སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གསུམ་པ། དཔྱད་ལྔ་ལུམས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་ཉེར་གསུམ་པ། དཔྱད་ལྔ་ལུམས།



ལེའུ་ཉེར་གསུམ་པ། དཔྱད་ལྔ་ལུམས།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དཔྱད་ལྔ་ལུམས་ལ་རུང་དང་མི་རུང་དང༌། །བྱ་བའི་ཐབས་དང་ཕན་ཡོན་རྣམ་པ་བཞི།།

རུང་བ་ཡན་ལག་རེངས་འཁུམས་ཞ་བ་དང༌། །འབྲས་དང་ལྷོག་པ་རྨ་རྙིང་རྨ་གསར་སྐྲངས། །ཚབས་དང་སྒུར་པོ་ཤ་རུས་ཆུ་སེར་གཡོས། །རླུང་ནད་མ་ལུས་ཀུན་ལ་བསྔགས་པ་ཡིན།།
མི་རུང་རིམས་འཁྲུགས་ཚ་རྒྱས་སྐྱ་རྦབ་དང༌། །ཉམ་ཆུང་དང་ག་འགགས་ལ་སྤང་བར་བཤད། །མིག་དང་མཁུར་ཚོས་དྲེག་བཞི་རླིག་པ་དང༌། །ལྟོ་བ་སྙིང་གའི་གནས་སུ་ལུམས་མི་རུང༌།།

བྱ་བའི་ཐབས་ལ་ཆུ་ལུམས་བཅིང་ལུམས་གཉིས། ཆུ་ལུམས་སྤྱི་མཐུན་ལས་གྲུབ་ཆུ་ཚན་ཞུགས། །འགྲམས་དུག་ཚད་རྙིང་བྱེར་ཞིང་ཞེན་པ་དང༌། །འབྲས་དང་རྨ་རྒན་སུར་ཡ་རྩ་ནད་དང༌། །རེངས་འཁུམས་སྒུར་པོ་ཤ་སྐམས་འདོན་པར་བྱེད། །དེ་མ་གྲུབ་ན་བདུད་རྩི་རྣམ་པ་ལྔ། །རླངས་ལུམས་ཆུ་ཚན་བཅིང་བས་གོང་བཞིན་འགྲུབ། །མི་རུས་བཙའ་མ་རླངས་ལུམས་ཆུ་ཚན་གྱིས། །ཚ་རེངས་རླུང་ལྡན་འགྲམས་པའི་ཟུག་གཟེར་འཇོམས། །མཁན་པ་བུལ་ཏོག་ཕབས་སྦྱར་ཆུ་ལུམས་ཀྱིས། །རྨ་རྒན་སྐྲངས་དང་ཞ་རེངས་སེལ་བར་བྱེད། །བཅིང་ལུམས་ཚ་སེལ་གྲང་སེལ་རྣམ་པ་གཉིས། །ཚ་སེལ་མགོ་ཆག་རྩ་བྱེར་འབྲུ་སྣའི་ལུམས། །ཀྱི་ལྕེ་མཛོ་ལྕི་ཞོ་སྦྱར་ཚ་སྐྲངས་འཇོམས། །རྩ་བྱེར་མེ་ཏོག་སྣ་ཚོགས་ལུམས་ཀྱིས་གདུལ། །རྩ་དཀར་གཟའ་ཕོག་མཁལ་རྩ་འགྲམས་བྱེར་ལ། །བདུད་རྩི་ལྔའམ་གླ་རིལ་ཆང་བཙོས་ལུམས༌། རྩ་འགྲམས་སྐྲངས་རེངས་མཁན་པ་སྤྲུ་མ་མཚེ། །སྤང་སྤོས་དྲི་ཆུར་བཙོས་པའི་ལུམས་ཀྱིས་གདུལ། །ཚད་རྙོགས་བྱེར་བ་མཚན་དང་སྲོ་ལོའི་ལུམས། །མཛེ་དུག་ར་རིལ་གླ་རྩི་དྲི་ཆུའི་ལུམས། །དབྱིག་གི་དུག་ལ་མཆོད་རྟེན་ན་བཟའ་དང༌། །ཁྲུ་གང་འོག་ས་དྲི་ཆུར་བཙོས་ལུམས་བྱ། །གྲང་སེལ་ཡན་ལག་སྐྲངས་པ་རྣག་འགུགས་ན། །སྦང་སྐམ་བྱི་བྲུན་ཆང་བཙོས་ལུམས་སུ་གཞུག །མདེ་འབྱིན་ར་རིལ་བྱི་བྲུན་དྲི་ཆུའི་ལུམས། །ར་དུག་སྤྱང་ཚེར་རི་ཤོ་སྤྱང་བྲུན་དང༌། །སྦང་གར་བཙོས་པས་ཆུ་ལྷོག་གྲང་སྐྲངས་འདུལ། །ཡན་ལག་ཆུ་སེར་སྐྱ་རྦབ་སྦོས་པ་ལ། །རྟ་རྐྱང་བོང་བུའི་སློ་དྲོན་ལུམས་སུ་གཞུག །རྨེན་འབྲས་ཕུག་རོན་རིལ་མ་ཆང་བཙོས་ལུམས། །འབྲས་འདུལ་མི་ཡི་རྐང་མགོ་ཉྭ་ཡི་ཤ །སྤྲུ་རྩ་རེ་ལྕག་ཆང་བཙོས་ལུམས་སུ་གཞུག །རྡོ་སྐྲན་འདུལ་ལ་སྤྱང་ཚེར་ལྕེ་ཚ་དང༌། །མཁན་པ་ལྕ་འབྲུམ་བྱི་བྲུན་སྦང་གར་དང༌། །སྒ་སྤོད་སྦྱར་ཏེ་བཙོས་པའི་ལུམས་སུ་གཞུག །རུས་ཏྲེམ་ཚབས་ནད་མི་རུས་བ་སྤྲུའི་ལུམས། །རླུང་འཕྱོས་སྨྱོ་འབོག་ཚབས་རླུང་སྙིང་སྣའི་ལུམས། །རིམས་མཇུག་རྐང་དང་རུས་པ་ན་བ་ལ། །ཁྲུ་གང་འོག་ས་དྲི་ཆུར་བཙོས་པའི་ལུམས། །རུས་ཚིགས་གཟེར་ན་རུས་སྣ་ཆང་བཙོས་ལུམས། །རླུང་སྐྲངས་འབའ་ཆ་ཆང་དུ་བཙོས་པའི་ལུམས།།

ལུམས་ཀྱིས་ཚ་རླངས་ཆུ་སེར་བ་སྤུར་འདོན། །རླུང་འདུལ་སྐྲངས་འཇོམས་སྐེམ་པོ་ཤ་རྒྱས་བྱེད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་ལུམས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 12:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།