སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།




ལེའུ་ཉེར་གཉིས་པ།  འཁྲུགས་ཀྱི་ཚ་བ་བཅོས་པ། 

དེ་མ་ཁད་དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཡང་འདི་སྐད་ཅེས་ཞུས་སོ། །འཁྲུགས་ཞེས་བྱ་བའི་རྒྱུ་དང་རྐྱེན་དང་ངོ་བོ་གང་ལགས། ཚ་བ་འཁྲུགས་པའི་མིང་དུ་དགོས་པ་ཅི་ཕྱིར་བཏགས་པ་དང༌། དེ་ལ་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་ཅི་འདྲ་ཡོད་ཀྱང་བཤད་དུ་གསོལ་ཞེས་དེ་སྐད་ཅེས་ཞུས་པའི་དོན་ལ་ལན་གསུངས་པ།

རྒྱུ་ནི་རྣམ་པར་མ་གྱུར་པའི་མཁྲིས་པ་མཚན་ཉིད་བདུན་ལྡན་ལས་ཚ་བའི་རང་བཞིན་ཅན་དེ་ལ་བྱའོ། །

དེ་རྣམ་པར་གྱུར་པའི་རྐྱེན་དུས་ཚོད་དང་གདོན་དང་ཟས་དང་སྤྱོད་ལམ་རྣམ་བཞིས་སྐྱེད་པར་བྱེད་དོ། །

དེ་ཡང་ངོ་བོ་དང་མིང་ལྷན་དུ་བརྗོད་དགོས་ཏེ་བརྟེན་པ་ལུས་ཀྱི་ཉེས་པ་གསུམ་འཁྲུགས་པས་རྟེན་ཁྲག་ཚད་ཆེར་བསྐྱེད་པར་བྱས་ནས་ལུས་ཟུངས་བདུན་པོ་རྣམས་ཚ་བས་བསྲེག་པ་ནི་འཁྲུགས་ཀྱི་ངོ་བོ་ཡིན་ལ་དེའི་ཕྱིར་ངོ་བོ་དེས་ནད་ཟུངས་ཀྱི་མཚན་ཉིད་རྣམས་དང་འདྲེས་ཤིང་འཐབས་པས་ཚ་བའི་སྟོབས་སུ་གྱུར་པ་ལྟར་གནས་པའི་ཕྱིར་འཁྲུགས་ཞེས་བྱའོ། །

དེ་ལ་ངོ་བོ་མདོར་བསྟན་དང་ངེས་པ་ནང་ཚན་དབྱེ་བ་གསུམ་ལས་རྒྱས་འཁྲུགས་དང་སྟོངས་འཁྲུགས་དང་འཇམ་འཁྲུགས་གསུམ་མོ། །རྒྱས་འཁྲུགས་དེ་ཡང་ངེས་པ་བཤད་པ་ལ་ཡུལ་ཚ་གདུང་ཅན་དུས་སྟོན་དང་རང་བཞིན་མཁྲིས་པའི་མི་དང་ན་སོ་དར་མ་དང་དེ་རྣམས་ལ་ནད་ཁམས་ཁྲག་དང་མཁྲིས་པ་ཅན་གྱི་མི་རྣམས་ལ་ཟས་སྐོམ་ནི་ཤ་མར་ཆང་ལ་སོགས་པ་བཅུད་ཆེ་དྲགས་པ་དང་སྤྱོད་ལམ་ཀྱང་ལུས་ངག་གི་བྱ་བ་དྲག་ཤུལ་ཅན་དང་ཞེ་སྡང་ཆེན་པོ་སྐྱེས་པ་སོགས་ཀྱིས་མཁྲིས་པ་འཁྲུགས་པ་དང་ཚ་བ་ཁྲག་ལ་རྒྱས་པ་ཡིན་ནོ། །སྟོངས་འཁྲུགས་ནི་ཡུལ་ངད་ཅན་གྲང་བ་དང་དུས་དབྱར་དུས་རང་བཞིན་རླུང་ཅན་ན་སོ་རྒས་པ་དང་ནད་ཀྱི་ཁམས་ལ་སོགས་པ་རླུང་ཤས་ཆེ་བ་ལ་སྤྱོད་ལམ་ཀྱང་མྱ་ངན་དང་སེམས་ལས་ཆེ་བ་དང་གཉིད་ཆག་དང་ཉལ་པོ་དང་དཀའ་ཐུབ་བྱས་པ་དང་ཤེད་མེད་པའི་ལྟོ་སྟོང་གི་དུས་སུ་ལུས་ངག་གིས་དྲག་ཤུལ་བྱས་པའི་རྐྱེན་གྱིས་རླུང་དང་ཁྲག་འཁྲུགས་ནས་མཁྲིས་པའི་ཚད་པ་སྐྱེས་པ་རླུང་གིས་བུས་པའོ། །འཇམ་འཁྲུགས་ནི་ཡུལ་རླན་ཅན་དུས་དཔྱིད་ཀ་རང་བཞིན་བད་ཀན་ན་སོ་བྱིས་པ་དང་ནད་ཁམས་བད་ཀན་ཅན་གྱི་མི་ལ་འཁྲུགས་བྱུང་བས་ཁྲག་མཁྲིས་ཀྱི་ཚ་བ་བད་ཀན་གྱིས་འགོ་མནན་པའོ། །

དེ་ལྟར་གསུམ་ལ་དང་པོ་རྒྱས་པའི་འཁྲུགས་ཀྱི་དབྱེ་བ་ནི་ནད་རིགས་ཀྱིས་དབྱེ་བ་དང་བབས་སྒོས་དབྱེ་བ་དང་ལུད་པས་དབྱེ་བ་གསུམ་ལས་ནད་རིགས་ལ་ཚ་འཁྲུགས་དང་ཚ་འགྲམས་དང་ཚ་རིམས་གསུམ་ལས་ཁྲག་མཁྲིས་ཀྱི་འཁྲུགས་ཚད་རྐྱང་པ་ནི་ཚ་བའི་འཁྲུགས་ཡིན་ཞིང༌། དེ་ལ་དབྱེ་བ་ཚ་རྒྱས་དང་ཚ་ལྐུགས་དང་དུག་ཐབས་དང་གསུམ་མོ། །འཁྲུགས་ཚད་འགྲམས་པ་ལ་བརྟེན་པ་ཚ་འགྲམས་ཡིན་ཞིང༌། དེ་ལ་དབྱེ་བ་ལ་ཚ་རྡོལ་དང་ཚ་རྨུགས་པ་གཉིས་སོ། །འཁྲུགས་ཚད་ནི་རིམས་དང་བསྡོངས་པ་དེ་ཚ་བའི་སེམས་ཡིན་ཏེ་དེའི་ནང་ཚན་ལ་གཉན་གཟེར་དང་འདུ་བའི་ཚ་རིམས་གཉིས་སོ། །དེ་ལྟར་ཚ་རྒྱས་དང་ཚ་ལྐུགས་དང་དུག་ཐབས་དང་ཚ་རྡོལ་དང་ཚ་རྨུགས་དང་འཁྲུགས་ཚད་རིམས་དང་བསྡོངས་པ་གཉན་རིམས་དང་འདུ་བའི་རིམས་ཏེ་འཁྲུགས་རིམས་རྣམ་པ་བདུན་དུ་འགྱུར་པའོ། །བབས་སྒོས་དབྱེ་བ་གློ་བ་དང་སྙིང་དང་མཆིན་པ་དང་མཆེར་པ་དང་མཁལ་མ་དང་མཁྲིས་པ་དང་རྩ་དང་རླུང་ལ་བབས་པ་དང་བརྒྱད་དོ། །ལུད་པའི་ཁ་དོག་ཀྱང་བབས་སྒོ་བརྒྱད་པོ་དེ་བཞིན་དུ་ཤེས་པར་བྱ་ཞིང་དབྱེ་བ་རྟགས་བཅོས་སྐབས་ལས་རྟོགས་སོ།།

དེ་རྟགས་ལའང་རྒྱས་འཁྲུགས་སྟོང་འཁྲུགས་འཇམ་འཁྲུགས་སོགས་སྤྱི་དང་བྱེ་བྲག་དང་ཀག་དུས་གསུམ་མོ། །སྤྱི་རྟགས་ལ་རྩ་རྒྱུད་སྦོམ་ལ་དྲག་ཅིང་མཁྲང་ལ་མགྱོགས་པ་དང་ཆུ་མདོག་དམར་སེར་ལ་དྲི་མ་དུགས་ཤིང་རླངས་པ་ཆེ་བ་དང༌། ཕྲུམ་སེར་ཞེས་གྲང་ཤུམ་བྱེད་པ་ཡུན་ཐུང་ལ་གཟེར་ངོས་དྲག་པས་དགྱེ་དགུ་དཀའ་བ་དང་དབུགས་རྒོད་ཅིང་ལུད་པ་ཁ་དོག་དམར་སེར་དུད་ཁུར་འོང་ངོ༌། །

བྱེ་བྲག་ཏུ་ཚ་བ་རྒྱས་པའི་ནད་ཀྱི་སྟོབས་རྒྱས་པ་ལ་ཡང་དོན་ལ་བབས་པ་ནི་ཤིན་ཏུ་གཟེར་བ་དྲག་པ་དང༌། སྣོད་དུ་བབས་པ་ན་མིག་དང་ཆུ་ལུད་པ་རྣམས་སེར་ལ་སྨན་དང་གཏར་ཁ་སྟོད་སྨད་གང་དུ་བརྒྱབ་པ་ཡང་མི་ལེན་ཞིང་ཕོ་བ་དང་མཆིན་པ་རྫིས་ན་མི་བཟོད་པ་འོང་། ཚ་ལྐུགས་ནི་ལུད་པ་མི་ཐོན་ཞིང་གང་ཐོན་ཀྱང་ཐེང་པོར་ལུ་བ་དང་ཁོག་པ་ན་མདོག་དམར་སེར་དུད་ཁུ་ལྟ་བུ་སྲན་མ་ཙམ་འབྱུང༌། དུག་ཐབས་ནི་ན་མ་ཐོག་དེ་ནས་གཉན་པ་རྣམས་ཀྱི་མཁྲིས་སུ་བཅར་ལ་ཐེབས་ཤིང་ལུད་པའི་མདོག་དུད་ཁུ་ལྟ་བུ་དང་ཉུང་མ་བསྲེགས་པའི་ཁུ་བ་དང་འདྲ་བ་འབྱུང་བ་དང༌། གློ་བ་དང་མཆིན་པར་ཚ་བས་རྨུག་ཅིང་འདྲུལ་བར་བྱེད་དོ། །ཚ་རྡོལ་ནི་ལུད་པའི་ཁ་དོག་དམར་སེར་དང་ཁྲག་ཏུ་འབྱུང་ཞིང་རྩ་ཁ་བརྡོལ་ནས་ཁྲག་མང་དུ་སྐྱུགས་ན་འཆིའོ། །ཚ་རྨུགས་ནི་དང་པོ་གློ་བ་ཁྲག་གིས་རྒྱས་ལ་ལུད་པ་གྱེན་དུ་མ་བརྡོལ་བར་དོན་ལ་རྨུགས་ཤིང་མཇུག་ཏུ་གློ་བ་ཕལ་ཆེར་རྣག་ཏུ་འགྱུར་བ་མང་སྟེ་དེའི་རྟགས་ལ་མགོ་ན་ཞིང་ལུས་ལྕི་ལ་དང་ག་འགགས་པ་དང༌། ཁ་ནས་རྣག་དང་ཁྲག་མང་དུ་ལུ་ཞིང་སྟོད་བརྒྱངས་ལ་གསང་ས་ཚིགས་པ་བཞི་ལྔ་གཟེར་རོ། །འདུ་བའི་ཚ་རིམས་ནི་ཕྲུམ་སེར་བཤད་མ་ཐག་པ་ལྟར་ཁྱེར་བ་དང་ཚིགས་གཞི་དང་མགོ་ན་ལ་ཟ་ཟི་སོགས་ནི་རིམས་དང་འདྲ་བ་དང་གཟེར་དང་ལུད་པ་ནི་གློ་ཚར་འབྱུང་བ་ཡིན་ནོ། །དེ་ཡང་གཉན་ཞེས་པ་ནི་ལུས་ཁྱབ་པར་གནས་པའི་ལྷན་སྐྱེས་ཀྱི་སྲིན་བུ་བདུན་ཡོད་པ་ཟས་སྤྱོད་གདོན་གྱིས་དཀྲུགས་ཤིང་ཚད་པ་རྒྱས་པ་ལ་སོགས་པའི་སྟོབས་རྒྱས་པ་རིམས་སོགས་དང་བསྡོངས་ནས་ཆུ་སེར་དང་དྲི་མར་བབས་ཤིང་ལུས་ཟུངས་ཟ་ཞིང་མ་རུངས་བར་བྱེད་པའི་དོན་ཡིན་པ་དེ་ནི་གཟེར་ཐུང་ཞེས་མིང་དུ་བྱ་སྟེ་གཟེར་འཕོ་ཞིང་ལུད་པ་འགྱུར་ལྡོག་མང་བ་ལ་ལྕེ་དང་མཆུ་སྐྱ་སེར་ལ་ལུས་དང་ཤེས་པ་ཡང་བ་དང་གཉིད་ཆུང་ཞིང་ཉྭ་གཞི་བ་སྤུ་ལྡོག་ཅིང་ཡམས་ཐབས་ཞེས་གཞན་ལ་འགོས་པའང་འབྱུང་ཞིང་འབབ་སྒོ་འང་སྙིང་ལ་བབས་པ་ན་མིག་དམར་ལ་ནུ་མའི་དབྲག་དང་མཆན་འོག་གཟེར་བ་དང༌། ལྕེ་སྐམ་ལ་དྲན་པ་མི་གསལ་ཞིང་བླ་འཆོལ་མང་བར་སྨྲའོ། །གློ་ལ་བབས་པ་ན་ལུད་པ་རྣག་དང་ཁྲག་ཏུ་ལུ་ཞིང་དཔུང་མིག་དང་སྒྲོག་རུས་པ་སོག་པའི་དབྲག་བྲང་གི་མདོ་ན་བ་དང་མཆིན་པར་བབས་ན་གཡས་ཀྱི་རྩིབ་ལོགས་དང་མཆིན་པའི་སྟེང་ན་ཞིང་ཤེད་ཆུང་ལ་ལང་སྙིང་འདོད་ཅིང་བཤུལ་ཤ་ལྕི་བ་ཡིན། མཆེར་པར་བབས་ན་མིག་འབུར་ཚུགས་ལ་བལྟ་ཞིང་སྦྲིད་པ་མང་བ་དང་རྩིབ་ཐུང་གཡོན་དུ་གཟེར་ཞིང་ལུས་ལ་འབྲུམ་པ་ཆུང་ངུ་འོང༌། མཁལ་མར་བབས་ན་མཁལ་མ་དང་རྐེད་པ་ན་ཞིང་ལུས་དགྱེ་དགུ་དཀའོ། །རྩ་འཁྲུགས་ནི་ལུས་སྦྲིད་ལ་མིག་དམར་ཞིང་སྨྲ་བའི་སྐད་འཚེར་བ་དང་ཁ་སྐམ་ལ་ཆུ་འདོད་ཅིང་ལྕེ་ཐུང་ཞིང་གྲེ་བ་ཚ་བ་དང༌། མཁྲིས་པར་བབས་ན་ཁ་ཁ་ལ་ལུས་སེར་ཞིང་སྐྲ་འདབ་རྔུལ་བ་དང༌། རླུང་འཁྲུགས་ནི་ཁ་སྐམ་ལ་ཤེས་པ་འཕྱོ་ལུས་འདར་གཡལ་དང་སྐྱིགས་བུ་འབྱུང་། ལུད་པའི་རིགས་སྐྱ་ལ་སོབ་པ་དང་དམར་པོ་དང་སེར་སྨུག་དང་སྨུག་ནག་དང་སྲེ་བོ་དང་དམར་པོ་ཐང་བ་དང་སེར་ལ་དྭངས་པ་དང་སྔོན་པོ་ལྦུ་བ་ཅན་དང་རྣམ་པ་བརྒྱད་འབབ་སྒོ་ཡང་བརྒྱད་དུ་བབས་པས་ལུད་པའི་རིགས་འབྱུང་སྟེ་འོག་ཏུ་གསལ་བ་ལྟར་བརྟག་གོ།

སྐྱོན་གྱི་དུས་ངེས་ལ་ཞག་ཀག་ཅེས་པ་དེ་ཞག་གྲངས་ལ་འབྱུང་ཚུལ་གྱི་རྒྱས་ཚད་དང་ཚ་ལྐུགས་ལ་གློ་ཚ་ཞེས་པ་དེ་དང་ཡང་ན་དུག་ཐབས་གློ་བུ་ལ་བབས་པ་ལ་གློ་ཚ་ཟེར་བས་དུག་ཐབས་ནི་ལུས་ཟུངས་ལ་སྟོབས་རྫོགས་པས་ཕོག་ནས་ཞག་བདུན་ཡིན་ཏེ། གཞན་འཁྲུགས་བཞི་པོ་རྣམས་དེ་ལས་ཅུང་ཟད་བུལ་བས་དགུ་ཡིན་ཞིང་འདི་རྣམས་ནི་དོན་ལ་རྨུགས་ཤིང་འདྲུལ་བར་བྱེད་བའི་ལས་མྱུར་བུལ་གྱི་ཁྱད་པར་དང་ཞག་བཅུ་གཅིག་འདས་ནས་ནད་ཀྱི་ཤུགས་བྲི་བས་འཚོ་བ་མང་ངོ༌། །དེ་ཡང་སྲོག་རྟེན་ཤས་ཆེ་ཆུང་ལས་ཁྱད་པར་ཡོད་དེ་གློ་བའི་བུ་དང་སྙིང་མཆིན་པ་རྣམས་ལ་བབས་པ་ན་སྲོག་ལ་རྒོལ་ཏེ་འཆི། མཆེར་པ་མཁལ་མ་གཉིས་ཉེན་ཆེ་བ་དང་གློ་བ་མ་དང་མཁྲིས་པ་ལ་བབས་པ་འཚོ་བ་སླ་ཞིང་དེ་ཡང་ནད་དེ་གང་ལ་ཕོག་པའི་མོད་དེ་ནས་ལུས་ཀྱི་སྟོབས་ཤོར་ལ་གཟི་མདངས་རྣམས་ཉམས་པ་དང་ལུད་པ་ཁ་དོག་དུད་བའི་ཁུ་བ་ལྟ་བུ་ལ་ངོ་བོ་ཤ་སྐྱོ་ལྟར་འབྱུང་ཞིང་གཟེར་ལ་བཅོས་པར་སྐྱེད་མེད་པ་དང་དབུགས་ཐུང་ལ་ལུད་པ་གྲེ་བའི་ནང་དུ་གསོག་ཅིང་གནོད་པ་སྡང་བ་སྟེ་འདྲེ་ཁ་རྒོད་པ་དང་ནད་བཅོས་ཀྱང་འགྱུར་ལྡོག་མང་ན་གནད་དུ་བབས་པ་ཡིན་པས་དེ་འདྲ་ནི་ཞག་ཀག་དེ་རྣམས་འདས་ཀྱང་འཚོ་བ་ནི་ག་ལ་སྲིད་ཅིང་ནད་ལ་འགྱུར་ལྡོག་ཆུང་ཞིང་དབུགས་ངལ་ལ་ལུད་པ་ཁོགས་པ་དང་སྨན་དང་གཏར་ག་བཅས་ཀྱིས་གཟེར་དང་ལུད་པ་སོགས་ཚ་བ་བཅོས་པའི་སྐྱེད་ཆེ་ན་དེ་ནི་འཚོ་བར་ངེས་ཀྱི་ལེ་ལོ་རྣམས་སྤོངས་ལ་འཆོས་ཞེས་གདམས་སོ། །

དེ་ནས་སྟོང་འཁྲུགས་ལ་ཚ་སྟོངས་དང་གྲང་སྟོངས་གཉིས་ཀྱི་སྤྱི་རྟགས་ནི་གཡལ་དང་འདར་བ་དང་གཟེར་བ་འཕོ་བ་དང་སྙིང་ག་དང་ཤེས་པ་མི་བདེ་ཞིང་བྲང་དང་རྒྱབ་ན་བ་དང་དང་ག་མི་བདེ་ལ་ལུས་བརྩེ་ཞིང་ཕྲུམ་སེར་ཏེ་གྲང་ཤུམ་ཁྱེར་བ་དང༌། ཁམས་ཀྱི་བབས་ངན་ལ་མགོ་འཁྱོམ་པ་དང་རུས་ཚིགས་རྣམས་ན་བ་དང༌། ལུད་པ་མདོག་སྐྱ་སོབ་ལ་ཐེང་པོ་ཁོགས་པ་དཀའོ། ཁྱད་པར་དུ་ཚ་སྟོངས་ཀྱི་རྩ་ནི་སྟོང་ལ་མགྱོགས་པ་དང་ཆུ་མདོག་དམར་ཞིང་ལྦུ་བ་ཆེ་ལ་རླངས་པ་འཚུབ་པ་དང་མིག་དམར་ཞིང་ལྕེ་སྐམ་ལ་ལུས་ཀྱི་ཕྱིའི་དྲོད་ཆེ་བ་དང་ཁ་སྐོམ་དད་ཆེ་ལ་ཟ་ཟི་དང་ཆལ་ཆོལ་འོང༌། གྲང་སྟོངས་ནི་ཆུ་མདོག་སྔོ་ལ་ལྦུ་བ་གསོག་པ་དང་རྩ་ནི་སྟོངས་ལ་དལ་ཞིང་ལུས་ཀྱི་ཤེད་ཆུང་བ་དང་གཉིད་མེད་ལ་སྙིང་ག་འདར་ཞིང་ཁ་ནས་ཤུས་འདེབས་ལ་སྟོང་སྐྱུགས་བྱེད་དོ། །

འཇམ་འཁྲུགས་ནི་ལུད་པ་མི་གཙང་བ་དང་གཟེར་ཕྲན་འབྱུང་ཞིང་རྩ་དང་ཆུའི་ཚ་བ་གཉིས་བགས་ཀྱིས་ཞེས་རིམ་གྱིས་སྐྱེ་སྟེ་མདོར་ན་ན་འཁྲུགས་ཕྲན་བུ་རྣམས་ནད་ཀྱི་སྟོབས་ཆུང་བར་བརྗོད་དོ། །

བཅོས་པའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་དེ་ལ་ཡང་བཅོས་པའི་ཚུལ་དང་གཉེན་པོ་གཉིས་ཀྱི་ནང་ནས། བཅོས་པའི་ཚུལ་ནི་ཚ་འཁྲུགས་ནད་གཞིའི་མཁྲིས་པའི་ཐོག་ལ་བབས་པའི་ཕྱིར་སྣོད་མཁྲིས་ཀྱི་ཐོག་ཏུ་བབས་པ་ནི་མ་ཡིན་ནོ། །དེ་ཡིན་པར་འདོད་ན་གོང་དུ་ཞག་ཀག་བཤད་པ་དང་མཁྲིས་བབས་འཚོ་ཞེས་པ་དང་འགལ་བར་འགྱུར་རོ། །དེས་ན་ཚ་འཁྲུགས་གསུམ་ནི་ཁྲག་འཁྲུགས་མཁྲིས་ཚད་མཚན་ཉིད་བདུན་ལྡན་གྱི་ཐོག་ཏུ་བབས་པ་གཅིག་ཡིན་པའི་ཕྱིར་ཞི་བ་དང་སྦྱང་བ་སོགས་མཁྲིས་པའི་སྨན་གྱི་གཉེན་པོས་བཅོས་པ་གཅེས་སོ། །ཚ་འགྲམས་ནི་དོན་ལྔ་གང་རུང་ལ་ཁྲག་ཚད་རྒྱས་པའི་ཕྱིར་ན་ཚ་རླངས་བསད་ཅིང་གང་བབས་ཀྱི་རྩ་ནས་དྲངས་པ་གཅེས། ཚ་བའི་རིགས་ནི་མཁྲིས་ཚད་རྔུལ་ལ་བབས་པའི་ཕྱིར་ཚ་བ་རོལ་དུ་བསད་ལ་ཚད་རོ་དེ་བ་སྤུར་དབྱུང་བ་གཅེས། གཉན་ཞེས་པའི་ངོ་བོ་ནི་ལུས་ལ་ལྷན་སྐྱེས་ཀྱི་སྲིན་བུ་ཁྲག་གར་ཡོད་དུ་ཁྱབ་པར་གནས་པ་བདུན་ཡོད་པ་དེ་ཟས་སྤྱོད་གདོན་གྱིས་འཁྲུགས་ཤིང་སྟོབས་རྒྱས་པས་ལུས་ལ་ཟ་ཞིང་ཁྲོས་པའི་དུག་གིས་ལུས་ཟུངས་མ་རུངས་པར་བྱེད་པ་དེ་ལ་གཉན་ཞེས་བྱ་སྟེ་འོག་ཏུ། རྒྱུ་ནི་ཁྲག་གནས་དུག་ཅན་སྲིན་བུ་བདུན། །ཟངས་ལྟར་དམར་ཞིང་ཕྲ་ལ་བལྟར་མི་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས། །དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་ཁྲོས་ལུས་ལ་ཟོས་པས་གཉན་ནད་འབྱུང༌། །ཞེས་དང༌། ཁྲག་སྲིན་རྐང་མེད་དམར་ལ་ཟླུམ་པ་སྟེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་དུ་རྒྱུག །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་པ་ལྟར་འདིར་ནད་བདག་གིས་བསྐྱེད་པའི་སྲིན་པོའི་དུག་རིམས་དང་བསྡོངས་ནས་གཟེར་བྱེད་ཅིང་ཆུ་སེར་དང་དྲི་མ་སྟེ་བཤང་གཅི་རྔུལ་བཅས་ལ་བབས་པའི་ཕྱིར་གཉན་དེ་གཉེན་པོས་བསད་ཅིང་དེའི་རྗེས་ལ་དྲི་མ་དང་བཅས་འབྱུང་བས་བཤལ་གྱིས་སྦྱངས་པ་གཅེས་སོ། །སྟོང་འཁྲུགས་ནི་ཁྲག་དང་མཁྲིས་པ་རླུང་གིས་འབུད་པའི་ཕྱིར་རླུང་བཏུལ་ཞིང་མཁྲིས་ཚད་བསད་ལ་ཚད་པའི་རོ་གདོན། འཇམ་འཁྲུགས་ནི་ཚད་འགོ་བད་ཀན་གྱིས་མནན་པའི་ཕྱིར་འཇམ་པོ་ལ་ཞི་བས་བཅོས་ལ་བད་ཀན་རྔུལ་དུ་དབྱུང༌།

གཉེན་པོ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་ལས་རྒྱས་འཁྲུགས་ནི་ཚ་བ་རྒྱས་པའི་ཕྱིར་སྨིན་མི་དགོས་ཏེ་ཏིག་ཏ་དང་སླེ་ཏྲེས་དང་སྐྱུ་རུ་བ་ཤ་ཀ་བསྐོལ་གྲང་གི་ཐང་གིས་ཁྲག་དབྱེ་ཞིང་མཁྲིས་པའི་ཚད་པ་བསད་ལ་རྩེ་ཆུང་དང་དྲུག་འགོ་དང་སྣོད་ཀ་རྣམས་གང་རྒྱས་ཀྱི་རྩ་དེ་མོད་ནས་ཉིན་ཞག་གཉིས་ཀར་བསྟུད་དེ་གཏར་བུངས་ཆེར་དབྱུང༌། ཕྱེ་མ་ག་བུར་རྒྱལ་བློན་ལྔ་བདུན་དགུ་པ་ནི་ག་བུར་ཅུ་གང་ཙནྡན་དཀར་པོ་གསུམ་རྒྱལ་བློན་གསུམ་པ་དེ་སྟེང་གི་ཝཾ་གུར་ཀུམ་བསྣན་པས་ལྔ་པ་དེ་སྟེང་གླ་རྩི་དོམ་མཁྲིས་བསྣན་པས་བདུན་པ་ཏིག་ཏ་ཧོང་ལེན་བསྣན་པས་དགུའམ་ཕྱི་རྒྱུད་དགུ་པ་གང་རིགས་ཚ་བའི་སྟོབས་དང་སྦྱར་ཞིང་ཆེ་ན་དགུ་པ་སོགས་རིམ་པས་བུངས་ནས་བསྐྱེད་དེ་བསྟུད་ལ་བཏང་བ་དང་། སྐབས་སུ་རྔུལ་དབྱུང་ཞིང་གཟེར་གང་ཡོད་སྟེང་ཚན་དཀར་དང་ཀྱི་ལྕེ་དཀར་པོ་བཅས་བསིལ་བས་བདུགས། ཚ་བའི་སྟོབས་རྒྱས་པའི་ཤིན་ཏུ་སྐྱེད་ཆུང་བའམ་མཆིན་མཁྲིས་ལ་བབས་པའི་རྟགས་བྱུང་ན་སྦྱོང་བྱེད་རྒྱལ་བློན་ཞེས་ཐར་ནུ་བ་ཆུར་བཏུལ་བ་དང་ལྕུམ་རྩ་ཁྲོན་བུ་ཧོང་ལེན་གསེར་མེ་ཏོག་རྣམས་དྲི་ཆུར་སྦྱར་བས་སྦྱང༌། ཁ་བསྒྱུར་ནི་ཚ་བ་སྟོབས་རྒྱས་པ་ལ་ག་བུར་གི་ཝཾ་དང་བཅོས་ཀྱིས་བརྡུགས་པ་ལ་ཚ་ལ་དང་གུར་ཀུམ་དང་ཚ་བས་འཁྲུགས་ཤིང་མཆིན་པ་དང་མཁྲིས་པ་གཉིས་ལ་བབས་པ་ཡིན་ན་བྲག་ཞུན་དུག་ཉུང་དང་དུད་ཁུ་མ་འགྱུར་ན་ག་བུར་སེ་རུ་ལ་གཤམ་བཤད་ལྟར་དང༌། ཚ་ལྐུགས་ཕྱིར་མ་འདྲོངས་ན་སྟར་བུ་རུ་རྟ་ཚ་ལ། ཚ་རྡོལ་མ་ཆོད་ན་ཚ་ལ་རྒྱ་སྐྱེགས་བ་ཤ་ཀ ཚ་རིམས་མ་འཆུན་པ་ལ་ཏིག་ཏ་བོང་ང་དཀར་པོ་ག་དུར་བཅས་པའི་སྨན་དེ་རྣམས་ནད་གར་དགོས་ཀྱི་སྟེང་དུ་རྒྱལ་བློན་རྣམས་ཆིབས་ཁ་བསྒྱུར་བ་བཞིན་ནོ། །དྲི་ཆེ་ལ་ཁ་དོག་སེར་ན་ནད་ཐོན་པའི་རྟགས་ཡིན་པས་ཆུ་ཚན་ནམ་གངས་ཆུ་གང་ཤིས་ཀྱི་ལྕག་གིས་བྲབས་ལ་ཚ་བ་རྣམས་དག་པར་སྦྱང༌། འཁྲུས་པའི་རྗེས་ལ་མི་བདེ་ཞིང་ཟུངས་ངན་པས་ཤེས་པ་ཟི་བའམ་དག་པར་འབྱོངས་ན་བཤལ་གྱི་རྗེས་ལ་ཆུ་གྲོག་ནས་ཐུག་ཞོ་ཕྲུམ་སོགས་བསིལ་གྱིས་བཅད་ཅིང་ཟུངས་བཟང་ལ་ནད་ཀྱི་སྟོབས་ཆེ་བས་ཚ་བ་མ་དག་ན་སྦྱང་བ་རྣམས་བསྐྱར་རོ། །སྨན་དང་སྟོད་སྨད་གང་རུང་གཏར་བ་སྦྱོང་སོགས་ཀྱིས་གཟེར་བྱེར་ཞིང་བཅོས་བརྡུགས་ན་བུར་ཆང་ཕུལ་ཕྱེད་བཏང་ནས་བྱེར་བསྡུ་ཞིང་འདྲེགས་པ་གོང་བཤད་ཏིག་ཏ་ཧོང་ལེན་སྐྱུ་རུ་བ་ཤ་ཀ་བཅས་བཞི་ཐང་གིས་བཀོག་ལ་ག་བུར་རྒྱལ་བློན་གང་འོས་ཀྱིས་བསད་དོ། །ཁ་ཟས་ལ་ཆག་ཚེ་གོང་བཤད་དང་བ་དང་རའི་ཞོ་དང་དར་བ་དང་ཁུར་མང་དང་སྐྱབས་ཀྱི་ཚོད་མ་ཆུ་གྲོག་སྟེ་ཆུ་ལ་རྩམ་པས་མདོག་འགྱུར་ཙམ་བྱས་པ་བསྟེན་པར་བྱ་ཞིང་ལན་ཚྭ་དང་ཤ་ཆང་ལ་སོགས་པ་དྲོད་བཅུད་ཀྱི་རིགས་བསྡམས་པ་སྟེ་སྤང་བ་དང་སྤྱོད་ལམ་ནི་མེ་དང་ཉི་མ་དང་དྲག་ཤུལ་གྱི་ལས་རྣམས་སྤང་ཞིང་བསེར་བུ་ཞེས་རླུང་སོགས་ལྡངས་དང་གྲིབ་མ་སོགས་བསིལ་བའི་སར་དལ་བར་བསྡད་དོ། །དེ་ལྟར་དུ་བཅོས་པའི་རྗེས་ལ་ཚད་པའི་སྟོབས་ཅུང་ཟད་ཆག་ཅིང་རྩ་དལ་ཞིང་ལུད་པ་འགྱུར་ལ་གཟེར་བ་རྣམས་ཆོགས་སོང་བའི་ཚེ་དེ་ནས་ཙནྡན་དཀར་པོ་དང་གི་ཝཾ་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་དང་ཏིག་ཏ་དང་བ་ཤ་ཀ་དང་ཀ་ར་རྣམས་སྦྱར། གློ་མང་བ་ལ་ཤིང་མངར་དང་འགོགས་པ་དཀའ་ན་སྟར་བུ་བསྣན་ནས་བཏང་བས་གཟེར་མེད་ཅིང་ལུད་པ་གཙང་ལ་དང་ག་བདེ་བ་དང༌། ལུས་དང་ཤེས་པ་གཉིས་ཡང་ལ་སྙིང་རྩ་རྣམས་སེང་བ་བྱུང་ན་རི་ཐང་མཚམས་སུ་སླེབ་པ་ཡིན་པས་གསར་པའི་བཅུད་རྣམས་གློད་དོ། །

བྱེ་བྲག་ཏུ་རིགས་དང་བབ་པའི་སྒོ་དང་ལུད་པ་རྣམས་སྦྱར། ཚ་བ་རྒྱས་པ་དོན་ལ་བབས་ན་སྤྱི་བཅོས་ལྟར་སྨན་དང་གར་བབས་གཏར་བ་བསྟུད་ལ་བཅོས་ཤིང༌། སྣོད་དུ་བབས་པ་ན་བཤལ་ལས་ལྷག་པ་མེད་ཅིང་ཚ་ལྐུགས་ལ་སྟར་བུ་དང་ནཱ་ག་གེ་སར་དང་རུ་རྟ་དང་ཚ་ལ་དུད་པ་བྱ་བལ་མ་སྟེ་ཆུ་བལ་ལྗང་གུ་དང་ཀ་ར་རྣམས་སྦྱར་ལ་ཐུན་ཆུང་བ་བསྐྱུངས་ནས་གྲངས་མང་ངེ་བ་ཡང་དུ་བཏང་བ་དང༌། གཟེར་གྱི་སྟེང་ཚན་དཀར་དང་ཚར་བོང་དྲོ་འཇམ་གྱིས་བདུག་ཅིང་དེས་མ་ཐོན་ན་མན་ངག་ལྟར་སྟར་བུ་རུ་རྟ་ཚ་ལ་གོང་བཤད་སྦྱོང་བྱེད་རྒྱལ་བློན་བཅས་ཀྱི་བཤལ་གྱིས་སྦྱང༌། དུགས་ཐབས་རྒྱལ་བློན་གསུམ་ནི་ག་བུར་ཅུ་གང་ཙནྡན་དཀར་པོ་གསུམ་སྦྱར་ལ་རྩེ་ཆུང་བསྣོལ་བ་ནི་གཞོགས་གཡས་གཟེར་ན་རྩེ་ཆུང་གཡོན་གཏར། གཡོན་གཟེར་ན་རྩེ་ཆུང་གཡས་གཏར། ཡང་ན་སྔ་དྲོ་གཡས་ཕྱི་དྲོ་གཡོན་གཏར་རོ། །ནད་དང་སྨན་དཔྱད་གཉིས་སྲོག་ལ་ཐོབ་ཤ་བྱ་དགོས་ཤིང་དེ་ལ་ཡང་སྐྱེད་མེད་ན་ལྟོ་སྦྱོང་གི་སྨན་ལ་ག་བུར་སེ་རུལ་གཤམ་བཤད་ཀྱི་ཁུ་བ་བསྣན་པས་ཁོང་ནས་སྦྱང་ག་བུར་གི་ཝཾ་ཙནྡན་དཀར་པོ་བསེ་རུ་གུར་ཀུམ་མི་མཁྲིས་མཚལ་ཧོང་ལེན་རྣམས་ཏེ་བརྒྱད་པར་ཀ་ར་སྦྱར་བ་ག་བུར་ཐང་གིས་དབུལ་བ་དང་ཡུན་དུ་འང་ག་བུར་དང་སེ་རུལ་ནི་གྱང་རྙིང་སོགས་ལ་ཡོད་པའི་ས་ཁ་དོག་སེར་སྐྱ་རོ་ཁ་ཉམས་ཅན་དེའི་ཁུ་བ་སྐོམ་དུ་བསྟེན་པས་དུད་ཁུ་རྣག་ཏུ་འགྱུར་ན་ཐུབ་པ་ཡིན་ནོ། །ཚ་རྡོལ་ལ་གུར་ཀུམ་དང་དོམ་མཁྲིས་དང་སྲན་མའི་པུཥྤ་སྟེ་མེ་ཏོག་ཀ་ར་རྣམས་སྦྱར་བ་ཚོས་ཀྱི་ཁུ་བས་ཕུལ་ལ་རོ་སྟོད་ལ་ཆུ་ལྕག་གིས་བྲན། ཁྲག་མ་ཆོད་ན་གོང་བཤད་རྒྱལ་བློན་གྱི་སྟེང་མན་ངག་ཚ་ལ་ཚོས་པ་བ་ཤ་ཀའི་བཤལ་གྱིས་སྦྱངས། ཁྲག་རྨུགས་ལ་སྐྱུ་རུ་ར་དང་བ་ཤ་ཀའི་ཐང་དང་ག་བུར་ཙནྡན་དཀར་དམར་གཉིས་ཅུ་གང་གུར་ཀུམ་དོམ་མཁྲིས་ཏིག་ཏ་བ་ཤ་མཚལ་ཏེ་དགུ་པ་ཀ་ར་དང་སྦྱར་བ་ཡང་ཡང་བསྟུད་ལ་བཏང་ཞིང་ཚ་འགྲམས་ཀྱི་ཚ་བ་རྡོལ་དང་ཚ་རྨུགས་འདི་གཉིས་གཙོ་བོ་སྟོད་སྨད་གར་བབས་སུ་གཏར་བ་ཡིན་པས་ནད་དང་དཔྱད་གཉིས་འདིའི་དུས་སུ་ཁྲག་ལ་ཐོབ་ཤ་བྱའོ། །རྣག་རྨུགས་ལ་བསེ་རུ་ཙནྡན་དཀར་དམར་གཉིས་བསིལ་ཅུ་གུར་གཉིས་ག་དུར་ཤིང་མངར་དོམ་མཁྲིས་ཏེ་བརྒྱད་པ་ཀ་ར་དང་སྦྱར་བས་ཁྲག་གི་ཚད་པ་བསད་ཚ་བ་སྤྱི་བཅོས་ཀྱི་སྐབས་སུ་བཤད་པའི་སྟར་བུ་པཉྩ་གློ་བའི་རྣག་གྱེན་དུ་དྲངས་ཤིང་རྗེས་ལ་དམར་པོ་བཙོད་ཚོས་འབྲི་སྟེ་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་གྱིས་གློ་བ་གསོའོ། །འདུ་བའི་ཚ་བའི་རིམས་དང་པོ་ཨ་བར་སྐྱུར་གསུམ་ཏིག་ཏ་སླེ་ཏྲེས་བཅས་ཀྱི་ཐང་གིས་དབྱེ་ཞིང་རིན་ཆེན་ཞགས་པའི་ཕྱེ་མ་ནི་ག་བུར་བཅུ་བཞི་པ་རྒྱུད་ཕྱི་མར་བཤད་པ་ལྟར་གྱིས་རོལ་དུ་བསད། ཡང་ན་ཕྱི་རྒྱུད་ཀྱི་གཙོ་བོ་བརྒྱད་པ་ཤིས་པ་ཡིན་ཞིང་སྐབས་སུ་རྔུལ་དབྱུང་བ་དང་གང་གཟེར་ས་དང་སྦྱར་ལ་ཅི་རིགས་པ་གཏར་ཞིང་ཚ་བ་འཇོམས་པར་དཀའ་ན་མན་ངག་གོང་བཤད་རྒྱལ་བློན་སྟེང་ཏིག་ཏ་བོང་ང་ག་དུར་བཅས་པའི་བཤལ་གྱིས་སྦྱངས། གཉན་ནད་གཟེར་ཐུང་ལ་ཐོག་མར་སླེ་ཏྲེས་དང་ཨ་རུ་ར་བཙོད་བཅས་ཀྱི་ཐང་གིས་ཚ་གཉན་སྨིན་སྡུད་འབྱེད་པར་བྱེད་ཅིང་དེ་ནས་གཟེར་གྱི་སྨན་གཉེན་པོ་ཐར་ནུ་དང་ཆུ་རྩ་དང་ར་དུག་གི་མེ་ཏོག་ཨ་བྱག་ཨ་རུ་ཤ་ཆེན་ལྔ་སྦྱོར་གྱི་དྲི་ཆུར་སྦྱར་ཏེ་ཐུན་བསྐྱུངས་པ་སྟེ་ཆུང་ངེ་བ་ཡང་ཡང་དུ་བཏང༌། ཡང་ན་གཟེར་སྨན་ཆེན་མོ་ཅུ་གུར་ལི་ཛཱ་སུག་ཀ་སྟེ་བཟང་དྲུག་གླ་རྩི་གུ་གུལ་མིང་ཅན་ཤ་ཆེན་དུག་པུས་ཤུ་དག་དཀར་པོ་ཐར་ནུ་ཆུ་རྩ་རེ་ལྕག་དྲི་ཆུར་སྦྱར་བ་ཤིས་པ་ཡིན་ཞིང་སྦྱངས་པའི་རྗེས་ལ་གི་ཝཾ་ཙནྡན་དཀར་པོ་དང་ཅུ་གང་དང་གུར་ཀུམ་དང་དོམ་མཁྲིས་དང་གླ་རྩི་དང་བོང་ང་དཀར་པོ་རྣམས་བཙོད་ཀྱི་ཁུ་བས་ཕུལ་བ་བཏང་ལ་གཟེར་གྱི་སྟེང་སྤྲུ་མ་དང་ཚན་དཀར་གྲང་མོས་བདུག གཉན་དེ་མ་གསོད་པར་ག་བུར་དང་སྟོད་སྨད་གར་ཡང་གཏར་ག་སྤང་ཞིང་དཀར་གྱི་རིགས་དང་མངར་བའི་རིགས་བག་མི་བཏང་དུག་དང་མཚུངས་ཤིང་གསོད་པའི་རྟགས་གཟེར་ཚོགས་པ་དང་ལུད་པ་མི་འགྱུར་བར་རང་སོ་ཟིན་ནས་གཏར་གའི་རིགས་གར་བབས་སུ་བྱ་བ་དང་ག་བུར་གཏོང་བ་ཡང་གཟེར་དང་ཚད་པའི་སྟོབས་ཆེ་ཆུང་རིག་པས་དཔྱད་དེ་སྦྱར་རོ། །

དེ་བབས་ས་གནས་དང་སྦྱར་ཏེ་བཅོས་པར་བྱ་བ་ནི་ཅུ་གང་གུར་ཀུམ་ལི་ཤི་སྟེ་བསིལ་གསུམ་དང་ཙནྡན་དཀར་པོ་རྣམས་ནི་ཀུན་ལ་གཅེས་ཤིང་དེ་སྟེང་ནད་སོ་སོ་ཛཱ་ཏི་ནཱ་ག་པུཥྤ་པདྨ་སྟེ་གེ་སར་གསུམ་ཨ་ག་རུ་མི་མཁྲིས་ལྕགས་ཕྱེ་སྟེ། བདུན་པ་བསྡེབས་པས་སྙིང་འཁྲུགས་སེལ་ཞིང་ཤིང་མངར་དང་ཨ་རུ་དང་རྒུན་འབྲུམ་བ་ལེ་ཀ་བཅས་བཞི་པས་གློ་བའི་འཁྲུགས་ཀྱི་ཚད་པ་སེལ་བར་བྱེད། ཨུཏྤལ་ཏིག་ཏ་བ་ཤ་དུག་ཉུང་རྒྱ་ཁུར་སྟེ་ལྔ་པ་བསྡེབས་པས་མཆིན་པའི་འཁྲུགས་སེལ་ཞིང་ཨ་རུ་ཏིག་ཏ་བ་ཤ་པར་པ་ཏ་སྟེ་བཞི་བསྡེབས་པས་ཕོ་མཆེར་གྱི་འཁྲུགས་ཀྱི་ཚད་པ་སེལ་ལོ། །བྲག་ཞུན་དང་བ་ཤ་ཀ་དང་སྡིག་སྲིན་དང་ཨ་རུ་ར་དང་སྐྱེར་ཤུན་ཏེ་ལྔ་པ་བསྡེབས་པས་མཁལ་མའི་ཚད་པ་སེལ་ཞིང་དོམ་མཁྲིས་དང་ལི་ག་དུར་དང་རྩ་ཨ་བ་བཅས་གསུམ་པ་བསྡེབས་པས་རྩའི་འཁྲུགས་སེལ་ལོ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་སུམ་ཅུ་ཏིག་སྟེ་བཞི་པས་མཁྲིས་པའི་འཁྲུགས་ཀྱི་ཚད་པ་སེལ་ཞིང་ཛཱ་ཏི་སུག་སྨེལ་སླེ་ཏྲེས་པུ་ཤེལ་ཙེ་ཤིང་ཚ་པི་པི་ལིང་སྟེ་དྲུག་པས་རླུང་འཁྲུགས་ཀྱི་ཚ་བ་སེལ་བ་དེ་དག་ཀུན་ལ་ཀ་ར་དཀར་པོའི་རྟ་ལ་བསྐྱོན་པ་གཅེས་ཤིང༌། སྙིང་ལ་སྣོད་ཀ་གློ་བར་དྲུག་འགོ་མཆིན་པར་རུ་ཐུང་མཆེར་པར་རྟ་མཐུར་མཁལ་མར་བྱིན་གཞུག་མཁྲིས་པར་གཤའ་རིངས་ཏེ་འབབ་སྒོ་གང་ལ་བབས་པའི་རང་རང་སྒོས་ཀྱི་རྩ་ལ་གཏར་ཞིང་དེ་ཡང་རླུང་འཁྲུགས་ལ་གཏར་གའི་རིགས་གང་ཡང་སྤང་ཞིང་རྩ་འཁྲུགས་ལ་གང་རྒྱས་པའི་རྩ་དེ་གཏར་རོ། །

ལུད་པའི་མདོག་རིགས་དང་སྦྱར་ཏེ་བཅོས་པར་བྱ་བ་ནི་ལུད་པ་མདོག་སྐྱ་ལ་སོབ་པ་ནི་སྙིང་གི་གབ་པའི་འཁྲུགས་ཡིན་པས་ཛཱ་ཏི་ཙནྡན་དཀར་པོ་སྙིང་ཞོ་ཤ་ཅུ་གང་དང་བཅས་བཞི་པ་སྐྱུ་རུའི་ཐང་གིས་དབུལ་ཞིང་སྣོད་ཀ་དང་ཐོང་རྩ་གཉིས་ལ་གཏར་བར་བྱ་ལུད་པ་མདོག་དམར་ན་གློ་བའི་གབ་པའི་འཁྲུགས་ཡིན་པས་ཅུ་གང་གུར་ཀུམ་ཙནྡན་དཀར་པོ་ཤིང་མངར་དོམ་མཁྲིས་ཏེ་ལྔ་པ་ཚོས་ཀྱི་ཁུ་བས་ཕུལ་ལ་བཏང་ཞིང་སྒང་རྩ་དང་དྲུག་འགོ་གཉིས་ལ་གཏར་བར་བྱ། ལུད་པ་མདོག་དམར་སེར་ནི་མཆིན་པའི་གབ་འཁྲུགས་ཡིན་པས་གུར་ཀུམ་ལི་ཤི་དོམ་མཁྲིས་སྐྱེར་པ་བྲག་ཞུན་པ་ཏོ་ལ་སྟེ་རྒྱ་ཁུར་དང་བདུན་པ་བ་ཤ་ཀས་ཕུལ་ལ་བཏང༌། ལུད་པ་མདོག་སྨུག་ནག་ཏུ་བྱུང་ན་མཆེར་པའི་གབ་འཁྲུགས་ཡིན་པས་གི་ཝཾ་གུར་ཀུམ་བ་ལེ་མཚལ་ཨ་རུ་སྟེ་ལྔ་པ་སེ་རུལ་གོང་བཤད་ལྟར་གྱི་ཐང་གིས་དབུལ་ཞིང་མཆིན་པ་དང་མཆེར་པ་གཉིས་ལ་རུ་ཐུང་མཆིན་པར་གཡས་དང་མཆེར་པར་གཡོན་གཏར། ལུད་པ་མདོག་སྲེ་བོ་མཁལ་མའི་གབ་པའི་གབ་འཁྲུགས་ཡིན་པས་བཙོད་ཀྱི་ཁུ་བས་བྲག་ཞུན་གུར་ཀུམ་སུག་སྨེལ་ཨ་རུ་གླ་རྩི་ཨུཏྤལ་བོང་དཀར་ཏིག་ཏ་བཅས་བརྒྱད་པ་ཕུལ་ལ་བཏང་སྟེ་བྱིན་གཞུག་གཏར་རྩ་འཁྲུགས་ནི་ལུད་པའི་མདོག་དམར་ལ་ཐེང་པོར་ལུ་བས་དོམ་མཁྲིས་ལི་ཤི་གུར་ཀུམ་ག་དུར་ཧོང་ལེན་མཚལ་ཏེ་དྲུག་པ་ག་དུར་གྱི་ཐང་གིས་དབུལ་བ་དང་གཟེར་བ་ལ་གཟེར་དང་གང་ཉེ་དང་གང་རྒྱས་ཀྱི་རྩ་ལ་གཏར་བས་ཁྲག་དེ་སེར་ལ་དྭངས་པ་བྱུང་ན་མཁྲིས་པའི་གབ་འཁྲུགས་ཡིན་པས་ཏིག་ཏ་གསེར་མེ་དུག་ཉུང་དོམ་མཁྲིས་བ་ཤ་ཀ་སྐྱེར་པ་སྟེ་དྲུག་པ་གི་ཝཾ་ཐང་གིས་དབུལ་བ་བཏང་ཞིང་མཁྲིས་རྩ་གཤའ་རིངས་དང་གསེར་མདུང་གཏར་བར་བྱ། ལུད་པ་མདོག་སྔོན་པོ་ལྦུ་བ་གསོག་པ་ནི་རླུང་གི་འཁྲུགས་ཡིན་པས་སྲེ་ལོང་སོག་ཡུ་གཞུག་ཆུང་རྣམས་གང་རིགས་ཀྱི་རུས་པའི་ཁུ་བས་ཨ་གར་ཛཱ་ཏི་སུག་སྨེལ་སླེ་ཏྲེས་པུ་ཤེལ་གུ་གུལ་དཀར་པོ་རུ་རྟ་སྟེ་བདུན་པ་ཕུལ་ལ་གཏར་བར་མི་བྱ་ཞིང༌། དང་པོ་ཚ་བ་སྟོབས་རྒྱས་པ་ལ་སྤྱི་བཅོས་བྱ་བ་ཡིན་ཏེ། ཚ་བའི་སྟོབས་བྲི་ནས་སྒོས་ཀྱི་བཅོས་གང་དགོས་ཀྱི་མདེ་ཁར་གདགས་སོ། །

དེ་ནས་སྟོངས་འཁྲུགས་ཀྱི་བཅོས་པའི་ཐབས་བསྟན་པ་ལ་ནི་ཚ་སྟོངས་ལ་རླུང་དང་ཚ་བ་ཕྱིང་དྲིལ་ཏེ་མཉམ་དུ་བཅོས་དགོས་པས་ཨ་བར་སྐྱུར་ཏེ་ར་གསུམ་དང་མ་ནུ་བཞི་ཐང་ཕྱི་རྒྱུད་ལྟར་བསྲེས་པ་འབའ་སམ་ཐང་ངམ་ད་ལྟ་ནོར་བུ་བདུན་ཐང་དུ་གྲགས་པ་བཏང་ཞིང་གཟེར་གྱི་སྟེང་ལ་སྤྲུ་མ་བསྲོས་པའམ་མཁར་གོང་བསྲོས་པས་བདུག་ཅིང་བ་ཞོ་དང་བ་ར་དང་བ་ཤ་གསར་པ་བཅས་ཀྱིས་རླུང་ཁ་རྣམས་མནན་ལ་གཟེར་འདུས་ན་ངན་ཁྲག་རྣམས་རྩ་ཁ་ཕྱེ་ཙམ་དུ་གང་ཉེ་བར་གཏར་ཞིང་ཚིགས་ཀྱི་ཁ་རྣམས་བྱེ་ན་ན་སར་མེས་མནན་ལ་ཕྱི་རྒྱུད་ལྟར་གྱི་ག་བུར་ཉི་ཤུ་རྩ་ལྔ་རུས་བཅུད་གོང་བཤད་གསུམ་གྱི་ཁུ་བས་དབུལ་ལོ། །གལ་ཏེ་དེ་ལྟར་བྱས་ཀྱང་ཚ་བ་ཆོམས་པར་དཀའ་ན་སྣུམ་ལྡན་འཇམ་པོ་སྟེ་ལྟོ་བཤལ་དེད་དཔོན་བཅུ་པའི་སྟེང་འབྲས་གསུམ་བསྲེས་པའི་སྨན་མར་བྱས་ནས་སྦྱང་བ་དང༌། དེ་རྗེས་ཕྱི་རྒྱུད་ཀྱི་ཏིག་ཏ་ལྔ་པའི་སྨན་མར་རྣམས་བསྟེན་པར་བྱའོ། །གྲང་སྟོངས་ལ་སྲེ་ལོང་སོག་ཡུ་གཞུག་ཆུང་སྟེ་རུས་པའི་བཅུད་གསུམ་གྱི་ཁུ་བ་བསྟེན་ཞིང་མ་ནུ་བཞི་ཐང་ཕྱི་རྒྱུད་ལྟར་དྲོ་ལ་འཇམ་པ་རྒྱུན་དུ་བསྔགས་ཤིང་རུས་རྙིང་བཙོས་པའི་དུགས་དང་ཞུན་མར་གྱི་བསྐུ་བྱུག་བྱ་བ་དང་ཤ་གསར་དང་ཆང་གསར་པ་དང་མར་གསར་དང་བུར་དཀར་རྣམས་བཏང་ཞིང་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་ལ་རླུང་གསང་རྣམས་ཚང་མ་ཐུབ་ན་དང་དེ་མིན་སྤྱི་གཙུག་ཨན་སྟོང་དང་པོ་དང་ཚིགས་པ་བདུན་པ་བསྲེག་པ་སོགས་མདོར་ན་རླུང་ཞི་ཞིང་ཚ་བ་མི་འཕེལ་བའི་བཅོས་ཁོ་ན་བྱ་ཞིང་ཆགས་པ་སྤྱོད་པ་དང་སྨྲ་བརྗོད་དེ་གཏམ་མང་སྨྲ་བ་སེམས་ལས་ཆེན་པོ་བྱེད་པ་བསེར་བུ་སྟེ་རླུང་ངད་ཅན་དང༌། སེམས་རྒྱུད་ལ་ཞེ་སྡང་གི་ལས་དང་ལུས་དྲག་ཤུལ་དང་ཟས་རུལ་སྐྱུར་དང་བཅུད་ཆེ་དྲགས་པ་རྣམས་སྤང་ངོ༌། །

འཇམ་འཁྲུགས་བཅོས་པ་ལ་ཨ་བར་སྐྱུར་ཏེ་ར་གསུམ་བསྡུས་པའི་ཐང་ཡུན་དུ་བསྟེན་ལ་ཟུངས་དང་ནད་ཁྲག་དབྱེ་བ་སྟེ་གཟེར་དམིགས་གང་འདུག་གི་ཉེ་ས་དང་སྦྱར་ལ་གཏར་བ་དེ་གང་ཉེའོ། །ཕྱི་རྒྱུད་ཀྱི་གཙོ་བོ་བརྒྱད་ཀྱི་ཕྱེ་མས་ཚ་བ་རྣམས་བསད་ཅིང་སྐབས་སུ་བད་ཀན་ཀྱི་ཚ་བ་རྣམས་རྔུལ་དུ་དབྱུང་བ་དང་ཕྱེ་ཐུག་དང་བ་ཞོ་དང་བའི་ཤ་དང་ཆུ་གྲོག་སྟེ་ཆུ་བསྐོལ་གྲང་ལ་རྩམ་པས་མདོག་འགྱུར་ཙམ་བཏབ་པ་རྣམས་བཏང་ལ་དེ་ལྟར་བྱས་ཀྱང་བདེ་སྐྱེད་ཆུང་ན་གོང་བཤད་རྒྱལ་བློན་ལྔ་པས་སྦྱངས་པའི་རྗེས་ལ་ག་བུར་ཉི་ཤུ་རྩ་ལྔ་ཕྱི་རྒྱུད་ལྟར་སྦྱར་བ་སོགས་བསིལ་བཅོས་མ་ལྷག་ཅིང་མ་ཆད་པར་ནད་གཞི་རྩ་བ་ནས་ཐོན་པར་བཅོས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུགས་ཀྱི་ཚ་བ་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།