སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་གསུམ་པ། མི་ན་བ་གནས་པར་བྱ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་ཉེར་གསུམ་པ། མི་ན་བ་གནས་པར་བྱ་བ།



ལེའུ་ཉེར་གསུམ་པ། མི་ན་བ་གནས་པར་བྱ་བ། 

ཆ་བྱད་དཔྱད་ཀྱི་གནས་བཤད་ཟིན་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་མཚན་ནས་བོས་ཏེ། སྔར་གནས་བཅུ་གཅིག་ཏུ་གསུངས་པའི་བརྒྱད་པ་ནད་མེད་ཐ་མལ་གྱི་གནས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་གུས་པས་ཞུས་པ་ལས་ཞེས་པའོ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་ལྟར་དྲིས་པའི་ལན་དུ་སྟོན་པས་འདི་སྐད་ཅེས་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ནས། རྣམ་པར་མ་གྱུར་པ་ནད་མེད་ཐ་མལ་དུ་གནས་པའི་མིའི་ལུས་པོ་དེ་ལ་མི་ན་བ་ཁོ་ནར་གནས་པ་དང༌། དེ་ཉིད་ཡུན་རིང་དུ་འཚོ་བར་བྱ་བའི་ཐབས་རྣམ་པ་གཉིས་ཀྱིས་བསྟན་པ་ཡིན་ནོ། །གནས་འདི་ལ་མི་ན་བར་གནས་པར་བྱ་བ་དང༌། ཚེ་བསྲིངས་པའི་ཐབས་གཉིས་ཡོད་པ་ལས།

དང་པོར་མི་ན་བར་གནས་པར་བྱ་བ་ནི་འདི་ལྟ་སྟེ་རྣམ་གྱུར་གྱི་ནད་ཀུན་ཀྱང་ཉེ་རིང་གི་རྒྱུ་ལས་རྐྱེན་གྱིས་བསླང་བ་ལས་འབྱུང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་འབྱུང་རུང་གི་རྒྱུ་དངོས་སུ་ཡོད་ཀྱང་རྐྱེན་བཞི་པོ་གང་རུང་མེད་པར་རྒྱུ་ལས་འབྲས་བུ་འབྱུང་བ་དངོས་པོའི་གཤིས་ལས་མི་སྲིད་པ་དེའི་ཕྱིར་བདེ་འདོད་ན་ནད་ཀྱི་རིགས་རྣམས་གང་ལྡང་བ་ཀུན་གྱི་རྐྱེན་སྤང་བ་ལ་བརྩོན་པར་བྱའོ། །དེས་ན་ནད་ཀྱི་ཉེ་རྒྱུ་རླུང་མཁྲིས་བད་ཀན་རྣམ་པར་མ་གྱུར་པ་དེ་ལ་དཔྱིད་ལ་སོགས་པའི་དུས་བཞི་དང༌། མིག་ལ་སོགས་པའི་དབང་པོ་ཡུལ་དང་བཅས་པ་རྣམས་དང༌། སྤྱོད་ལམ་དང་ཟས་དང་བསྟེན་པར་འོས་པའི་སྨན་གྱི་རོ་ནུས་རྣམས་རང་རང་གི་མཚན་ཉིད་དང་ཚད་ལས་ཧ་ཅང་ཆུངས་ཏེ་དམན་པ་དང༌། རང་བཞིན་སོ་སོ་ལས་ལོག་པ་དང་ཚད་ལས་ལྷག་པ་སྟེ་དམན་ལྷག་ལོག་གསུམ་གྱི་རྐྱེན་གྱིས་ནད་སྐྱེད་པར་བྱེད་ལ། དེ་ལས་ལྡོག་པ་དུས་སོགས་དམན་ལྷག་ལོག་པ་དང་བྲལ་ཏེ་ཇི་ལྟར་འཚམ་པ་ཡང་དག་པའི་སྦྱོར་བས་ནད་མེད་ཐ་མལ་དུ་གནས་པའི་རྒྱུའི་གཙོ་བོ་ཁོ་ན་ངེས་པ་ཉིད་དུ་བྱེད་པ་དེའི་ཕྱིར་གོང་དུ་ལེགས་པར་བཤད་པའི་བྱ་བ་སྤྱོད་ལམ་གྱི་གནས་དང༌། འཚོ་བ་ཟས་ཀྱི་གནས་དང༌། སྦྱོར་བ་སྨན་གྱི་གནས་དང་རྣམ་པ་གསུམ་པོ་ནས་འབྱུང་བའི་ཆོ་ག་རྣམས་ཡང་དག་པར་བསྟེན་པས་ལུས་སེམས་ནད་ཀྱི་རང་བཞིན་མེད་པར་བདེ་བར་གནས་པར་འགྱུར་བ་ཡིན་ནོ།།

མི་གང་ཞིག་ལོ་དང་ཟླ་བ་མང་དུ་འདས་ཏེ་ལོངས་སྤྱད་པས་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་དང་འབྱུང་བའི་སྟོབས་དང་དབང་པོ་སོགས་རིམ་གྱིས་འགྲིབས་པས་ཚེའི་ལྷག་མ་ཡང་ཉུང་ངུར་ཟད་པ་རྒས་ཤིང་འཁོག་པའི་ནད་ཡིད་ཁོང་དུ་ཆུད་པ་དེ་ལས་རེ་ཞིག་ལུས་དང་ཚེ་བསྲིང་བའི་ཐབས་ཀྱི་མཆོག་ཏུ་གྱུར་པ་ནི་བཅུད་ཀྱིས་ལེན་ཞེས་བྱ་སྟེ་དེ་དག་ལའང་ཕན་ཡོན་དང་གནས་དང་རྟེན་དང་བྱ་བའི་ཐབས་བཞི་ཡོད་པའི། དང་པོ་ཕན་ཡོན་ནི། ཚེ་རིང་ཞིང་ན་ཚོད་དར་མའི་གནས་སྐབས་ལྟ་བུ་ལ་སླར་ཡང་འཇོག་པ་དང༌། ལུས་ཀྱི་མདངས་དང་སྟོབས་དང་གཟི་བརྗིད་བསྐྱེད་ཅིང་དབང་པོ་ཀུན་གསལ་བར་བྱེད་པ་སོགས་ཕན་ཡོན་བརྗོད་དུ་མེད་ལ། བཅུད་ལེན་དེ་ལྟ་བུ་གཙོ་བོར་བླངས་པའི་གནས་དེའང་གཙང་ཞིང་དབེན་པ་ཉམས་དགའ་བའམ། མི་དང་མི་མ་ཡིན་པ་སོགས་ཀྱི་བར་ཆད་མེད་པ་དེ་ལྟ་བུ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་དེ་ནི་ཧ་ཅང་རྒས་པ་ལོ་བདུན་ཅུ་འདས་ཏེ་ལུས་ཟུངས་གསོར་མི་རུང་བ་མེ་ཏོག་སད་ཀྱིས་ཁྱེར་བ་ལྟ་བུ་མ་ཡིན་པས་མེ་ཏོག་རྙིང་པ་ཆུ་དང་ཕྲད་ན་སོས་སུ་རུང་བ་དང་འདྲ་བའི་རྟེན་གྱི་ཡུལ་ཀུན་ལ་ཆགས་པའམ། ཁྱད་པར་དུ་བུད་མེད་ལ་ཆགས་པའི་སེམས་སྤངས་ཏེ་ཆོ་ག་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ལ་བརྩོན་པ་དང་ལྡན་པས་གཟའ་ཚེས་སྐར་མ་བཟང་པོ་འཛོམ་པའི་དུས་སུ་འཇུག་པར་བྱ་དགོས་ཤིང༌།

བྱ་བའི་ཐབས་དེ་ལའང་བྱ་བ་གཞན་དང་མ་འདྲེས་པར་བཅུད་ལེན་ཁོ་ན་གཙོ་བོར་བླངས་པ་དང་གང་ཅི་ཡང་རུང་བར་ཞར་ལ་སྤྱད་པ་དང་རྣམ་པ་གཉིས་སུ་ཤེས་པར་བྱའོ། །བཅུད་ལེན་ལ་རྣམ་པ་གཉིས་ཡོད་པའི་དང་པོ་གཙོ་བོར་སྤྱད་པ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ནི། སྣུམ་ཆོས་དང༌། དེའི་རྗེས་ལ་ཁྲུས་བྱས་ལ། འབྲས་བུ་གསུམ་དང་རྒྱམ་ཚྭ་དང་པི་པི་ལིང་དང་བཅའ་སྒ་དང་ཤུ་དག་ཡུང་བ་དང་བྱི་ཏང་ག་དང་བུ་རམ་རྣམས་བ་ཆུ་ལ་སྦྱར་བའི་སྦྱོང་ཚུལ་སྤྱི་དང་འདྲ་བས་ཁོང་པ་དག་པོར་སྦྱང་དགོས་ཏེ་གལ་ཏེ་མ་སྦྱངས་པར་བཅུད་ལེན་གྱི་ཆོ་ག་དངོས་གཞི་བྱས་ན་དྲི་མ་ནག་ནོག་དང་བཅས་པའི་སྣམ་རས་སོགས་ལ་ཚོས་ལེགས་པོ་མི་འབྱུང་བ་ལྟར་དོན་མེད་པས་འབྲས་བུ་ཇི་ལྟ་བ་འབྱུང་བར་མི་འགྱུར་རོ། །གོང་དུ་བཤད་མ་ཐག་པའི་སྔོན་འགྲོའི་ཆོས་རྣམས་གྲུབ་པའི་རྗེས་སུ་དངོས་གཞིའི་སྨན་སྦྱོར་འདི་ལྟར་བྱ་སྟེ། དེའང་སྒོག་སྐྱའི་སྨན་མར་ནི་དེའི་རྩ་བ་སྐྱོན་དང་བྲལ་བ་སྲང་བཅུ་གཅིག་ཆུ་ལ་བཙོས་ཏེ་ལེགས་པར་བསྣུར་བ་ཞུན་མར་སྲང་ཉེར་གཅིག་དང་སྦྱར་བ་བྱས་ལ་ནས་གསེབ་ཏུ་སྣོད་ཁ་གཅོད་དང་བཅས་ནས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ་དེ་ནས་ཕྱུངས་ཏེ་གོང་གི་ཞག་གྲངས་ཉེར་གཅིག་གི་ཁོངས་སུ་རྫོགས་པར་བསྟེན་ན་རླུང་གི་ནད་ལས་གྱུར་པ་ཐམས་ཅད་སེལ་ཞིང་ལྷག་པར་དུ་ལུས་ཟུངས་དང་ཚེ་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་བྲག་ཞུན་ལེགས་པར་བཏུལ་བ་གསེར་དངུལ་ཟངས་ལྕགས་ཀྱི་ཐལ་བ་རྣམས་ལྕགས་ཀྱི་སྣོད་དུ་འཕྲོད་སྨན་དང་སྦྱར་བ་རིམ་པས་ཆེས་ཆེར་བསྐྱེད་ལ་བཟའ་བར་བྱས་ན་རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་ཀུན་འཇོམས་ཤིང་ལྷག་པར་སྟོབས་དང་ཚེ་འཕེལ་བར་བྱེད་པ་ཡིན་ཞིང་མོན་སྣེ་དམར་པོ་དང་རྒྱ་སྲན་ནི་རྟག་ཏུ་སྤང་བར་བྱའོ། །ཡང་ཙི་ཏྲ་ཀའི་ཕྱེ་མ་མར་དང་སྦྲང་རྩིར་ཚུལ་བཞིན་སྦྱར་བ་བསྟེན་ན་ཚེ་རིང་ཞིང་ལུས་རྒྱས་པ་དང་མེ་དྲོད་ལྷག་པར་འབར་བར་བྱེད་ལ་ཙི་ཏྲ་ཀའི་ཕྱེ་མ་དང་བ་གཅིན་སྦྱར་ནས་བསྟེན་ན་ཤ་བཀྲ་དང་མཛེ་ནད་སེལ་ཞིང་དར་བ་དང་སྦྱར་ཏེ་བསྟེན་ན་གཞང་འབྲུམ་སེལ་བར་བྱེད་དོ། །ཡང་ཨ་རུ་ར་དང་བ་རུ་ར་སྐྱུ་རུ་ར་སྟེ་འབྲས་བུ་གསུམ་གྱི་སྨན་མར་གྱིས་ནི་དབང་པོ་གསལ་ཞིང་ལུས་སྟོབས་སྐྱེད་པ་དང་རྒས་ཀ་སྲ་ལ་ཚེ་རིང་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངོན་སུམ་དུ་འབྱུང་ངོ༌། །འདིར་རྣམ་གྲངས་ཙམ་གསུངས་པ་ཡིན་གྱི་རྒྱས་པར་ནི་མན་ངག་རྒྱུད་ཀྱི་བཅུད་ལེན་གྱི་སྐབས་དང༌། ཕྱི་རྒྱུད་དང་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་ཀྱི་སྐབས་སུ་ཤེས་པར་བྱའོ། །དེ་ལྟར་བཤད་པ་སོགས་བཅུད་ལེན་ཀུན་ལ་ནད་དང་གང་འཕྲོད་ཀྱི་ཟས་སྤྱོད་དྲན་ཤེས་བཞིན་དུ་བསྟེན་པ་དང༌། རུལ་སྐྱུར་སྔོ་ངད་སོགས་མི་འཕྲོད་པའི་ཁ་ཟས་སྤང་བར་བྱའོ། །དེ་ལྟར་བཤད་པའི་ཆོ་ག་ཐམས་ཅད་རྫོགས་པ་གཙོ་བོར་སྤྱད་ན་ཟླ་བ་གསུམ་མམ་དྲུག་གམ་ཐ་མ་ཡང་ལོའི་གྲངས་གཅིག་གིས་ལུས་སྟོབས་དང་ཚེ་སོགས་འབྲས་བུ་ཀུན་འགྲུབ་པར་ཐེ་ཚོམ་མེད་ལ། གལ་ཏེ་དེ་ལྟ་བུ་མ་གྲུབ་ཅིང་ལུས་ཀྱིས་མ་ལྕོགས་ན་ཆོ་ག་བཞིན་དུ་སྦྱར་བའི་སྨན་མར་དེ་སྔ་དྲོའི་ལྟོ་ལ་རྒྱུན་དུ་བསྟེན་ཞེས་ཞར་ལ་ལོངས་སྤྱོད་པར་བྱས་པས་ཀྱང་གནས་སྐབས་ཀྱི་འབྲས་བུ་ཚེ་དང་ལུས་སྟོབས་འཕེལ་བ་སོགས་འབྱུང་བར་ནུས་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་མི་ན་བ་གནས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།