སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།



ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མིག་གི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ནད་ཀུན་འཁྲུག་པར་བྱེད་པ་དང༌། །ཁྱད་པར་ཤ་རུལ་བཙོང་སྒོག་ཆང་སྐྱུར་སོགས། །མིག་ལ་གནོད་ཅིང་ཁྲག་མཁྲིས་སྐྱེད་པའི་ཟས། །བསྟེན་པ་རྩ་ནང་འགྲིམས་པས་མིག་ནད་སྐྱེད། །སྤྱོད་ལམ་དྲག་ཤུལ་མི་ཐེག་ཁུར་བ་དང༌། །དུ་བ་བསེར་བུ་ཁ་བ་མཚོན་ལ་སོགས། །རྐྱེན་གྱིས་ཕོག་པས་མིག་ནད་སྐྱེད་པར་བྱེད།།

དབྱེ་བ་མིག་ཆུའི་ནད་དང་མིག་ཚག་དང༌། །ལིང་ཐོག་རབ་རིབ་འགྲིབས་དང་རྣམ་པ་ལྔ། །མིག་ཆུ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །འདུས་པ་སྲིན་བུ་མིག་ནད་སྒྲ་ངན་བདུན། །ཚག་པོ་སྐམ་ཚག་གཤེར་ཚག་གདུང་གྱུར་གསུམ། །དེ་ལ་རླུང་མཁྲིས་བད་ཀན་ཁྲག་དང་བཞི། །ལིང་ཐོག་རབ་རིབ་དབྱེ་བའང་དེ་བཞིན་ནོ། །འགྲིབས་ལ་སྲོད་ལོང་ཕྱི་ནང་བར་འགྲིབས་གསུམ། །ཕྱི་འགྲིབས་ཤ་ལྷག་ཤ་མཛེར་རྩ་དྲ་དང༌། །སྔོ་རིབ་ལིང་རོས་ཁེབ་དང་རྣམ་པ་ལྔ། །ནང་འགྲིབས་ཆུ་འཁྲུགས་རྩ་མདངས་ཉམས་པ་གཉིས། །བར་འགྲིབས་རླུང་མཁྲིས་བད་ཀན་འདུས་པ་བཞི། །སུམ་ཅུ་རྩ་གསུམ་མིག་ནད་དབྱེ་བར་འདོད།།

དེ་རྟགས་མིག་ཆུའི་ནད་ལ་རླུང་གྱུར་པ། །མཆི་མ་འཛག་ཅིང་རྡུལ་གྱིས་གང་སྙམ་སེམས། །འཛུམ་པར་དཀའ་དང་དུས་མེད་འབྱེད་འཛུམ་བྱེད། །ཆུ་དང་བད་ཀན་ཁྲག་རྣག་གྲ་མཚམས་འཛག །མཁྲིས་གྱུར་ཚ་དམར་འདྲུལ་ཞིང་འབྲུམ་ཕྲན་ཁྱབ། །གཡའ་ཞིང་སྐྲངས་ལ་ཆུ་སེར་རྣག་བཅས་འཛག །ཁྲག་གྱུར་ཟུག་ཆེ་འབྲུམ་ཕྲན་དམར་པོས་ཁྱབ། །བད་ཀན་ལས་གྱུར་འབྲུམ་ཕྲན་དཀར་པོས་གང༌། །མིག་ནང་འབྱར་ཞིང་གཡའ་ལ་ཟུག་ཆུང་བ། །འདུས་གྱུར་མིག་ཞུ་རྫི་མ་ནང་དུ་ཟུག །ཚ་སྐྲངས་མཆི་མ་འཛག་ཅིང་མིག་མཆུ་འབྱར། །སྲིན་གྱུར་སྲིན་བུ་སུབ་འདོད་གཡའ་བ་འབྱུང་། །བྱིས་པའི་མིག་ནད་སྒྲ་ངན་སོ་སྐྱེ་ཚེ། །མ་ནད་ལས་བྱུང་དམར་ཚ་འབྱར་ཞིང་སྐྲངས། །ལག་པས་མིག་དང་སྣ་ཉེད་གསོ་དཀའ་ཡིན། །མིག་ནད་སྐམ་ཚག་བད་རླུང་ལས་གྱུར་པ། །མིག་སྐམ་རྩུབ་ཅིང་ཚ་ལ་བསེར་བུ་གནོད། །གཤེར་ཚག་ཁྲག་དང་མཁྲིས་པ་ལས་གྱུར་པས། །དམར་ཚ་ཉི་མ་མི་བཟོད་མཆི་མས་ཁེངས། །གདུང་བའི་མིག་ནད་རླུང་གྱུར་ལྡང་དུབ་བྱེད། །རྡུལ་གྱིས་གང་ངམ་བུས་སྙམ་བྱེད་པ་དང༌། །མགོ་འཁོར་རྣ་བ་འུར་ཞིང་མིག་དམར་སྐྲངས། །མཁྲིས་གྱུར་ཚ་སྐྲངས་དམར་འདྲུལ་སེར་པོར་མཐོང་། །མེ་མདག་གཏོར་སྙམ་མཛེར་ཐབས་ཁྱབ་པ་ཡིན། །ཁྲག་གྱུར་ཤིན་ཏུ་ན་ཞིང་རེག་མི་བཟོད། །མེ་ཉི་མི་བཟོད་མིག་དམར་དམར་པོར་མཐོང༌། །བད་ཀན་གཡའ་སྐྲངས་མིག་གི་འབྲས་བུ་ཞུ། །གདུང་བ་ཕལ་ཆེར་སོ་དང་མུར་འགྲམ་དང༌། །མཁུར་ཚོས་མགོ་བོ་ན་ཞིང་རིབ་ཚབས་ཆེ། །ལིང་ཐོག་མིག་འབྲས་དཀར་ནག་སྟེང་དག་ཏུ། །རླུང་གྱུར་སྔོ་སྲབ་མཁྲིས་པ་ཐིག་ལེ་སེར། །ཁྲག་གྱུར་མཚོན་གྱིས་གཙེས་འབྱུང་དམར་པོར་འོང༌། །བད་ཀན་ལས་བྱུང་མཐུག་ཅིང་སྐྱ་བས་གཡོགས། །ཀུན་ལ་ཟུག་ཆེ་རྩུབ་ཅིང་མཆི་མ་འབྱུང༌། །མཐོང་བྱེད་སྟེང་བྱུང་ཟངས་གཟེར་འདྲ་གསོ་དཀའ། །རབ་རིབ་ནད་དེ་མིག་ཆུའི་ནང་དུ་འཇུག །དེ་ཡང་རིམ་པ་བཞིན་དུ་འཇུག་འགྱུར་ཏེ། །དང་པོར་ཞུགས་ཚེ་རེས་གསལ་རེས་མི་གསལ། །གཉིས་པར་ཞུགས་ཚེ་ཐག་རིང་ཆུང་མི་མཐོང༌། །ཉེ་ཞིང་གཟིར་བལྟས་ལེགས་མཐོང་གོ་ལོག་སྣང༌། །སྟེང་འོག་གཡས་གཡོན་ཉེ་རིང་ལོགས་མི་གསལ། །འདི་དུས་རབ་རིབ་ཅེས་བྱ་གསོ་བ་སྒྲིམས། །རླུང་གྱུར་དུ་བ་རབ་རིབ་སྐྲ་ཤད་དང༌། །སྦྲང་བུ་འོད་མཐོང་གཟུགས་ཀུན་གཡོ་བར་སྣང༌། །མཁྲིས་གྱུར་གློག་དང་མེ་སྒྲོན་རྨ་བྱའི་སྒྲོ། །ཁྲག་གྱུར་དམར་ལ་བད་ཀན་མུན་འཐིབས་འགྱུར། །གསུམ་པར་ཞུགས་ཚེ་སྟེང་མཐོང་འོག་མི་མཐོང༌། །རས་ཀྱིས་མིག་བཀབ་ལྟར་མཐོང་ནད་མདོག་སྣང༌། །སྔོན་པོ་ཞེས་བྱའི་རིམ་པ་བཞིར་ཕྱིན་ནས། །རྒྱལ་མོ་ཁེབས་ཏེ་ལོང་བར་འགྱུར་བ་ཡིན། །འགྲིབས་པ་སྲོད་ལོང་ནག་པོ་ལང་ལིང་ཁེབས། །ཤ་ལྷག་སྐྱ་བོ་ཟུག་ཆུང་དལ་བུས་སྐྱེ། །ཤ་འཛེར་ར་རིལ་ལྟ་བུར་དམར་ལ་འབུར། །དེ་རྒྱས་མདོག་ནག་རྒྱ་ཆེ་མཐུག་པ་ཡིན། །རྩ་ཡི་དྲ་བས་མཐུག་ཁྱབ་དེ་ཉིད་དོ། །སྔོ་རིབ་སྒོང་སྤྲིས་ལྟ་བུས་ཁྱབ་པ་སྟེ། །ལིང་རོ་སྲབ་དང་མཐུག་པས་སྒྲིབ་པ་གཉིས། །མཐུག་པོ་སྦོ་མ་ཚ་རྡོག་མིག་གཉིས་སྤང་། །ཆུ་འཁྲུགས་མཚོ་གཉིས་འདྲེས་ཏེ་སྣག་ཚ་འདྲ། །རྒྱལ་མོའི་རྩ་མདངས་ཉམས་པས་ནག་སང་འོང༌། །རླུང་འགྲིབས་ཉི་མ་མཁྲིས་འགྲིབས་འུག་མིག་དང༌། །བད་ཀན་ཟླ་བ་འདུས་པ་འཇའ་ཚོན་འདྲ། །རྟགས་ལས་ནད་ངོས་མ་འདྲེས་སོ་སོར་བཟུང༌།།

གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྨན་དཔྱད་ཟས་སྤྱོད་བཞི་ཡིས་བཅོས། །སྨན་དུ་གསལ་བྱེད་ལྡེ་གུ་འབྲས་གསུམ་མར། །ཨ་བ་བཅོ་ལྔ་ལ་སོགས་ཁོང་དུ་བཏང༌། །དཔྱད་དུ་སྣུམ་འཆོས་འཁྲུས་སྐྱུགས་གཏར་ག་བྱ། །ལྡོང་རོས་རྒྱ་མཚོའི་ལྦུ་བ་སྤང་སྤོས་དུང༌། །གླ་རྩི་ཨུཏྤལ་སུག་སྨེལ་སྐྱེར་ཁཎྜ། །ཙན་དན་གུར་ཀུམ་རྒྱམ་ཚྭ་ཚ་བ་གསུམ། །ཀ་ར་སྦྲང་སྦྱར་བྱུགས་ན་མིག་གི་ནད། །རབ་རིབ་ཤ་མཛེར་ཚག་འགྲིབས་ནད་ཀུན་སེལ། །ཟས་སྤྱོད་ཚ་སྐྱུར་རུལ་སུངས་བཙོང་སྒོག་ཟྭ། །སྣེ་ཚོད་ལོ་བཤུར་མར་ནག་བུར་སྨུག་དང༌། །དུ་བ་བསེར་བུ་ཁ་བ་ཆགས་པ་སྤྱོད། །དྲག་ཤུལ་སྐད་ཆེས་འདོན་པ་ལ་སོགས་སྤང༌། །ཁྱད་པར་མིག་ཆུ་རླུང་གྱུར་གུར་ཀུམ་དང༌། །མར་རྙིང་ཆུར་བསྐོལ་སྣ་སྨན་མིག་བརྟ་བྱ། །སྐྱེར་པའི་ཁཎྜ་ནུ་ཞོ་སྦྲང་སྦྱར་བྱུག  མཁྲིས་གྱུར་འབྲུམ་པ་བཞར་རྗེས་ཆུ་དྲོན་བཀྲུ། །ག་བུར་དོམ་མཁྲིས་ཡུང་བ་ཨ་རུ་ར། །ནུ་ཞོ་སྦྲང་རྩི་སྦྱར་ལ་བྱུག་པར་བྱ། །ཁྲག་གྱུར་འབྲུམ་པ་བཞར་ཞིང་གང་ཉེ་གཏར། །བཙོད་དང་སྐྱེར་པ་རྒྱ་སྐྱེགས་རྒུན་འབྲུམ་དང༌། །ཨུཏྤལ་བསྐོལ་གྲང་ཀ་ར་མིག་ཏུ་བླུག །བད་གྱུར་འབྲུམ་པ་བཞར་ལ་ནག་མཚུར་དང་། །པི་པི་ལིང་དང་རྒྱ་ཚྭ་ལྡོང་རོས་དང༌། །སྟང་ཟིལ་སྦྲང་དང་སྦྱར་ལ་མིག་ཏུ་བླུག །མདུང་རྩེ་ཙན་དན་དཀར་པོ་ཤིང་མངར་བཙོད། །ཞུ་མཁན་ཆུ་ལ་སྦྱངས་པ་མིག་ལ་འབྱུག །མིག་ནད་ཅི་ལས་གྱུར་ཀྱང་འཕྲལ་ཟུག་གཅོག །འདུས་པའི་མིག་ཆུ་རྫི་མ་ཕྱིས་བྱས་ལ། །སྐྱེར་པའི་ཁཎྜ་ལྡོང་རོས་ཟངས་ཕྱེ་དང་། །ནག་མཚུར་བྱི་རུག་ཟངས་ནང་སྦངས་ཁུ་བླུག །བྱི་རུག་ནག་མཚུར་ཟངས་ནང་བཞག་པ་བྱུག །སྲིན་གྱུར་བ་ལྕིའམ་རྟ་སྦངས་དུགས་བྱས་ནས། །ཐོར་པ་བརྟོལ་ལ་ནག་མཚུར་རྒྱ་ཚྭ་དང༌། །འབྲས་བུ་གསུམ་དང་སྦྲང་རྩི་སྦྱར་བ་བྱུག །མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ། །སེང་ཕྲོམ་ནིམ་པ་ཧོང་ལེན་སེར་པོ་གཉིས། །ཟངས་ཕྱེ་ནུ་ཞོ་སྦྱར་བ་མིག་ལ་བྱུག །ཆུ་སེར་རྣག་ཁྲག་གྲ་མཚམས་ནས་འཛག་ན། །ཨ་རུ་བུལ་ཏོག་སྦྲང་རྩི་དྲི་ཆུས་བཀྲུ། །དེ་རྗེས་ག་བུར་དོམ་མཁྲིས་སྐྱེར་ཁཎ་བྱུག །སྐམ་ཚག་ཏི་ཚ་སེར་པོ་ཅུ་གང་དང༌། །མར་གསར་ཀ་ར་མེ་ལོང་གཡའ་བླངས་བྱུག །ཡང་ན་མི་སྐྲ་མར་སྦྱར་ནུས་ལྡན་བསྲེགས། །ཐལ་བ་མར་གསར་མེ་ལོང་གཡའ་སྦྱར་རམ། །རག་དུད་མར་གསར་མེ་ལོང་གཡའ་སྦྱར་བྱུག །གཤེར་ཚག་དཔྲལ་རྩ་མིག་རྩ་སྣ་རྩེ་གཏར། །སྐྱེར་པའི་ཁཎྜ་ར་འོ་སྦྱར་བ་བྱུག །མིག་ཚག་ཀུན་ལ་སག་རྩི་ཚ་བ་གསུམ། །ཡུང་བ་དུང་དང་ཏི་ཚ་སེར་པོ་དང༌། །མར་གསར་མེ་ལོང་གཡའ་དང་སྦྱར་ལ་བྱུག །མཆིན་པ་ཚོན་པོ་ཆུར་སྦངས་ཆུ་སེར་བཏོན། །ཞིབ་བརྡུངས་མར་བཙོས་ཚ་གསུམ་སྦྲང་རྩི་བཏབ། །མཆིན་པའི་རླངས་པས་མིག་ཚག་སེལ་བར་བྱེད། །གདུང་བའི་མིག་ནད་རླུང་གྱུར་འབྲས་གསུམ་མར། །སྨིན་མའི་སྟེང་དང་ལྟག་པའི་སྤུ་འཁྱིལ་དང༌། །རྐང་པའི་རྟིང་པའི་དྲེག་མཚམས་མེ་བཙའ་གདབ། །ཁྲག་མཁྲིས་ལས་གྱུར་ཁོང་སྦྱང་གཏར་ག་བྱ། །ཤིང་མངར་སྐྱེར་པ་ཀཎྜ་ཀ་རི་ཡི། །ཁཎྜ་ར་གན་དུད་པ་ན་ལེ་ཤམ། །སྦྱར་བསྐུས་དམར་ཚག་གཟེར་ཞིང་འདྲུལ་བ་སེལ། །གསལ་བྱེད་དགུ་པའི་ལྡེ་གུ་བཏང་བར་བྱ། །བད་ཀན་སྐྱུགས་བྱས་ནིམ་པ་འབྲས་བུ་གསུམ། །སེང་ཕྲོམ་བ་ཤ་ཀ་ཁུ་དྲོ་འཇམ་བྱུག །མར་རྙིང་ཚ་བ་གསུམ་དང་སྦྱར་བ་བཟའ། །ལིང་ཐོག་ཁྲག་མཁྲིས་མཚོན་གྱིས་གཙེས་པ་ལ། །འཁྲུས་སྨན་གཏར་ག་སྐྱེར་ཁཎ་དོམ་མཁྲིས་བྱུག །རླུང་གྱུར་ཞུན་མར་བཟའ་བདུག་སྒོག་ཆབ་བཏང༌། །བད་ཀན་ལས་གྱུར་ཉ་ཕག་ཤ་ཡིས་བཤིག །ཀུན་ལ་ཨ་རུ་བུལ་ཏོག་དྲི་ཆུས་བཀྲུ། །ཡང་ན་རྡོ་མཁྲིས་དོམ་མཁྲིས་ཀ་ར་བཏབ། །མཚེ་སྤྱིན་བཙན་དུག་ཞིམ་ཐིག་རྒྱ་ཚྭས་བླང༌། །ལིང་ཐོག་རྙིངས་ནས་ཤུ་དག་འབྲས་བུ་གསུམ། །རུ་རྟ་ཀ་རའི་ཕྱེ་མ་བཏབ་པས་སེལ། །སྤང་མ་འགྲོན་བུ་ལྡོང་རོས་བཙག་ཡུག་རྣམས། །རྒྱ་མཚོའི་ལྦུ་བ་མགོ་རུས་སྟང་ཟིལ་དུང༌། །ཁྱིམ་བྱའི་སྒོ་ང་སྦྱར་བསྐུས་ལིང་ཐོག་གཅོད། །ཅུ་གང་གུར་ཀུམ་ག་བུར་གླ་རྩི་དང༌། །ལིག་བུ་མིག་བཏགས་ཀ་ར་སྦྱར་བ་བྱུག །སྦང་ལུམས་བྱས་རྗེས་སྦོས་སུ་ཚོར་བ་དང༌། །ལ་ཆའི་དུད་པས་བདུགས་རྗེས་ལྕགས་ཀྱུས་བཤུ། །རབ་རིབ་ཀུན་ལ་ཤིང་མངར་ར་མཉེ་གཉིས། །ཀཎྜ་ཀ་རི་ཨུཏྤལ་ཨ་རུ་ར། །པི་པི་ལིང་དང་ཀ་ར་རྒུན་འབྲུམ་དང༌། །ར་འོ་བ་མར་འབྲས་གསུམ་བ་ཤ་ཀ །བསྡུས་ཁུས་རབ་རིབ་སེལ་བར་བྱེད་པ་ཡིན། །འབྲས་གསུམ་ཤིང་མངར་སྦྲང་རྩིའི་ལྡེ་གུ་སྦྱར། །ཉལ་ཁར་བཟའ་ཞིང་ཟླ་གཅིག་ཕན་ཟས་བསྟེན། །སྐྱུ་རུའི་ཁུ་བ་འཐུངས་ན་རབ་རིབ་སེལ། །ཏ་ཙ་ཤིང་མངར་ལྕགས་ཕྱེ་ཀ་ར་སྦྲང༌། །མར་རྙིང་འབྲས་བུ་སྦྱར་བས་རབ་རིབ་སེལ། །ཨ་རུ་སྦྲང་རྩི་རྒྱུན་དུ་ཟས་གོང་བསྟེན། །ཅོང་ཞི་བསིལ་གསུམ་ཨུཏྤལ་འབྲས་བུ་གསུམ། །གོ་སྙོད་ཤིང་མངར་བྲག་ཞུན་སྦྲུལ་གྱི་ཤ །ལྕགས་ཕྱེ་ཨ་བ་རྣམ་གཉིས་ཀ་ར་སྦྱར། །ཡུན་དུ་བསྟེན་ན་མིག་གི་བཅུད་ལེན་གྱུར། །སྤང་མ་གསེར་རྡོ་ཤིང་མངར་ན་ལེ་ཤམ། །འོ་མར་སྦངས་ལ་དུ་བ་མ་ཤོར་བསྲེག །ལྡེ་གུ་བྱུགས་པས་རབ་རིབ་སེལ་བར་བྱེད། །སྤང་མ་ཤིང་མངར་བར་སྐྱུར་ན་ལེ་ཤམ། །ཆུར་བཏགས་རིལ་བུ་དར་བསྐུས་རབ་རིབ་སེལ། །ཨུཏྤལ་སྐྱེར་པའི་ཁཎྜ་ཚ་བ་གསུམ། །རུ་རྟ་ཨ་རུ་ར་ཡིས་རབ་རིབ་འཕྱག །སྦྲུལ་གྱི་རོ་གཅིག་སྡིག་པའི་རོ་བཞི་རྣམས། །ཉི་ཤུ་རྩ་གཅིག་འོ་མར་བསྲུལ་པའི་མར། །ཁྱིམ་བྱ་གསོས་པའི་བྲུན་གྱི་ལྡེ་གུ་བྱུག །མཁའ་ལྡིང་བྱ་རྒོད་ལྟ་བུའི་མིག་འཐོབ་འགྱུར། །ཨ་རུ་ར་དང་དོམ་མཁྲིས་རྒྱ་སྐྱེགས་དང༌། །གླ་རྩི་བུལ་ཏོག་ཆུ་གཙང་འཁར་སྣོད་སྦྱངས། །མིག་ཏུ་གཏིགས་པས་སྤྲིས་གཡོགས་རབ་རིབ་སེལ། །ལིང་རོ་རྩ་དྲ་ལ་སོགས་འགྲིབས་ཀུན་གཅོད། །ག་བུར་གླ་རྩི་རྒྱ་ཚྭ་སྒོ་ང་ལ། །ཨོཾ་ན་ག་ཤ་རི་རྦད། །ག་ཏོ་ཤ་རི་རྦད། །ཐུག་ནན་ཤ་རི་རྦད་སྭཧཱ། །སྨྲ་བ་བཅད་དེ་སྒོང་སྤྲིས་ཞུ་བར་བཟླས། །འདེབས་དུས་ཉི་ཤུ་རྩ་རེ་ཁོང་དུ་བཏང༌། །སྨན་བྱུགས་སྔགས་གདབ་འགྲིབ་བྱེད་མ་ལུས་སེལ། །ཉ་ཕག་སྒོ་ང་གོ་སྙོད་རྒྱུན་དུ་བརྟེན། །རྐང་བཀྲུ་འབྲི་མར་ཕག་ཚིལ་གོ་སྙོད་བྱུག །རྐང་རྗེན་མི་བྱ་གནོད་པའི་ཟས་སྤྱོད་བསྲུང་། །སྲོད་ལོང་ན་ལེ་ཤམ་དང་ཞོ་སྦྱར་བྱུག །བ་ལྕི་མཆེར་པའི་ནང་དུ་པི་པི་ལིང༌། །བཅུག་བསྲེགས་གྲིབ་སྐམས་སྦྲང་སྦྱར་ལྡེ་གུ་བྱུག །ར་མཆིན་དམར་པོ་ཟོས་ན་སྲོད་ལོང་སེལ། །ཤ་མཛེར་གསར་དུས་ཁྲག་མཁྲིས་ལྟ་བུར་བཅོས། །རྙིངས་ནས་ཁབ་རྩེས་ཕུག་ལ་མཐེབ་མོས་མཉེ། །ཤ་ལྷག་རྩ་དྲ་ཤ་མཛེར་རྒྱས་པ་ན། །དང་པོ་ཁྲུས་གཏར་སྨན་གྱིས་བཅོས་བྱས་ལ། །དུགས་བྱས་མཐེབ་མོས་མཉེས་ལ་གཙགས་བུས་བཤུ། །ཆུ་ལྕག་བྱས་ཏེ་སྦྲང་མར་བྱུགས་ལ་བཅིང༌། །དེ་རྗེས་ཨ་རུའི་ལྡེ་གུ་ནུས་ལྡན་བསྲེགས། །བར་སྐྱུར་ཁུ་བར་སྦྱར་ལ་གྲིབ་སྐམས་བྱ། །རྒྱ་ཚྭ་ཉིས་འགྱུར་སྦྱར་བའི་ཕྱེ་མ་བཏབ། །དཔྱད་བྱས་བཤུལ་གྱི་ནད་ལྷག་མ་ལུས་གཅོད། །རབ་རིབ་ལིང་རོ་ལྡེ་གུ་ནུས་ལྡན་བསྲེག །སྔོ་རིབ་ལིང་རོ་སྲབ་མོ་ཆུ་འབྱེད་བྱ། །པ་ཡག་འབྲས་བུ་ལུག་རུ་ཞིམ་ཐིག་ལེ། །འགྲོན་ཐལ་ཉ་མཁྲིས་སག་རྩི་འཛིབ་བུ་ཀ །ཁྱི་ཀླད་སྦྲང་སྨྱོན་སྦྱར་བ་བླུག་རྗེས་འཕྱག །ཕྱི་འགྲིབས་མ་ལུས་སེལ་བར་བྱེད་པ་ཡིན། །ནང་འགྲིབས་ཟས་སྤྱོད་ཁོང་སྨན་དག་ལ་འབད། །བར་འགྲིབས་དཔྱད་མཆོག་ཐུར་མས་དབྱེ་བར་བྱ། །དེ་ལ་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ། །སྔོན་འགྲོ་ནད་དུས་རིམ་གྲོ་དཔྱད་དང་བཞི། །ནད་གཞིའི་སྔོན་འགྲོ་དབྱེར་རུང་མི་རུང་བརྟག །དབྱེར་མི་རུང་བ་ལུད་པ་ཆམ་པས་བཏབ། །མ་ཞུ་འཁྲུ་སྐྱུག་མགོ་གཟེར་ཡོད་པ་དང༌། །ལུས་ལ་དགྲ་དར་སྤར་ཁ་ལི་ལ་བབས། །དུས་པའི་མིག་ཚིལ་ཞུ་བ་དབྱེར་མི་རུང༌། །ཕྱི་འགྲིབས་ནང་འགྲིབས་ཐུར་མས་དབྱེར་མི་ཕྱེད། །མ་སྨིན་དུས་སུ་བསལ་ཡང་སླར་འགེབས་སྤང༌། །མེ་ཟླ་ཉི་མ་ཤར་ནུབ་མི་མཐོང་ན། །དུས་འདས་རྒྱལ་མོའི་མཐུ་ཉམས་དབྱེར་མི་རུང༌། །དབྱེར་རུང་དེ་ཟློག་ཆུ་ནང་ཞག་ཐིགས་འདྲ། །ཟླ་བ་ཉ་ལྟར་གང་བ་དབྱེ་བར་བྱ། །དུས་ཀྱི་སྔོན་འགྲོ་རླུང་འགྲིབས་ལོ་གསུམ་སྨིན། །བད་ཀན་ལོ་གཅིག་འདུས་པ་ཕྱེད་དང་གཉིས། །མཁྲིས་པ་ཟླ་བ་དྲུག་གིས་སྨིན་པའི་དུས། །མ་སྨིན་གནོད་པའི་ཟས་ཀྱིས་སྨིན་པར་བྱ། །རིམ་གྲོ་སྔོན་འགྲོ་ཆབ་གཏོར་བརྒྱ་རྩ་དང༌། །གྲྭ་ལྔ་འདོན་ཞིང་ལྷ་མཆོད་གནོད་པ་བསལ། །དཔྱད་ཀྱི་སྔོན་འགྲོ་ནད་བཤིག་སེལ་སླའི་ཕྱིར། །ལོ་ངར་ཞུ་མཁན་ཆང་བཙོས་རླངས་དུགས་བྱ། །དངོས་གཞི་ཆོ་ག་གསང་ས་བརྡེག་ཐབས་དང༌། །བསལ་ཐབས་སོལ་ཚད་བརྟན་བྱ་ལེགས་ཉེས་རྟགས། །སྤྱི་དོན་རྣམ་པ་བརྒྱད་དུ་ཤེས་པར་བྱ། །དང་པོ་ཐུར་མའི་ཚད་དང་བཅའ་གཞི་གཉིས། །ཐུར་མའི་རྒྱུ་ནི་གསེར་ཟངས་ར་གན་གསུམ། །བྲ་བོ་འབྲི་ལྕེ་ཁ་དང་གཟོང་ཁ་འདྲ། །སྲིད་སོར་དྲུག་པ་རྩེ་མོ་རྒྱལ་མོ་གང༌། །ཞེང་དུ་དེའི་ཕྱེད་མགྲིན་པ་གྲོ་མགྲིན་ཙམ། །སྲིད་དུ་བར་མཚོན་དོ་དབུས་རི་མོ་དོད། །ཐུར་རྐེད་གྲུ་བཞི་སྦོམ་ལ་ཐུར་ཞབས་ཕྲ། །ཆག་ཚད་ལྡན་པས་སྐྱོན་སྤོང་ཡོན་ཏན་འབྱུང༌། །ལུས་ཀྱི་བཅའ་གཞི་གཟའ་སྐར་ཚེས་བཟང་ལ། །སྤྲིན་མེད་ཉི་མ་ལྡེ་སར་འདུ་ལོང་བསྡམས། །སྔ་དྲོ་ཤར་བལྟས་ལོ་མཐུན་གཡོག་གིས་བརྟེན། །སྣམ་བུ་གཙང་མས་ལག་པ་རྐེད་པ་དྲིལ། །སྨན་པ་མདུན་ངོས་ནས་ཀྱི་ཁྲི་སྟེང་འདུག །གཡོག་གིས་རྡོ་གཉིས་མི་འབྱེད་ངོས་སུ་བརྡུང༌། །དེ་ཡི་སྒྲ་ལ་ནད་པ་མིག་བལྟར་གཞུག །གསང་ས་ལྷ་མི་བདུད་ཀྱི་བུ་ག་གསུམ། །ཚད་དང་ལྡན་པའི་དར་ཡེས་གསང་མཚོན་ཏེ། །གྱེས་ན་ནད་མི་སུམས་ལ་བསྡུས་ན་འབྱར། །མཐོས་ན་མི་ནོན་དམས་ན་མི་སུམས་པས། །བདུད་ལས་ཕྱིར་བསྐྱེད་བཙན་ལས་གདོང་བྱོལ་བའི། །ཐུར་རྩེ་གང་གི་དབུས་སུ་བརྡེག་པར་བྱ། །བརྡེག་ཐབས་གཡོན་པས་མིག་མི་འགུལ་བར་བཟུང༌། །གཡས་ཀྱིས་ཐུར་ཞབས་གསང་དེ་བསྟན་བྱས་ལ། །ཐུར་མ་བཟློག་སྟེ་མཐེབ་མཛུབ་གུང་མོས་བཟུང༌། །མ་ཞུམ་བརྟན་པས་གསང་དུ་ལེགས་བཙུགས་ལ། །ཐུར་མ་བྱ་མི་འདའ་བའི་མན་ངག་གིས། །མིག་གི་དཀྱིལ་དུ་བསྡིགས་ལ་ནེམས་ཀྱིས་དབུལ། །ལེགས་ཕུགས་པུས་ཞེས་བྱ་བའི་སྒྲ་བྱུང་ནས། །འཚི་མེད་བལ་གྱིས་མིག་ལ་ཆུ་ལྕག་བྱ། །བསལ་ཐབས་རང་ལ་གདུང་ཚུགས་བལྟར་བཅུག་ལ། །ཐུར་མ་བསྙལ་ཏེ་རྒྱལ་མོའི་སྟེང་དུ་བཏང༌། །རྒྱལ་མོ་སྐྱ་རིབ་ཐུར་རྩེ་མཉམ་པར་འདོད། །ཕན་ལྟར་དྲིལ་དང་བཙོང་ལྟར་བཤུ་བ་དང༌། །འོ་ལྟར་དབོ་དང་སྤུ་ལྟར་གཟིངས་པ་ཡིས། །སྒྲིབ་བྱེད་བསལ་ལ་ཐུར་མའི་འོག་ཏུ་སྦ། །ཤོར་ན་བསྡུ་ཞིང་བྲོས་ན་དགུག་པ་དང༌།  །འཐོར་ན་གླན་ཞིང་དམས་ན་ཁུ་ཡིས་གདབ། །སོལ་ཚད་ཉི་མ་གཟའ་ལས་ཐར་བ་བཞིན། །ཕྲ་རགས་གཟུགས་རྣམས་འཕྲལ་དུ་གསལ་བ་ཡིན། །འོ་ལྟར་བོ་ན་དེ་དུས་མི་གསལ་ཡང༌། །ནད་ཆུ་དྭངས་ནས་ག་ལེ་ཕྱི་ནས་གསལ། །དེ་འོག་མི་ལྡོག་བརྟན་པར་བྱ་བའི་ཕྱིར། །སྐད་འདོན་གློ་ལུ་དབུགས་བསྡམ་གོམ་འགའ་བཅག །ལོག་ན་བསལ་ཞིང་མ་ལོག་བརྟན་པ་དང༌། །ཆུ་བལ་གླན་ལ་དེ་སྟེང་རས་མས་བཅིང༌། །མལ་དུ་བསྙལ་ལ་ཐུར་མ་དྲིལ་ཏེ་གདོན། །སྔས་མཐོར་བྱས་ལ་མིག་དེ་འོག་ངོས་བསྟན། །ལེགས་པའི་རྟགས་ལ་འདོད་པ་རྣམ་གསུམ་ཡོད། །ནགས་ལ་ཁ་བ་བབས་འདྲ་འདོད་པ་ཡིན། །གངས་ལ་ཉི་མ་ཤར་འདྲ་འདོད་པ་ཡིན། །དཔྱད་རྗེས་ཟུག་མེད་བདེ་ན་འདོད་པ་ཡིན། །ཉེས་པའི་རྟགས་ལ་མི་འདོད་རྣམ་པ་གསུམ། །ཕུག་དུས་ཁྲག་གིས་གང་ན་དེ་མི་འདོད། །སེལ་དུས་རྙོག་ནག་ལངས་ན་དེ་མི་འདོད། །དཔྱད་རྗེས་ཟུག་གཟེར་ལངས་ན་དེ་མི་འདོད། །ཕྱིར་རྗེས་ཟས་སྤྱོད་བསླབ་དང་ལོག་པ་མནན། །ཁ་ཟས་མར་དཀར་འོ་ཟན་འཚོས་པར་བཙོས། །སྐྱོ་འདུར་བལྡད་མི་དགོས་པ་ལྟོ་སྲུང་བསྟེན། །སྐོམ་ན་ཆུ་གྲོག་བག་ཙམ་བཏུང་བར་བྱ། །སྦྲིད་པ་གློ་ལུ་སྣབས་ཕྱི་མཆིལ་མ་འདོར། །ལྡང་ཉལ་ལ་སོགས་དྲག་ཤུལ་ཀུན་ལ་གཟབ། །མིག་གི་མན་ངག་ཆུ་ཡིན་ནན་ཏན་བསྐྱེད། །ཞག་གསུམ་ལོན་ནས་བཅིངས་པ་བཀྲོལ་ལ་བལྟ། །ཞག་བདུན་ལོན་ནས་ཁ་ཟས་ཆ་ཡིས་གློད། །རླུང་ཤས་ཆེ་ན་དེ་བས་བག་སྔར་གློད། །གནོད་པའི་ཟས་སྤྱོད་དུག་འདྲ་རྒྱུན་དུ་གཟབ། །ལོག་གནོན་འགྲམས་དང་འགྲིབས་པ་ཞར་བ་གསུམ། །དང་པོ་ཤ་རུས་རྩ་དང་གདོན་འགྲམས་བཞི། །ཤ་འགྲམས་ལྟག་པར་ཟུག་དང་མིག་མི་ཐེག །ལུས་རྔུལ་མགོ་ལྕི་རབ་རིབ་མཆི་མ་མང༌། །ལྟག་པར་གྱོ་དུགས་སྐྲ་མཚམས་མུར་གོང་བསྲེག །རུས་འགྲམས་མིག་འབྲས་ཡན་ལག་ཚིགས་གཞི་དང་། །དཔྲལ་བ་མིག་རུས་ན་ན་མཚོགས་མའི་སྟེང༌། །ཚ་བ་གསུམ་མམ་འབྲུ་མར་དུགས་ཀྱིས་བདུག །རྩ་འགྲམས་མིག་དམར་མི་ཐེག་མགོ་ཕྱེད་ན། །སྐེ་མཇིང་མི་བདེ་ལུས་སྦྲིད་ཆུ་ནན་བསྐྱེད། །དཔྲལ་རྩ་མིག་རྩ་སྣ་རྩེ་ལ་སོགས་གཏར། །གདོན་འགྲམས་ཚིག་པ་ཟ་ལ་ལུས་པོ་འདར། །རྔུལ་འབྱུང་གྲང་ཤུམ་བྱེད་ན་བསྐྲད་ལས་བྱ། །གཞན་ཡང་ཉེས་པ་གང་འབྲེལ་སྦྱོར་བས་གསོ། །སྤྱོད་ལམ་རྐྱེན་གྱིས་ནད་ལོག་འགྲིབས་པ་ལ། །སྦྲུལ་ཤ་ཨ་བ་གུར་ཀུམ་གོ་སྙོད་དང༌། །ཀ་ར་མར་གསར་ལུག་མཆིན་བརྒྱངས་པ་བཏང༌། །བསིལ་གསུམ་ག་དུར་སྐྱེར་པའི་ཁཎྜ་དང༌། །ནུ་ཞོ་ར་འོ་སྦྱར་བ་མིག་ཏུ་བླུག །གསལ་བྱེད་བདུན་དགུའི་ལྡེ་གུ་སྦྱར་ལ་བཏང༌། །སྐྱེད་མེད་ཟླ་བ་ཕྱེད་ནས་ཐུར་ལོག་བསྐྱར། །ཞར་བའི་ལོག་གནོན་ཟུག་གཟེར་བཅག་པ་གཅེས། །ག་བུར་དོམ་མཁྲིས་སྐྱེར་པ་མིག་ཏུ་བླུག །གང་ཉེའི་རྩ་གཏར་ཆུ་ལྕག་དྲག་ཏུ་བྱ། །དོམ་མཁྲིས་ལ་སོགས་མཁྲིས་པའི་ལྕག་མདའ་བཏང༌། །བསིལ་གསུམ་འབྲས་གསུམ་ལྕགས་ཕྱེ་སྦྲང་སྦྱར་བཟའ། །ཟས་སྤྱོད་བསིལ་བསྟེན་དྲོད་བཅུད་སྤང་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མིག་ནད་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།