སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

ལེའུ་ཉེར་བདུན་པ་ཆམ་པ་གསོ་བ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་གཞུང་དོན། ལེའུའི་མཚན་ནོ། །དང་པོ་ནི་དེ་ནས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ལ་ལྔ། ཆམ་པའི་རིམས་ཀྱི་རྒྱུ་བསྟན་པ། དེ་བཞིན་དུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་རྣམས་བཤད་པའོ། །དང་པོ་རྒྱུ་ནི། ཆམ་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྐྱེན་ནི། ཁྱད་པར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གྲེ་ཆམ་དང་གློ་ཆམ་དང་རིམས་ཆམ་དང་སྣ་ཆམ་དང་རྣམ་པ་བཞིའོ། །བཞི་པ་དེ་རྣམས་ཀྱི་རྟགས་བཤད་པ་ལ་བཞི། གྲེ་ཆམ། གློ་ཆམ། རིམས་ཆམ། སྣ་ཆམ་མོ།།

དང་པོ་གྲེ་ཆམ་གྱི་རྟགས་ནི། དེ་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་གློ་ཆམ་གྱི་རྟགས་ནི། གློ་ཆམ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་རིམས་ཆམ་གྱི་རྟགས་ནི། རིམས་ཆམ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བཞི་པ་སྣ་ཆམ་གྱི་རྟགས་བཤད་པ་ནི། སྣ་ཆམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་བཅོས་ཐབས་བཤད་པ་ལ་གསུམ། སོ་སོའི་སྒོས་བཅོས་བསྟན་པ། སྤྱིའི་ཟས་སྤྱོད། འགྲམས་བཅོས་གཞན་དུ་ཁ་འཕངས་པའོ། །དང་པོ་ལ་བཞི། གྲེ་ཆམ། གློ་ཆམ། རིམས་ཆམ། སྣ་ཆམ་བཅོས་པའོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི་གློ་ཆམ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། སྲོ་ལོ་ཤིང་མངར་སྤང་རྒྱན་གྱི་སྟེང་དུ་འོམ་བུ་ཨ་རུ་ར་ལུག་མུར་བཙོད་གོ་སྙོད་བསྣན་པའི་སྐོལ་གྲངས་བཏང༌། ལི་ཤི་དྲུག་པ་དང་ག་བུར་ཉེར་ལྔ་པ་གཉིས་ཕྱི་རྒྱུད་ལྟར་རོ། །གསུམ་པ་ནི། ཆམ་རིམས་ཞེས་རྐང་པ་བཅུས་བསྟན་ཏེ། དྲི་བཟང་བཞི་ནི། ཡན་ལག་བརྒྱད་པར། ཤིང་ཚ་སུག་སྨེལ་པ་ཏྲ་གུ་རུ་ཡིན་དང༌། །གེ་སར་དང་བཅས་དྲི་བཟང་བཞི། ཞེས་གསུངས་པ་དེའོ། །ཟླ་ཟེར་དུ་ནི། ཤིང་ཚ་ཞོ་དོ། །སུག་སྨེལ་ཞོ་གསུམ་གྷནྡྷ་པ་ཏྲ་སྟེ་དོན་དུ་གོ་ཡུ་ཞོ་དྲུག ཅུ་གང་ཞོ་བརྒྱད་དོ་གསུངས། མཆན་ལ་ལར། སུག་སྨེལ། མ་ནུ་པཏྲ། པདྨ་གེ་སར། ལི་ཤི་ཟེར་བའང་སྣང༌། བྱ་བ་བཀྲ་ཤིས་རྣམ་རྒྱལ་བ་ནི། དྲི་བཟང་ཞེས་པ་ག་དུར་བཞི་ཞེས་པར་ཤིང་ཚ་སུག་སྨེལ་གྷནྡྷ་པ་ཏྲ་གེ་སར་ཞེས་བཀོད་འདུག་གོ བཞི་པ་ནི་སྣ་ཆམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་སྤྱིའི་ཟས་སྤྱོད་བསྟན་པ་ནི། ཆུ་འཕྲུལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆུ་འཕྲུལ་ནི། ཆུ་བསིལ་ལ་རྩམ་པ་རན་ཙམ་བཏབ་ནས་དཀྲུགས་ལ་སྦྱིན་པ་དེའོ། །ཕྱེ་ཚོད་ཆབ་ཚ་ནི། ཕྱེ་ཐུག་ཚ་སྡོར་ཞན་པ་ལ་ཆབ་ཚ་ཞེས་བྱའོ། །གསུམ་པ་འགྲམས་བཅོས་གཞན་དུ་ཁ་འཕང་བ་ནི། འགྲམས་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ནས་ཉི་ཤུ་བདུན་པའི་བར་རོ། །གསུམ་པ་སྐབས་ཀྱི་རྫོགས་ཚིག་བཤད་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་གསུམ་པ་ཚད་པ་གསོ་སྐབས་ཀྱི། དཀའ་བའི་གནད་ཀྱི་བརྗོད་བྱ་ལྷག་མ་མ་ལུས་པ་བཤད་ཟིན་ཏོ།

        འདིར་སྨྲས་པ། ཕྱི་རུ་ཚིག་དོན་རྣམ་བཤད་འོད་དཀར་ཅན། །ནང་དུ་རྣམ་དཔྱོད་ཀུནྡ་བདེ་བའི་རྟེན། །གཞན་དུ་རབ་བསིལ་ག་བུར་དྲི་བཟང་ཅན། །ཀུན་དགའ་གསར་པ་བསྐྱེད་པའི་བྱེད་པོ་ཡིན། །བློ་གྲོས་མིག་དང་བྲལ་བའི་དམུས་ལོང་འགའ། །གཞུང་གདམས་གླང་པོ་བསྟན་ཀྱང་ལོག་པར་འཛིན། ཁེངས་དང་རང་བཟོའི་འཁར་བར་བརྟེན་བྱས་ནས། །འདོད་པས་ལམ་གོལ་ཞུགས་རྣམས་ཅི་འདྲ་ཨང༌། །སྙིགས་དུས་འགྲོ་འདི་ནད་ཀྱི་མུན་པས་བསྒྲིབས། །བདེ་བར་སྣང་ཡང་དུག་ལྔའི་རབ་རིབ་འཛིན། །གསོ་དཔྱད་གཞུང་འདི་ཉིན་བྱེད་གཅིག་པུར་ཁུམས། །འདི་ཉིད་རྟོགས་པའང་ཉིན་མོའི་སྐར་མ་ཙམ། །ཕྱོགས་འདིར་མཁས་བླུན་ཤེས་པའི་སྐྱེ་བོ་དབེན། །ཡི་གེའི་རྐྱེན་དང་བྱ་བས་རིང་དུ་བསྒྲལ། །དེ་ལྟ་ནའང་སྐྱེ་འགྲོའི་སྡུག་བསྔལ་དག །སྙིང་ལ་གཟེར་བ་མི་བཟོད་བླ་རྡོལ་སྨྲ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།