང་འཁྲུགས་ན་དེའི་ཚེ་རང་གནས་ན་ནད་འདི་ལྟ་བུ་ཞིག་ཡོད་ཅེས་ངོས་འཛིན་དང་བྲལ་བས་འཁྲུགས་པའི་ཟླ་བོ་གཅིག་ཤོས་གར་ཡོད། བླ་གཉན་གྱི་ནད་དེ་སྟོབས་ཆུང་ན་རང་གནས་ན་གནས་པའི་ནད་སྔ་མ་གསོ་བར་བྱ་རྒྱུ་དེ་གང་ལ་བྱེད། དེ་བཞིན་དུ་བཅོས་མི་དགོས་པར་འཚོ་རྒྱུ་དེ་གང་ལྟ་བུ། དེས་ན་བླ་གཉན་གྱི་ནད་ཅེས་བྱ་བའི་དོན་མ་ཤེས་པར་ནོངས་སོ། །གཉིས་པ་ཚིག་གི་དོན་ནི། གཞན་དབང་ཞེས་པ་ནས་རྗེ་བོ་བཞིན་ཞེས་པའི་བར་གྱིས་བསྟན་ཏེ། ནད་གཞན་དབང་ཅན་ཞེས་པ་ནི་ནད་སྔ་མ་གཅིག་གི་སྟེང་དུ་བླ་གཉན་གྱི་ནད་གཞན་ཞིག་དང་བཅས་པའི་ནད་པ་ཟེར་བ་ཡིན་ཏེ། དེ་ཡང་མཁྲིས་པ་ལྟ་བུའི་སྟེང་དུ་བླ་གཉན་རླུང་གི་ནད་བབས་པའི་ཚེ་རླུང་གིས་མཁྲིས་ཡུལ་ཕྲོགས་ནས་མཁྲིས་པ་རང་གི་གནས་ནས་ལངས་ནས་གནས་གཞན་རླུང་གི་སར་ཕྱིན། དེར་ཕྱིན་པ་ན་རང་གནས་སྔ་མ་ན་ཡོད་པའི་རླུང་ལ་གནོད་ཅིང་འཁྲུགས་པར་བྱེད་པས་ན་དེའི་ཚེ་རླུང་དེ་སྟོབས་ཆུང་ན་རང་གནས་སྔ་མ་ན་ཡོད་པའི་མཁྲིས་པ་དེ་ཉིད་གསོས་པས་རླུང་ཞི་བ་ན། འཐབ་གྲོགས་མེད་པར་མཁྲིས་ཡུལ་དུ་རླུང་མི་གནས་པ་ཆོས་ཉིད་ཡིན་ལ། ཕྱི་མ་རླུང་དེ་སྟོབས་ཆེ་ན་བླ་གཉན་གྱི་རླུང་དེ་ཉིད་བཅོས་པས་རླུང་གི་རང་གནས་ན་གནས་པའི་མཁྲིས་པ་དེ་བཅོས་མི་དགོས་པར་ཤུགས་ཀྱིས་འཚོ་སྟེ། ཡུལ་འཕྲོག་མཁན་གྱི་དགྲ་བོ་ཞི་བ་ན་རང་ཉིད་ཡུལ་དུ་ལོག་པས་བདེ་བ་ལྟ་བུའོ། །མདོར་བསྡུས་ཏེ་དཔེར་བརྗོད་ན་རྐུན་མོ་དང་དེ་བསྟེན་པའི་རྗེ་བོ་ཕན་ཚུན་སྟོབས་གང་ཆེ་བ་གཅིག་བཅོམ་ན་གཅིག་ཤོས་ཀྱིས་ལྡང་བར་མི་ནུས་པ་བཞིན་ནོ། །འདིར་བྲན་མོ་བསྟེན་པའི་རྗེ་བོ་ཞེས་མི་འདྲ་བ་འབྱུང་ཡང་དོན་གཅིག་པར་མངོན་ནོ།།

གསུམ་པ་ཁྱད་པར་གྱི་གསོ་ཚུལ་དགུ་བཤད་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ཁྱད་པར་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གསོ་ཚུལ་རྣམས་ཀྱི་ནང་ནས་ཁྱད་པར་གྱི་གསོ་བའི་ཚུལ་ལ་རྣམ་པ་དགུའི་སྒོ་ནས་བཅོས་དགོས་ཏེ། གང་ཞེ་ན། ཚ་གྲང་སོགས་ནད་ཀྱི་བྱེ་བྲག་ཇི་ལྟ་བར་མ་རྟོགས་ཀྱང་འདི་ལྟ་བུ་ཞིག་ཡིན་ནམ་སྙམ་པའི་དོགས་པ་དང་བཅས་ཏེ་གདེང་མ་ཐོབ་པའི་ནད་རྣམས་ལ་བྱི་ལ་སྟེ་ཞིམ་བུ་བྱི་བ་ལ་འཇབ་པ་ལྟ་བུའི་སད་མདའ་འོག་ནས་འབྱུང་བ་ལ་སོགས་པས་ལེགས་པར་བརྟགས་ཏེ་ངོས་ཟིན་པའི་ཚེ་གཉེན་པོ་སོ་སོས་བཅོས་པ་དང་གཅིག་དེ་ལྟ་བུའི་སད་མདས་བརྟག་མི་དགོས་པར་བལྟ་རེག་དྲི་བས་ངོས་ཟིན་ནས་ངེས་པ་རྙེད་ཅིང་འཁྲུལ་མེད་ཀྱི་གདེངས་ཐོབ་ན་རིའི་སྤོ་ལ་སོགས་པའི་མཐོས་ཀུན་གྱིས་མཐོང་བའི་གནས་སུ་དར་འཕྱར་བ་ལྟ་བུར་གང་དང་གང་གི་གཉེན་པོས་དངོས་སུ་བཅོས་པ་དང་གཉིས། ངོས་ཟིན་ཀྱང་གྲོགས་སྟོབས་ཀྱི་གཉེན་པོ་ནད་ཀྱི་ཐོག་ཏུ་མི་འབབ་པ་བྱུང་ན་ཐོག་མར་ནད་རང་རང་གི་ལམ་ལ་འཛུད་དགོས་ཏེ་དཔེར་ན་རྟ་ཤིན་ཏུ་རྒོད་པ་དཀྱུས་སུ་འཛུད་པ་ལྟ་བུར་སྨིན་སྡུད་དབྱེ་བའི་སྒོ་ནས་བཅོས་པ་དང་གསུམ། སྨན་པ་གཞན་གྱིས་སྔར་བཅོས་པའི་ནད་ལ་དམན་ལྷག་ལོག་པ་གསུམ་པོ་གང་ཡིན་ལེགས་པར་བརྟགས་ལ་སྐྱར་མོས་ཉ་ལེན་པ་བཞིན་དུ་མ་ནོར་བར་བཅོས་པ་དང་བཞི། ཤིན་ཏུ་སྟོབས་ཆེ་བའི་ནད་རྣམས་ལ་སྨན་དཔྱད་ཟས་བཅོས་བཞི་ག་དཔུང་བསྐྱེད་ནས་ལག་གཏོད་ཀྱི་མི་ཤ་འཕྲང་དུ་ཕྲད་པ་གསོད་པ་ལྟ་བུར་བཅོས་པ་དང་ལྔ། སྟོབས་ཆུང་གི་ནད་རྣམས་ལ་སྤྱོད་ལམ་དང་ཟས་དང་སྨན་དང་དཔྱད་བཞི་བོ་སྐས་གདང་ལྟ་བུར་མས་འཛེགས་ཀྱི་རིམ་པས་བཅོས་པ་དང་དྲུག ལྡན་འདུས་མ་ཡིན་པ་རྐྱང་བ་རང་རྒྱུད་ཅན་གྱི་ནད་ལ་དཔའ་བོས་དགྲ་འདུལ་བ་བཞིན་དུ་སྟེ། དགྲ་བོ་དེ་ཉིད་གཞིལ་ནས་གཞན་གང་ལའང་གནོད་མེད་ཀྱི་སྦྱར་བས་བཅོས་པ་དང་བདུན། དེ་ལས་ལྡོག་པ་ལྡན་འདུས་ཀྱི་ནད་རྣམས་ལ་འདུ་བ་གསུམ་པོ་ཆ་མཉམ་པ་ཁོ་ནར་གཅེས་ཏེ། ཡུལ་གྱི་གཙོ་བོས་ཕན་ཚུན་དམེ་ཤོར་གྱི་འཁྲུག་པ་ཟླུམ་པ་ལྟ་བུར་ཉེ་རིང་མེད་པའི་སྒོ་ནས་བཅོས་པ་དང་བརྒྱད། མདོར་ན་དེ་དག་ཀུན་ལ། གནོད་བྱ་ཡུལ་དུས་རང་བཞིན་ན་ཚོད་དང༌། །ཞེས་བྱ་བ་ལ་སོགས་པའི་ཆོས་བཅུ་དང་སྦྱར་ནས་མཛོ་ཁལ་མཛོ་དང་ལུག་ཁལ་ལུག་ལ་འགེལ་བ་ལྟ་བུར་སྟོབས་ཆེ་ཆུང་གང་ལ་གང་འཚམ་པས་བཅོས་པ་སྟེ་རྣམ་པ་དགུའོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་ཚུལ་སྤྱིར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།