སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ་བསྟན་པ།

གསུམ་པ་ཇི་ལྟར་གསོ་བའི་ཚུལ་བཤད་པ་ལ་གཉིས། མི་ན་བར་གནས་ཤིང་རིང་དུ་འཚོ་བར་བྱ་བའི་ཚུལ་དང༌། ན་བ་ཇི་ལྟར་གསོ་བའི་ཚུལ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི་འདི་ལ་ནད་མེད་ཐ་མལ་གྱི་གནས་ཞེས་བྱ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། རྣམ་པར་མ་གྱུར་པའི་ལུས་འདི་ཉིད་སྤྱོད་ལམ་ཟས་སྨན་དམན་ལྷག་ལོག་པའི་མཐའ་གསུམ་དང་བྲལ་བ་ཡང་དག་པར་བསྟན་པས་ནད་མེད་པར་གནས་ཤིང༌། དེའང་རྒྱུན་རིང་དུ་འཚོ་བར་བྱེད་པའི་ཐབས་གཙོ་བོར་སྟོན་པ་ཡིན་པས་ན་དེ་སྐད་ཅེས་བྱའོ།།

གཉིས་པ་ཚིག་གི་དོན་ལ་གསུམ། ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། ཆ་དཔྱད་དཔྱད་ཀྱི་གནས་བཤད་ཟིན་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་མཚན་ནས་བོས་ཏེ། སྔར་གནས་བཅུ་གཅིག་ཏུ་གསུངས་པའི་བརྒྱད་པ་ནད་མེད་ཐ་མལ་གྱི་གནས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་གུས་པས་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་དངོས་བཤད་པ་ལ་གཉིས་ཏེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་འཚོ་བར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་ལྟར་དྲིས་པའི་ལན་དུ་སྟོན་པས་འདི་སྐད་ཅེས་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ནས་རྣམ་པར་མ་གྱུར་པ་ནད་མེད་ཐ་མལ་དུ་གནས་པའི་མིའི་ལུས་པོ་དེ་ལ་མི་ན་བ་ཁོ་ནར་གནས་པ་དང༌། དེ་ཉིད་ཡུན་རིང་དུ་འཚོ་བར་བྱ་བའི་ཐབས་རྣམ་པ་གཉིས་ཀྱིས་བསྟན་པ་ཡིན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མི་ན་བར་གནས་པ་དང༌། ཚེ་བསྲིང་བའི་ཐབས་བཤད་པའོ། །དང་པོ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་མི་འབྱུང་བའི་ལེའུ་བརྩམས་པ་ཡིན་ཏེ། དེ་ཡང་གང་གི་ཕྱིར་ཇི་སྐད་བཤད་པའི་དུས་སུ་སྤྱད་པར་བྱ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་རང་རང་གི་དུས་སུ་དཔྱད་ཅིང་ཉམས་སུ་བླང་པ་ལ་སྤྱོད་པར་བྱེད་དུ་ཟིན་ཀྱང་བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས་བཀག་པས་དེ་དང་རྗེས་སུ་མཐུན་པའི་ནད་འབྱུང་པར་འགྱུར་བ་ཡིན་ལ། དེ་ཡང་དུས་སུ་སྤྱད་པའི་ཆོ་ག་ལས་གཞན་དུ་ལོག་པར་སྤྱད་པ་དང་འདྲ་བ་ཡིན་ཏེ། དེ་བས་ན་འདི་རྩོམ་པ་བྱས་པ་ཡིན་ནོ། །དེ་ལ་ནད་ནི་ལུས་སེམས་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་བཤད་པ་ཡིན་ལ། དེ་རྣམས་མི་འབྱུང་པར་བྱ་བའི་ལེའུ་གང་ན་ཡོད་པ་དེ་བཤདཔར་བྱའོ་ཞེས་པ་སྟེ། འདི་ནི་ཐ་མལ་བར་ནད་མེད་པར་གནས་པའི་དབང་དུ་བྱས་པ་ཡིན་ཏེ། ཐ་མལ་བར་གནས་པར་གྱུར་པ་དེས་ཉིན་རེ་བཞིན་སྤྱད་པའི་ལེའུ་ལས་བཤད་པར་བྱ་བའི་ཆོ་ག་ཉམས་སུ་བླང་བར་བྱ་བ་དང༌། དེ་བཞིན་དུ་དུས་སུ་སྤྱད་པའི་ལེའུ་ལས་བཤད་པ་རྣམས་སྤྱད་དོ། །དེ་བཞིན་དུ་ནད་འབྱུང་བར་འགྱུར་བ་སྤང་བ་ལ་ནི་རླུང་ལ་སོགས་པའི་ཤུགས་བཀག་པ་དང་ནན་གྱིས་བཙིར་པ་ལ་སོགས་པའམ་མི་བྱ་བ་ལ་སྤྱད་པར་བྱ་བ་ཡིན་པས་ན་དེའི་ཕྱིར་སྨྲས་པ་ནི། ཕྱི་དབུགས་བཤང་གཅི་སྦྲིད་པ་དང༌། ཞེས་བྱ་བ་ལ་སོགས་པ་སྔར་བྱ་བ་སྤྱོད་ལམ་གྱི་སྐབས་སུ་བཤད་པ་རྣམས་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་དང༌། མདོར་ན། ཇི་ལྟར་ན་མི་རྣམས་རྟག་ཏུ་ནད་མེད་པར་འགྱུར་བ་དེ་བསྟན་པའི་ཕྱིར་སྨྲས་པ་ནི། རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན་སེམས་སྙོམས་བདེན་བརྩོན་བཟོད་དང་ལྡན། །ཉམས་ལྡན་བསྟེན་པར་བྱེད་ན་ནད་མེད་འགྱུར། །ཞེས་བྱ་བ་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སྐྱེས་བུ་ནི་ནད་མེད་ཅིང་ཐ་མལ་བར་བདེ་བར་གནས་པར་འགྱུར་རོ། །དེ་ཡང་གང་ཞིག་ཅེ་ན་གང་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་ཕན་ཞིང་འཕྲོད་པའི་ཟས་དང་སྤྱོད་ལམ་བསྟེན་ཅིང་གོམས་པར་བྱེད་པ་སྟེ་ཕན་པའི་ཟས་ནི་འོག་ནས་བཤད་པ་དང་དུས་སུ་སྤྱད་པའི་ལེའུ་ལས་བཤད་པར་བྱའོ། །སྤྱོད་ལམ་ནི་ལུས་དང་ངག་དང་ཡིད་ཀྱིས་ཀུན་ཏུ་སྤྱོད་པ་དེ། དེ་ཡང་ཉིན་རེ་རྟག་པར་སྤྱོད་པའི་ལེའུར་བཤད་པ་ཡིན་ཏེ། དེ་དག་ལ་བསྟེན་པ་དང་དེ་བཞིན་དུ་བརྟགས་ཏེ་བྱེད་ཅིང་ཞེས་བྱ་བ་སྟེ། གང་དང་གང་བྱེད་པ་དེ་དང་དེ་སྤང་བ་དང་བླང་བར་བྱ་བ་ལེགས་པར་བརྟགས་ཤིང་བདར་ཞིང་བྱེད་དེ། འདི་བྱས་ན་ནི་འདི་རྫོགས་པར་འགྱུར་ལ། འདི་བྱས་ན་ནི་འདི་རྫོགས་ཤིང་མཐར་ཕྱིན་པར་མི་འགྱུར་རོ། །ཞེས་དེ་ལྟར་ཤེས་པར་བྱས་ནས་དགེ་བ་བྱེད་ཅིང་མི་དགེ་བ་སྤོང་བར་བྱེད་པ་དང༌། དེ་བཞིན་དུ་ཡུལ་རྣམས་ལ་མི་ཆགས་ཞེས་པ་སྟེ་གཟུགས་དང་སྒྲ་དང་དྲི་ལ་སོགས་པ་ལ་སེམས་ཆགས་པ་མེད་པ་དང༌། གཏོང་ལྡན་ཞེས་པ་གཏོང་ཞིང་སྦྱིན་པ་བྱེད་པའི་ངང་ཚུལ་ཅན་དང༌། སེམས་སྙོམས་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་ཉེ་དུར་འགྱུར་ཞིང་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་མེད་པ་དང་བདེན་བརྩོན་ཞེས་པ་གཙོ་བོར་ལྷུར་ལེན་ཞིང་བདེན་པར་དམ་བཅས་པ་ལ་བསླུ་བ་མེད་པའི་ཚིག་ཕྱིན་ཅི་མ་ལོག་པར་སྨྲ་བ་དང༌། བཟོད་དང་ལྡན་པ་ཞེས་པ་བཟོད་ཅིང་དེས་པའི་ངང་ཚུལ་ཅན་དང་དེ་བཞིན་དུ་ཉམས་ལྡན་བསྟེན་པར་བྱེད་པ་ཞེས་པ་ནི་མཁས་པའི་ངང་ཚུལ་ཅན་ཡིན་པས་ན་མཁས་པ་སྟེ། འཇིག་རྟེན་གཉིས་ཀ་ལ་བསླུ་བ་མེད་ཅིང་ཆགས་པ་དང་འཚེ་བ་མེད་པའི་དངོས་པོ་མཐོང་བ་ལ་ནི་མཁས་པ་ཞེས་བྱའོ། །ཞེས་པ་དང༌། དེ་ལ་ཡང་དྲང་སྲོང་ཙ་ར་ཀས།་ གང་ཞིག་དུས་གསུམ་དྲི་མེད་པར། །ཤེས་ཤིང་རྟག་ཏུ་མ་ཉམས་པ། །དེ་མཁས་ཕུལ་བྱུང་བློ་རྒྱས་ཡིན། །དེའི་ཚིག་ཐེ་ཚོམ་མེད་ཅིང་བདེན། །སྐྱོན་བྲལ་རྨོངས་པ་མེད་པ་སྟེ། །མི་བདེན་པ་ནི་ཇི་ལྟར་སྨྲ། །ཞེས་བྱ་བ་ཡིན་ཏེ་མཁས་ཤིང་ལུང་དང་ལྡན་པ་དེ་ལ་བསྟེན་ན་ནད་མེད་པར་འགྱུར་རོ་ཞེས་གསུངས་པ་ལྟར་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་བདེར་གནས་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། གནས་འདི་ལ་མི་ན་བར་གནས་པར་བྱ་བ་དང༌། ཚེ་བསྲིང་བའི་ཐབས་གཉིས་ཡོད་པ་ལས། དང་པོ་མི་ན་བར་གནས་པར་བྱ་བ་ནི་འདི་ལྟ་སྟེ། རྣམ་འགྱུར་གྱི་ནད་ཀུན་ཀྱང་ཉེ་རིང་གི་རྒྱུ་ལ་རྐྱེན་གྱིས་བླང་བ་ལས་འབྱུང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་འབྱུང་རུང་གི་རྒྱུ་དངོས་སུ་ཡོད་ཀྱང་རྐྱེན་བཞི་པོ་གང་རུང་མེད་པར་རྒྱུ་ལས་འབྲས་བུ་འབྱུང་བ་དངོས་པོའི་གཤིས་ལ་མི་སྲིད་པ་དེའི་ཕྱིར་ན་བདེ་འདོད་རྣམས་ཀྱིས་ནད་ཀྱི་རྐྱེན་ཀུན་སྤང་བ་ལ་བརྩོན་པར་བྱའོ། །དེས་ན་ནད་ཀྱི་ཉེ་རྒྱུ་རླུང་མཁྲིས་བད་ཀན་རྣམ་པར་མ་གྱུར་པ་དེ་ལ་དཔྱིད་ལ་སོགས་པའི་དུས་བཞི་དང༌། མིག་ལ་སོགས་པའི་དབང་པོ་ཡུལ་དང་བཅས་པ་རྣམས་དང༌། སྤྱོད་ལམ་དང་ཟས་དང་བསྟེན་པར་འོས་པའི་སྨན་གྱི་རོ་ནུས་རྣམས་རང་རང་གི་མཚན་ཉིད་དང་ཚད་ལས་ཧ་ཅང་ཆུངས་ཏེ་དམན་པ་དང༌། རང་བཞིན་སོ་སོ་ལས་ལོག་པ་དང་ཚད་ལས་ལྷག་པ་སྟེ་དམན་ལྷག་ལོག་གསུམ་གྱི་རྐྱེན་གྱིས་ནད་སྐྱེད་པར་བྱེད་ལ། དེ་ལས་ལྡོག་པ་དུས་སོགས་དམན་ལྷག་སོག་པ་དང་བྲལ་ཏེ་ཇི་ལྟར་འཚམ་པ་ཡང་དག་པའི་སྦྱོར་བས་ནད་མེད་ཐ་མལ་དུ་གནས་པའི་རྒྱུའི་གཙོ་བོ་ཁོ་ན་ངེས་པ་ཉིད་དུ་བྱེད་པ་དེའི་ཕྱིར་གོང་དུ་ལེགས་པར་བཤད་པའི་བྱ་བ་སྤྱོད་ལམ་གྱི་གནས་དང་འཚོ་བ་ཟས་ཀྱི་གནས་དང་སྦྱོར་བ་སྨན་གྱི་གནས་རྣམ་པ་གསུམ་པོ་ནས་འབྱུང་བའི་ཆོ་ག་རྣམས་ཡང་དག་པར་བསྟེན་པས་ལུས་སེམས་ནད་ཀྱི་རང་བཞིན་བདེ་བར་གནས་པར་འགྱུར་བ་ཡིན་ནོ།།

གཉིས་པ་ཚེ་བསྲིང་བའི་ཐབས་བཤད་པ་ལ་གསུམ། ཇི་ལྟར་བྱ་བའི་ཚུལ་དང༌། བཅུད་ལེན་དངོས། མཇུག་བསྡུ་བའོ། །དང་པོ་ནི། ལོ་ཟླ་ཞེས་པ་ནས་རྣམ་པ་གཉིས་ཞེས་པའི་བར་གྱིས་བསྟན་ཏེ། མི་གང་ཞིག་ལོ་དང་ཟླ་བ་མང་དུ་འདས་ཤིང་ལོངས་སྤྱད་པས་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་དང་འབྱུང་བའི་སྟོབས་དང་དབང་པོ་སོགས་རིམ་གྱིས་འགྲིབ་པས་ཚེའི་ལྷག་མ་ཡང་ཉུང་ངུར་ཟད་པ་རྒས་ཤིང་འཁོགས་པའི་ནད་ཡིན་ཁོང་དུ་ཆུད་པ་དེ་ལས་རེ་ཞིག་ལུས་དང་ཚེ་བསྲིང་བའི་ཐབས་ཀྱི་མཆོག་ཏུ་གྱུར་པ་ནི་བཅུད་ཀྱི་ལེན་ཞེས་བྱ་སྟེ་དེ་དག་ལའང་ཕན་ཡོན་དང༌། གནས་དང༌། རྟེན་དང༌། བྱ་བའི་ཐབས་བཞི་ཡོད་པའི། དང་པོ་ཕན་ཡོན་ནོ། ཚེ་རིང་ཞིང་ན་ཚོད་དར་མའི་གནས་སྐབས་ལྟ་བུ་སླར་ཡང་འཇོག་པ་དང༌། ལུས་ཀྱི་མདངས་དང་སྟོབས་དང་གཟི་བརྗིད་བསྐྱེད་ཅིང་དབང་པོ་ཀུན་གསལ་བར་བྱེད་པ་སོགས་ཕན་ཡོན་བརྗོད་དུ་མེད་ལ། བཅུད་ལེན་དེ་ལྟ་བུ་གཙོ་བོར་བླངས་པའི་གནས་དེའང་གཙང་ཞིང་དབེན་པ་ཉམས་དགའ་བའམ། མི་དང་མི་མ་ཡིན་པ་སོགས་ཀྱི་བར་ཆོད་མེད་པ་དེ་ལྟ་བུ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་དེ་ནི་ཧ་ཅང་རྒས་པ་ལོ་བདུན་ཅུ་འདས་ཏེ་ལུས་ཟུངས་གསོར་མི་རུང་བ་མེ་ཏོག་སད་ཀྱིས་ཁྱེར་བ་ལྟ་བུ་མ་ཡིན་པ། །མེ་ཏོག་རྙིང་པ་ཆུ་དང་འཕྲད་ན་སོས་སུ་རུང་བ་དང་འདྲ་བའི་རྟེན་གྱི་ཡུལ་ཀུན་ལ་ཆགས་པའམ། ཁྱད་པར་དུ་བུད་མེད་ལ་ཆགས་པའི་སེམས་སྤངས་ཏེ་ཆོ་ག་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ལ་བརྩོན་པ་དང་ལྡན་པས་གཟའ་ཚེས་སྐར་མ་བཟང་པོ་འཛོམ་པའི་དུས་སུ་འཇུག་པར་བྱ་དགོས་ཤིང༌། བྱ་བའི་ཐབས་དེ་ལའང་བྱ་བ་གཞན་དང་མ་འདྲེས་པར་བཅུད་ལེན་ཁོ་ན་གཙོ་བོར་བླངས་པ་དང་གང་ཅི་ཡང་རུང་བར་ཞར་ལ་སྦྱར་བ་དང་རྣམ་པ་གཉིས་སུ་ཤེས་པར་བྱའོ། །གཉིས་པ་བཅུད་ལེན་དངོས་བཤད་པ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཚེ་རིང་དྲན་དང་ཡིད་གཞུང་དང༌། ནད་མེད་གཞོན་དང་ལང་ཚོ་དང༌། །གཟི་མདངས་མདོག་དང་སྐད་གསལ་དང༌། །ལུས་དང་དབང་པོ་སྟོབས་བསྐྱེད་ཅིང༌། །ཚིག་འབྲུ་རོ་ཙ་མདངས་ལྡན་པ། །བཅུད་ཀྱི་ལེན་གྱིས་འཐོབ་པར་འགྱུར། དངས་མ་ལ་སོགས་ཡོན་ཏན་ཅན། །ཐོབ་གནས་ཡིན་ཕྱིར་བཅུད་ཀྱིས་ལེན། །ན་ཚོད་དང་པོའི་བར་མའི་ཚེ། །དབང་པོ་རྟུལ་བས་དེ་སྦྱར་རོ། །སྣུམ་འཆོས་བྱ་ཞིང་གཏར་ཁ་གདབ། །རྣམ་པ་ཀུན་ཏུ་སྦྱངས་བྱས་གཏང༌། །མ་སྦྱངས་པ་ཡིས་ལུས་ལ་ནི། །བཅུད་ཀྱིས་ལེན་དང་རོ་ཙ་བའི། །སྦྱོར་བཅས་དྲི་མ་ཅན་གྱིས་ནི། །གོས་ཀྱི་ཚོན་ལྟར་དོན་མེད་འགྱུར། །བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི། རྣམ་པ་གཉིས་སུ་དྲང་སྲོང་འདོད། །སྤྱིལ་བུར་འདུག་པ་གཙོ་བོ་ནི། །རླུང་དང་ཐོན་པས་ཉེན་གཅིག་ཤོས། །ཁང་པར་རླུང་མེད་འཇིགས་པ་མེད། །ཆོས་ལྡན་ཡོ་བྱད་འབྱོར་པའི་གྲོང༌། །ས་ཕྱོགས་ཤིས་པའི་བྱང་ཕྱོགས་སུ། །ཁང་པ་སུམ་རིམ་སྐར་ཁུང་ཆུང༌། །དུད་པ་ཉི་ཚན་རྡུལ་དང་སྦྲུལ། །བུད་མེད་གླེན་པས་མི་བགྲོད་པར། །ཡོ་བྱད་སྨན་པ་སྟ་གོན་བྱས། །ཁང་པ་ལེགས་པར་བྱི་དོར་བྱ། །དེ་ནས་ཚེས་གྲངས་བཟང་ཁྲུས་བྱས། །མཆོད་འོས་མཆོད་ནས་འཇུག་པར་བྱ། །དེ་ནི་སྦྱངས་བྱས་དག་གྱུར་ནས། །བདེ་ཞིང་སྟོབས་ནི་བསྐྱེད་པ་དང༌། །ཚངས་པར་སྤྱོད་དང་བརྟན་པར་ལྡན། །དད་པར་ལྡན་ཞིང་དབང་པོ་དུལ། །སྦྱིན་དང་ཚུལ་ཁྲིམས་བདེ་བ་ལྡན། །བརྟུལ་ཞུགས་ཆོས་ལ་རབ་ཏུ་གཞོལ། །ལྷ་ནི་རྗེས་སུ་དྲན་པར་ལྡན། །རིགས་པས་གཉིད་ལོག་གཉིད་མི་ལོག །སྨན་ལ་དགའ་ཞིང་ཚིག་འཇམ་པས། །བཅུད་ཀྱིས་ལེན་པ་བརྩམ་པར་བྱ། །ཞེས་པ་དང༌། སྦྱང་བའི་ཐབས་ཀྱང༌། རྒྱུད་ཆུང་བ་ལས། སྔོན་འགྲོ་སྣུམ་རྗེས་ཁྲུས་བྱས་ལ། །འབྲས་གསུམ་རྒྱམ་ཚ་པི་པི་ལིང༌། །སྒ་སྐྱ་ཤུ་དག་བྱི་ཏང་ཀ །ཡུང་བ་བུ་རམ་བ་ཆུས་སྦྱངས། །མ་སྦྱངས་དྲི་མ་ཅན་ཚོས་འདྲ། །ཞེས་གསུངས་པ་ལྟར་རོ།།

གཉིས་པ་ཚིག་གི་དོན་ནི། གཙོ་བོར་ཞེས་པ་ནས་དོན་མེད་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། བཅུད་ལེན་ལ་རྣམ་པ་གཉིས་ཡོད་པའི་དང་པོ་གཙོ་བོར་སྤྱད་པ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ནི། སྣུམ་འཆོས་དང་དེའི་རྗེས་ལ་ཁྲུས་བྱས་ལ། འབྲས་བུ་གསུམ་དང་རྒྱམ་ཚ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། ཤུ་དག་དང༌། ཡུང་བ་དང༌། བྱི་ཐང་ཀ་དང༌། བུ་རམ་རྣམས་བ་ཆུ་ལ་སྦྱར་བའི་སྦྱོང་ཚུལ་སྤྱི་དང་འདྲ་བས་ཁོང་བ་དག་པར་སྦྱང་དགོས་ཏེ། གལ་ཏེ་མ་སྦྱངས་པར་བཅུད་ལེན་གྱི་ཆོ་ག་དངོས་གཞི་བྱས་ན་དྲི་མ་ནག་ནོག་དང་བཅས་པའི་སྣམ་རས་སོགས་ལ་ཚོས་ལེགས་པོ་མི་འབྱུང་བ་ལྟར་དོན་མེད་པས་འབྲས་བུ་ཇི་ལྟ་བ་འབྱུང་བར་མི་འགྱུར་རོ། །གཉིས་པ་བཅུད་ལེན་དངོས་གཞི་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། དངོས་གཞི་སྒོག་སྐྱ་བཙོས་ཞུན་མར། །ནས་ནང་ཞག་ནི་ཉེར་གཅིག་བཞག །ཞག་གྲངས་ཉེར་གཅིག་བར་རྫོགས་བསྟེན། །རླུང་གི་ནད་སེལ་ཚེ་འཕེལ་བྱེད། །ཚ་བའི་བཅུད་ལེན་བྲག་ཞུན་བཏུལ། །གསེར་དངུལ་ཟངས་ལྕགས་གང་རྙེད་ཚང༌། །སྨན་མར་ལྕགས་སྣོད་རིམ་སྐྱེད་བཟའ། །མོན་སྲན་རྒྱ་སྣེ་ལ་སོགས་སྤང༌། །ཕན་ཡོན་ཚད་སེལ་ཚེ་འཕེལ་བྱེད། །ཙི་ཏྲ་སྲང་གསུམ་ཆང་ལ་བཙོས། །མར་སྲང་ཉི་ཤུར་བཙོས་སྦྲང་སྦྱར། །ཚེ་རིང་ལུས་རྒྱས་མེ་དྲོད་འཕེལ། །ཙི་ཏྲ་བ་ཆུར་སྦྱར་མར་བསྟེན། །ཤ་བཀྲ་མཛེ་ནད་སེལ་ཚེ་རིང༌། །ཨ་བར་སྐྱུར་འབྲས་གསུམ་སྨན་མར། །དབང་གསལ་སྟོབས་བསྐྱེད་རྒས་ཀ་སྲ། །རང་རང་འཕྲོད་ཟས་རྒྱུན་དུ་བསྟེན། །རུལ་སྐྱུར་སྔོ་ངད་མི་འཕྲོད་སྤང༌། །ཞེས་མཚུངས་པར་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། དངོས་གཞི་ཞེས་པ་ནས་རྒས་ཀ་སྲ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་མ་ཐག་པའི་སྔོན་འགྲོའི་ཆོས་རྣམས་གྲུབ་པའི་རྗེས་སུ་དངོས་གཞིའི་སྨན་སྦྱོར་འདི་ལྟར་བྱ་སྟེ། དེའང་སྒོག་སྐྱའི་སྨན་མར་ནི་དེའི་རྩ་བ་སྐྱོན་དང་བྲལ་བ་སྲང་བཅུ་གཅིག་ཆུ་ལ་བཙོས་ཏེ་ལེགས་པར་བསྣུར་བ་ཞུན་མར་སྲང་ཉེར་གཅིག་དང་སྦྱར་བ་བྱས་ལ་ནས་གསེབ་ཏུ་སྣོད་ཁ་གཅོད་དང་བཅས་ནས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ། དེ་ནས་ཕྱུངས་ཏེ་གོང་གི་ཞག་གྲངས་ཉེར་གཅིག་གི་ཁོངས་སུ་རྫོགས་པར་བསྟེན་ན་རླུང་གི་ནད་ལས་གྱུར་པ་ཐམས་ཅད་སེལ་ཞིང་ལྷག་པར་དུ་ལུས་ཟུངས་དང་ཚེ་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་བྲག་ཞུན་ལེགས་པར་བཏུལ་བ་གསེར་དངུལ་ཟངས་ལྕགས་ཀྱི་ཐལ་བ་རྣམས་ལྕགས་ཀྱི་སྣོད་དུ་འཕྲོད་སྨན་དང་སྦྱར་བ་རིམ་པས་ཆེས་ཆེར་བསྐྱེད་ལ་བཟའ་བར་བྱས་ན་རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་ཀུན་སེལ་ཞིང་ལྷག་པར་སྟོབས་དང་ཚེ་འཕེལ་བར་བྱེད་པ་ཡིན་ཞིང་མོན་སྣེ་དམར་པོ་དང་རྒྱ་སྲན་ནི་རྟག་ཏུ་སྤང་བར་བྱའོ། །ཡང་ཙི་ཏྲ་ཀའི་ཕྱེ་མ་མར་དང་སྦྲང་རྩིར་ཚུལ་བཞིན་སྦྱར་བ་སྟེན་ན་ཚེ་རིང་ལུས་རྒྱས་པ་དང་མེ་དྲོད་ལྷག་པར་འབར་བར་བྱེད་ལ། ཙི་ཏྲ་ཀ་དེ་བ་གཅིན་དང་སྦྱར་ནས་བསྟེན་ན་ཤ་བཀྲ་དང་མཛེ་ནད་སེལ་ཞིང་དར་བ་དང་སྦྱར་ཏེ་བསྟེན་ན་གཞང་འབྲུམ་སེལ་བར་བྱེད་དོ། །ཡང་ཨ་རུ་ར་དང་བ་རུ་ར་སྐྱུ་རུ་ར་སྟེ་འབྲས་བུ་གསུམ་གྱི་སྨན་མར་གྱིས་ནི་དབང་པོ་གསལ་ཞིང་ལུས་སྟོབས་བསྐྱེད་པ་དང་རྒས་ཀ་སྲ་ལ་ཚེ་རིང་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངོན་སུམ་དུ་འབྱུང་ངོ༌། །འདིར་རྣམ་གྲངས་ཙམ་གསུངས་པ་ཡིན་གྱི་རྒྱས་པར་ནི་མན་ངག་རྒྱུད་ཀྱི་བཅུད་ལེན་གྱི་སྐབས་དང༌། ཕྱི་རྒྱུད་དང༌། ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་ཀྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། ཀུན་ལ་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་པ་སོགས་བཅུད་ལེན་ཀུན་ལ་ནད་དང་གང་འཕྲོད་ཀྱི་ཟས་སྤྱོད་དྲན་ཤེས་བཞིན་དུ་བསྟེན་པ་དང༌། རུལ་སྐྱུར་སྔོ་ངད་སོགས་མི་འཕྲོད་པའི་ཁ་ཟས་སྤང་བར་བྱའོ། །དེ་ལྟར་བཤད་པའི་ཆོ་ག་ཐམས་ཅད་རྫོགས་པ་གཙོ་བོར་སྤྱད་ན། ཟླ་བ་གསུམ་མམ་དྲུག་གམ་ཐ་མ་ཡང་ལོ་གཅིག་གིས་ལུས་སྟོབས་དང་ཚེ་སོགས་འབྲས་བུ་ཀུན་འགྲུབ་པར་ཐེ་ཚོམ་མེད་ལ་གལ་ཏེ་དེ་ལྟ་བུ་མ་གྲུབ་ཅིང་ལུས་ཀྱིས་མ་ལྕོགས་ན་ཆོ་ག་བཞིན་དུ་སྦྱར་བའི་སྨན་མར་དེ་སྔ་དྲོའི་ལྟོ་ལ་རྒྱུན་དུ་བསྟེན་པ་སྟེ་ཞར་ལ་ལོངས་སྤྱད་པར་བྱ་བས་ཀྱང་གནས་སྐབས་ཀྱི་འབྲས་བུ་ཚེ་དང་ལུས་སྟོབས་འཕེལ་བ་སོགས་འབྱུང་བར་ནུས་པ་ཡིན་ནོ། །ཞེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་མི་ན་བ་གནས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །ཞེས་པ་སྟེ་གནས་བརྒྱད་པ་ཐ་མལ་ནད་མེད་ཀྱི་གནས་ཞེས་བྱ་བ་ལེགས་པར་བཤད་ཟིན་ཏོ།།

འདིར་ཡང་སྨྲས་པ། མཁའ་ལ་འཕུར་བའི་འདབ་ཆགས་ནི། །རིས་སྣ་མཐའ་ཡས་གྱུར་མོད་ཀྱང༌། །དིང་སང་མོས་བློ་ཙམ་མིན་པར། །སྨྲ་ཤེས་ནེ་ཙོ་ལས་གཞན་སུ། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།