སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གསུམ་པ། ལུམས་ཀྱི་ཆོ་ག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་ཉེར་གསུམ་པ། ལུམས་ཀྱི་ཆོ་ག་བསྟན་པ།



ལེའུ་ཉེར་གསུམ་པ། ལུམས་ཀྱི་ཆོ་ག་བསྟན་པ། 

དཔྱད་ལྔའི་ནང་ཚན་གསུམ་པ་དུགས་ཀྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། དཔྱད་ལྔའི་ནང་ཚན་དུ་གྱུར་པའི་ལུམས་ལ་རུང་བའི་མཚན་ཉིད་དང༌། མི་རུང་བའི་མཚན་ཉིད་དང༌། བྱ་བའི་ཐབས་དང༌། ཕན་ཡོན་བསྟན་པ་དང༌། རྣམ་པ་བཞིར་ཡོད་པ་ལས།

ལུམས་རུང་བ་ནི་ཡན་ལག་རེངས་པ་འཁུམས་པ་ཞ་བ་དང༌། འབྲས་དང་ལྷོག་པ་རྨ་རྙིང་རྨ་གསར་སྐྲངས་པ་བུད་མེད་ཀྱི་ཚབས་ནད་དང༌། རྐེད་པ་སྒུར་པོ་ཤ་རུས་ལ་ཆུ་སེར་གཡོས་པ་དང༌། ཁྱད་པར་རླུང་གི་ནད་མ་ལུས་པ་ཀུན་ལ་བསྔགས་པ་ཡིན་ནོ། །

ནད་གཞིས་མི་རུང་བ་རིམས་འཁྲུགས་ཚ་བ་རྒྱས་པ་སྐྱ་རྦབ་དང་ཉམ་ཆུང་བ་དང་ག་འགགས་པ་རྣམས་ལ་སྤང་བར་བཤད་ཅིང༌། གནས་ཀྱིས་མི་རུང་བ་མིག་དང༌། མཁུར་ཚོས། དྲེག་རྐང་པའི་མཐེ་བོང་གཉིས་དང༌། ལག་པའི་གྲུ་མོ་བཅས་བཞི་དང༌། རླིག་པ་དང་ལྟོ་བ་དང་སྙིང་གའི་གནས་རྣམས་སུ་ལུམས་མི་རུང་ངོ༌། །

བྱ་བའི་ཐབས་ལ་ཆུ་ལུམས་དང་བཅིངས་ལུམས་རྣམ་པ་གཉིས་སུ་ཡོད་པ་དེ་ལ་ཡང་གྲངས་སུ་ཕྱེ་ན་ཆུ་ལུམས་བཞི་དང་བཅིངས་ལུམས་ཉི་ཤུ་སྟེ་ཁྱོན་ཉེར་བཞི་ལས་ཆུའི་ལུམས་བཞི་ནི་སེམས་ཅན་སྤྱི་མཐུན་གྱི་ལས་དང་སངས་རྒྱས་བྱང་སེམས་ཀྱི་སྙིང་རྗེ་སྨོན་ལམ་གྱི་མཐུ་ལས་གྲུབ་པའི་ཆུ་ཚན་རིགས་ལྔ་པོ་ནད་དང་སྦྱར་བའི་ནང་དུ་ཞུགས་པ་ནི་གཙོ་བོ་ཡིན་ལ། དེས་ནི་འགྲམས་ཚད་དང་དུག་རོ་ཚད་རྙིང་བྱེར་ཞིང་ཞེན་པ། འབྲས་ཀྱི་རིགས་དང༌། རྨ་རྒན་སུར་ཡ། རྩ་ནད་ཀྱི་རིགས་ཕལ་ཆེར་ཡན་ལག་རེངས་པ་འཁུམས་པ་སྒུར་པོ་ཤ་སྐམ་པ་སོགས་ནད་རོ་རྣམས་རྙིང་པ་གདོན་ཞིང་ཕན་པར་བྱེད་ལ། ཆུ་ཚན་དེ་མ་འགྲུབ་ན་བ་ལུ། ཤུག་པ། མཚེ། འོམ་བུ། མཁན་སྐྱ་སྟེ་རིམ་པ་བཞིན་མི། ལྷ། བཙན། ཀླུ། སྡེ་བརྒྱད་ཀྱི་བདུད་རྩི་ཞེས་པའམ། ཡང་ན་ཉིན། སྲིབས། ཆུ། སྤང༌། སའི་བདུད་རྩི་སྟེ་བདུད་རྩི་གྲགས་པ་དེ་ཟངས་སོགས་སུ་བཙོས་ལ་སྣོད་ཀྱི་ཁར་རས་ལྡིང་གིས་བཏིང་བ་དེའི་སྟེང་ནད་པ་བཞག་པའི་རླངས་ལུམས་བྱ་བའམ་ཆུ་ཚན་ལྟར་ནང་དུ་སྤྱིང་སྟེ་ཞུགས་པས་གོང་བཞིན་གྱི་ཕན་ཡོན་འགྲུབ་པར་གྱུར་ལ། ཡང་རུས་ལུམས་ནི། མི་རུས་བཙའ་མ་ཆུ་ལ་ཚོས་པར་བཙོས་པའི་རླངས་ལུམས་གོང་བཞིན་བྱ་བ་དང༌། དེའི་ཆུ་ཚན་གྱིས་ཚ་བའི་རིམས་རླུང་དང་ལྡན་པའམ་ཆུ་སེར་ཚ་བ་རེངས་པ་རླུང་ལྡན་དང་འགྲམས་པའི་ཟུག་གཟེར་འཇོམས་ཤིང༌། མཁན་པ་བུལ་ཏོག་ཕབས་རྣམས་སྦྱར་ཏེ་བསྐོལ་བའི་ཆུ་ལུམས་ཀྱིས་རྨ་རྒན་སྐྲངས་པ་དང༌། ཡན་ལག་ཞ་བ་རེངས་པ་སོགས་སེལ་བར་བྱེད་དོ། །

བཅིངས་ལུམས་ཉི་ཤུ་པོ་དེ་ལ་ཡང་ཚ་སེལ་གྱི་ལུམས་དང་གྲང་སེལ་གྱི་ལུམས་རྣམ་པ་གཉིས་སུ་ཡོད་དེ། ཚ་སེལ་གྱི་ལུམས་རྣམ་གྲངས་བརྒྱད་དུ་ཡོད་པ་ལས། མགོ་ཆག་རྩ་བྱེར་གྱི་ནད་ལ་ནས། གྲོ། འབྲས། སྲན་མ། སོ། ཏིལ། བྲ་བོ། སྲན་ཆུང་སོགས་འབྲུ་སྣ་ཐམས་ཅད་རྗེན་བཏགས་བྱས་པ། ཏིལ་མར་རམ་འབྲུ་མར་རྙིང་པ་ལ་སྦྱར་བའི་ཟན་དྲོན་གྱི་ལུམས་མགོ་བོའི་སྐྲ་བཞར་ལ་ཞྭ་མོ་ལྟར་གཡོགས་པ་ཞག་འགའ་བྱས་པས་ཆུ་སེར་དེ་འདུས་ནས་སྐྲངས་པ་འབྱུང་ཞིང༌། དེ་ནས་འཇིབ་རུ་བཙུགས་ནས་ཁྲག་ངན་ཆུ་སེར་ཅི་ཐོན་ཐོན་དབྱུང་བ་དང༌། ཀྱི་ལྕེ་དཀར་པོ་མཛོ་རོག་གི་ལྕི་བ་ཞོ་དང་སྦྱར་བའི་ལུམས་ཀྱིས་ཚ་བའི་སྐྲངས་པ་འཇོམས་ལ། ཚ་བ་རྩ་ལ་བྱེར་ན་དུགས་མ་གཏོགས་པའི་མེ་ཏོག་སྣ་ཚོགས་གདུས་པའི་ལུམས་ཀྱིས་གདུལ་བ་དང༌། རྩ་དཀར་གཟའ་ཕོག་པ་མཁལ་རྩ་འགྲམས་པ་དང་བྱེར་བ་རྣམས་ལ་གོང་དུ་བཤད་པའི་བདུད་རྩི་ལྔ་ལུམས་སམ་ཡང་ན་གླ་རིལ་ཕྱེ་མར་བྱས་པ་ཆང་ནང་དུ་བཙོས་པའི་ལུམས་བྱ་ཞིང༌། རྩ་འགྲམས་པ་དང་སྐྲངས་པོ་རྩ་རྒྱུས་རེངས་པ་རྣམས་ལ་མཁན་དཀར་སྤྲུ་མ་མཚེ་ལྡུམ་སྤང་སྤོས་རྣམས་ཀྱི་ཕྱེ་མ་དྲི་ཆུར་བཙོས་པའི་ལུམས་ཀྱིས་གདུ། ཚད་པ་རྙོག་པ་དང་བྱེར་བ་ལ་གཡའ་ཚན་དང་སྲོ་ལོ་དཀར་པོའི་ལུམས་བྱ་ཞིང༌། མཛེ་དང་དུག་གམ། ཁ་ཅིག་སྦྱར་དུག་མཛེ་ཕོའི་ཤ་ཁྲག་བསྲེས་ནས་བཏང་བ་ནད་ཀྱི་ངོ་བོ་དུག་ཡིན་ཀྱང་རྟགས་མཛེ་ནད་དུ་སྟོན་པ་ཞིག་ཡིན་གསུང་བ་ལ། རའི་རིལ་མ་དང་གླ་རྩི་སྡོམ་ལྡན་ནམ་ལོ་བརྒྱད་དྲི་ཆུས་ཁུ་བ་བྱས་པའི་ལུམས་དང༌། རིན་པོ་ཆེ་དབྱིག་གི་དུག་ལ་མཆོད་རྟེན་ལ་གསོལ་བའི་ས་དཀར་གྱི་ན་བཟའ་དང༌། ཐལ་ལུད་ཡོད་པའམ་དྲི་ཆུའི་རྫིང་སོགས་བ་ཚྭ་ཡོད་པའི་ནང་ནས་ཐུར་དུ་ཁྲུ་གང་བརྐོས་པའི་འོག་གི་ས་དྲི་ཆུར་བཙོས་པའི་ལུམས་བྱའོ། །

གྲང་སེལ་གྱི་ལུམས་ནི་ཡན་ལག་སྐྲངས་པ་རྣག་ཏུ་འགུགས་ན་སྦང་མ་སྐམ་པོ་བྱི་བའི་བྲུན་རྣམས་ཆང་གི་དཀྱིལ་དུ་བཙོས་པའི་སྐྱོ་མའི་ལུམས་སུ་གཞུག་པ་དང༌། མདེའུ་སོགས་ཁོང་དུ་སོང་བ་ཕྱིར་འབྱིན་ན། རའི་རིལ་མ་བྱི་བའི་བྲུན་དྲི་ཆུར་བཙོས་པའི་ལུམས་དང༌། ར་དུག་པ་སྤྱང་ཚེར་རི་ཤོ་སྤྱང་བྲུན་ཆང་གི་སྦང་རྒོད་དེ་གླུམ་གར་དུ་བཙོས་པའི་དུགས་ཀྱིས་ཆུ་ལྷོག་དང་གྲང་གཉན་གྱི་སྐྲངས་མགོ་འདུལ་ཞིང༌། ཡན་ལག་གི་ཆུ་སེར་དང་སྐྱ་རྦབ་ཀྱིས་སྦོས་པ་ལ་རྟ་རྐྱང་བོང་བུ་རྣམས་ཀྱི་སློ་ཞེས་བསད་འཕྲལ་གྱི་བཙོ་དྲོན་མོ་དེའི་ལུམས་སུ་གཞུག་པ་དང༌། རྨེན་བུ་དང་འབྲས་ལ་ཕུག་རོན་གྱི་རིལ་མ་ཆང་ནང་དུ་བཙོས་པའི་ལུམས་བྱ་བ་དང༌། འབྲས་འདུལ་ན་མིའི་རྐང་མགོའི་རུས་པ་ལྷ་བ་མེད་པའི་སྦུགས་སག་སག་པ་དེ་དང་ཆུ་ནང་གི་ཉའི་ཤ་དང༌། འགའ་ཞིག་ན་མིའི་རྐང་མར་དང་མགོའི་ཤ་ཡན་ལག་གི་ཉྭ་བཞིའི་ཤར་ཡང་བཞེད། སྤྲུ་མའི་རྩ་བ་རེ་ལྕག་པ་རྣམས་ཆང་དུ་བཙོས་པའི་ལུམས་སུ་གཞུག་པ་དང༌། རྡེའུ་དང་རྡོ་སྐྲན་འདུལ་བ་ལ་སྤྱང་ཚེར་དང་ལྕེ་ཚ་མཁན་པ་དཀར་པོ་ལྕ་དཀར་གྱི་འབྲུ་བྱེའུའི་བྲུན་ཆང་གི་སྦང་གར་དང་བཅའ་སྒ་སྤོད་དེ་པི་པི་ལིང་རྣམས་སྦྱར་ཏེ་ཆུར་བཙོས་པའི་ལུམས་སུ་གཞུག་པ་དང༌། གྲུམ་བུ་རུས་ཏྲེམ་དང་རླུང་ཚབས་ཀྱི་ནད་ལ་མི་རུས་དང་བ་སྤྲུ་བའི་ལུམས་བྱ་བ་དང༌། རླུང་གིས་འཕྱོས་པས་སྨྱོ་བ་དང་འབོག་པ་རླུང་ཚབས་ཀྱི་རླུང་རྣམས་ལ་སེམས་ཅན་སྣ་ཚོགས་པའི་སྙིང་སྣའི་ལུམས་བྱ་བ་དང༌། རིམས་ཀྱི་མཇུག་ཏུ་རྐང་ལག་དང་རུས་པ་ན་བ་ལ་སྔར་བཤད་པའི་ཁྲུ་གང་འོག་ས་དྲི་ཆུར་བཙོས་པའི་ལུམས་བྱ་བ་དང༌། རུས་པ་དང་ཚིགས་པ་གཟེར་བ་ལ་སེམས་ཅན་སྣ་ཚོགས་པའི་རུས་སྣ་ཆང་དུ་བཙོས་པའི་ལུམས་བྱ་བ་དང༌། རླུང་གིས་སྐྲངས་པ་ལ་འབའ་ཆ་ཆང་དུ་བཙོས་པའི་ལུམས་བྱ་བ་ཡིན་ནོ། །

དེ་ལྟར་བཤད་པའི་ལུམས་ཀྱིས་བཅོས་པས་ལུས་ཚ་བའི་རླངས་པ་ཆུ་སེར་དུ་འབབ་པ་སྟེ་བ་སྤུར་ཡང་ཡང་འདོན་པ་དང་དེས་ནི་རླུང་འདུལ་ཞིང་སྐྲངས་པ་འཇོམས་པ་དང་སྐེམ་པོ་ཤ་རྒྱས་པར་བྱེད་དོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་ནང་ཚན་བཞི་པ་ལུམས་ཀྱི་ཆོ་ག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།