སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གསུམ་པ། དཔྱད་བཞི་པ་ལུམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་གསུམ་པ། དཔྱད་བཞི་པ་ལུམས་བསྟན་པ།

ཉེར་གཅིག་པ་ལུམས་ཀྱི་ལེའུ་བཤད་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་སྨོས་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། དཔྱད་ལྔའི་ནང་ཚན་གསུམ་པ་དུགས་ཀྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་གདམས་སོ། །གཉིས་པ་གཞུང་གི་དོན་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། དཔྱད་ལྔ་སོགས་རྐང་པ་གཉིས་ཏེ། དཔྱད་ལྔའི་ནང་ཚན་དུ་གྱུར་པའི་ལུམས་ལ་རུང་བའི་མཚན་ཉིད། མི་རུང་བའི་མཚན་ཉིད། བྱ་བའི་ཐབས། ཕན་ཡོན་བསྟན་པ་དང་རྣམ་པ་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞིར་ཡོད་པའི་དང་པོ་ནི། རུང་བ་སོགས་ཚིགས་བཅད་གཅིག་སྟེ། ལུམས་རུང་བ་ནི་ཡན་ལག་རེངས་པ། འཁུམས་པ། ཞ་བ། འབྲས། ལྷོག་པ། རྨ་རྙིང༌། རྨ་གསར། སྐྲངས་པ། རླུང་ཚབས། རྐེད་པ་སྒུར་བ། ཤ་རུས་པ་ལ་ཆུ་སེར་གཡོས་པ་དང༌། ཁྱད་པར་རླུང་གི་ནད་མ་ལུས་པ་ཀུན་ལ་བསྔགས་པ་ཡིན་ནོ་ཞེས་པའོ། །གཉིས་པ་མི་རུང་བའི་མཚན་ཉིད་ནི། མི་རུང་སོགས་ཚིགས་བཅད་གཅིག་སྟེ། ལུམས་མི་རུང་བ་ནི། ནད་གཞིས་མི་རུང་བ། རིམས། འཁྲུས། ཚ་བ་རྒྱས་པ། སྐྱ་རྦབ། ཉམ་ཆུང་བ། དང་ག་འགགས་པ་རྣམས་ལ་སྤང་བར་བཤད་ཅིང༌། གནས་ཀྱིས་མི་རུང་བ་མིག་དང༌། མཁུར་ཚོས། རྟིང་པའི་དྲེག་པ་སོགས་བཞི་དང༌། རླིག་པ། ལྟོ་བ། སྙིང་གའི་གནས་རྣམས་སུ་མི་རུང་ཞེས་པའོ། །གསུམ་པ་བྱ་ཐབས་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། བྱ་བའི་སོགས་རྐང་པ་གཅིག་སྟེ། ལུམས་བྱ་བའི་ཐབས་ལ། ཆུ་ལུམས་དང༌། བཅིང་ལུམས་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཀྱི་དང་པོ་ཆུ་ལུམས་བཞི་བཤད་པ་ནི། ཆུ་ལུམས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཏེ། ཆུའི་ལུམས་ནི། སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ཆུ་ཚན་རིགས་ལྔ་པོ་ནད་དང་རྐང་པ་གཉིས་ཏེ། ཆུའི་ལུམས་ནི། སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ཆུ་ཚན་རིགས་ལྔ་པོ་ནད་དང་སྦྱར་བའི་ནང་དུ་ཞུགས་པ་ནི་གཙོ་བོ་ཡིན་ལ། དེས་ནི་འགྲམས་ཚད་དང༌། དུག་རོ། ཚད་རྙིངས་བྱེར་ཞིང་ཞེན་པ། འབྲས། རྨ་རྒན། སུར་ཡ། རྩ་ནད་ཀྱི་རིགས་ཕལ་ཆེར། ཡན་ལག་རེངས་པ། འཁུམས་པ། སྒུར་པོ། ཤ་སྐམ་པ་སོགས་ནད་རོ་རྙིང་པ་གདོན་ཞིང་ཕན་པར་བྱེད་ལ། ཆུ་ཚན་དེ་མ་འགྲུབ་ན། བ་ལུ། ཤུག་པ། མཚེ། འོམ་བུ། མཁན་སྐྱ་སྟེ་རིམ་བཞིན། མི། ལྷ། བཙན། ཀླུ། སྡེ་བརྒྱད་ཀྱི་བདུད་རྩི་ཞེས་པའམ། ཡང་ན་ཉིན་སྲིབས། ཆུ། སྤང༌། སའི་བདུད་རྩི་སྟེ་བདུད་རྩི་ལྔར་གྲགས་པའི་རླངས་ལུམས་ནི་ཆུ་ཚན་བཅིངས་པའི་ནང་དུ་ཞུགས་པས་གོང་བཞིན་གྱི་ཕན་ཡོན་འགྲུབ་པར་འགྱུར་ལ། ཡང་རུས་ལུམས་ནི། མི་རུས་བཙའ་མ་ཆུ་ལ་ཚོས་པར་བཅོས་པའི་རླངས་པའི་ལུམས་དང༌། དེའི་ཆུ་ཚན་གྱིས་ཚ་བའི་རིགས་རླུང་དང་ལྡན་པའམ་ཆུ་སེར་ཚ་བ་རེངས་པ་རླུང་ལྡན་དང༌། འགྲམས་པའི་ཟུག་གཟེར་འཇོམས་ཤིང༌། མཁན་པ་བུལ་ཏོག་ཕབས་དང་སྦྱར་བའི་ཆུ་ལུམས་ཀྱིས་རྨ་རྒན་དང༌། སྐྲངས་པ། ཡང་ལག་ཞ་བ། རེངས་པ་སོགས་སེལ་བར་བྱེད་དོ། །ཞེས་པའོ།།

        གཉིས་པ་བཅིངས་ལུམས་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། བཅིངས་ལུམས་སོགས་རྐང་པ་གཅིག་སྟེ། བཅིངས་ལུམས་དེ་ལ་ཡང་ཚ་སེལ་གྱི་ལུམས་དང་གྲང་སེལ་གྱི་ལུམས་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཚ་སེལ་བརྒྱད་བཤད་པ་དང༌། གྲང་སེལ་བཅུ་གཉིས་བཤད་པའོ། །དང་པོ་ནི། ཚ་སེལ་སོགས་ཚིགས་གཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཚ་སེལ་གྱི་ལུམས་རྣམ་གྲངས་བརྒྱད་དུ་ཡོད་པ་ལས་མགོ་ཆག་རྩ་བྱེར་གྱི་ནད་ལ། ནས། གྲོ། འབྲས། སྲན་མ། ཏིལ། བྲ་བོ། སྲན་ཆུང་སོགས་འབྲུ་སྣ་ཐམས་ཅད་རྗེན་བཏགས་བྱས་པ། ཏིལ་མར་རམ་འབྲུ་མར་རྙིང་པ་སྦྱར་བའི་ཟན་དྲོན་གྱི་ལུམས་མགོ་བོའི་སྐྲ་བཞར་ལ་ཞྭ་མོ་ལྟར་གཡོགས་པ་ཞག་འགའ་བྱས་པས་ཆུ་སེར་དེ་འདུས་ནས་སྐྲངས་པ་འབྱུང་ཞིང༌། དེ་ནས་འཇིབ་རུ་བཙུགས་ནས་ཁྲག་ངན་ཆུ་སེར་ཅི་ཐོན་ཐོན་དབྱུང་བ་དང༌། ཀྱི་ལྕེ་དཀར་པོ། མཛོ་རོག་གི་ལྕི་བ་ཞོ་དང་སྦྱར་བའི་ལུམས་ཀྱིས་ཚ་བ་སྐྲངས་པོ་འཇོམས་ལ། ཚ་བ་རྩ་ལ་བྱེར་ན་དུག་མ་གཏོགས་པའི་མེ་ཏོག་སྣ་ཚོགས་བསྡུས་པའི་ལུམས་ཀྱིས་གདུལ་བ་དང༌། རྩ་དཀར། གཟའ་ཕོག་པ། མཁལ་རྩ་འགྲམས་པ་དང༌། བྱེར་བ་རྣམས་ལ་གོང་དུ་བཤད་པའི་བདུད་རྩི་ལྔ་ལུམས་སམ། ཡང་ན་གླ་རིལ་ཕྱེ་མར་བྱས་པ་ཆང་དུ་བཙོས་པའི་ལུམས་བྱ་ཞིང༌། རྩ་འགྲམས་པ་དང༌། སྐྲངས་པོ། རྩ་རྒྱུས་རེངས་པ་རྣམས་ལ་མཁན་དཀར། སྤྲུ་མ། མཚེ་ལྡུམ། སྤང་སྤོས་རྣམས་ཀྱི་ཕྱེ་མ་དྲི་ཆུར་བཙོས་པའི་ལུམས་ཀྱིས་གདུལ་ཞིང༌། ཚད་པ་རྙོགས་པ་དང་བྱེར་བ་ལ་མཚན་དང་སྲོ་ལོ་དཀར་པོའི་ལུམས་བྱ་ཞིང༌། མཛེ་དང༌། དུག་གམ། ཁ་ཅིག་སྦྱར་དུག་མཛེ་ཕོའི་ཤ་ཁྲག་བསྲེས་ནས་བཏང་བ་ནད་ཀྱི་ངོ་བོ་དུག་ཡིན་ཀྱང་རྟགས་མཛེ་ནད་དུ་སྟོན་པ་ཞིག་ཡིན་གསུངས་ལ། རའི་རིལ་མ་དང༌། གླ་རྩི། སྡོམ་ལྡན་ནམ་ལོ་བརྒྱད་དྲི་ཆུས་ཁུ་བ་བྱས་པའི་ལུམས་དང༌། རིན་པོ་ཆེའི་དབྱིག་གི་དུག་ལ། མཆོད་རྟེན་ལ་གསོལ་པའི་ས་དཀར་གྱི་ན་བཟའ་དང༌། ཐལ་ལུད་ཡོད་པའམ་དྲི་ཆུའི་རྫིང་སོགས་བ་ཚྭ་ཡོད་པའི་ནང་ནས་ཐུར་དུ་ཁྲུ་གང་བརྐོས་པའི་འོག་གི་ས་དྲི་ཆུར་བཙོས་པའི་ལུམས་བྱའོ་ཞེས་པའོ།།

        གཉིས་པ་གྲང་སེལ་གྱི་ལུམས་བཅུ་གཉིས་བཤད་པ་ནི། གྲང་སེལ་ཞེས་པ་ནས། བཙོས་པའི་ལུམས་ཞེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གསུམ་གྱིས་བསྟན་ཏེ། གྲང་སེལ་གྱི་ལུམས་ནི། ཡན་ལག་སྐྲངས་པ་རྣག་ཏུ་འགུགས་ན། སྦང་སྐམ། བྱི་བའི་བྲུན། རྒྱ་ཚོས། བཙོད་རྣམས་ཀྱི་ཕྱེ་མའི་སྐྱོ་མའི་ལུམས་སུ་གཞུག་པ་དང༌། མདེའུ་འབྱིན་ན། རའི་རིལ་མ། བྱི་བའི་བྲུན། དྲི་ཆུར་བྱས་པའི་ལུམས་དང༌། ར་དུག་པ། སྤྱང་ཚེར། རི་ཤོ། སྤྱང་བྲུན། ཆང་གི་སྦང་རྒོད་དེ་གླུམ་གར་དུ་བཙོས་པའི་དུགས་ཀྱིས་ཆུ་ལྷོག་དང༌། གྲང་གཉན་གྱི་སྐྲངས་མགོ་འགུལ་ཞིང༌། ཡན་ལག་གི་ཆུ་སེར་དང་སྐྱ་རྦབ་ཀྱིས་སྦོས་པ་ལ། རྟ། རྐྱང༌། བོང་བུ་རྣམས་ཀྱི་གློ་བའམ་བསད་འཕྲལ་གྱི་སློ་ཞེས་པ་བཙོ་དྲོན་མོའི་ལུམས་སུ་གཞུག་པ་དང༌། རྨེན་བུ་དང༌། འབྲས་ལ་ཕུག་རོན་གྱི་རིལ་མ་ཆང་ནང་དུ་བཙོས་པའི་ལུམས་བྱ་བ་དང༌། འབྲས་འདུལ་ན་མིའི་རྐང་མང་དང༌། མགོ་བོའི་ཤ། མིའི་རྐང་ལག་གི་ཉྭ་བཞིའི་ཤ་དང༌། ཤངས་ལུགས་ལྟར་ན་མིའི་རྐང་མགོའི་རུས་པ་ལྷ་བ་མེད་པའི་བུག་པ་སག་སག་པ་དེ་དང་ཆུ་ནང་གི་ཉའི་ཤ་གསར་རྙིང་གང་རུང་གི་ཤར་བཞེད་པས་དེ། སྤྲུ་མའི་རྩ་བ། རེ་ལྕག་པ་རྣམས་ཆང་དུ་བཙོས་པའི་ལུམས་སུ་གཞུག་པ་དང༌། རྡེའུ་དང་རྡོ་སྐྲན་འདུལ་བ་ལ། སྤྱང་ཚེར་དང༌། ལྕེ་ཚ། མཁན་དཀར། ལྕེ་དཀར་གྱི་འབྲུ། བྱེའུའི་བྲུན། ཆང་གི་སྦང་གར་དང༌། བཅའ་སྒ། སྤོད་དེ། པི་པི་ལིང་རྣམས་སྦྱར་ཏེ་ཆུར་བཙོས་པའི་ལུམས་སུ་གཞུག་པ་དང༌། གྲུམ་བུའི་རུས་ཏྲེམ་དང༌། རླུང་ཚབས་ཀྱི་ནད་ལ་མི་རུས་དང༌། བ་སྤྲུ་བའི་ལུམས་བྱ་བ་དང༌། རླུང་གིས་འཕྱོས་པས་སྨྱོ་བ་དང༌། འབོག་པ། རླུང་ཚབས་ཀྱི་རླུང་རྣམས་ལ་སེམས་ཅན་སྣ་ཚོགས་པའི་སྙིང་སྣའི་ལུམས་བྱ་བ་དང༌། རིམས་ཀྱི་འཇུག་ཏུ་རྐང་ལག་དང་རུས་པ་ན་བ་ལ་སྔར་བཤད་པའི་ཁྲུ་གང་འོག་ས་དྲི་ཆུར་བཙོས་པའི་ལུམས་བྱ་བ་དང༌། རུས་པ་དང་ཚིགས་པ་གཟེར་བ་ལ་སེམས་ཅན་སྣ་ཚོགས་པའི་རུས་སྣ་ཆང་དུ་བཙོས་པའི་ལུམས་བྱ་བ་དང༌། རླུང་གིས་སྐྲངས་པ་ལ་འབའ་ཆ་ཆང་དུ་བཙོས་པའི་ལུམས་བྱ་བ་ཡིན་ནོ་ཞེས་པའོ།།

        བཞི་པ་ཕན་ཡོན་བསྟན་པ་ནི། ལུམས་ཀྱིས་སོགས་རྐང་པ་གཉིས་ཏེ། ལུམས་ཀྱིས་བཙོས་པས་ལུས་ཚ་བའི་རླངས་པ་ཆུ་སེར་དུ་འབབ། བ་སྤྲུར་ཡང་ཡང་འདོན། དེས་ནི་རླུང་འདུལ་ཞིང་སྐྲངས་པ་འཇོམས། སྐེམ་པོ་ཤ་རྒྱས་པར་བྱེད་དོ། །ཞེས་གསུངས་སོ། །གཞན་ཡང་ལུམས་ཀྱི་རིམ་པ་དྲེག་ནད་ལ་མཆོག་ཏུ་ཕན་པ་གཙང་སྟོད་དར་མ་མགོན་པོའི་ཟིན་ཏིག་ལས། སྐྲངས་ཆེ་ཞི་རུ་མ་འདོད་ན། །ཐར་ནུ་དུར་བྱིད་ཆུ་རྩ་དང༌། །ཧོང་ལེན་ཀྱི་ལྕེ་རེ་ལྕག་པ། །སྒ་ཏིག་ལྕགས་ཀྱུ་སྤོས་དཀར་དང༌། །ཆུ་སེར་སྨན་བདུན་གང་འཛོམ་དང༌། །སྟག་ཤ་ཤུ་དག་མིང་ཅན་ནག །སྦལ་བ་མུ་ཟི་ཤ་རུའི་ཐལ། །ཞིབ་པར་བཏགས་པའི་ཕྱེ་མ་དེ། །བ་ཡི་ཆུ་དང་འདག་པ་སྦྱར། །སྲབ་མཐུག་བ་ཡི་ཀོ་བ་ཙམ། །སྐྲངས་པོར་བྱུགས་ལ་པགས་དམར་གྱིས། །ཏྲིལ་ཕྱིས་བསྡམས་ལ་སྐུད་པས་བཅིང༌། །དྲེག་གི་དཀར་འདོན་གཙང་སྟོད་ལུགས། །དེས་ཀྱང་སྐྲངས་པ་མ་ཞི་ཞིང༌། །ཙེག་ཙེག་བྱེད་ཅིང་གཟུགས་འཁུམས་ན། །ནས་ནི་དཀར་མོ་ལེགས་པར་བཙོས། །ཕབས་ནོན་གཞན་པས་ཆེ་བར་བྱ། །དུས་མིན་གླུམ་བཟང་རོ་ལེགས་དེ། །མལ་དུ་ལེགས་པར་དགུག་བྱས་ལ། །ནད་པའི་རྐང་ལག་གང་ན་ནི། །ཆུ་གྲང་དག་གིས་ལེགས་པར་བཀྲུ། །རྐང་པ་གཉིས་ཀ་གླུམ་ནང་བཅུག །ལག་པ་ན་ནའང་རྐང་བཞིན། །ཁེབས་ཀྱིས་བྱིབས་ལ་དྲོད་ལ་བསྐོར། །ནམ་དང་ཉི་མ་གང་རུང་གི། །ཕྱེད་ཕྱེད་ཙམ་རེ་མི་བཏོན་བཞག །དེ་ནས་གཟུགས་ཀྱི་བདེ་བཅོས་ལ། །སླར་ཡང་སྐྱར་ལ་སྔོན་བཞིན་བྱ། །དེ་ནས་བཏོན་ལ་རྐང་པ་ནི། །རྐྱལ་པ་བཙོས་འདྲ་སྐྱ་རྦབ་ནི། །གཉེར་མའི་ཚོགས་འདུ་མང་དང་བཅས། །འགའ་ཞིག་ཆུ་སྒངས་འབྱུང་བའང་ཡོད། །དེ་ལྟར་འདུག་ན་ཐོན་པའི་རྟགས། །མཐོ་བ་སྨད་ལ་དམའ་བ་སྟོད། །མཐེ་བོང་སྲད་བུ་འབོལ་བ་ཡིས། །ཐོག་གམ་རྐེད་ལ་བཏགས་ལ་བཞག །རྒྱ་ནག་མཁས་པའི་ཁྲག་སོགས་ཡིན། །ཟས་སྤྱོད་བསིལ་དྲོད་སྙོམས་པར་བྱ། །དྲེག་གི་སྐྱུར་འདོན་བྲང་ཏིའི་ལུགས། །ཞེས་དང༌། དམར་འདོན་ཆེ་ཆུང་གཉིས་བཤད་པའི་ཆུང་བ་དེ་ཉིད་ལས། ཡང་ཅིག་དར་མ་མགོན་པོ་ངས། །དམར་འདོན་ཆུང་ངུའི་སྦྱོར་བ་ནི། །ར་ཡི་ཁྲག་དང་ཚིལ་བུ་ནི། །དྲོད་མ་ཡལ་བ་སྐྲངས་ལ་འཇིབས། །དེ་ནས་པགས་དམར་དྲོད་མོས་གཡོག །ཆིངས་ཀྱིས་ལེགས་བཅིངས་ཉིན་མཚན་ནི། །གཉིས་བཞག་དེ་ནས་བཀྲོལ་བར་བྱ། །སྐྱེད་ཆུང་ཅུང་ཟད་ལུས་པ་ན། །ད་དུང་དེ་ག་ལན་ཅིག་བསྐྱར། །དེ་ཡིས་བདེ་བ་ཐོབ་པ་ཡིན། །བཅའ་ལུགས་རྣམས་ནི་གོང་དང་མཚུངས། །ཡང་ཅིག་དྲེག་གི་བྱུག་སྨན་ལ། །རེག་ན་བདེ་སྐྱེད་ཅེས་བྱ་བ། །ཐར་ནུ་དུར་བྱིད་བྱང་པ་དང༌། །ཀྱི་ཧོང་ཁྱིམ་དུད་སྐྱེར་བའི་ཤུན། །གུ་གུལ་ཆུ་སེར་སྨན་བདུན་དང༌། །རང་གི་སྐྲ་གཞོབ་འུག་སྲོའི་གཞོབ། །རི་བོང་སྤུ་དང་ར་ཕོ་ཡི། །རླིག་སྤུ་ཁྱི་ཡི་སྤུ་གཞོབ་དང༌། །གཡེར་མ་ཤུ་དག་སྟག་ཤ་པ། །ཅོང་ཞི་བྲག་ཞུན་སྟག་ཟིལ་དང༌། །ཆུ་རྩ་སྦལ་རྒྱབ་མུ་ཟི་དང༌། །ར་ཡི་ཁྲག་དང་བ་ཡི་ཆུ། །དར་བཙགས་སྦྱར་བའི་ལྡེ་གུ་ནི། །སྲབ་མཐུག་གླང་ཀོ་ཙམ་དུ་བྱུག །ཕྱི་ནས་གླུམ་དང་པགས་རློན་གྱིས། །མཚམས་མ་ཤོར་བར་ཆིངས་ཀྱིས་བསྡམས། །རིན་ཅེན་སྐྱིས་ཁྲུས་བྱ་བ་འདི། །བྲང་ཏི་མཁས་པའི་ལུགས་ལས་འབྱུང༌། །ཡང་ཅིག་དང་མ་མགོན་པོ་ངས། །སྒ་ཏིག་ལྕགས་ཀྱུ་ཆགས་མ་དང༌། །སྟོང་ཟིལ་རྩ་མཁྲིས་མཁུར་མང་དང༌། །རྟ་ཁུ་ལམ་སྐྱེས་བུ་རྩེ་ཤེལ། །ཆུ་སེར་སྨན་བདུན་བོང་ང་དཀར། །སྦལ་རྒྱབ་སྟོང་ཟིལ་གངས་ཐིགས་དང༌། །ཕ་ཝང་ཆུ་རྩ་ཞོ་ལ་སྦྱར། །བཅའ་ལུགས་རྣམས་ནི་གོང་དང་མཚུངས། །བི་བྱི་མཁས་པའི་ལུགས་ལས་བྱུང༌། །ཡང་ཅིག་མི་རུས་བཙའ་མ་དང༌། །ཡ་བཀྵ་ར་གོ་བོའི་བྲུན། །རེ་ལྕག་སྤྲུ་ནག་ཧོང་ལེན་དང༌། །ཆུ་སེར་སྨན་བདུན་བ་ཤ་ཀ། །ཐར་ནུ་དུར་བྱིད་བྱང་པ་གསུམ། །ཤིན་ཏུ་བོངས་ཆེར་བྱས་པ་དང༌། །ཆོ་ག་རྣམས་ནི་གོང་དང་མཚུངས། །འདི་རྣམས་གང་འཕྲོད་འཁྲུལ་གྱི་ལྗིབས། །ཡང་ཅིག་དར་མ་མགོན་པོ་ངས། །དྲེག་གི་སྐམ་བྱུག་བདུད་རྩི་འདི། །ཆར་འབེབས་རེག་ན་བསིལ་བྱེད་བྲི། །ཀྱི་ཧོང་གྷི་ཝང་བ་ཤ་ཀ། །སེང་ལྡེང་སྤོས་དཀར་གུ་གུལ་དང༌། །བྲག་ཞུན་བོང་དཀར་སྟོང་རི་ཟིལ། །ཡུང་བ་གཡེར་མ་ཞོ་ལ་སྦྱར། །སྐྲངས་ཀྱི་ཐོག་ཏུ་བྱུག་པར་བྱ། །འགམ་པོ་ཧོང་ལེན་པི་པི་ལིང༌། །ཀྱི་ལྕེ་ཀ་ར་རུ་ཤ་དང༌། །ཙནྡན་སྐྱེར་པ་བྲག་ཞུན་དང༌། །སེང་ལྡེང་སྤོས་དཀར་གུ་གུལ་དང༌། །ཡུང་བ་གཡེར་མ་བ་ཞོ་སྦྱར། །སྐྲངས་ཀྱི་ཐོག་ཏུ་བྱུག་པར་བྱ། །བྱུག་པ་དྲེག་ནད་ཞི་བྱེད་པ། །ཐར་ནུ་བྱང་པ་ཨ་རུ་ར། །དུད་པ་ཧོང་ལེན་བྲག་ཞུན་རྣམས། །ར་ཁྲག་ཆུ་སེར་སྨན་བདུན་དང༌། །སྐྱེར་ཤུན་གུ་གུལ་འུག་སྒྲོའི་གཞོབ། །རི་བོང་སྨ་ར་གཡེར་མ་དང༌། ར་ཕོའི་ཨོག་ཞོལ་ཤུ་དག་དང༌། །སྟག་ཤ་བ་དང་ཅོང་ཞི་རྣམས། །ཞིབ་བཏགས་རང་གི་དྲི་ཆུའམ། །འབྲས་ཀྱི་ཤེལ་ཐང་བ་ཆུ་འམ། །དར་བཙགས་ལ་སྦྱར་སྲབ་མཐུག་ནི། །བ་ཀོ་ཙམ་དུ་བྱུག་ནས་ནི། །གླུམ་དང་ར་པགས་རློན་པས་བཅིངས། །ཡང་ན་ཆགས་མ་ལྕགས་ཀྱུ་བ། །ཧོང་ལེན་བོང་དཀར་བ་ཤ་ཀ། །སྐྱུ་རུ་གངས་ཐིགས་སྟག་ཟིལ་དྲོ། །ཨ་བ་ཆུ་རྩ་ཞོ་སྦྱར་བསྐུ། །ཞེས་སོགས་རྒྱ་ཆེར་གསུངས། འབམ་གྱི་བྱུག་པ་ཡང་མན་ངག་འགའ་ཞིག་ལས། །གསེར་མཚོ་བུལ་ཏོག་ཞུ་མཁན་རྒྱ་ཚོས་རྣམས་ཁྱོར་བ་རེ། སྟག་ཤ་བ་དང་ཆུ་རྩ་གཉིས་ཁྱོར་མོ་ཕྱེད་རེས་བྱས་པའི་ཕྱེ་མ། བ་དམར་ཟལ་གྱི་ཆུ་ལ་སྦྱར་ནས་སྐོལ་བ་ཞོ་སླ་ཤོས་ཙམ་བྱས་ལ། སྐྲངས་ངོས་གར་ཡོད་ཀྱི་སར་བྱུགས་ལ་ཉི་མ་ལ་བསྲེག །ཅེས་དང༌། རྗེས་གཅོད། མི་རྟ་ཁྱི་གསུམ་རུས་པ་བཙའ་མ། ནུས་ལྡན་དུ་བསྲེགས་པའི་ཕྱེ་མ་བཏང༌། གཡའ་སྔོན་བཏུལ་བ་ཆུས་སྦངས་པ་སླ་ངར་སེ་ཧྲོག་ཙམ་བརྔོས་པའི་ཕྱེ་མ། སྟོབས་ཆེ་བ་རྣམས་ལ་ཆུ་སེར་སྨན་གསུམ་གུ་གུལ་རྣམས་བསྲེས། སྣུམ་ལ་སྐོལ་ནས་སྔོན་པོར་སོང་བ་དང༌། ངད་ཡལ་བ་ལ་བཏབ་པའི་བྱུག་པ་ཡང་ཡང་བྱས་པས་ཕྱིས་ནད་རོ་མི་ལྡང་ཞིང༌། ནད་རིགས་གཏིང་ནས་ཐོན་པར་འགྱུར་རོ་ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་ནང་ཚན་ལུམས་ཀྱི་ཆོ་ག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 11:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།