སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གསུམ་པ། རིམས་གྱི་ཚ་བ་བལ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་གསུམ་པ། རིམས་ཀྱི་ཚ་བ་བལ་ནད་བཅོས་པ།

ཚ་བའི་རིགས་ལ་འགྲམས་འཁྲུགས་རིམས་དུག་བཞི་ཡོད་པའི་རིམས་ནད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར་རོ། །དེ་ལན་གཞུང་དོན། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །གཉིས་པ་གཞུང་དོན་ལ་དྲུག །རིམས་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བརྗོད་པ། ངོ་བོ་ངོས་བཟུང་བ། དེའི་མིང་གི་རྒྱུ་མཚན་བསྟན་པ། སྤྱི་བྱེ་བྲག་གི་དབྱེ་བ་བཤད་པ། དེ་དག་སོ་སོའི་རྟགས་ཀྱི་ངེས་པ། དེ་བཅོས་པའི་ཐབས་གསལ་བར་བསྟན་པའོ།།

        དང་པོ་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་ལ་གཉིས། དངོས་ཀྱི་རྒྱུ་རྐྱེན་དང༌། ཆ་མཚུངས་ཀྱི་རྒྱུ་རྐྱེན་ནོ། །དང་པོ་དངོས་ཀྱི་རྒྱུ་རྐྱེན་ནི། རིམས་ཞེས་རྐང་པ་བཅུས་བསྟན་ཏེ། རིམས་ཞེས་བྱ་བའི་ནད་དེ་འབྱུང་བའི་རྒྱུ་རྐྱེན་བསྟན་པ་ནི། སྤྱིར་བསྐལ་བ་མར་འགྲིབ་ཀྱི་དུས་སེམས་ཅན་རྣམས་ཀྱི་བསོད་ནམས་བྲི་བས་ནད་མུག་མཚོན་གྱི་གནོད་པ་འབྱུང་ལ། ཁྱད་པར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལ་ལྔ་བརྒྱ་ཕྲག་བཅུར་ཕྱེས་པའི་ལྔ་བརྒྱ་པ་དང་པོ་གསུམ་ལ་འབྲས་བུའི་དུས་ཏེ། དགྲ་བཅོམ་པ་ཕྱིར་མི་འོང་བ་རྒྱུན་ཞུགས་གསུམ་འབྱུང༌། བར་བ་གསུམ་ལ་སྒྲུབ་པའི་དུས་སྟེ། ཤེས་རབ་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་འབྱུང༌། ཐ་མ་གསུམ་ལ་ལུང་གི་དུས་ཏེ། མངོན་པ་མདོ་སྡེ་འདུལ་བ་གསུམ་རིམ་པ་བཞིན་འབྱུང༌། ལྷག་མ་ལྔ་བརྒྱ་ཕྲག་གཅིག་ནི་ཐ་མ་སྟེ་ལྟ་སྤྱོད་རྣལ་མ་དང་མི་ལྡན་པ་རྟགས་ཙམ་འཛིན་གྱི་དུས་ཏེ། དེ་དང་ཉེ་བ་ལ་འདིར། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། ཞེས་ལྔ་བརྒྱ་ཕྲག་དགུ་འདས་པའི་ལྔ་བརྒྱ་ཕྲག་གཅིག་གི་སྐབས། སངས་རྒྱས་ཀྱི་བསྟན་པའི་དུས་ཀྱི་ཟད་མཚམས་ཐ་མར་གྱུར་པ་དེ་ཙ་ན། སྤྱིར་མི་རྣམས་ཉི་ཚེ་བའི་རང་བདེ་འདོད་པའི་དབང་གིས་དམ་པའི་ལམ་ལས་ལོག་པར་གོལ་བ་མི་དགེ་བ་བཅུ་སོགས་སྤྱོད་པ་དང༌། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་གཉིས་ལས། སྔགས་ལ་ཞུགས་པའི་སྔགས་པ་རྣམས་ནི། མི་ཕྱེད་མི་འགྱུར་བའི་མཚན་ཉིད་ཅན་རྡོ་རྗེའི་ཐེག་པར་ཞུགས་པའི་དམ་ཚིག་གཅིག་པ་ཡིན་པ་ལ་སྤང་བླང་ནོར་ནས། རྡོ་རྗེའི་དམ་ཚིག་ཅན་ནང་དུ་ཐར་པའི་སྲོག་གམ་རིགས་གཅོད་པའི་དམེ་བྱེད། མདོ་ལ་ཞུགས་པ་དགེ་འདུན་ཉོན་མོངས་པ་དགྲ་བཅོམ་པར་འདོད་པ་རྣམས་ནི་སོ་སོའི་སྡེ་རིགས་བཟུང་ནས་འཁྲུག་པ་དར། ཕྱི་རོལ་མུ་སྟེགས་པ་དང་བན་དང་བོན་ཕྲིན་ལས་མངོན་སྤྱོད་པར་འདོད་པ་རྣམས་ནི། དྲག་པོ་ལས་ལ་བསྐུལ་བའི་ཟོར་ཁ་འཕེན། སྐྱེ་བོ་རང་བཞིན་བ་རྣམས་ནི། དཀོན་ཅོག་དང་ལྷ་འདྲེ་དཔང་དུ་བཙུགས་པའི་མནའ་དོར་ནས་ཟ། རི་ཀླུང་གཉན་ས་རྣམས་སུ་དཀར་ཐབ་དམར་ཐབ་ནག་ཐབ་སོགས་མེ་གློ་བུར་དུ་གསོད་པའི་ཐབ་གཏོང༌། བཤན་དམར་རམ་དམར་ཀློ་སྟེ་ལྷ་འདྲེ་གཙང་སྦྲ་ཅན་ཡོད་སར་ཤ་ཁྲག་འབག་བཙོག་གི་ལས་བྱེད་དེ་ལྟ་བུ་དར་བའི་དུས་སུ། སྲིད་པ་སྐྱེ་འཇིག་ལ་དབང་བའི་མ་མོ་དང༌། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བའི་མཁའ་འགྲོ་མ་རྣམས་གཅིག་འཁྲུགས་ན་ཀུན་འཁྲུགས་པ་དམ་ཚིག་ཡིན་པས་ཀུན་འཁྲོ་ཞིང་འཁྲུགས་ཏེ་རིམས་ཀྱིས་འདེབས་པའི་རིག་སྔགས་དང་བཅས་པའི་ནད་ཀྱི་ཁ་རླངས་སེར་པོ་དམར་པོ་ནག་པོ་རྣམས་བཏང་བས་སྤྲིན་དུ་ཆགས་པ་ལས། བསོད་ནམས་དམན་པའི་སྐྱེ་འགྲོ་ལ་ཕོག་སྟེ་སེར་པོ་ལ་བད་ནད་དམར་པོ་ལ་རྒྱུ་གཟེར་ནག་པོ་ལ་གག་ལྷོག་འབྲུམ་ནག་འབྱུང་ངོ༌། །གཉིས་པ་ཆ་མཚུངས་ཀྱི་རྒྱུ་རྐྱེན་བཤད་པ་ནི། གཞན་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རིམས་ཀྱི་རྒྱུ་རྐྱེན་དེ་ལས་གཞན་པ་ཡང་དབྱར་དགུན་སྟོན་དཔྱིད་དེ་ནམ་ཟླ་དུས་བཞིའི་འབྱུང་བའི་ཁམས་དམན་ལྷག་ལོག་པ་དང༌། སྤྱོད་ལམ་དྲག་ཤུལ་བྱས་པ་དང་ནད་པའི་ནད་དྲི་ཕོག་པ་དང༌། འབྱུང་པོའི་དུག་གཟེར་ཕོག་པ་དང༌། ཞེ་སྡང་དྲག་པོ་སྐྱེས་ཏེ་འཁྲོ་ཞིང་འཁྲུགས་པ་དང༌། གཏི་མུག་ཅན་སེམས་ཞུམ་པའི་དབང་གིས་འཇིགས་སྐྲག་དང༌། ཡིད་གཅུགས་པ་དང་བྲལ་བ་སོགས་ཀྱི་མྱ་ངན་གྱིས་གདུངས་པ་དང༌། ཡུལ་ལ་ལྷག་པར་ཆགས་པའི་འདོད་ཆགས་ཏེ། དུག་གསུམ་གྱི་དབང་དུ་ལྷག་པར་གྱུར་པ་དང་ཁ་ཟས་བསིལ་དྲོད་མི་སྙོམས་པ་སོགས་ལུས་ཁམས་དང་མི་མཐུན་པ་བསྟེན་པའི་དབང་ལས་ནང་གི་འབྱུང་བ་འཁྲུགས་ཏེ་རིམས་སུ་འགྱུར་ཅེས་སོ། །གཉིས་པ་ངོ་བོ་ངོས་བཟུང་བ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་བསྟན་པའི་རྒྱུ་རྐྱེན་དེ་ཡིས་ལུས་ཀྱི་མེ་དྲོད་བསླང་ཞིང་ཆེར་བསྐྱེད་པ་ནི་རིམས་ཀྱི་ངོ་བོ་ཡིན་ཏེ། དཔེར་ན་མེ་དང་རླུང་གི་རྒྱུ་རྐྱེན་གྱིས་ཤིང་ལ་ཡོད་པའི་མེ་ཁམས་ཆེར་བསླང་ཞིང་བསྐྱེད་ནས་མེ་འབར་བ་ལྟ་བུའོ། །གསུམ་པ་མིང་གི་རྒྱུ་མཚན་བསྟན་པ་ནི། རྔུལ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། ཐོག་མར་སྐྱི་ལ་གནས་པའི་རྔུལ་ལ་བབས། དེ་ནས་གནོད་བྱེད་བད་མཁྲིས་རླུང་གསུམ་ལ་རིམ་པས་བབས་པའམ་ནད་དྲི་ཕོག་ནས་འཇུག་སྒོ་དྲུག་སོགས་ཕྱི་ནས་ནང་དུ་རིམས་ཀྱི་འགོས་ཤིང་འཇུག་པས་རིམས་ཞེས་མིང་དུ་བཏགས་པའོ། །བཞི་པ་སྤྱི་བྱེ་བྲག་གི་དབྱེ་བ་བཤད་པ་ལ་གཉིས། སྤྱི་དབྱེ་དང༌། སྒོས་ཀྱི་ནང་ཚན་ནོ།།

        དང་པོ་སྤྱི་དབྱེ་ནི། དབྱེ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྤྱིར་རིམས་ནད་རྒྱུ་གཟེར་འབྲུམ་བུ་གག་ལྷོག་ཆམ་པ་བཅོས་པ་རྣམས་ལེའུ་ལྔ་ཡིས་བསྟན་ཏེ། ཉེར་གསུམ་པས་བལ་ནད་ཉེར་བཞི་པས་འབྲུམ་བུ། ཉེར་ལྔ་པས་རྒྱུ་གཟེར། ཉེར་དྲུག་པས་གག་པ་དང་ལྷོག་པ་གཉིས། ཉེར་བདུན་པས་ཆམ་པ་བཅོས་པ་བསྟན་པ་ལས་ཕྱི་མ་ལྔ་འོག་ཏུ་སྟོན་ནོ། །གཉིས་པ་སྒོས་ཀྱི་ནང་ཚན་བཤད་པ་ལའང་ལྔ་ལས། དང་པོ་ལེའུ་ཉེར་གསུམ་པ་རིམས་བལ་ནད་བཅོས་པའི་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བལ་ནད་ཅེས་རྐང་པ་བཞིས་བསྟན་ཏེ། གནས་དུས་རིགས་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། ཕྱི་མ་རིགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རླུང་རིམས་མཁྲིས་རིམས་བད་རིམས་འདུས་རིམས་གཉན་རིམས་དང་རྣམ་པ་ལྔའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་རླུང་རིམས་ནི། འདར་བུ་ཞེས་རྐང་པ་གཅིག་གིས་བསྟན་པའི་འདར་བུ་དང་ཡེར་བུ་གཉིས་སོ། །གཉིས་པ་མཁྲིས་རིམས་ནི། ལེ་བརྒན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལེ་བརྒན་དང༌། ཀླད་གཟེར་གཉིས། གསུམ་པ་བད་རིམས་ནི། རྨོངས་བུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལེ་བརྒན་དང༌། ཀླད་གཟེར་གཉིས། གསུམ་པ་བད་རིམས་ནི། རྨོངས་བུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨོངས་བུ་དང༌། ལྐུགས་པ་གཉིས། བཞི་པ་འདུས་རིམས་ནི། འདུས་རིམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུན་རིམས་དང༌། བརྟག་པའི་རིམས་དང༌། ཉིན་གཅིག་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང་ལྔའོ། །ལྔ་པ་གཉན་རིམས་ནི། མཁྲིས་པ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གཉན་རིམས་གཅིག །དེ་ལྟར་བབས་ལ་གནས་ལ་སྐྱི་དང༌། བ་སྤུ་པགས་པ་རྩ་ཤ་དོན་སྣོད་རུས་ལ་བབས་པ་བདུན། རིམ་པ་དུས་ལ་བད་ཀན་མཁྲིས་པ་ཁྲག་རླུང་ཁྲག་འཐབ་པ་རི་ཐང་མཚམས་ཏེ་ལྔ། ནད་རིགས་ལ་ཉེས་པ་གསུམ་ལ་གཉིས་གཉིས་ཏེ་དྲུག་འདུས་པ་ལ་གཉན་རིམས་གཅིག་སྟེ་དྲིལ་བས་ཉེར་བཞིའོ། །ལྔ་པ་རྟགས་བཤད་པ་ལ་གཉིས་མདོར་རྒྱས་སོ།།      

        དང་པོ་ནི་རྟགས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལ་གཉིས། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་རྟགས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི་སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མ་སྨིན་པ། རྒྱས་པ། སྟོང་པ་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་མ་སྨིན་པའི་རྟགས་ནི། དང་པོ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་ནི་བར་དུ་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་སྟོབས་རྟགས་ནི། ཐ་མར་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། བབས་པ། རིམ་པ་དུས། ནད་གཞི་རིགས་ཀྱི་སྒོ་ནས་བརྟག་པའོ། །དང་པོ་བབས་གནས་ཀྱི་སྒོ་ནས་བརྟག་པ་ནི། དང་པོ་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། ཕྲུམ་སེར་ནི་གྲང་ཤུམ་བྱེད་པའོ། །གཉིས་པ་རིམ་པ་དུས་ཀྱི་བརྟག་པ་ནི། རིམ་པ་ཞེས་རྐང་པ་ཉེར་བཞིས་བསྟན་ཏེ། དང་པོའི་ཞག་གསུམ་བད་ཀན་དུས་སུ་ཚ་གྲང་འདྲེས་པ་བད་རླུང་དང་ཚ་བ་དྭངས་སྙིགས་ཕྱེ་བའི་དུས་དེ་ནས་ཞག་གསུམ་མཁྲིས་པའི་དུས་སུ། མཁྲིས་ཚད་ཆུ་དྲོན་ལྟར་གནས་པ་ཆའི་འཕྲི་ཞིང་སྐམ་པའི་དུས་སུའོ། །མིག་ནག་ཆེ་བ་ནི་མིག་སྐྱག་ཆེ་བའོ། །དེ་ནས་ཞག་གསུམ་ཁྲག་གི་དུས་སུ་ཚད་པ་རྐྱང་པར་སེལ་བས་བསིལ་གྱིས་གཉེན་པོས་དགྲ་ལྟར་བསད་པའི་དུས་དེ་ནས་ཞག་གསུམ་དོན་ལ་རླུང་ཁྲག་འཐབ་པའི་དུས་སུ་བསིལ་འཇམ་གྱིས་ཚ་བ་གཉེན་ལྟར་བསྟེན་པའི་དུས། དེ་ནས་ཞག་གསུམ་རི་ཐང་མཚམས་ཀྱི་དུས་སུ་རླུང་ཤས་ཆེ་བ་རླུང་སྣ་མནན་པ་ཚ་བ་བུ་ལྟར་གསོ་བའི་དུས་ཏེ་ནད་ཀྱི་རིམ་པ་ལ་བལྟོས་པའི་བཅོས་ཚུལ་ཀྱང་དེ་ལྟར་རོ། །གསུམ་པ་ནད་གཞི་རིགས་ཀྱི་སྒོ་ནས་བརྟག་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་ནད་གཞི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་ལྔ་སྟེ། རླུང་མཁྲིས་བད་ཀན་འདུས་རིམས་གཉན་རིམས་དང་ལྔའོ། །དང་པོ་རླུང་ལའང་གསུམ་སྤྱི་ཁྱད་པར་བྱེ་བྲག་དང་གསུམ་མོ། །དང་པོ་སྤྱི་རྟགས་ནི། དང་པོ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་ཁྱད་པར་གྱི་རྟགས་ནི། ཁྱད་པར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འབྲོས་ཚུལ་སྟོན་པ་ནི་ཞེ་སྡང་གིས་འབྲོས་པར་རྩོམ་པའོ། །གསུམ་པ་བྱེ་བྲག་གི་རྟགས་ནི་རླུང་རིམས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་མཁྲིས་པ་ལའང་གསུམ་སྤྱི་རྟགས་ཁྱད་པར་བྱེ་བྲག་གོ །དང་པོ་སྤྱི་རྟགས་ནི། མཁྲིས་རིམས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ཁྱད་པར་གྱི་རྟགས་ནི། ཁྱད་པར་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་བྱེ་བྲག་གི་རྟགས་ནི། མཁྲིས་རིམས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གསུམ་པ་བད་རིམས་ཀྱི་རྟགས་ལའང་གསུམ། སྤྱི་རྟགས་ཁྱད་པར་བྱེ་བྲག་དང་གསུམ་ལས། དང་པོ་སྤྱི་རྟགས་ནི། བད་རིམས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ཁྱད་པར་གྱི་རྟགས་ནི། ཁྱད་པར་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་བྱེ་བྲག་གི་རྟགས་ནི། བད་རིམས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བཞི་པ་འདུས་རིམས་ཀྱི་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་འདུས་རིམས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། སྤྱི་དང་བྱེ་བྲག་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་རྟགས་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དང་པོ་བར་དང་ཐ་མ་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ། དང་པོར་མ་སྨིན་པའི་རྟགས། བར་དུ་རྒྱས་རྟགས། ཐ་མར་སྟོངས་རྟགས་སོ།།

        དང་པོ་མ་སྨིན་པའི་རྟགས་ནི། འདུས་རིམས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། འདུས་རིམས་དྭངས་མར་བབས་དུས་བད་ཀན་ཤས་ཆེ་ན་མ་ཞུ་བ་དང༌། སྨུག་པོའི་རྟགས་དང་མ་ནོར་བ་གཅེས་སོ། །མཁྲིས་ཤས་ཅན་ལ་མཁྲིས་པ་དང་མ་ནོར་བ་དགོས་སོ། །གཉིས་པ་རྒྱས་རྟགས་ནི། བར་དུ་ཞེསརྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། ཚ་བ་བཤང་གཅི་རྔུལ་དང་གཉིད་མི་སྙོམས་པ་ནི། ཚ་བ་རེས་ཆེ་རེས་ཆུང༌། བཤང་གཅི་རེས་འཁྲུ་རེས་སྐམས། རྔུལ་རེས་ཡོང་རེས་མི་ཡོང༌། གཉིད་རེས་ཆེ་རེས་ཆུང་བར་བྱེད་དོ། །གསུམ་པ་ཐ་མར་སྟོངས་རྟགས་ནི་ཐ་མར་ཞེས་རྐང་པ་ལྔས་བསྟན་ཏེ། མཁྲིས་ཤས་ཆེ་ན་རྔུལ་མང་རླུང་ཤས་ཆེ་ན་སྨྲ་བ་མང༌། བད་ཀན་ཤས་ཆེ་ན་ལུས་གྲང་སོགས་འབྱུང་ངོ༌། །ཞག་གྲངས་ཀྱི་ངེས་པ་ནི། དྭངས་མ་ནས་ལུས་ཟུངས་བདུན་དུ་རིམས་པས་ཁྱབ་པའི་དབང་གིས་ལུས་ཟུངས་རེ་རེ་ལ་ཞག་གསུམ་གསུམ་བབས་པ་དྭངས་མར་བབས་དུས་མ་རྟོགས་ན་ཞག་བཅོ་བརྒྱད་རྟོགས་ན་ཞག་ཉེར་གཅིག་ལ་བདུན་ག་རྫོགས། དེའི་རྗེས་ཀྱི་ཞག་ཉེར་གཉིས་པ་ལ་འཚོ་འཆིའི་ལ་ཤན་ཕྱེད་པར་འགྱུར་རོ། །གཉིས་པ་བྱེ་བྲག་གི་རྟགས་ནི། བྱེ་བྲག་ཅེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ཏེ། ཁྲག་བབས་རྟག་པའི་རིམས་ལ་ཞག་གཅིག་གི་ནང་དུ་ཚ་བའི་ནད་ཟུག་ལན་གཉིས་རེ་ལྡང༌། ཤར་བབས་ཉེར་གཅིག་པ་ལ་ཉིན་རེར་ལན་རེ་ལྡང༌། ཚིལ་བབས་ཉིན་གསུམ་པ་ལ་ཉིན་རེ་བདེ་ཉིན་གཉིས་བསྟུད་ནས་ན། རུས་བབས་ཉིན་བཞི་པའི་རིམས་ལ་ཞག་གཉིས་བདེ་ཞག་གཉིས་ན་སྟེ། གདོན་དང་ནད་རིགས་ཀྱི་དབང་གིས་ནད་བདེ་རེ་མོས་བྱེད་དོ། །ལྔ་པ་གཉན་རིམས་ཀྱི་རྟགས་ལ་བཞི། །མིང་གི་རྣམ་གྲངས་དང༌། རྐྱེན་དང་ནད་བདག་དང༌། ངོ་བོ་ཞུགས་ཚུལ་དང༌། རྟགས་ཀྱི་རིམས་པའོ། །དང་པོ་མིང་གི་རྣམ་གྲངས་ནི། གཉན་རིམས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕྱིའི་གདོན་ཁྲོས་པའི་དུག་ནད་དུ་ཁྲག་སྲིན་ལ་འཕོས་པའི་དུག་རླངས་ལས་གཉན་རིམས་ཞེས་ཀྱང་བྱ། མཁྲིས་ཚད་རྩ་རུ་རྒྱུག་པས་མཁྲིས་པ་རྩར་རྒྱུག་ཅེས་ཀྱང་བྱ། གཞན་ཡང་རྒྱ་ནད་མིག་སེར་དང༌། རིམས་སྨྱོན་ཏྲེ་ཏྲེ་སོགས་མིང་མང་བའོ། །གཉིས་པ་རྐྱེན་ནི། ནད་འདི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནད་འདི་འབྱུང་བའི་རྐྱེན་ནི། སྔོན་དབང་ཕྱུག་གི་སྦྱིན་སྲེག་བྱས་པའི་རྔུལ་གྱི་ཐིགས་པ་མེ་ནང་དུ་སོང་བ་ལས་སྐྱེས་པའི་སྲིད་པའི་མ་མོ་བདུན་དུ་གྲགས། དེ་གཙོ་ཆེར་རི་རབ་དང་ཉེ་བ་ཀེ་ལ་ཤའི་གླིང་དུ་གནས་པའམ། ཡང་ན་དཔལ་ལྡན་ལྷ་མོ་སྟེ་སུམ་ཅུ་རྩ་གསུམ་གྱི་གནས་འདིའི་བྱང་ཕྱོགས་སུ་ཡོངས་འདུའི་ཤིང་ལ་བརྟེན་ནས་སྨན་མོའི་གཟུགས་སུ་གནས་པ་ལ་བྱང་སྨན་ཞེས་བྱ། དམུ་བདུད་ནི་སྡེ་བརྒྱད་ཀྱི་དམུ་དང་བདུད་གཉིས་སྡོངས་པའི་སྲས་ཏེ་དེ་རྣམས་ཀྱི་རྐྱེན་བྱས་ནས་གནོད་པའོ། །གསུམ་པ་ངོ་བོ་ཞུགས་ཚུལ་ནི། མཁྲིས་ཚད་ཅེས་རྐང་པ་བཅུས་བསྟན་ཏེ། ངོ་བོ་ནི་མཁྲིས་ཚད་དང་ལྷན་ཅིག་འཕེལ་བ་སྟེ། རྣམ་པ་ཕྱི་རོལ་ནས་རྔུལ་གྱི་སྒོར་ཞུགས་ནས་མཆིན་མཁྲིས་གཉིས་ལ་བབས། ཁྲག་མཁྲིས་འདྲེས་པ་རླུང་གིས་སྐྱེད་ནས་ཀུན་ཏུ་རྒྱུག་པ་ལས། དེར་གནས་པའི་ནད་གཞིའི་མཐུ་ཕྲོགས་པའོ། །བཞི་པ་རྟགས་ཀྱི་རིམ་པ་བཤད་པ་ལ་བཞི། དང་པོ། བར། ཐ་མ། ཁྱད་པར་རོ། །དང་པོ་ནི་དེ་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི་བར་དུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། མིག་སྤྲིན་དང་ལྕེའི་འོག་དང་མཁུར་ཚོས་ཀྱི་གོང་རྣམས་སེར་པོར་འགྲོའོ། །གསུམ་པ་ནི་སྨིན་པའི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རང་གནས་ནི་སྲོག་རྩའོ། །དེར་སླེབ་པས་སྲོག་རླུང་ཕྱིར་སྟོན་པའོ། །བཞི་པ་ནི་ཁྱད་པར་ཞེས་རྐང་པ་དྲུག་གིས་བསྟན་ནོ། །དྲུག་པ་བཅོས་ཐབས་བཤད་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི་བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་བཅོས་དང་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་ལའང་གསུམ། དང་པོ་དང༌། བར་དང༌། ཐ་མའོ།།

        དང་པོ་ནི་སྤྱི་བཅོས་ཞེས་རྐང་པ་བཞིས་བསྟན་ཏེ། སླེ་ཏྲེས་ལྔ་ཐང་ནི་གོང་དུ། ཁྲག་མཁྲིས་ཤས་ཆེ་སླེ་ཏྲེས་འབྲས་བུ་གསུམ། ཞེས་སོ། །གཉིས་པ་ནི། བར་དུ་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། སྐྱེད་ཆུང་མིག་ཆུ་སེར་ན་བཤལ་གྱིས་སྦྱང༌། ཞེས་པ་ནི། རྫོང་འཕྲང་དུ། ཐར་ནུ་ལྕུམ་རྩ་ཁྲོན་བུ་ཧོང་ལེན་གསེར་གྱི་མེ་ཏོག་གི་ཕྱེ་མ་དྲི་ཆུར་སྦྱར་ལ་བཏང་ཞེས་པ་དེའོ། །གསུམ་པ་ནི། ཐ་མ་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། སད་མདའ་བཏང་བ་ནི། བུར་ཞོ་བསྐུ་མཉེ་རུས་ཐང་སོགས་རླུང་བཅོས་འཇམ་པོ་འཕྲོད་མི་འཕྲོད་ཉམས་སད་པའོ། །ཚ་བའི་སྟོབས་སྦྱར་བ་ནི། ཚ་བ་སྟོབས་ཆེ་ན་ཀྱི་ལྕེ་ཐུན་ཆེ་བར་བྱ། སྟོབས་ཆུང་ན་བིག་པན་ཐུན་ཆེ་བར་བྱའོ། །གཉིས་པ་བྱེ་བྲག་གི་བཅོས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། བབས་ས་གནས་དང་སྦྱར་ནས་བཅོས་པ། རིམ་པ་དུས་དང་སྦྱར་ནས་བཅོས་པ། ནད་བཞིའི་རིགས་དང་སྦྱར་ནས་བཅོས་པའོ། །དང་པོ་ནི། བབས་ས་ཞེས་རྐང་པ་སོ་བརྒྱད་ཀྱིས་བསྟན་ཏེ། རྩར་བབས་ཀྱི་སྐྱུར་ཤོར་ནི་ཆང་ངོ༌། །སྣོད་བབས་ཀྱི་ཐང་བཤལ་ནི། ལྕུམ་རྩ་ཨ་རུ་ར་མཆུ་སྙུང་ཆ་མཉམ་ཏེ། ཉི་དགའ་ཤིང་མངར་རྒྱམ་ཚྭ་པི་པི་ལིང༌། །ཞེས་པ་དེའོ། །ཡང་ན་ལྕུམ་རྩ་དུར་བྱིད་ཨ་རུ་རའི་བཤལ་ལོ། །གཞན་རྣམས་ནད་རྟགས་དང་ཞག་གྲངས་དང་སྦྱར་བའི་བཅོས་ཀྱི་འགྲོ་བཟློག་ལས་བླང་དོར་ཤེས་པར་བྱའོ། །གཉིས་པ་ནི། རིམ་པ་ཞེས་རྐང་པ་ཉེར་དགུས་བསྟན་ཏེ། མི་ལ་འཛིན་ནམ་སྣོམ་པ་ནི་ཡང་ན་མདུན་གྱི་མི་ལ་འཛིན་ཡང་ན་ནམ་མཁའ་ལ་བཟུང་བ་ལྟར་བྱེད་པའོ། །ག་བུར་ཆང་སྦྱར་བཏང༌། ཞེས་པའི་དམར་ཁྲིད་དུ། ག་བུར་ཅུ་གང་གཉིས་ཆང་ལ་སྦྱར་ལ་བཏང༌། གོས་ཀྱིས་བྱིབས་རྔུལ་དབྱུང༌། མ་ཐོན་ན་སྣེའུའི་རླངས་ལུམས་བྱ་རྔུལ་ཐོན་ན་ག་བུར་ཐེབས། ནང་བར་རྔུལ་སྐྱེས་སམ་ཚད་པར་ལོག་གམ་གཉིས་ཀ་ཆོམས་སམ་ལྟ། སྐྱེད་གང་ཡང་མེད་ན་བསྐྱར་ལ་བཏང༌། རླུང་སྐྱེས་ན་བུར་ཆང་ཚད་པ་སྐྱེས་ན་བསིལ་ཕྱེ་གཉིས་ཀ་ཆོམས་ན་གསོ་སླ། ཞེས་འབྱུང་ངོ༌། །གསུམ་པ་ནད་དང་སྦྱར་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ནད་གཞི་ཞེས་རྐང་པ་གཅིག་གིས་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་ལྔ། རླུང་རིམས། མཁྲིས་པའི་རིམས། བད་རིམས། འདུས་རིམས། གཉན་རིམས་ཀྱི་བཅོས་སོ། །དང་པོ་རླུང་རིམས་བཅོས་པ་ལ་གསུམ། ཐོག་མ་བར་ཐ་མ་གསུམ་མོ། །དང་པོ་ཐོག་མའི་བཅོས་ནི། རླུང་རིམས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་བར་དུ་བཅོས་པ་ནི། སྨིན་ནས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་ཐ་མ་ནི། མ་ཐུབ་ཅེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། གཞུག་ཆུང་ལྔ་བདུན་སྦྱོར་བ་ནི། ལུག་གི་གཞུག་ཆུང་ལྔའམ་བདུན་ཆང་ལ་བསྡུས་ཁུར་ག་བུར་ཅུ་གང་བཏབ་པའོ། །གཉིས་པ་མཁྲིས་རིམས་བཅོས་པ་ལ་གསུམ། དང་པོ་བར་དང་ཐ་མའོ། །དང་པོ་ནི། མཁྲིས་རིམས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྐྲ་བཟང་ནི་པརྤ་ཏའོ། །གཉིས་པ་བར་དུ་བཅོས་པ་ནི། སྨིན་ནས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྐྲ་བཟང་ནི་པརྤ་ཏའོ། །གཉིས་པ་བར་དུ་བཅོས་པ་ནི། སྨིན་ནས་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། ཙན་དན་ནི་དཀར་པོའོ། །བསིལ་གསུམ་ནི་ཅུ་གང་གུར་གུམ་ལི་ཤིའོ། །གསུམ་པ་ནི། ཐ་མ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཐང་བཤལ་ནི། ཨ་བར་སྐྱུར་གསུམ་ལྕུམ་རྩ་དུར་བྱིད་ཀྱི་སྐོལ་ཐང་ངོ༌། །གསུམ་པ་བད་རིམས་ཀྱི་བཅོས་ལ་དང་པོ་བར་དང་ཐ་མའོ།

        དང་པོ་ནི། བད་ཀན་ཞེས་རྐང་པ་བཞིས་བསྟན་ཏེ། སྒ་ནི་སྒ་སྐྱའོ། །གཉིས་པ་བར་བཅོས་ནི། སྨིན་ནས་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། བ་སྤུར་དབྱུང་ནི་རྔུལ་དུ་དབྱུང་བའོ། །གསུམ་པ་ཐ་མའི་བཅོས་ནི། མཁལ་མར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། མཁལ་སྣ་གླན་པ་ནི་མཁལ་མའི་རླུང་སྣ་གླན་པའོ། །བཞི་པ་འདུས་རིམས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འདུས་རིམས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། སྤྱི་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨིན་པ་དང་ཞི་བ་དང་གསོ་བ་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་སྨིན་བྱ་ལའང་གཉིས་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུས་བསྟན་ནོ། །གཉིས་པ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ཞི་བྱེད་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་འོག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུས་གསར་བཅོས་དང་རྙིང་བཅོས་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་གསར་བཅོས་ལ་མདོར་རྒྱས་སོ།།

        དང་པོ་ནི། གསར་དུས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཉེས་པའི་སྟོབས་དང་སྦྱར་བ་དང༌། ཚ་བ་རང་གི་སྟོབས་དང་སྦྱར་བའོ། །དང་པོ་ནི། ཉེས་པའི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཉེས་གསུམ་ཆ་མཉམ་པ་ལ། དང་པོར་བད་ཀན་བཅོས་སྨིན་པར་བྱས། བར་དུ་མཁྲིས་པ་བཅོས་དངོས་པོ་བསད། ཐ་མ་རླུང་བཅོས་ཟུངས་གསོའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྟོབས་ཆེན་དང་སྟོབས་ཆུང་ངོ༌། །དང་པོ་སྟོབས་ཆེན་ནི། སྟོབས་ཆེ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ།

མངར་བའི་བཤལ་ནི་དུར་བྱིད་རྒུན་འབྲུམ་གྱི་བཤལ་ལོ། །གཉིས་པ་སྟོབས་ཆུང་གི་བཅོས་ནི། སྟོབས་ཆུང་ཞེས་རྐང་པ་ལྔས་བསྟན་ཏེ། བྱ་ཀྲྀ་ནི་སྟག་མོ་སྟེ་སྟག་ཚེར་རམ་ཀནྜ་ཀ་རིའོ། །གཉིས་པ་ལ་གཉིས། དངོས་པོ་གཞོམ་པ་དང༌། བླ་གཉན་བསལ་བའོ། །དང་པོ་ནི། ཟླ་གཅིག་ཅེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། བཤང་གཅི་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། སྨད་ཚད་སྐྱེས་ན་སྨད་འདྲེན་ནི། ལྕུམ་རྩ་འོ་མའི་སྨད་འདྲེན་ནོ། །དྲོད་བྲལ་འཇམ་རྩི་ནི། བུ་རམ་དང་པི་པི་ལིང་གི་འཇམ་རྩི་བྱའོ། །གསུམ་པ་ནི། ཐ་མ་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། དེ་ནས་ཞེས་རྐང་པ་ཉེར་བདུན་གྱིས་བསྟན་ཏེ། པ་ཏོ་ལ་སྟེ་འདི་ལ་ངོས་འཛིན་མང་ཡང༌། གཡུ་ཐོག་པའི་སྨན་ངོ་འཛིན་པའི་བསྟན་བཅོས་སུ། པ་ཏོ་ལ་ཞེས་པ། རྩ་བ་གདུགས་ཀྱི་རྐང་པ་འདྲ། ལོ་མ་རལ་གྲི་འདྲ། བཅད་ན་འོ་མ་འཛག མེ་ཏོག་སེར་པོ་ཡོད། སྐྱེ་ས་རི་ཐང་མཚམས་སུ་སྐྱེ་ཞེས་དང༌། ཡན་ལག་བརྒྱད་པར། ཚོད་མ་བྱེད་པར་བཤད་པས་དོན་ལ་རྒྱ་ཁུར་མ་ཡིན་ཤིང༌། འོན་ཀྱང་གསེར་གྱི་མེ་ཏོག་གི་གབ་ཡིག་ཙམ་དུ་ཡོང་ཞིང༌། འདི་སྐབས་ཀྱི་པ་ཏོ་ལ་ནི་རྗེ་ཟུར་མཁར་བས་གསེར་གྱི་མེ་ཏོག་ཡིན་པར་བཞེད་དོ། །གཞན་དུ་ནི་དེ་ལྟར་མ་ཡིན་ནོ། །གོ་ཕྱེ་ནི་མ་ནུ་ཁྲག་ཅན་ནོ། །བྱེ་རུག་པ་ནི། ཟླ་ཟེར་ལས། བྱེའུ་རུག་པ་སེར་ནག་རྣམ་པ་གཉིས། ཞེས་འབྱུང་ལ། འཁྲུངས་དཔེར་ནི་ནུ་མ་ཐོག་པའམ་ལུམ་ཐོག་པ་ལ་ངོས་བཟུང་ངོ༌། །རྩ་བ་འབྲས་བུའི་སྨན་མར་ནི་རྩ་བ་ལྔ་དང་འབྲས་བུ་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་རོ། །པུ་རྩེ་ཤེལ་ནི་ཧོང་ལེན་ནོ། །ཉིན་གཅིག་མི་གཏར་བཞི་པོ་རང་རྩ། ཞེས་པ་ཤ་ལ་བབས་པའི་ཉིན་གཅིག་པ་གཏར་ན་རྗེས་མི་ཆོད་པར་བྱེར་འགྲོ་བས་མི་གཏར། གཞན་བཞི་པོ་རང་རྒྱུན་རིམས་ནི་དྭངས་མར་བབས་པས། དྭངས་མ་བད་མཁྲིས་ཀྱི་ཡུལ་ཡིན་པས་བཤའ་རིང་རང་རྩའོ། བརྟག་པའི་རིམས་ཁྲག་ལ་བབས་པས་ཁྲག་རྩ་གང་རྒྱས་དང་རུ་ཐུང་རང་རྩའོ། །ཉིན་གསུམ་པ་ཚིག་ལ་བབས་པས་ནད་རྟགས་དང་བསྟུན་ལ་མགོ་བོའི་རྩ་རང་རྩའོ། ཉིན་བཞི་པ་རུས་ལ་བབས་པས། རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར། ཞེས་པ་ལྟར་བྱིན་གཞུག་རང་རྩའོ། །ལྔ་པ་གཉན་རིམ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉན་རིམས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྩའི་འགྲོས་འཕྲོང་བསྡམ་པ། གཉེན་པོས་བསད་པ། ནད་རོ་དབྱུང་བ་དང༌། ནད་ལྷག་བསལ་བའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས་དང་པོ་རྩའི་འབྲོས་འཕྲོང་བསྡམ་པ་ནི། དང་པོ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། སྨིན་བྱེད་ཐང་ནི། གཟེར་ཆེ་ན་གཟེར་ཐང་གསུམ་པ། བད་རླུང་ཤས་ཆེ་ན་མ་ནུ་བཞི་ཐང༌། ཁྲག་མཁྲིས་ཤས་ཆེ་ན་སླེ་ཏྲེས་བཞི་ཐང་ངོ༌། །གཉིས་པ་གཉེན་པོས་བསད་པ་ནི། གཉེན་པོ་ཞེས་རྐང་པ་བཞིས་བསྟན་ཏེ། འཛིམ་པ་ནི་བཙན་དུག་དཀར་པོའོ། །བོང་ངའི་མེ་ཏོག་ནི་བོང་ང་ནག་པོའི་མེ་ཏོག་གོ །ཡང་ན་འཛིན་པ་དང་བོང་ང་དོན་གཅིག་མིང་གི་རྣམ་གྲངས་སུ་བྱས་པའི་དུག་པུཥྤའོ། །ཤ་ཆེན་ནི་སྐྱེས་པ་དར་མ་གྲིར་ཤི་བའི་ཤའོ། །ཆ་ཡིས་བསྐྱེད་པ་ནི་གོང་མས་བསྐྱེད་པའོ། །གསུམ་པ་ནད་རོ་དབྱུང་བ་ནི། གཟེར་བཤལ་ཞེས་རྐང་པ་ལྔས་བསྟན་ཏེ། གཟེར་བཤལ་ནི་གཉན་གཟེར་སྐབས་ཀྱི་གཉེན་པོ་ཁ་སྦྱོར་རོ། །བཞི་པ་ནད་ལྷག་བསལ་བ་ནི། ཕྱེ་མ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། སྒྲོ་པུཥྤ་ནི་སྒྲོ་བ་ཤིང་གི་མེ་ཏོག་དམར་ཆུང་བ་དེའོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་སོ་བཞིས་བསྟན་ཏེ། དྷཱེ་བ་ནི་སྔོ་དྷཱེ་བའོ། །ག་བུར་ནག་པོ་ནི་ཕག་རིལ་ནུས་ལྡན་བསྲེགས་པའོ། །རྒྱུ་མར་བབས་པའི་བཤལ་ནི། ཐར་ནུ་ཆུ་རྩ་རེ་ལྕག་ཨ་རུ་དུག་ཉུང་རྣམས་ཀྱི་བཤལ་བཏང་ངོ༌། །ཐོག་རུས་ནི་ཐོག་གིས་བསད་པའི་རུས་པའོ། །གསུམ་པ་ནི། རིམས་ཚད་ཅེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་ཏེ།

        དང་པོ་མ་སྨིན་པའི་དུས་སུ་སྔ་དྲོན་ཚུད་པ་མགྲོན་ལ་སྙན་གསན་འབེབས་པ་ལྟར་བྱ། བར་དུ་ཚ་བ་སྨིན་ཅིང་རྒྱས་དུས་གཉེན་པོས་ཀུན་ལ་ཁྱབ་པ་མགྲོན་ལ་གཞི་གནོན་པའམ་གཞི་བཟུང་བ་ལྟར་བྱ། ཐ་མ་གཞུག་རྒྱན་ཐོར་བུ་སེལ་བའི་ཐབས་ཀྱིས་མགྲོན་ལ་ཞབས་ཏོག་བྱེད་པ་ལྟར་དགོས་པས། རྒྱུ་མཚན་དེའི་ཕྱིར་ཐོར་བུའི་ནད་ཀྱི་བསལ་ཐབས་གཅེས་ལ། དེ་ཡང་གང་ལ་གང་དགོས་ཀྱི་རིགས་པས་ཚ་བ་སྤྱི་བཅོས་ཀྱི་བླ་གཉན་ཐོར་བུ་བསལ་བ་དང༌། ཕན་ཚུན་གར་དགོས་མཉམ་པོར་ལོངས་སྤྱོད་པའམ་སྔ་ཕྱི་འཕྲུལ་པར་བྱས་ཏེ་བཅོས་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་ཉི་ཤུ་གསུམ་པའོ། །ཞེས་པའི་བར་རོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།