སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།



ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས།  གག་ལྷོག་རིམས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །དེ་ཡི་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

རྒྱུ་ནི་ཁྲག་གནས་དུག་ཅན་སྲིན་བུ་བདུན། །ཟངས་ལྟར་དམར་ཞིང་ཕྲ་ལ་བལྟས་མི་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས།།
དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། །དེ་ཕྱིར་དཀར་མངར་གནོད་ཅིང་དུག་གིས་འཇོམས།།

དབྱེ་བ་བབས་ས་མིང་གིས་ཐ་དད་དེ། །མགོ་ལ་བབས་ན་ཀླད་གཟེར་ཞེས་བྱ་ཞིང༌། །གྲེ་བར་གག་པ་རོ་སྟོད་གཟེར་ཐུང་སྟེ། །ཕོ་བར་གཉན་གླང་རྒྱུ་མར་རྒྱུ་གཟེར་ལ། །ལྤགས་ལ་མེ་དབལ་ཚིགས་ལ་རྨེན་བུ་སྐྱེད། །ཉྭ་ལ་ཉྭ་ལོག་ཤར་བབས་ལྷོག་པར་བཤད། །ཤ་རུས་རྩར་བེམ་འདྲུལ་ཕྱིར་འབྲས་ཞེས་བྱ། །འོན་ཀྱང་འདི་རུ་གག་ལྷོག་གཉིས་སུ་བསྡུ། །ལྷོག་པའི་དབྱེ་བ་འབྱུང་བ་ནད་གཞི་རིགས། །འབྱུང་བས་དབྱེ་ན་ས་མེ་ཆུ་རླུང་བཞི། །ནད་གཞིས་དབྱེ་ན་དཀར་ནག་ཁྲ་བོ་གསུམ། །རིགས་ཀྱིས་དབྱེ་ན་རྒོད་དང་ཡང་རྒོད་དང༌། །ཡམ་བུ་ཡུ་མོ་ཞེས་བྱ་བཞི་རུ་བཤད། །གག་པ་ཕོ་མོ་བུ་དང་གཉན་གག་གོ།

བརྟག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་ངོས་བཟུང་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་སྐྲངས་དབྱིབས་འབྲུམ་པ་ཆུ་བུར་འདྲ། །ཉ་སྦྲུལ་སྡོམ་སྡིག་རྟ་བླ་སྦལ་ལྕོང་དང༌། །ན་ཆུང་ནུ་མ་ལྟར་སྐྲངས་ཉམ་ང་འཇིགས། །ཁ་དོག་དམར་རམ་ནག་སྨུག་ཁྲ་བོར་སྐྲངས། །ན་ལུགས་ཕྲུམ་སེར་ཁྱེར་དང་ཚིགས་གཞི་ན། །མགོ་ན་ཁ་ཁ་འཕྱོ་འདར་སྙིང་མི་དགའ། །ནང་རྟགས་རྩ་ཆུ་རེག་བྱ་རྒྱུན་སྲང་བཞི། །རྩ་ནི་ཁ་རྒྱུག་གཏིང་གྲིམས་ཁོང་ན་འདར། །ཆུ་ནག་རླངས་འཐིབས་ཀུ་ཡ་འཁྲུགས་ནས་འོང༌། །རེག་བྱ་ཚོར་མེད་ཡང་ན་བཟོད་པ་ཆུང༌། །ཤིན་ཏུ་ཚའམ་ཤིན་ཏུ་གྲང་བར་འགྱུར། །རྒྱུན་སྲང་སོག་སྤྲིན་འབྱིལ་དང་བ་སྤུ་ལོག །ཨན་སྟོང་འགྲམ་འཕར་སྒལ་མཆན་དམར་ཐིག་འབྱུང༌། །གསང་རྟགས་ནག་པོ་(མུ་ཟི་ཤུ་དག་གླ་རྩི་)གསུམ་བཏང་དངངས་འདར་ཡིན། །བྱེ་བྲག་རྟགས་ལ་ལྷོག་པ་གག་པ་གཉིས། །ལྷོག་པའི་རྟགས་ལ་ས་ལྷོག་སྐྲངས་བརྟན་སྲ། །སྐྲངས་མདོག་ཐོར་པའི་མགོ་བོ་ནག་པོར་འོང༌། །མེ་ལྷོག་དམར་ཚ་མཆེད་སྐྱེན་མེས་ཚིག་འདྲ། །ཆུ་ལྷོག་འཇམ་བསིལ་ཆུ་བུར་ཆུ་སེར་འཛག །རླུང་ལྷོག་སྐྱ་གསོབ་མི་བརྟན་འཕར་ཞིབ་བྱེད། །དཀར་པོ་ཟུག་ཆུང་རྩ་ཆུ་ཕྱི་ཡུལ་གྲང༌། །ནག་པོ་ཟུག་ཆེ་རྩ་ཆུ་ཕྱི་ཡུལ་ཚ། །ཁྲ་བོ་རྟགས་འདྲེས་ཟུག་གཟེར་ལྡང་དུབ་བྱེད། །རྒོད་ནི་འབྲོས་སྐྱེན་ནད་དྲག་སྐྲངས་པ་སྐྱེན། །ཡང་རྒོད་ཁོང་དུ་འཆོར་སྐྱེན་འཁོར་ལ་ཁྲོ། །ཡམ་བུ་སྐྲངས་པ་འབར་འབུར་ཡམས་ཐབས་འོང༌། །ཡུ་མོ་སྲ་བརྟན་ནད་ཟུག་ཆུང་བའམ། །ཡང་ན་སྙི་ལ་འདོལ་ཞིང་འགུལ་བ་འོ། །ལ་ལ་ལྷོག་པ་གཉིད་པོ་ཞེས་སུ་འདོགས། །གག་པ་ངོས་བཟུང་ལྕེ་སྟེང་བད་ཀན་མཐུག །ལྕེ་མཆུ་འགྲམ་དང་རྐན་ཕུགས་ཐོར་པ་ཆགས། །གྲེ་བ་སྐད་འགགས་ཟས་དང་སྐོམ་མི་ཐར། །ཁྱད་པར་ཕོ་གག་སྐར་ཆེན་ཤར་བ་འདྲ། །མོ་གག་རྒྱ་ཕོར་ཁ་སྦུབ་ལྟ་བུ་སྟེ། །བུ་གག་ཞོ་ཆལ་གཏོར་བ་འདྲ་བར་འོང༌། །གཉན་གག་རལ་གྲི་སྣ་མའི་གཞུང་འདྲ་འམ། །རུས་སྦལ་རྒྱབ་དང་ཁྲོ་བོའི་མིག་དང་འདྲ། །མིག་ལ་མ་ཐོགས་ཕྱི་ཡི་རྟགས་ལ་བཟུང༌།།

བཅོས་པའི་ཐབས་ལ་ལྷོག་པ་གག་པ་གཉིས། །ཟས་སྤྱོད་བསད་སྦྱང་བཞི་ནི་སྤྱི་རུ་རྒྱུག །ཁྱད་པར་ལྷོག་པ་བྱུག་པ་བསྲེག་པས་བཅོས། །བྱེར་ཞུད་འཁྱམས་དང་ཆུ་སེར་ལོག་པ་མནན། །གག་པ་ཞི་བཞུ་བཅད་པ་གསུམ་གྱིས་བཅོས། །ཡར་རྫོང་མར་རྫོང་ཤོར་བབས་ལོག་གནོན་གཅེས། །དང་པོ་ཁ་ཟས་དཀར་མངར་རུལ་སྐྱུར་སྤང༌། །ཕྱེ་ཚོད་དྲལ་ཐུག་ཆུ་གྲོག་བསྟེན་པར་བྱ། །སྤྱོད་ལམ་ཆགས་པ་ཉིན་གཉིད་དྲག་ཤུལ་དང༌། །རྟ་ཞོན་འཁྲོ་འཚིག་ཆུ་རྒལ་མི་སྡུག་སྤང༌། །བསད་ཐབས་མཐུན་པ་སྨན་གྱིས་བསད་པ་དང༌། །མི་མཐུན་གཉེན་པོས་བསད་པར་བྱ་བ་དང༌། །ནུས་པ་སྔགས་ཀྱིས་བསད་པ་རྣམ་པ་གསུམ། །མཐུན་པ་གླ་རྩི་བཟང་དྲུག་གུ་གུལ་ནག །ཚ་ན་ག་བུར་གི་ཝཾ་ཙན་དན་བསྣན། །གྲང་ན་ཤུ་དག་ཤིང་ཀུན་བསྣན་པར་བྱ། །ཡང་ན་ཨ་བྱག་སྟག་ཤ་གུ་གུལ་ནག །གླ་རྩི་ཤུ་དག་ཨ་རུ་སྦྱར་ལ་བཏང༌། །མི་མཐུན་གཉེན་པོས་བསད་ཐབས་རྐྱང་སྦྱོར་དང༌། །གཙོ་འཁོར་སྦྲག་དང་མང་སྦྱོར་ཆེན་མོ་གསུམ། །དང་པོ་སྔོན་འགྲོ་བསྡུ་བསད་ལོག་གནོན་བཞི། །སྔོན་འགྲོ་རྫས་(རྨིགས་པའི་ཤ་ནས་ཙམ་ནས་དཀར་འབྲུ་གསུམ་སྐྱི་འབྲུ་གཅིག་རྒྱ་གཡེར་གཅིག་)བཞི་ཆུ་དང་སྦྱར་ལ་བཏང༌། །ཉེས་པའི་ཁ་གནོན་ཡོན་ཏན་བརྒྱད་དང་ལྡན། །བསྡུ་བ་བུར་དཀར་ཆང་སྦྱར་ཕུལ་གང་བཏང༌། །རླུང་གནོན་བྱེར་སྡུད་གཉེན་པོས་གསོད་པ་སླ། །བསད་ལ་སྨན་དང་སྦྱར་ཚད་བཏང་ཐབས་གསུམ། །སྨན་ནི་ཕྱི་འཛིམ་ནང་འཛིམ་གསང་འཛིམ་གསུམ། །ཕྱི་འཛིམ་ར་དུག་རྩ་བ་དུས་བརྐོས་པ། །ནང་འཛིམ་མགོ་དགུ་མགོ་བདུན་ལྔ་གསུམ་ལ། །གསང་འཛིམ་འབྲས་བུ་ལོ་གཅིག་སྐྱེས་པའོ། །རྨ་མེད་ཞག་བདུན་མེ་ཡི་སྤྲིན་ལ་བདུག །སྦྱར་ཐབས་ནས་ཙམ་ཀ་ར་བརྡར་ཕྱེ་དང༌། །ལོ་བརྒྱད་ཁྱེའུ་དགེ་སློང་དྲི་ཆུར་སྦྱར། །བཏང་ཐབས་མ་སོད་བར་དུ་བསྐྱར་ཞིང་བཏང༌། །རྔུལ་དབྱུང་སོད་རྟགས་ལུས་སྦྲིད་སོར་མོ་རེངས། །ཟུག་ཆོགས་སྐྲངས་ཆོམས་རྔུལ་ཆུར་འབྱུང་བ་ཡིན། །ལོག་གནོན་མིང་པོ་བདུན་གྱི་སྲིང་གཅིག་མ། །རྩ་བ་མེ་ཏོག་དབྱར་དགུན་དུས་དང་བསྟུན། །ཐུན་རེ་བོད་ཚྭ་སྦྱར་བས་སྨན་ལོག་འཇོམས། །སོད་རྟགས་མེད་ཀྱང་གསུམ་གྱི་རེ་རེ་གཅེས། །སྦྱོར་བ་འདི་ལ་དམན་ལྷག་ལོག་གསུམ་འགྱུར། །དམན་པ་མ་སོད་གཡག་ཤོར་རྟ་ཆད་འདྲ། །སྦྱོར་བ་ལོག་པ་གཡག་མེད་རྟ་རྒྱུག་འདྲ། །དེ་བཞིན་ལྷག་པ་གཡག་སོད་བང་ལྷག་འདྲ། །དེ་ཕྱིར་འདི་ལ་མཁས་པས་གཟབ་པར་རིགས། །གཙོ་འཁོར་བཅས་ལ་གཉེན་པོ་ཡོད་མེད་གཉིས། །མེད་པ་འཛིམ་པ་ཤུ་དག་ར་ཐུག་སྦྲེ། །མི་ཡི་དཔྱི་རུས་ཐལ་བ་བཞི་སྦྱར་ཏེ། །ཐུན་ཚད་ནད་སྦྱར་དྲིལ་ཆུས་སྦྱངས་ལ་བཏང༌། །རྔུལ་དབྱུང་སྨན་ནད་བྱུང་ན་སོད་པ་ཡིན། །མ་སོད་བསྐྱར་ཞིང་སོད་ན་ལོག་གནོན་གཅེས། །གཙོ་འཁོར་གཉེན་པོར་བཅས་ལ་བཙན་དུག་དང༌། །ཨ་རུ་གླ་རྩི་མུ་ཟི་གུ་གུལ་ནག །བཟང་དྲུག་རུ་རྟ་ཤིང་ཀུན་ཤུ་དག་རྣམས། །དྲི་ཆུར་སྦྱར་བའི་རིལ་བུ་སྲན་ཙམ་བྱ། །དངུལ་ཆུ་བསྣན་ཡང་མཆོག་ཏུ་ཤིས་པ་ཡིན། །མ་སོད་བར་དུ་བཏང་ཞིང་རྔུལ་དུ་དབྱུང༌། །མང་སྦྱོར་ཚེ་གཅིག་ལུས་གཉིས་བླངས་པའི་ཤས། །གཙོ་བྱས་གདུག་པ་ཅན་གྱི་ཤ་རྣམས་དང༌། །གླ་རྩི་གུ་གུལ་མུ་ཟི་ལ་སོགས་པ། །རྡོ་རྩི་སྔོ་ཡི་དྲི་སྨན་སྣ་ཚོགས་དང༌། །སེང་ལྡེང་ལ་སོགས་ཚེར་མ་ཅན་རྣམས་དང༌། །བཙན་དུག་ལ་སོགས་དུག་སྣ་ཚོགས་ཚད་དང༌། །ཚད་དུ་(དུག་སྨན་ཆ་གཅིག་ཚེར་སྨན་ཆ་གཉིས་ཤ་སྨན་ཆ་གསུམ་དྲི་སྨན་ཆ་བཞི་)སྦྱར་ཏེ་རྩི་བཞིན་བཏགས་བྱས་ལ། །དྲི་ཆུས་སྦྲུས་པའི་རིལ་བུར་སྔགས་དབང་བསྐུར། །གཉན་ནད་མ་ལུས་ནད་རིགས་ཀུན་ལ་འགྲོ། །ཁྱད་པར་གག་ལྷོག་འཇོམས་པའི་གཉེན་པོ་ཡིན། །སྔགས་ཀྱིས་བསད་པ་ལྕགས་ཀྱི་བྱ་ཁྱུང་བསྒོམ། །སྔགས་ཆུ་བླུད་ཅིང་སྐྲངས་ཀྱི་མཐའ་ནས་བརྡེག །ཨོཾ་ནག་པོ་ཀཱ་ལ་རཀྵ་རྦད་རྦད། །སོད་སོད།  ཕྱུངས་ཕྱུངས། །སྤུ་གྲི་ཟངས་ཟངས། །ལྕགས་ཀྱི་ལྡེར་མོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོ། །ནཱ་ག་བྱི་ར་ཡ་སོད།  ནཱ་ག་བྱི་མ་ལིང་སོད། །སྨྲ་བ་བཅད་དེ་བཟླས་པས་གཉན་རྣམས་གསོད། །ཐ་མ་རོ་དབྱུང་རྒྱལ་བློན་(ཐར་ནུ་ཆུ་རྩ་ཧོང་ལེན་)དྲི་ཆུས་སྦྱང༌། །བཤལ་ཐེབས་ལྕག་གིས་བྲབས་ལ་དག་པར་སྦྱང༌། །ཡང་ན་བཟང་དྲུག་གླ་རྩི་གུ་གུལ་ནག །ཤུ་དག་མུ་ཟི་སྟག་ཤ་ཤ་ཆེན་དང་། །ལྷོག་དུག་ཐར་ནུ་ཆུ་རྩ་དུག་པུས་པ། །གསེར་གྱི་མེ་ཏོག་ཧོང་ལེན་གི་ཝཾ་རྣམས། །དྲི་ཆུ་སྦྱར་བས་གསོད་སྦྱོང་ཆིག་ཆོད་བྱེད། །དེ་ནས་ཁྱད་པར་ལྷོག་པ་བཅོས་པ་ལ། །བྱུག་པ་འཛིམ་པ་མུ་ཟི་སྟག་ཤ་བ། །གླ་རྩི་གུ་གུལ་གཉན་དུག་ལྷོག་པ་གསོད། །སོ་ཐོག་ཀྱི་ལྕེ་བྲག་སྤོས་ཆུ་རྩ་དང༌། །སྤྲུ་རྩ་ཁྱི་སྤྱང་མི་བྲུན་སྐྲངས་པ་འཇོམས། །རྭ་གཞོབ་དུད་པ་བྱ་བལ་བྱ་བྲུན་ཏེ། །བྲག་ཞུན་ཤུ་དག་དྲི་ཆུ་ཀུན་གྱི་གྲོགས། །ཞིབ་ལ་སླ་བ་མ་སྐམས་ཡང་ཡང་བྱུག །སྐྲངས་ཚད་མི་བཤིག་འབྲོས་སྣ་ནོན་པ་གཅེས། །མ་ནོན་ཤོག་བུ་སྤུ་ནན་ཕྱིང་ནན་བྱ། །བྱུག་པ་ཁོང་སྨན་གཉིས་ཀྱིས་མ་སོད་ན། །མེ་ཡིས་བསྲེགས་ལ་ལུང་པའི་མདོ་སྒོ་བགག །རི་བོའི་རྩེ་ལ་མེ་རྒྱ་གདབ་པ་དང༌། །སྐྲངས་ཀྱི་ཐ་མ་དམག་གིས་བསྐོར་བ་དང༌། །སྟེང་དུ་གནམ་ལྕགས་དབབ་པ་བཞི་ཡིས་བཅོས། །བསྲེགས་རྗེས་ཁོང་སྨན་བྱུག་པ་བསྟུན་ལ་བསད། །ཐུབ་པའི་རྟགས་སུ་སྐྲངས་བྲི་ཟུག་གཟེར་ཆོགས། །ཡང་ན་རྣག་ཏུ་ཁུགས་ན་འཚོ་བ་ཡིན། །རྣག་ཏུ་ཁུགས་ནས་ཡན་ལག་བཞིན་དུ་བཅོས། །ནད་ལོག་བྱེར་ཞུད་འཁྱམས་དང་ཆུ་སེར་ལོག །བྱེར་ལ་རྩ་ཤ་སྐྱི་རྣག་བྱེར་བ་བཞི། །རྩ་བྱེར་མེ་བཙའ་གཏར་ག་སྦྱོངས་ཀྱིས་དགུག །ཤ་བྱེར་ཁྲ་བོ་ནག་པོའི་ཆས་ཀྱིས་དགུག །སྐྱི་བྱེར་ལྤགས་ལ་བྱེར་བ་སྐམ་རྩིས་དགུག །རྣག་བྱེར་ཁྲུས་ནན་དེབ་དང་ཆིངས་ཀྱིས་དགུག །ཞུད་པ་གདོན་བཅོས་ཞོ་སྦང་སྦྱར་བས་བསླང༌། །ཡང་ན་སྦང་མ་བྱུག་པས་བྲན་ལ་བདུག །འཁྱམས་པ་དོན་འཁྱམས་རྩ་དྲག་རྔམ་པ་རྒོད། །འཕྲང་བཅད་ཁོང་དུ་བསྡུས་ལ་གཉེན་པོས་བསད། །སྣོད་འཁྱམས་དང་ག་མི་བདེ་འཁྲུ་སྐྱུག་བྱེད། །བཤལ་གྱིས་སྦྱང་བ་ལོག་གནོན་དམ་པ་ཡིན། །ཆུ་སེར་ནག་པོར་ལོག་ན་སྨྱོ་འབོག་བྱེད། །མིག་ལྡོག་སྣ་ནས་ཆུ་སེར་ཁྲག་འཛག་ན། །སྣ་བཤལ་བཏང་ཞིང་ག་བུར་རྒྱལ་བློན་སྦྱར། །དྲུག་པ་བདུན་པ་དཀར་ནག་མཚམས་སུ་བསྲེག །དེ་ལ་སྐྱེད་མེད་ལས་ཀྱིས་འཆི་བ་ཡིན། །གག་པའི་བཅོས་ཐབས་ཞི་བཞུ་བཅད་པ་ནི། །ཞི་བ་ཚྭ་བཙོད་འཛིམ་པ་ཕོ་ཚོས་གདབ། །བཞུ་བ་ཚྭ་ལ་རྒྱ་ཚྭ་མཚུར་གཉིས་གདབ། །བཅད་པ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ། །དེས་མ་ཆོད་ན་ཀྱོང་བུས་བཞར་རྗེས་བསྲེག །གག་པ་གཉན་ཚད་གྲེ་བར་འགགས་པའི་ཕྱིར། །འདི་ལ་དཔྱད་མཆོག་སྦྱོངས་འདྲ་གཞན་ན་མེད། །ནད་ལོག་ཡར་རྫོང་ཀླད་ལ་ཤོར་བ་ན། །སྣ་ནས་ཆུ་སེར་འཛག་ཅིང་བླ་འཆོལ་སྨྲ། །དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང༌། །མར་རྫོང་སྙིང་ལ་ཤོར་ན་ཤེས་པ་སྨྱོ། །ལྕེ་གཞུང་ནག་ལ་ག་བུར་རྒྱལ་བློན་སྦྱར། །དེ་ལ་སྐྱེད་མེད་ཚེ་ཟད་སྤང་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གག་ལྷོག་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།