སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ།

 

 

ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ།
 

གཉིས་པ་གསོ་ཐབས་དངོས་བསྟན་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང་། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། དང་པོ་ནི། དེ་ནས་ཞེས་པ་ནས་གཉིས་ཀྱིས་གསོ་ཞེས་པའི་བར་གྱིས་བསྟན་ཏེ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་ཟིན་པའི་རྗེས་སུ་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ནད་ལ་གཉེན་པོ་གང་གིས་གསོ་བའི་གསོ་ཐབས་རྣམས་མི་འདྲ་བ་མང་དུ་ཡོད་མོད་དུ་ཟིན་ཀྱང་། མདོར་བསྡུ་ན་ནད་སྤྱི་ཐུན་མོང་དུ་གསོ་བ་དང་། བྱེ་བྲག་སོ་སོ་ཁྱད་པར་གྱི་སྒོ་ནས་གསོ་བ་སྟེ་རྣམ་པ་གཉིས་ཀྱི་སྒོ་ནས་གསོ་བར་གྱིས་ཤིག །ཅེས་ངས་བཤད་པར་བྱའི་ཞེས་གདམས་སོ།།

          གཉིས་པ་གཞུང་དོན་དངོས་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་ལའང་སྤྱི་དོན་དང་ཚིག་དོན་ནོ། དང་པོ་ནི། ཟླ་ཟེར་ལས། གསོ་བ་རྣམ་པ་གཉིས་ཡིན་ཕྱིར། གསོ་ཐབས་རྣམ་པ་གཉིས་སུ་འདོད། ཅེས་བྱ་བ་སྨོས་ཏེ། གསོ་བ་ནི་རྣམ་པ་གཉིས་ཁོ་ན་སྟེ། གཅིག་ནི་ཉམས་བརྟ་བའི་ཚུལ་གྱིས་གསོ་བའོ། གཉིས་པ་ནི་ཉམས་ཚགས་དམད་པའི་ཚུལ་གྱིས་གསོ་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་གསོ་བར་བྱ་བའི་ནད་དམ། ཡང་ན་དེ་དང་ལྡན་པའི་སྐྱེས་བུ་ནི་ཉམས་བརྟ་བས་གསོ་བར་བྱ་བའམ། ཉམས་དམད་པས་གསོ་བར་བྱ་བ་ཡིན་གྱི། དེ་ལས་གཞན་པའི་ཕྱོགས་གསུམ་པ་ཡོད་པ་མ་ཡིན་ནོ། དེ་བས་ན་གསོ་བའི་ཐབས་ནི་རྣམ་པ་གཉིས་ཁོ་ན་ཡིན་ལ། གསོ་བ་དང་ནད་བཅོས་པའི་ཐབས་དང་བྱ་བའི་རིམ་པ་ཞེས་བྱ་བ་ནི་དོན་གཅིག་ཡིན་ནོ། དྲང་སྲོང་ཙ་ར་ཀའི་གཞུང་ལ་བསྟན་པ་གཞན་དག་ནི་གསོ་བའི་ཐབས་སྨྱུང་བ་ལ་སོགས་པ་གཞིར་འདོད་མོད་ཀྱི། སྨྱུང་བ་ལ་སོགས་པ་ནི་འདི་ཉིད་ཀྱི་ནང་དུ་འདུས་པ་ཡིན་ནོ། ཁོ་ན་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། དེ་ཉིད་ཀྱི་ཕྱིར་སྨྲས་པ་ནི། དེ་ལས་གཅིག་ནི་བརྟ་བ་ཡིན། གཉིས་པ་ཉམས་ནི་དམད་པའོ། ཞེས་བྱ་བ་ཡིན་ཏེ། གསོ་བ་དེ་གཉིས་ལས་གསོ་བ་གཅིག་ནི་ཉམས་བརྟ་བའི་ཚུལ་ཡིན་ལ། གཉིས་པ་ནི་ཉམས་ཚགས་དམད་པ་ཡིན་ནོ། དེ་དག་རྒྱས་བྱ་སྨྱུང་བ་ཞེས། རྣམ་གྲངས་དག་ཏུ་བཤད་པ་ཡིན། ཞེས་བྱ་བ་ལ། ཉམས་བརྟ་བ་དང་ཉམས་དམད་པ་དེ་དག་ནི་གོ་རིམ་བཞིན་དུ་རྒྱས་པར་བྱ་བ་དང་། སྨྱུང་བ་ཞེས་བྱ་བའི་སྒྲས་མིང་གི་རྣམ་གྲངས་དག་ཏུ་བཤད་ཅིང་། བསྟན་པ་དག་ལུང་ཤེས་པ་དག་གིས་བྱས་པ་ཡིན་ཏེ། དེ་དག་ཉིད་ཀྱི་མིང་གི་རྣམ་གྲངས་བསྟན་པ་ཙམ་དུ་ཟད་དོ། ཞེས་བྱ་བའི་དོན་ཏོ། ལུས་ཤ་རྒྱས་ཕྱིར་རྒྱས་བྱ་སྟེ། ཡང་བ་ཉིད་ཕྱིར་སྨྱུང་བར་བྱ། ཞེས་བྱ་བ་ནི། དེ་ལ་རྒྱས་པར་བྱ་བ་ནི་གང་ལུས་ཀྱི་ཤ་འཕེལ་ཞིང་རྒྱས་པར་བྱ་བའི་དོན་བྱེད་པ་སྟེ། དཔེར་ན་ཤ་དང་འོ་མ་ལ་སོགས་པ་ལྟ་བུས་སོ། གང་ལུས་ཀྱི་ཤ་ཡང་ཞིང་སྲབ་པ་ཉིད་དུ་གང་གིས་བྱེད་པ་དེ་ནི་སྨྱུང་བར་བྱ་བ་ཞེས་བྱའོ། དེ་དག་ཀྱང་ཇི་ལྟ་བུའི་བདག་ཉིད་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ནི་ཕལ་ཆེར་ས་ཆུ་དང་། ཅིག་ཤོས་ལས་ནི་འབྱུང་བ་ཡིན། ཞེས་བྱ་བ་ཡིན་ཏེ། རྒྱས་པར་བྱ་བ་དང་སྨྱུང་བ་དེ་གཉིས་ནི་ས་དང་ཆུ་དང་ཅིག་ཤོས་ལས་འགྱུར་བ་ཡིན་ཏེ། དེ་ཡང་ས་དང་བཅས་པའི་ཆུ་ཡིན་པས་ན་ས་ཆུའོ། དེས་ནི་འདི་སྐད་སྟོན་ཏེ། ས་དང་ཆུའི་རང་བཞིན་ཅན་གྱིས་རྫས་ནི་རྒྱས་པར་བྱེད་པ་ཡིན་ཏེ། དེ་ཉིད་ཀྱི་ངོ་བོ་ནི་དེ་ཡིན་པའི་ཕྱིར་རོ། སྨྱུང་བ་ནི་དེ་ལས་གཞན་པ་ཅིག་ཤོས་ཏེ། གང་གི་ཅིག་ཤོས་ཤེ་ན། འདིར་དེའི་སྐབས་ཡིན་པས་ས་དང་ཆུ་ལས་གཞན་པའི་ཅིག་ཤོས་མེ་དང་རླུང་དང་ནམ་མཁའི་བདག་ཉིད་ཅན་ནོ། ཕལ་ཆེར་ཞེས་སྨོས་པས་ནི། ཤིན་ཏུ་རྒྱས་པར་བྱེད་པ་ནི་ས་དང་ཆུ་ཡིན་ལ། ཤིན་ཏུ་སྨྱུང་བར་བྱེད་པ་ནི་ཅིག་ཤོས་མེ་དང་རླུང་དང་ནམ་མཁའ་ཡིན་པས་ན་དེ་སྐད་ཅེས་བྱའི། མེ་དང་རླུང་དང་ནམ་མཁའ་ལ་རྒྱས་ཤིང་འཕེལ་བར་འགྱུར་བ་ཡེ་མེ་མེད་པ་མ་ཡིན་ལ། ས་དང་ཆུ་ལའང་སྨྱུང་བ་ཡེ་མེད་པ་མ་ཡིན་ཏེ། སྨན་རྣམས་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྣྲེལ་ཞིར་གནས་པའང་སྲིད་དོ། ལས་གང་སྣུམ་དང་དགག་པ་དང་། དུགས་དང་ཁོང་རྩུབ་བྱ་བ་སྟེ། འབྱུང་བ་དེ་ཡང་གཉིས་ཡིན་ཕྱིར། གཉིས་ལས་འདའ་བར་མི་བྱེད་དོ། ཞེས་བྱ་བ་ལ། གསོ་བའི་ཐབས་མང་དུ་སྨྲ་བ་དག་ཡོད་པའི་ཕྱིར། འདིར་སྨྲས་པ་ཡིན་ཏེ། འདི་གཉིས་ཀྱི་ལས་སྣུམ་བག་ལ་སོགས་པ་བཞི་པོ་བཤད་པ་གང་ཡིན་པ་འདི་ནི་འདིའི་ལས་ཡིན་གྱི། བརྟ་བར་བྱ་བ་དང་ཉམས་དམད་པར་བྱ་བ་ལྟར་སྣུམ་ལ་སོགས་པ་བཞི་པོ་འདི་དག་དོན་ཐ་དད་པ་མ་ཡིན་ནོ། འབྱུང་བའི་ལས་བཞི་པོ་དེ་དག་ཀྱང་བརྟ་བ་དང་ཉམས་དམད་པ་གཉིས་ཀྱི་ཚུལ་ཅན་ཡིན་པའི་ཕྱིར་གཉིས་པོ་དེ་ལས་འདའ་བར་མི་བྱེད་དོ། འབྱུང་བ་རྣམས་བརྟ་བ་དང་ཉམས་དམད་པའི་རང་བཞིན་གཉིས་ཀྱིས་རྣམ་པ་གཉིས་ཡིན་པའི་ཕྱིར་དང་། དེ་བཞིན་དུ་མེ་དང་ཟླ་བའི་རང་བཞིན་རྣམ་པ་གཉིས་དང་ལྡན་པ་ཡིན་པས་དེ་དག་རྒྱས་པའམ་འཕེལ་བ་དང་སྨྱུང་བ་གཉིས་ལས་འདའ་བར་མི་བྱེད་དོ། དེ་ཡང་སྣུམ་དང་དགག་པར་བྱ་བ་ནི་ཟླ་བའི་རང་བཞིན་པས་བརྟ་བའི་སྡེ་ཚོགས་སུ་གཏོགས་ལ། རྩུབ་པ་དང་དུགས་བྱ་བ་ནི་མེའི་རང་བཞིན་ཅན་ཡིན་པས་ན་སྨྱུང་བར་གཏོགས་ཏེ། དེས་ན་ས་ལ་སོགས་པའི་འབྱུང་བ་རྣམས་བརྟ་བ་དང་ཉམས་དམད་པའི་ཚུལ་ཅན་ཡིན་ནོ། ཞེས་དང་། འདིར་འདི་ལྟར་དོགས་པ་བསྐྱེད་པར་མི་བྱ་སྟེ། ཇི་ལྟར་ཉེས་པ་རྣམས་ཀྱི་ནད་ཀྱི་རྒྱུ་མཐའ་ཡས་པ་ལས་ནད་ཀྱང་མཐའ་ཡས་པ་ཇི་ལྟ་བ་བཞིན་དུ་གསོ་བའང་མཐའ་ཡས་པས་ཉམས་བརྟ་བ་དང་ཉམས་དམད་པའི་གསོ་བའི་ཐབས་ཀྱང་སྦྱོར་བ་རབ་དང་རབ་མཆོག་གི་དབྱེ་བས་མཐའ་ཡས་པར་རིག་ན་ཅིའི་ཕྱིར་གསོ་བའི་ཐབས་གཉིས་པོ་ཁོ་ནར་ཟད་ཅེས་ཕྱིར་རྒོལ་བ་དག་ཡོད་པ་དེའི་ཕྱིར་གཞུང་རྩོམ་པར་བྱེད་པས་སྨྲས་པ་ནི། ནད་ཀྱི་དབྱེ་བ་ཐ་དད་ཀྱི། གཅོད་འཁྲུ་ལ་སོགས་དབྱེ་བ་ཡིས། ནད་ལྟར་ཐ་དད་གྱུར་ཀྱང་ནི། གསོ་བ་གཉིས་ལས་ཡོད་མ་ཡིན། ཞེས་བྱ་བ་ཡིན་ཏེ། ནད་རྣམས་ཟད་པ་དྲང་གནས་པ་དང་སྟེང་དང་འོག་དང་རྩིབ་ལོགས་ལ་སོགས་ཐད་ཀར་འགྲོ་བ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་ཕྱེ་ན་མཐའ་ཡས་པར་ཡོད་དུ་ཟིན་ཀྱང་གསོ་བ་ནི་རྣམ་པ་གཉིས་ལས་ལྷག་པར་གཡོ་བ་མེད་དོ། དེ་བཞིན་དུ་གཅད་པར་བྱ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་ལས་ཀྱང་ཐ་དད་པར་འགྱུར་ཏེ་དེ་ནི་གཅད་པའི་གསོ་བའོ། འདི་ནི་འཁྲུ་བའི་གསོ་བའོ། འདི་ནི་རབ་ཏུ་བཅད་པའོ། འདི་ནི་རབ་མཆོག་ཏུ་བཅད་པའོ། འདི་ནི་རབ་ཏུ་འཁྲུ་བའོ། འདི་ནི་རབ་མཆོག་ཏུ་འཁྲུ་བའོ། སོགས་པས་ནི་སྣུམ་པ་དང་རྩུབ་པ་ལ་སོགས་པ་ཡིན་ན། ཇི་ལྟར་ན་དེ་མཐའ་ཡས་པ་ཡོད་དུ་ཟིན་ཀྱང་དེ་རྣམས་དབྱེ་བ་མེད་པ་ཡིན་ནམ་ཞེ་ན། ནད་ལྟར་ཐ་དད་གྱུར་ཀྱང་ནི། ཞེས་བྱ་བ་སྟེ། དཔེར་ན་ནད་གཞི་ལ་སོགས་པའི་དབང་གིས་རིམས་ལ་སོགས་པའི་ནད་རྣམས་ཐ་དད་པར་གྱུར་པ་ཡིན་ཡང་། གསོ་བ་ནི་བརྟ་བ་དང་ཉམས་དམད་པའི་ཚུལ་གྱིས་སྒྲུབ་པར་བྱ་བ་ཡིན་པས་ན་མཚན་ཉིད་དེ་ཉིད་ལས་དབྱེ་བ་ཡོད་པ་མ་ཡིན་ཏེ། ལ་ལར་ནི་དེ་རྣམས་བརྟ་བར་བྱ་བས་གསོ་དགོས་པར་འགྱུར་ལ། ལ་ལར་ནི་ཉམས་དབྲི་བས་གསོ་བར་བྱ་དགོས་ཀྱི། དེར་མ་གཏོགས་པའི་གསོ་བའི་ཕུང་པོ་གསུམ་པ་ནི་ཡོད་པ་མ་ཡིན་ནོ། ཞེས་བཤད་པ་ལྟར་ཞིབ་ཏུ་རྟོགས་པར་བྱའོ།།

          གཉིས་པ་ཚིག་གི་དོན་ནི། ཐུན་མོང་ཞེས་པ་ནས་སྨྱུང་བའོ་ཞེས་པའི་བར་གྱིས་བསྟན་ཏེ། འདིར་ནད་གཞི་ཐུན་མོང་བའི་སྒོ་ནས་གསོ་བར་བྱ་བ་ལ་མདོར་རིལ་གྱིས་དྲིལ་ན་གསོ་ཡུལ་ཉམས་ཚགས་རིད་པ་དང་སྦོམ་པ་གཉིས་སུ་ངེས་པའི་ཕྱིར་གསོ་ཐབས་ཀྱང་རྣམ་པ་གཉིས་ཏེ། གང་ཞེ་ན། སྟོབས་བསྐྱེད་པ་དང་བརྟ་བར་བྱ་བ་རྣམ་གྲངས་པ་དང་། ཉམས་དམད་པ་དང་སྨྱུང་བ་ཞེས་རྣམ་གྲངས་པར་བྱས་པ་འདི་ཁོ་ནའོ།།

          གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བརྟ་བའི་ཐབས་དང་། སྨྱུང་བའི་ཐབས་དང་། དོན་བསྡུ་བའོ། དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་དོ། དང་པོ་ནི། བརྟ་བར་བྱ་ཞེས་པ་ནས་བཅོས་ཐབས་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། གསོ་ཐབས་གཉིས་ཀྱི་ནང་ནས་བརྟ་བར་བྱ་བ་ལའང་། གང་བརྟ་བར་བྱ་བའི་ཡུལ་དང་། གང་གིས་བརྟ་བ་དང་། དེའི་ཕན་ཡོན་དང་། བརྟ་དྲགས་པའི་སྐྱོན་དང་། དེའི་བཅོས་ཐབས་ཏེ་རྣམ་པ་ལྔའི་སྒོ་ནས་བཤད་པར་བྱའོ། གཉིས་པ་རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་བརྟ་བའི་ཡུལ་ནི། དེ་ཡུལ་ཞེས་པ་ནས་བརྟ་བས་གསོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་གང་བརྟ་བར་བྱ་བའི་ཡུལ་ནི་རང་བཞིན་རླུང་ཤས་ཆེ་བ་དང་། ཟུངས་ཟད་པ་དང་། ཁྱིམ་གསར་གྱིས་དུབ་པ་དང་། བུད་མེད་སྦྲུམ་མ་དང་། བཙས་པའི་རྗེས་དང་། ཁྲག་མང་དུ་ཟགས་པ་དང་། གློ་རྡོལ་ཅན་དང་། རྒས་པ་དང་། ཕལ་ཆེར་གཉིད་མེད་དུ་གནས་པ་དང་། མྱ་ངན་གྱིས་གདུང་པ་དང་། དཀའ་ཐུབ་དང་། རྩོལ་བས་དུབ་པ་དང་། ནམ་ཟླ་སོ་གའི་དུས་དེ་རྣམས་ནི་ཕལ་མོ་ཆེ་བརྟ་བའི་ཆོ་གས་གསོ་བར་བྱ་དགོས་སོ།།   གཉིས་པ་དེ་དག་བརྟ་བའི་ཆོ་ག་ནི། དེ་ཟས་ཞེས་པ་ནས་སེམས་དགའ་བརྟ་ཞེས་པའི་བར་གྱིས་བསྟན་ཏེ། བརྟ་བར་བྱ་བ་དེའི་ཁ་ཟས་ནི་ལུག་ཤ་དང་བུ་རམ་དང་ཀ་ར་དང་མར་དང་འོ་མ་དང་ཞོ་དང་ཆང་ལ་སོགས་པའི་བཅུད་ཆེན་པོ་རྣམས་ཀྱིས་བརྟ་ལ་སྨན་ནི་ནད་གཞིའི་ཁམས་དང་གང་འཕྲོད་པའི་སྨན་མར་འབའ་སམ་ལྟ་བུར་བསྟེན་པ་དང་། དཔྱད་དུ་འཇམ་རྩི་དང་ཁྲུས་དང་སྐུ་མཉེ་སོགས་བྱ་བ་དང་། སྤྱོད་ལམ་བདེ་བར་གཉིད་ལོག་ཅིང་ཕལ་ཆེར་དལ་བ་དང་གཙོ་བོར་སེམས་དགའ་བར་བརྟ་བ་ཉིད་མཆོག་ཡིན་ནོ།།          གསུམ་པ་ཕན་ཡོན་ནི། དེ་ཡི་ཞེས་པ་ནས་ནུས་རྙེད་བཞིན་ཞེས་པའི་བར་གྱིས་བསྟན་ཏེ། བརྟ་བའི་ཆོ་ག་དེ་ཡིས་ལུས་ཀྱི་སྟོབས་རབ་ཏུ་འཕེལ། རླུང་ལ་སོགས་པའི་ནད་ཀུན་ཟིལ་གྱིས་གནོན་པར་ནུས་ཏེ། དཔེར་ན་མི་རྟག་པར་ཁས་ཉེན་པོར་གནས་པ་ཞིག་གིས་བར་སྐབས་སུ་དགྲ་ལ་གནོད་པ་བྱེད་པའི་ནུས་པ་རྙེད་པ་བཞིན་ལུས་ཟུངས་ངན་པ་དེ་འཕེལ་བས་ནད་རང་བཞིན་གྱིས་ཞི་བར་འགྱུར་རོ།།          བཞི་པ་བརྟ་དྲགས་པའི་སྐྱོན་ནི། ཐལ་དྲགས་ཞེས་པ་ནས་བད་ཀན་འཕེལ་ཞེས་པའི་བར་གྱིས་བསྟན་ཏེ། གལ་ཏེ་བརྟ་བ་ཐལ་དྲགས་ན་ཧ་ཅང་འཚོ་ཆེས་པ་དང་། འབྲས་དང་རྨེན་བུ་དང་ཁམས་རྨོངས་བག་ཅན་དུ་འགྱུར་བ་དང་། གཅིན་སྙི་བ་དང་། ལུད་པ་དང་བད་ཀན་འཕེལ་བ་ལ་སོགས་པའི་སྐྱོན་རྣམས་སྐྱེད་པར་བྱེད་དོ།།        ལྔ་པ་དེ་བཅོས་ཐབས་ནི། དེ་ལ་ཞེས་པ་ནས་ཚོད་ཟིན་བྱ་ཞེས་པའི་བར་གྱིས་བསྟན་ཏེ། འཚོ་ཆེས་པ་ལ་སོགས་པའི་དྲགས་སྐྱོན་དེ་རྣམས་ལ་སྤྱིར་རྩུབ་པ་བད་ཚིལ་ཟད་པར་བྱེད་པའི་ཟས་སྨན་ཕན་ཞིང་། བྱེ་བྲག་ཏུ་ཀུན་ལ་གུ་གུལ་དཀར་ནག་དང་བྲག་ཞུན་དང་སྐྱེར་པའི་ཁཎྜ་དང་སྦྲང་རྩི་སྦྱར་བས་འཚོ་ཆེས་པའི་ནད་ཀུན་སེལ་བར་བྱེད་ཅིང་། ཡང་ན་འབྲས་བུ་གསུམ་དང་སྦྲང་རྩི་སྦྱར་བའམ། བཅའ་སྒ་དང་ཡ་བཀྵ་ར་དང་བྱི་ཐང་ཀ་དང་སྐྱུ་རུ་ར་དང་ནས་ཕྱེ་དང་སྦྲང་རྩི་སྦྱར་བའི་ལྡེ་གུས་འཚོ་ཆེས་པའི་ནད་མཐའ་དག་སེལ་བར་ནུས་ལ། དེ་བས་ན་ཧ་ཅང་འཚོ་བ་ལས་སྐེམ་པ་ཉིད་བཟང་བ་དེའི་ཕྱིར་བརྟ་དགོས་པ་རྣམས་ལའང་ཚོད་ཟིན་པའི་སྦྱོར་བ་གལ་ཆེའོ།།

          གཉིས་པ་སྨྱུང་བར་བྱ་བ་ལའང་གཉིས་ཏེ། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། སྨྱུང་བ་ཞེས་པ་ནས་བཅོས་ཐབས་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། སྨྱུང་བའི་སྒོ་ནས་བཅོས་པར་བྱ་བ་ལའང་གང་སྨྱུང་བའི་ཡུལ་དང་། གང་གིས་ཉམས་དམད་པར་བྱ་བའི་ཐབས་དང་། དེའི་ཕན་ཡོན་དང་། སྨྱུང་དྲགས་པའི་སྐྱོན་དང་། དེའི་བཅོས་ཐབས་ཏེ་རྣམ་པ་ལྔ་ཡོད་དོ།། གཉིས་པ་རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་སྨྱུང་བའི་ཡུལ་ནི། དེའི་ཡུལ་ཞེས་པ་ནས་སྨྱུང་བས་བཅོས་ཞེས་པའི་བར་གྱིས་བསྟན་ཏེ། ཉམས་དམད་པར་ཡུལ་ནི་ཁ་ཟས་མ་ཞུ་བ་དང་སྣུམ་བག་ཆེར་ཟོས་པ་དང་བརླ་རེངས་ཀྱི་ནད་དང་། རིམས་ནད་དང་གཅིན་སྙི་བའི་ནད་དང་ཁོང་འབྲས་དང་དྲེག་གྲུམ་དང་མཆེར་ནད་དང་ལྐོག་ནད་ཀླད་ནད་དང་སྙིང་ནད་དང་ཚད་པས་འཁྲུ་བ་དང་སྐྱུག་པ་དང་ལུས་ལྕི་བ་དང་དང་ག་མི་བདེ་བ་དང་བཤང་གཅི་འགགས་པ་དང་འཚོ་ཆེས་པ་དང་ཆུ་སེར་དང་བད་མཁྲིས་རྒྱས་པའི་ནད་རྣམས་སྐྱེས་པ་སྟོབས་ལྡན་དར་བབས་ལ་བྱུང་བ་དང་དགུན་སྟོད་ཀྱི་དུས་རྣམས་སུ་སྨྱུང་བའི་ཆོ་གས་བཅོས་པར་བྱའོ།། གཉིས་པ་སྨྱུང་བར་བྱ་བའི་ཐབས་ནི། དེ་ཡི་ཞེས་པ་ནས་རྩ་སྦྱོངས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། ཉམས་དམད་པར་བྱ་བ་དེ་ཡི་སྨན་དུ་ཞི་བ་དང་སྦྱང་བ་རྣམ་པ་གཉིས་ཡོད་པ་ལས། ཐོག་མར་འདུ་བ་མ་སྙོམས་པ་སྙོམས་པར་བྱེད་པ་ཞི་བའི་ཐབས་ཏེ། དེ་ལའང་སྦྱོར་བ་ཟས་དང་སྨན་དང་སྤྱོད་ལམ་དང་དཔྱད་ཀྱི་སྒོ་ནས་བཅོས་དགོས་པས། དེའང་གོང་དུ་བཤད་པའི་སྨྱུང་བའི་ཡུལ་དེ་དག་གང་རུང་བ་དང་ལྡན་པའི་གང་ཟག་ཉམས་སྟོབས་ཅུང་ཟད་ཆུང་བ་རྣམས་ལ་ཁ་ཟས་མ་ཟོས་པར་བཀྲེས་སྐོམ་ལ་ཡུན་རིང་དུ་བྱས་ལ་དེའི་འོག་ཏུ་མི་བཟོད་པའི་ཚེ་ཡང་ཞིང་འཇུ་སླ་བའི་ཁ་ཟས་ཉུང་ཟད་ཙམ་བསྟེན་པར་བྱ་ཞིང་། ཉམས་སྟོབས་འབྲིང་རྣམས་ལ་ཐང་དང་ཕྱེ་མ་རིལ་བུ་སོགས་དྲོད་སྐྱེད་པ་དང་སྨིན་པར་བྱེད་པ་ལ་སོགས་པའི་སྦྱོར་བ་གང་ཡིན་པ་རྣམས་མས་རིམ་བཞིན་བསྟེན་པས་ཕན་ལ། སྟོབས་དང་ལྡན་པ་རྣམས་ཀྱིས་ཉིན་མཚན་ཤས་ཆེར་རྩོལ་བཅག་དང་རྔུལ་དབྱུང་བ་སོགས་བྱ་ཞིང་། གང་ལ་གང་འཚམ་པའི་མེ་བཙའ་དང་དུགས་ལུམས་གཏར་ག་ལ་སོགས་པའི་དཔྱད་ཀྱིས་བཅོས་པར་བྱའོ། །སྦྱང་བ་ཞེས་བྱ་བ་ནི་ནད་སློང་ཞིང་ལུས་ཀྱི་ཕྱིར་འབྱིན་པར་བྱེད་པ་ཡིན་ཏེ། དེ་དག་གི་སྒོ་ནས་བཅོས་པར་བྱ་བ་ནི། སྦྱོང་བྱེད་ཀྱི་སྦྱོར་བ་གང་ཞིག་ནད་མ་ཞུ་བའི་གནས་ན་གནས་པ་ལ་སྐྱུགས་ཀྱིས་སྦྱང་བ་བྱ་ཞིང་། ཞུ་བའི་གནས་ན་ཡོད་པ་ལ་མས་བཏང་དྲག་པོ་སྟེ་ནི་རུ་ཧ་ཡིས་དྲང་བར་བྱ་དགོས་ལ། ལུས་ཀྱི་དོན་སྣོད་སྤྱི་ལ་གནས་ན་ལྟོ་བཤལ་དང་། རྩ་རྒྱུས་རྣམས་ལ་གནས་ན་རྩ་སྦྱོངས་ཀྱིས་སྦྱང་བར་བྱའོ།། གསུམ་པ་ཕན་ཡོན་ནི། ཞི་སྦྱང་ཞེས་པ་ནས་བདེ་བར་རྒྱུ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཞི་སྦྱང་གཉིས་ཀྱི་སྒོ་ནས་ཉམས་དམད་པའི་ཕན་ཡོན་ནི། མིག་ལ་སོགས་པའི་དབང་པོ་རྣམས་གསལ་ཞིང་ལུས་ཡང་བ་དང་ཡི་ག་བདེ་བ་དང་བྱ་བྱེད་རྣམས་ལ་ཤུགས་ཀྱིས་བརྩོན་པ་དང་བཀྲེས་སྐོམ་ཚ་དྲོ་སོགས་ཀྱི་དུས་སུ་འབྱུང་བ་དང་བཤང་བ་དང་སྟེང་འོག་གི་རླུང་བདེ་བར་རྒྱུ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ངོ་།། བཞི་པ་དྲགས་སྐྱོན་ནི། དྲགས་ན་ཞེས་པ་ནས་སྐྱེད་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། ཉམས་དམད་དགོས་པའང་ཧ་ཅང་དྲགས་ན་ལུས་རེ་རེ་ནས་ཟད་པས་ཤ་སྐེམ་ཞིང་མགོ་བོ་འཁོར་བ་དང་གཉིད་མེད་པ་དང་མདངས་བཀྲག་ཤོར་ཞིང་སྐད་ཀྱི་གདངས་དང་དབང་བོ་ཉམས་པ་དང་། ཁ་ཡང་ཡང་སྐོམ་ཞིང་དང་ག་འགག་པ་དང་། བྱིན་པ་དང་བརླ་དང་གཞུག་ཏོ་དང་རྩིབ་ལོགས་དང་སྙིང་ག་དང་ཀླད་པ་རྣམས་ན་ཞིང་རིམས་ཀྱིས་འདེབས་པ་འདྲ་བ་དང་། སྐྱུག་འདོད་ཅིང་རླུང་ནད་བསྐྱེད་པ་ལ་སོགས་པ་བྱེད་པར་འགྱུར་རོ།། ལྔ་པ་དེའི་བཅོས་ཐབས་ནི། དེ་ལ་ཞེས་པ་ནས་གང་ཡང་མེད་ཅེས་པའི་བར་གྱིས་བསྟན་ཏེ། ཉམས་དམད་དྲགས་པའི་སྐྱོན་དེ་རྣམས་ལ་བརྟ་བར་བྱེད་པ་ཀུན་ཕན་མོད། ཁྱད་པར་དུ་བྱ་རྒོད་ལ་སོགས་པ་ཤ་ཟ་བ་རྣམས་ཀྱི་ཤ་ཟ་བ་དང་འཇམ་རྩི་ཡང་ཡང་བཏང་བ་དང་། ཁ་ཟས་འགྲངས་པར་ཟོས་ནས་གཉིད་ལོག་པས་ཕག་དང་འདྲ་བར་ལུས་ཤིན་ཏུ་རྒྱས་པར་འགྱུར་ལ། རྣམ་པ་ཐམས་ཅད་དུ་ལུས་ཀྱི་ཉམས་སྟོབས་རྒྱས་པར་བྱེད་པའི་འཚོ་བྱེད་ཀྱི་མཆོག་ནི་ཤ་བཟང་པོ་དང་འདྲ་བར་གང་ནའང་མེད་དེ་འདི་ཉིད་གཅིག་པུས་ཀྱང་ཆོག་གོ། །དེ་ལྟར་བཤད་པ་རྣམས་ཀྱི་དོན་རྒྱས་པར་བརྒྱད་པ་རྩ་འགྲེལ་ལས་བཤད་མོད་དུ་ཟིན་ཀྱང་། དོན་རྟོགས་པར་སླ་ཞིང་མངས་པར་དོགས་ནས་མ་དྲངས་སོ།།

          གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། སྤྱི་དོན་དང་། ཚིག་དོན་ནོ། །དང་པོ་ནི། སྐབས་འདིར་འགྲེལ་པ་མཁན་པོ་ཀུན་གྱིས་ལེགས་པར་མ་བཤད་མོད་ཀྱང་། ཞིབ་པར་ཟླ་ཟེར་ལས། དེས་ན་འདི། ཕན་ཚུན་རྟེན་དང་བརྟེན་ཅན་ཡིན། །འཕེལ་དང་ཟད་པར་བྱེད་པའི་སྨན། །གཅིག་གི་གང་ཡིན་གཞན་གྱིའང་དེ། །ཞེས་བྱ་བ་ལ་སོགས་པ་སྔར་ལེའུ་བཅུ་པར་དྲངས་པའི་དོན་དང་། གཞན་ཡང་། ཕལ་ཆེར་བརྟས་པས་འཕེལ་བར་འགྱུར། །བད་ཀན་རྗེས་མཐུན་དེ་ཡི་ཕྱིར། །དེ་ལས་བཟློག་པས་ཟད་པ་ཡིན། །རླུང་དང་རྗེས་མཐུན་ཞེས་བྱ་བ་ལ། གང་གི་ཕྱིར་ནད་དང་ལུས་ཟུངས་འདི་རྣམས་ནི་ཕལ་ཆེར་བརྟས་པར་བྱས་ཤིང་ཚིམ་པར་བྱས་པས་འཕེལ་ཞིང་བསྐྱེད་པར་འགྱུར་ལ། འཕེལ་བ་དེའང་བད་ཀན་དང་རྗེས་སུ་མཐུན་པ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་ནི་གཞན་དག་ཏུ། ཁ་ཅིག་འདི་ལྟར་མ་ཡིན་པ་ཡང་ཡོད་དོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟར་བརྟས་པ་ལས་འཕེལ་བར་འགྱུར་བའི་རྒྱུ་དེའི་ཕྱིར། བསྟེན་པ་པོའི་ཚུལ་ཅན་ནད་དང་ལུས་ཟུངས་འདི་དག་ཟད་པར་བྱ་བ་ནི་དེ་ལས་བཟློག་པ་སྟེ། ཉམས་དམད་པའི་མིང་གི་རྣམ་གྲངས་སུ་སྨྱུང་བར་བྱ་བ་ཞེས་བྱ་བས་ཟད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་གང་རུང་ལ་འཕེལ་བར་བྱེད་པའི་སྨན་སྣུམ་པ་དང་མངར་བ་ལ་སོགས་པ་དེས་ནི་རླུང་ཟད་པར་བྱེད་པ་ཡིན་ལ། གང་རླུང་འཕེལ་བར་བྱེད་པའི་སྨན་རྩུབ་པ་དང་ཁ་བ་ལ་སོགས་པ་དེས་ནི་ཉམས་དམད་པར་བྱེད་པ་སྨྱུང་བའི་རྗེས་སུ་མཐུན་པས་ནི་རུས་པ་ཟད་པར་བྱེད་པ་ཡིན་ནོ། །དེ་བས་ན། རུས་པ་རླུང་གཉིས་ལ་འདི་མིན། ཞེས་བྱ་བ་སྨོས་པ་ཡིན་ནོ། །བསྟན་བཅོས་བྱེད་པོས་ཕལ་མོ་ཆེའི་དབང་དུ་མཛད་ནས་སྨྲས་པ་ནི། འཕེལ་དང་ཟད་པར་འགྱུར་བ་ནི། །སྨྱུང་དང་བརྟ་བར་བྱ་བ་ཡིས། །ནད་ནི་རིམ་གྱིས་གསོ་བར་བྱ། །རླུང་མ་གཏོགས་ཏེ། ཞེས་བྱ་བ། གང་གི་ཕྱིར་དེ་ལྟར་བརྟ་བའི་ཚུལ་ལས་ནི་འཕེལ་བར་འགྱུར་ལ། ཉམས་དམད་པའི་ཚུལ་ལས་ནི་ཟད་པར་འགྱུར་བ་དེ་བས་ན། ནད་ཀྱི་འཕེལ་བ་དང་ཟད་པར་འབྱུང་བར་འགྱུར་བས། སྨྱུང་བ་དང་། བརྟ་བར་བྱ་བ་དག་གིས་ནད་ཀྱི་རྣམ་པ་རིམ་གྱིས་གསོ་བར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ཡང་འཕེལ་བ་ལས་གྱུར་པའི་ནད་ལ་ནི། སྨྱུང་བ་དང་ཉམས་དམད་པས་གསོ་བར་བྱ་ལ། ཟད་པ་ལས་གྱུར་པའི་ནད་ལ་ནི་བརྟ་ཞིང་ཚིམ་པར་བྱ་བས་བསྒྲུབ་པར་བྱའོ། །དེ་ལྟར་ན་ནི་རླུང་གསོ་བར་བྱ་བ་དག་ལ་རླུང་འཕེལ་བ་ལས་གྱུར་པའི་ནད་ལ་ནི་སྨྱུང་བ་བྱས་པས་གསོ་དགོས་ལ། རླུང་ཟད་པ་ལས་གྱུར་པའི་ནད་ལ་ནི་བརྟ་བར་བྱ་དགོས་པར་འགྱུར་རོ། །ཞེས་རྟོགས་པར་འགྱུར་བ་དེའི་ཕྱིར་སྨྲས་པ་ནི། རླུང་མ་གཏོགས་པ་ཞེས་བྱ་བ་ཡིན་ཏེ། གསོ་བའི་རིམ་པ་འདི་ལ་རླུང་ནི་མ་གཏོགས་ཏེ། འདི་ལས་གཞན་དུ་བྱ་བ་ཡིན་ནོ། །དེ་སྐྱེས་ལ། དེ་ཉིད་བཟློག་ཐབས་སྦྱར་བར་བྱ། །ཞེས་བྱ་བ་ལ་ཡང་རླུང་དེ་ལས་སྐྱེས་པའི་ནད་རྣམས་ལ་ནི་དེ་ཉིད་ཅེས་བྱ་བ། སྨྱུང་བ་དང་བརྟ་བར་བྱ་བ་དག་གིས་བཟློག་པའི་ཐབས་ཀྱིས་གསོ་བར་བྱ་བ་སྟེ། འཕེལ་བ་ལ་ནི་བརྟ་བར་བྱ་བ་དང་། སྨྱུང་བ་ཟད་པ་ལ་ནི་སྨྱུང་བར་བྱ་བས་གསོ་བར་བྱའོ། །ཁྱད་པར་དུ་ནི་ཁྲག་བསྐྱེད་ནད། །གཏར་ཁ་བཀྲུ་སྨན་དག་གིས་གསོ། །ཞེས་བྱ་བ་ལ། ནད་ཀྱི་གསོ་བའང་ཁྱད་པར་དུ་བྱ་བ་ནི་ཁྲག་སྐྱེས་ཤིང་འཕེལ་པ་ལས་ནད་དུ་གྱུར་པ་ལ་གཏར་ཁ་བྱ་ཞིང་ཁྲག་དབྱུང་བ་དང་། བཀྲུ་སྨན་བཏང་བ་དག་གིས་གསོ་ཞིང་བསྒྲུབ་པར་བྱའོ། །ཤ་ཆེར་སྐྱེས་ལས་བྱུང་བའི་ནད། །གཏར་ཁ་མེ་བཙའ་ཐལ་སྨན་སྦྱར། །ཞེས་བྱ་བ་ལ། ཤ་ཆེར་སྐྱེས་ཤིང་སྦོམ་པ་ལས་བྱུང་བའི་ནད་ལ་ནི་གཏར་ཁ་གདབ་པ་དང་། མེ་བཙའ་གདབ་པ་དང་། ཐལ་སྨན་རྣོན་པོར་སྦྱར་བ་ལ་སོགས་པས་གསོ་བར་བྱའོ། །ཚིལ་སྐྱེས་སྦོམ་སྐེམ་གསོ་བར་བྱ། །ཞེས་བྱ་བ་ལ། ཚིལ་སྐྱེས་ཤིང་འཕེལ་བ་ལས་བྱུང་བའི་ནད་ལ་ནི་སྦོམ་པོ་གསོ་བའི་ཆོ་ག་རྣམ་པ་གཉིས་བཤད་པའི་ཚུལ་གྱིས་གསོ་བར་བྱ་ལ། ཚིལ་ཟད་པ་ལས་བྱུང་བའི་ནད་ལ་ནི་སྐེམ་པོ་གསོ་བའི་ཆོ་ག་རྣམ་པ་གཉིས་ཀྱིས་གསོ་བར་བྱའོ། །རུས་པ་ཟད་ལས་བྱུང་བ་ལ། །མར་དང་འོ་མ་ཁ་བར་སྦྱར། །དེ་བཞིན་འཇམ་རྩི་བཏང་བས་གསོ། །བཤང་བ་འཕེལ་བ་འཁྲུ་བས་གསོ། །ཞེས་བྱ་བ་ལ། རུས་པ་ཟད་པ་ལས་བྱུང་བའི་ནད་ལ་ནི་སྨན་རོ་ཁ་བ་དང་སྦྱར་བའི་མར་དང་། འོ་མ་ལ་སོགས་པས་གསོ་བ་དང་། དེ་བཞིན་དུ་འཇམ་རྩི་མས་བཏང་བས་གསོ་བར་བྱའོ། །བཤང་བ་འཕེལ་ལ་འཁྲུ་བས་གསོ། ཞེས་པ་ནི། བཤང་བ་འཕེལ་བ་ལས་གྱུར་པའི་ནད་ལ་ནི། དྲག་ཏུ་འཁྲུ་བའི་ཆོ་གས་སོ། །བཤང་བ་ཟད་ལས་བྱུང་བའི་ནད། །ར་ལུག་ནང་ཁྲོལ་ཟན་དྲོན་དང་། །སྦྱར་དུག་མ་ཤ་གཉིས་སོགས་སྦྱིན། །ཞེས་བྱ་བ་ལ། བཤང་བ་ཟད་པ་ལས་བྱུང་བའི་ནད་ལ་ནི། ར་ལུག་གི་ནང་ཁྲོལ་རྒྱུ་མ་ལ་སོགས་པ་གཡོས་སུ་བྱས་པ་དང་། ཟན་དྲོན་དང་སྦྱར་དུག་དང་མ་ཤ་གཉིས་པོ་སྟེ་མོན་སྲན་གྲེའུ་དང་མོན་སྲན་དཀར་པོ་གཉིས་སྦྱིན་པ་དང་། སོགས་པའི་སྒྲས་རྒྱ་སྣེའི་ཚོད་མ་དང་། ཞོ་ཁ་ཆུ་དང་། རྩབ་མོ་རང་སྐྱུར་ལ་སོགས་པ་བསྡུས་སོ། །གཅིན་འཕེལ་གྱུར་ལ་གཅིན་སྲི་བའི། །གཅིན་ཟད་ལས་བྱུང་གཅིན་སྙིས་གསོ། །ཞེས་བྱ་བ་ལ། གཅིན་མང་བ་ལས་བྱུང་བའི་ནད་ལ་ནི། གཅིན་སྲི་བ་གསོ་བའི་ཆོ་གས་གསོ་བར་བྱའོ། །གཅིན་ཟད་པ་ལས་བྱུང་བའི་ནད་ལ་ནི། གཅིན་སྙི་བའི་ཆོ་གས་གསོ་བར་བྱའོ། །རྔུལ་མི་འབྱུང་དང་སོགས་ལ་བསྐུ། །རྔུལ་བྱུང་ཆང་གིས་གསོ་བར་བྱ། །ཞེས་བྱ་བ་ལ། རྔུལ་མི་འབྱུང་བ་ལས་གྱུར་པའི་ནད་ལ་ནི། རྩོལ་བ་ལ་སོགས་པ་རྔུལ་དབྱུང་བའི་ཆོ་གས་གསོ་བར་བྱའོ། །ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་རྣམས་ལ་བརྟེན། །དེ་རྣམས་འབྲི་དང་རབ་འབར་བས། །ལུས་ཟུངས་འཕེལ་དང་ཟད་པར་འགྱུར། །ཞེས་བྱ་བ་ལ། ལུས་ཀྱི་མེ་དྲོད་ཅེས་བྱ་བ་ནི་ཕོ་བའི་མེ་དྲོད་དོ། །རང་གནས་འདུག་ཅེས་བྱ་བ་ནི། །རང་གི་གནས་ཞུ་བ་དང་མ་ཞུ་བའི་བར་ན་འདུག་པ་དེའི་ཆ་ཤས་གང་ཡིན་པ་རྣམས་ལུས་ཟུངས་རྣམས་ལ་བརྟེན་ཅིང་གནས་པའི་ཆ་དེ་རྣམས་བྲི་ཞིང་ཉམས་དམས་པས་དྭངས་མ་སོགས་པའི་ལུས་ཟུངས་རྣམས་འཕེལ་བར་འགྱུར་ལ། ཆ་ཤས་དེ་རྣམས་ཉིད་དུ་རབ་ཏུ་འབར་ཞིང་སྟོབས་ཤིན་ཏུ་ཆེ་བར་གྱུར་པས་ནི་ལུས་ཟུངས་རྣམས་ཟད་པར་འགྱུར་རོ། །ལུས་ཟུངས་དང་པོ་ཕྱི་མ་ནི། །རྒྱས་བྱེད་ཟད་པའང་དེ་བཞིན་ནོ། །ཞེས་བྱ་བ་ལ། ལུས་ཟུངས་དང་པོ་དྭངས་མ་ཞེས་བྱ་བ་ལ་རྒྱས་པར་གྱུར་ན་དེའི་ཕྱི་མ་ཁྲག་ཅེས་བྱ་བའི་ལུས་ཟུངས་ཀྱང་རྒྱས་པར་བྱེད་ལ། ལུས་ཟུངས་ཀྱི་དང་པོ་དྭངས་མ་ཟད་ན་ཕྱི་མ་ཁྲག་ཀྱང་དེ་བཞིན་དུ་ཟད་པར་འགྱུར་རོ། །ཞེས་བཤད་པ་ལ་སོགས་པས་རྒྱས་པར་བསྟན་པ་ལྟར་རྟོགས་པར་བྱའོ།།

          གཉིས་པ་ཚིག་གི་དོན་ནི། མདོར་ན་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གསོ་ཐབས་གཉིས་པོ་དེའི་དོན་རྣམས་མདོར་ཧྲིལ་གྱིས་བསྡུ་ན། གོང་དུ་བཤད་པའི་བརྟ་བར་བྱ་བའི་ཡུལ་གང་ཡིན་པ་དེ་རྣམས་ལ་ཉམས་མི་དམད་ཅིང་། གལ་ཏེ་ནད་འགའ་ཞིག་གི་དབང་གིས་སྦྱང་བ་སོགས་དགོས་པ་བྱུང་ཀྱང་འཇམ་པོའི་སྒོ་ནས་བྱ་དགོས་ལ། དེ་བཞིན་དུ་ཉམས་དམད་པར་བྱ་དགོས་པའི་ཡུལ་ཅན་རྣམས་ལ་བརྟ་བར་བྱ་བའི་ཆོ་ག་སྤང་བར་བྱའོ། །གཞན་ཡང་འདུ་བ་གསུམ་ལས་རླུང་འཕེལ་བ་དང་ནད་གཞན་བད་མཁྲིས་གཉིས་པོ་གང་ཡང་རུང་བ་ཟད་པ་ལ་ནི་བརྟ་བའི་སྒོ་ནས་གསོ་བར་བྱ་ཞིང་། རླུང་ཟད་པ་དང་བད་ཀན་མཁྲིས་པ་འཕེལ་བ་ལ་ནི་བཅོས་ཐབས་མཚུངས་པར་སྨྱུང་བས་བཅོས་དགོས་སོ། །ངག་དོན་དུ་རྟེན་གནོད་བྱ་རྣམས་དང་བརྟེན་པ་འདུ་བ་རྣམས་འཕེལ་ཟད་ཀྱི་བཅོས་ཐབས་གཅིག་ཏུ་རུང་ལ། དེའི་ནང་ནས་དམིགས་བསལ་དུ་རྟེན་རུས་པ་དང་བརྟེན་པ་རླུང་གཉིས་ནི་མ་གཏོགས་ཏེ། འདི་ཉིད་ནི་རླུང་ཟད་པ་དང་རུས་པ་འཕེལ་བའི་བཅོས་ཐབས་གཅིག་ཅིང་། རླུང་འཕེལ་བ་དང་རུས་པ་ཟད་པའི་བཅོས་ཐབས་གཉིས་གཅིག་པས་གཞན་རྣམས་ལས་གོ་བཟློག་པའི་ཚུལ་གྱིས་སོ། །ཞེས་གསུངས་སོ།།

གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་ཐབས་གཉིས་བསྟན་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ། །ཞེས་བྱ་བའི་དོན་ཏོ།། །།

 

 

 

མཐའ་མའི་འདོན་ཐེངས་།: 19.04.2017 ཉིན། 11:20 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།