སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.02.2011
མན་ངག་རྒྱུད། >> ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།



ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས།  །འཁྲུགས་ཞེས་བྱ་བའི་རྒྱུ་རྐྱེན་ངོ་བོ་དང༌། །ཚ་བ་འཁྲུགས་པའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

རྒྱུ་ནི་མཁྲིས་པ་ཚ་བའི་རང་བཞིན་ལ། །དེ་རྐྱེན་དུས་གདོན་ཟས་སྤྱོད་རྣམ་བཞི་ཡིས། །ཉེས་པ་འཁྲུགས་པས་ཁྲག་ཚད་བསྐྱེད་བྱས་ནས། །ལུས་ཟུངས་ཚ་བས་བསྲེག་ཕྱིར་འཁྲུགས་ཞེས་བྱ།།

དབྱེ་བ་རྒྱས་འཁྲུགས་སྟོངས་འཁྲུགས་འཇམ་འཁྲུགས་གསུམ། །རྒྱས་འཁྲུགས་ཡུལ་དུས་རང་བཞིན་ན་སོ་དང༌། །ནད་ཁམས་ཁྲག་མཁྲིས་ཅན་གྱི་མི་རྣམས་ལ། །ཟས་སྐོམ་ཤ་མར་ཆང་སོགས་བཅུད་དྲགས་དང༌། །སྤྱོད་ལམ་ལུས་ངག་དྲག་ཤུལ་ཞེ་སྡང་གིས། །མཁྲིས་འཁྲུགས་ཚ་བ་ཁྲག་ལ་རྒྱས་པ་ཡིན། །སྟོངས་འཁྲུགས་ཡུལ་དུས་རང་བཞིན་ན་སོ་དང༌། །ནད་ཁམས་ལ་སོགས་རླུང་ཤས་ཆེ་བ་ལ། །སྤྱོད་ལམ་མྱ་ངན་སེམས་ལས་གཉིད་ཆག་དང༌། །ཉལ་པོ་དཀའ་ཐུབ་ཤེད་མེད་ལྟོ་སྟོང་དུས། །ལུས་ངག་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས། །མཁྲིས་ཚད་སྐྱེས་པ་རླུང་གིས་བུས་པའོ། །འཇམ་འཁྲུགས་ཡུལ་དུས་རང་བཞིན་ན་སོ་དང༌། །ནད་ཁམས་བད་ཀན་ཅན་ལ་འཁྲུགས་བྱུང་བ། །ཁྲག་མཁྲིས་ཚ་བ་བད་ཀན་མགོ་མནན་པའོ། །དེ་ལ་དང་པོ་རྒྱས་འཁྲུགས་དབྱེ་བ་ནི། །ནད་རིགས་བབས་སྒོ་ལུད་པས་དབྱེ་བ་གསུམ། །ནད་རིགས་ཚ་འཁྲུགས་ཚ་འགྲམས་ཚ་རིམས་གསུམ། །ཁྲག་མཁྲིས་འཁྲུགས་ཚད་རྐྱང་པ་ཚ་འཁྲུགས་ཡིན། །དབྱེ་བ་ཚ་རྒྱས་ཚ་ལུགས་དུག་ཐབས་གསུམ། །འཁྲུགས་ཚད་འགྲམས་ལ་བརྟེན་པ་ཚ་འགྲམས་ཡིན། །དེ་ལ་དབྱེ་བ་ཚ་རྡོལ་ཚ་རྨུགས་གཉིས། །འཁྲུགས་ཚད་རིམས་དང་བསྡོངས་པ་ཚ་རིམས་ཡིན། །དེ་ལ་གཉན་དང་འདུ་བའི་ཚ་རིམས་གཉིས། །དེ་ལྟར་འཁྲུགས་རིམས་རྣམ་པ་བདུན་དུ་འགྱུར། །བབས་སྒོ་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །མཁྲིས་པ་རྩ་དང་རླུང་ལ་བབས་པ་བརྒྱད། །ལུད་པའི་ཁ་དོག་དེ་བཞིན་ཤེས་པར་བྱ།།

དེ་རྟགས་སྤྱི་དང་བྱེ་བྲག་ཀག་དུས་གསུམ། །སྤྱི་རྟགས་རྩ་རྒྱུད་སྦོམ་དྲག་མཁྲང་ལ་མགྱོགས། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །ཕྲུམ་སེར་ཡུན་ཐུང་གཟེར་དྲག་དགྱེ་དགུ་དཀའ། །དབུགས་རྒོད་ལུད་པ་དམར་སེར་དུད་ཁུར་འོང༌། །བྱེ་བྲག་ཚ་རྒྱས་ནད་སྟོབས་རྒྱས་པ་ལ། །དོན་ལ་བབས་ན་ཤིན་ཏུ་གཟེར་བ་དྲག །སྣོད་དུ་བབས་ན་མིག་ཆུ་ལུད་པ་སེར། །སྨན་གཏར་མི་ལེན་ཕོ་མཆིན་རྫི་མི་བཟོད། །ཚ་ལུགས་ལུད་པ་མི་ཐོན་ཐེངས་པོར་ལུ། །ཁོགས་ན་དམར་སེར་དུད་ཁུ་སྲན་ཙམ་འབྱུང༌། །དུག་ཐབས་ན་མ་ཐོག་ནས་བཅར་ལ་ཐེབས། །ལུད་པ་དུད་ཁུ་ཉུང་བསྲེགས་ཁུ་བ་འདྲ། །གློ་མཆིན་ཚ་བས་རྨུག་ཅིང་འདྲུལ་བར་བྱེད། །ཚ་རྡོལ་ལུད་པ་དམར་སེར་ཁྲག་ཏུ་འབྱུང༌། །རྩ་ཁ་རྡོལ་ནས་མང་དུ་སྐྱུག་ན་འཆི། །ཚ་རྨུགས་དང་པོ་གློ་བ་ཁྲག་གིས་རྒྱས། །ལུད་པ་གྱེན་དུ་མ་རྡོལ་དོན་ལ་རྨུགས། །མཇུག་ཏུ་ཕལ་ཆེར་རྣག་ཏུ་འགྱུར་བ་མང༌། །དེ་རྟགས་མགོ་ན་ལུས་ལྕི་དང་ག་འགག །རྣག་ཁྲག་ལུ་ཞིང་སྟོད་རྒྱངས་གསང་ས་གཟེར། །འདུ་བའི་ཚ་རིམས་ཕྲུམ་སེར་ཁྱེར་བ་དང༌། །ཚིགས་གཞི་མགོ་ན་ཟ་ཟི་རིམས་དང་འདྲ། །གཟེར་དང་ལུད་པ་གློ་ཚར་འབྱུང་བ་ཡིན། །གཉན་ཚད་རིམས་ནི་གཟེར་ཐུང་ཞེས་བྱ་སྟེ། །གཟེར་འཕོ་ལུད་པ་འགྱུར་ལྡོག་མང་བ་ལ། །ལྕེ་མཆུ་སྐྱ་སེར་ལུས་དང་ཤེས་པ་ཡང༌། །གཉིད་ཆུང་བ་སྤུ་ལྡོག་ཅིང་ཡམས་ཐབས་འབྱུང༌། །སྙིང་ལ་བབས་ན་མིག་དམར་ནུ་མཆན་གཟེར། །ལྕེ་སྐམ་དྲན་པ་མི་གསལ་བླ་འཆོལ་སྨྲ། །གློ་ལ་བབས་ན་ལུད་པ་རྣག་ཁྲག་ལུ། །དཔུང་མིག་སྒྲོག་རུས་སོག་དབྲག་བྲང་མདོ་ན། །མཆིན་བབས་གཡས་ཀྱི་རྩིབ་ལོགས་མཆིན་སྟེང་ན། །ཤེད་ཆུང་ལངས་འདོད་བཤུལ་ཤ་ལྕི་བ་ཡིན། །མཆེར་བབས་འབུར་ཚུགས་བལྟ་ཞིང་སྦྲིད་པ་མང༌། །རྩིབ་ཐུང་གཡོན་གཟེར་ལུས་ལ་འབྲུམ་ཆུང་འོང༌། །མཁལ་བབས་མཁལ་སྐེད་ན་ཞིང་དགྱེ་དགུ་དཀའ། །རྩ་འཁྲུགས་ལུས་སྦྲིད་མིག་དམར་སྨྲ་བ་འཚེར། །ཁ་སྐམ་ཆུ་འདོད་ལྕེ་ཐུང་གྲེ་བ་ཚ། །མཁྲིས་བབས་ཁ་ཁ་ལུས་སེར་སྐྲ་འདབ་རྔུལ། །རླུང་འཁྲུགས་ཁ་སྐམ་འཕྱོ་འདར་གཡལ་སྐྱིགས་འབྱུང༌། །ལུད་རིགས་སྐྱ་གསོབ་དམར་པོ་སེར་སྨུག་དང༌།  །སྨུག་ནག་སྲེ་འོ་དམར་ཐང་སེར་ལ་དྭངས། །སྔོན་པོ་ལྦུ་བ་ཅན་དང་བརྒྱད་དུ་བརྟག །ཞག་ཀག་གློ་ཚ་དུག་ཐབས་བདུན་ཡིན་ཏེ། །གཞན་རྣམས་དགུ་ཡིན་བཅུ་གཅིག་འདས་འཚོ་མང༌། །གློ་བུ་སྙིང་མཆིན་བབས་པ་སྲོག་ལ་རྒོལ། །མཆེར་མཁལ་ཉེན་ཆེ་གློ་མ་མཁྲིས་བབས་འཚོ། །མོད་ནས་ལུས་ཀྱི་སྟོབས་ཤོར་གཟི་མདངས་ཉམས། །ལུད་པ་དུད་ཁུ་གཟེར་ལ་བཅོས་སྐྱེད་མེད། །དབུགས་ཐུང་ལུད་པ་གསོག་ཅིང་འདྲེ་ཁ་རྒོད། །ནད་ལྡོག་མང་ན་གནད་དུ་བབས་པ་ཡིན། །ཞག་ཀག་འདས་ཀྱང་འཚོ་བ་ག་ལ་སྲིད། །ནད་ལ་ལྡོག་ཆུང་དབུགས་དལ་ལུད་པ་ཁོགས། །སྨན་གཏར་གཟེར་ལུད་ཚ་བ་བཅོས་སྐྱེད་ཆེ། །འཚོ་བར་ངེས་ཀྱི་ལེ་ལོ་སྤོངས་ལ་འཆོས། །དེ་ནས་སྟོང་འཁྲུགས་ཚ་སྟོངས་གྲང་སྟོངས་གཉིས། །སྤྱི་རྟགས་གཡལ་དང་འདར་དང་གཟེར་བ་འཕོ།  །སྙིང་ག་ཤེས་པ་མི་བདེ་བྲང་རྒྱབ་ན། །དང་ག་མི་བདེ་བརྩེ་ཞིང་ཕྲུམ་སེར་ཁྱེར། །ཁམས་ངན་མགོ་འཁྱོམ་རུས་ཚིགས་ན་བ་དང༌། །ལུད་པ་སྐྱ་གསོབ་ཐེང་པོ་ཁོགས་པ་དཀའ། །ཁྱད་པར་ཚ་སྟོངས་རྩ་ནི་སྟོང་ལ་མགྱོགས། །ཆུ་དམར་ལྦུ་བ་ཆེ་ལ་རླངས་པ་འཚུབ། །མིག་དམར་ལྕེ་སྐམ་ལུས་ཀྱི་ཕྱི་དྲོད་ཆེ། །སྐོམ་དད་ཆེ་ལ་ཟ་ཟི་ཆལ་ཆོལ་འོང༌། །གྲང་སྟོངས་ཆུ་མདོག་སྔོ་ལ་ལྦུ་བ་གསོབ། །རྩ་ནི་སྟོང་ལ་དལ་ཞིང་ལུས་ཤེད་ཆུང༌། །གཉིད་མེད་སྙིང་འདར་ཤུས་འདེབས་སྟོང་སྐྱུགས་བྱེད། །འཇམ་འཁྲུགས་ལུད་པ་མི་གཙང་གཟེར་ཕྲན་འབྱུང༌། །རྩ་དང་ཆུ་ཡི་ཚ་བ་བགས་ཀྱིས་སྐྱེ། །མདོར་ན་འཁྲུགས་ཕྲན་ནད་སྟོབས་ཆུང་བར་བརྗོད།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །བཅོས་ཚུལ་ཚ་འཁྲུགས་མཁྲིས་ཐོག་བབས་པའི་ཕྱིར། །ཞི་སྦྱང་མཁྲིས་པའི་གཉེན་པོས་བཅོས་པ་གཅེས། །ཚ་འགྲམས་དོན་ལ་ཁྲག་ཚད་རྒྱས་པའི་ཕྱིར། །ཚ་རླངས་བསད་ཅིང་རྩ་ནས་དྲང་བ་གཅེས། །ཚ་རིམས་མཁྲིས་ཚད་རྔུལ་ལ་བབས་པའི་ཕྱིར། །ཚ་བ་རོལ་བསད་བ་སྤུར་དབྱུང་བ་གཅེས། །གཉན་གཟེར་ཆུ་སེར་དྲི་མར་བཅས་པའི་ཕྱིར། །གཉེན་པོས་བསད་ཅིང་རྗེས་ལ་སྦྱང་པ་གཅེས། །སྟོང་འཁྲུགས་ཁྲག་མཁྲིས་རླུང་གིས་འབུད་པའི་ཕྱིར། །རླུང་བཏུལ་མཁྲིས་ཚད་བསད་ལ་ཚད་རོ་གདོན། །འཇམ་འཁྲུགས་ཚད་འགོ་བད་ཀན་མནན་པའི་ཕྱིར། །འཇམ་ལ་ཞི་བས་བཅོས་ལ་རྔུལ་དུ་དབྱུང་། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །རྒྱས་འཁྲུགས་ཚ་བ་རྒྱས་ཕྱིར་སྨིན་མི་དགོས། །ཏིག་ཏ་སླེ་ཏྲེས་སྐྱུ་རུ་བ་ཤ་ཀ །བསྐོལ་གྲང་ཐང་གིས་ཁྲག་དབྱེ་མཁྲིས་ཚད་བསད། །རྩེ་ཆུང་དྲུག་འགོ་སྣོད་ཀ་གང་རྒྱས་རྩ། །མོད་ནས་ཉིན་ཞག་བསྟུད་གཏར་བུངས་ཆེར་དབྱུང༌། །ཕྱེ་མ་ག་བུར་རྒྱལ་བློན་ལྔ་བདུན་དགུ། །ཚ་བའི་སྟོབས་སྦྱར་བུངས་བསྐྱེད་བསྟུད་ལ་བཏང་། །སྐབས་སུ་རྔུལ་དབྱུང་གཟེར་སྟེང་བསིལ་བས་བདུག །ཚ་བའི་སྟོབས་རྒྱས་སྐྱེད་ཆུང་མཆིན་མཁྲིས་བབས། །སྦྱོང་བྱེད་རྒྱལ་བློན་(ཐར་ནུ་ལྕུམ་རྩ་ཁྲོན་བུ་ཧོང་ལེན་གསེར་མེ་) དྲི་ཆུར་སྦྱར་བས་སྦྱང༌། །ཁ་སྒྱུར་ཚ་བ་སྟོབས་རྒྱས་(ལ་ག་བུར་གི་ཝཾ་)བཅོས་བརྡུགས་(ལ་ཚ་ལ་གུར་ཀུམ་)དང༌། །ཚ་འཁྲུགས་མཆིན་མཁྲིས་གཉིས་ལ་བབས་པ་(ན་བྲག་ཞུན་དུག་ཉུང་)དང་། །དུད་ཁུ་མ་འགྱུར་(ག་བུར་སེ་རུལ་)ཚ་ལུགས་ཕྱིར་མ་འདྲོངས་(སྟར་བུ་རུ་རྟ་ཚ་ལ༌)། །ཚ་རྡོལ་མ་ཆོད་(ན་ཚ་ལ་རྒྱ་སྐེགས་བ་ཤ་ཀ) ཚ་རིམས་མ་འཆུན་པ(ལ་ཏིག་ཏ་བོང་ང་ག་དུར་)འི། །གར་དགོས་སྟེང་དུ་རྒྱལ་བློན་ཆིབས་ཁ་བསྒྱུར། །དྲི་ཆེ་ཁ་དོག་སེར་ན་ནད་ཐོན་རྟགས། །ལྕག་གིས་བྲབས་ལ་ཚ་བ་དག་པར་སྦྱང༌། །འཁྲུས་རྗེས་མི་བདེ་ཤེས་པ་ཟི་བའམ། །དག་པར་འབྱོངས་ན་བཤལ་རྗེས་བསིལ་གྱིས་བཅད། །ཟུངས་བཟང་ནད་སྟོབས་ཆེ་ན་སྦྱང་བ་བསྐྱར། །སྨན་གཏར་སྦྱོངས་ཀྱིས་གཟེར་བྱེར་བཅོས་བརྡུགས་ན། །བུར་ཆང་བྱེར་བསྡུ་འདྲེགས་པ་བཀོག་ལ་བསད། །ཁ་ཟས་ཆག་ཚེ་བ་རའི་ཞོ་དར་དང༌། །ཁུར་མང་སྐྱབས་ཚོད་ཆུ་གྲོག་བསྟེན་པར་བྱ། །ལན་ཚྭ་ཤ་ཆང་ལ་སོགས་དྲོད་བཅུད་བསྡམ། །སྤྱོད་ལམ་མེ་དང་ཉི་མ་དྲག་ཤུལ་སྤང༌། །བསེར་བུ་གྲིབ་མ་བསིལ་སར་དལ་བར་བསྡད། །དེ་ལྟར་བཅོས་རྗེས་ཚད་སྟོབས་ཅུང་ཟད་ཆག །རྩ་དལ་ལུད་པ་འགྱུར་ལ་གཟེར་བ་ཆོགས། །དེ་ནས་ཙན་དན་གི་ཝཾ་བསིལ་གསུམ་དང་། །ཏིག་ཏ་བ་ཤ་ཀ་དང་ཀ་ར་སྦྱར། །གློ་མང་ཤིང་མངར་འགོགས་དཀའ་སྟར་བུ་བསྣན། །གཟེར་མེད་ལུད་པ་གཙང་ལ་དང་ག་བདེ། །ལུས་དང་ཤེས་པ་ཡང་ལ་སྙིང་རྩ་སེང༌། །རི་ཐང་མཚམས་སུ་སླེབ་པས་གསར་བཅུད་གློད། །བྱེ་བྲག་རིགས་དང་བབས་སྒོ་ལུད་པ་སྦྱར། །ཚ་རྒྱས་དོན་བབས་སྨན་གཏར་བསྟུད་ལ་བཅོས། །སྣོད་དུ་བབས་ན་བཤལ་ལས་ལྷག་པ་མེད། །ཚ་ལྐུགས་སྟར་བུ་ནཱ་ག་གེ་སར་དང༌། །རུ་རྟ་ཚ་ལ་དུད་པ་བྱ་བལ་མ། །ཀ་ར་སྦྱར་ལ་ཐུན་སྐྱུངས་གྲངས་མང་བཏང༌། །གཟེར་སྟེང་མཚན་དཀར་ཚར་བོང་དྲོ་འཇམ་བདུག །དེས་མ་ཐོན་ན་མན་ངག་(སྟར་བུ་རུ་རྟ་ཚ་ལ་རྒྱལ་བློན་)བཤལ་གྱིས་སྦྱང༌། །དུག་ཐབས་རྒྱལ་བློན་གསུམ་སྦྱར་རྩེ་ཆུང་བསྣོལ། །ནད་དང་སྨན་དཔྱད་སྲོག་ལ་ཐོབ་ཤ་བྱ། །སྐྱེད་མེད་(ག་བུར་སེ་རུལ་ཁུ་བས་)ཁོང་སྦྱངས་ག་བུར་(གི་ཝཾ་ཙན་དན་བསེ་རུ་གུར་ཀུམ་མི་མཁྲིས་མཚལ་ཧོང་ལེན་ཀ་ར་ག་དུར་ཐང་གིས་དབུལ་)བརྒྱད་པ་སྦྱར། །ག་དུར་སེ་རུལ་ཁུ་བ་སྐོམ་དུ་བསྟེན། །དུད་ཁུ་རྣག་ཏུ་འགྱུར་ན་ཐུབ་པ་ཡིན། །ཚ་རྡོལ་གུར་ཀུམ་དོམ་མཁྲིས་སྲན་མའི་པུས། །ཀར་སྦྱར་ཚོས་ཁུས་འཕུལ་ལ་ཆུ་ལྕག་བྲན། །ཁྲག་མ་ཆོད་ན་མན་ངག་(ཚ་ལ་ཚོས་བ་ཤ་ཀའི་)བཤལ་གྱིས་སྦྱང༌། །ཁྲག་སྨུག་སྐྱུ་རུ་བ་ཤ་ཀ་ཐང་དང༌། །ག་བུར་(ཙན་དན་གཉིས་ཅུ་གང་གུར་ཀུམ་དོམ་མཁྲིས་ཏིག་ཏ་བ་ཤ་མཚལ་ཀ་ར་)དགུ་སྦྱར་ཡང་ཡང་བསྟུད་ལ་བཏང༌། །ཚ་འགྲམས་འདི་གཉིས་གཙོ་བོ་གཏར་ཡིན་པས། །ནད་དང་དཔྱད་གཉིས་ཁྲག་ལ་ཐོབ་ཤ་བྱ། །རྣག་རྨུགས་བསེ་རུ་(ཙན་དན་གཉིས་བསིལ་གཉིས་ག་དུར་ཤིང་མངར་དོམ་མཁྲིས་ཀ་ར་)བརྒྱད་པས་ཁྲག་ཚད་བསད། །སྟར་བུ་པཉྫས་གློ་རྣག་གྱེན་དུ་དྲང༌། །རྗེས་ལ་དམར་པོ་གསུམ་གྱིས་གློ་བ་གསོ། །འདུ་བའི་ཚ་རིམས་དང་པོ་ཐང་གིས་དབྱེ། །རིན་ཆེན་ཞགས་པའི་ཕྱེ་མས་རོལ་དུ་བསད། །ཡང་ན་གཙོ་བོ་བརྒྱད་པ་ཤིས་པ་ཡིན། །སྐབས་སུ་རྔུལ་དབྱུང་གཟེར་སྦྱར་ཅི་རིགས་གཏར། །ཚ་བ་ཆོམས་དཀའ་མན་ངག་ཏིག་ཏ་བོང་ང་ག་དུར་བཤལ་གྱིས་སྦྱང༌། །གཟེར་ཐུང་ཐོག་མར་སླེ་ཏྲེས་ཨ་རུ་ར། །བཙོད་ཀྱི་ཐང་གིས་སྨིན་སྡུད་འབྱེད་པར་བྱེད། །དེ་ནས་གཟེར་སྨན་གཉེན་པོ་(ཐར་ནུ་ཆུ་རྩ་ར་དུག་མེ་ཏོག་ཨ་བྱག་ཤ་ཆེན་)ལྔ་སྦྱོར་གྱི། །དྲི་ཆུ་སྦྱར་ཏེ་ཐུན་སྐྱུངས་ཡང་ཡང་བཏང༌། །ཡང་ན་གཟེར་སྨན་ཆེན་མོ་(བཟང་དྲུག་གླ་རྩི་གུ་གུལ་མིང་ཅན་ཤ་ཆེན་དུག་པུས་ཤུ་དག་དཀར་པོ་ཐར་ནུ་ཆུ་རྩ་རེ་ལྕག་དྲི་ཆུར་སྦྱར་བ་)ཤིས་པ་ཡིན། །སྦྱངས་རྗེས་གི་ཝཾ་ཙན་དན་ཅུ་གང་དང༌། །གུར་ཀུམ་དོམ་མཁྲིས་གླ་རྩི་བོང་ང་དཀར། །བཙོད་ཁུས་འཕུལ་བཏང་གཟེར་སྟེང་སྤྲུ་ཚན་བདུག  །གཉན་མ་སོད་པར་ག་བུར་གཏར་ག་སྤང༌། །དཀར་དང་མངར་བག་མི་བཏང་དུག་དང་མཚུངས།  །སོད་རྟགས་གཟེར་དང་ལུད་པ་སོ་ཟིན་ནས། །གཏར་དང་ག་བུར་གཟེར་དང་ཚད་སྟོབས་སྦྱར།  །བབས་ས་གནས་དང་སྦྱར་ཏེ་བཅོས་པ་ནི། །བསིལ་གསུམ་ཙན་དན་དཀར་པོ་ཀུན་ལ་གཅེས། །ཛཱ་ཏི་(གེ་སར་གསུམ་ཨ་ག་རུ་མི་མཁྲིས་ལྕགས་ཕྱེ་ཀ་ར་)བདུན་པ་བསྡེབས་པས་སྙིང་འཁྲུགས་སེལ། །ཤིང་མངར་(ཨ་རུ་རྒུན་འབྲུམ་བ་ལེ་)བཞི་པས་གློ་ཡི་འཁྲུགས་ཚད་སེལ། །ཨུཏྤལ་(ཏིག་ཏ་བ་ཤ་དུག་ཉུང་པ་ཏོ་ལ་)ལྔ་པ་བསྡེབས་པས་མཆིན་འཁྲུགས་སེལ། །ཨ་རུ་(ཏིག་ཏ་བ་ཤ་པར་པ་ཏ་)བཞི་བསྡེབས་ཕོ་མཆེར་འཁྲུགས་ཚད་སེལ། །བྲག་ཞུན་(བ་ཤ་སྡིག་སྲིན་ཨ་རུ་སྐྱེར་ཤུན་)ལྔ་པ་བསྡེབས་པས་མཁལ་ཚད་སེལ། །དོམ་མཁྲིས་(ག་དུར་ཨ་བ་)གསུམ་པ་བསྡེབས་པས་རྩ་འཁྲུགས་སེལ། །ཏིག་ཏ་(གསེར་མེ་དུག་ཉུང་སུམ་ཅུ་ཏིག་)བཞི་པས་མཁྲིས་པའི་འཁྲུགས་ཚད་སེལ།།ཛཱ་ཏི་(སུག་སྨེལ་སླེ་ཏྲེས་པུ་ཤེལ་ཤིང་ཚ་པི་ལིང་)དྲུག་པས་རླུང་འཁྲུགས་ཚ་བ་སེལ། །ཀུན་ལ་ཀ་ར་དཀར་པོའི་རྟ་ལ་བསྐྱོན། །གང་ལ་བབས་པའི་རང་རང་སྒོས་རྩ་གཏར། །རླུང་འཁྲུགས་གཏར་སྤང་རྩ་འཁྲུག་གང་རྒྱས་གཏར། །ལུད་པའི་མདོག་དང་སྦྱར་ཏེ་བཅོས་པ་ནི། །ལུད་པ་སྐྱ་གསོབ་སྙིང་གི་གབ་འཁྲུགས་ཡིན། །ཛཱ་ཏི་(ཙན་དན་སྙིང་ཞོ་ཅུ་གང་)བཞི་པ་སྐྱུ་རུའི་ཐང་གིས་དབུལ། །སྣོད་ཀ་ཐོང་རྩ་གཉིས་ལ་གཏར་བར་བྱ། །ལུད་པ་དམར་ན་གློ་ཡི་གབ་འཁྲུགས་ཡིན། །ཅུ་གང་(གུར་ཀུམ་ཙན་དན་ཤིང་མངར་དོམ་མཁྲིས་)ལྔ་པ་ཚོས་ཁུས་འཕུལ་ལ་བཏང༌། །སྒང་རྩ་དྲུག་འགོ་གཉིས་ལ་གཏར་བར་བྱ། །ལུད་པ་དམར་སེར་མཆིན་པའི་གབ་འཁྲུགས་ཡིན། །གུར་ཀུམ་(ལི་ཤི་དུག་ཉུང་དོམ་མཁྲིས་སྐྱེར་པ་བྲག་ཞུན་པ་ཏོ་ལ་)བདུན་པ་བ་ཤ་ཀས་འཕུལ་བཏང༌། །ལུད་པ་སྨུག་ནག་མཆེར་པའི་གབ་འཁྲུགས་ཡིན། །གི་ཝཾ་(གུར་ཀུམ་བ་ལེ་མཚལ་ཨ་རུ་)ལྔ་པ་སེ་རུལ་ཐང་གིས་དབུལ། །མཆིན་མཆེར་གཉིས་ལ་རུ་ཐུང་གཡས་གཡོན་གཏར། །ལུད་པ་སྲེའོ་མཁལ་མའི་གབ་འཁྲུགས་ཡིན། །བཙོད་ཁུས་བྲག་ཞུན་(གུར་ཀུམ་སུག་སྨེལ་ཨ་རུ་གླ་རྩི་ཨུཏྤལ་བོང་དཀར་ཏིག་ཏ་)བརྒྱད་འཕུལ་བྱིན་གཞུག་གཏར། །རྩ་འཁྲུགས་ལུད་པ་དམར་ལ་ཐེང་པོར་ལུ། །དོམ་མཁྲིས་(ལི་ཤི་གུར་ཀུམ་ག་དུར་ཧོང་ལེན་མཚལ་)དྲུག་པ་ག་དུར་ཐང་གིས་དབུལ། །གཟེར་བ་གང་ཉེ་གང་རྒྱས་རྩ་ལ་གཏར། །སེར་ལ་དྭངས་ན་མཁྲིས་པའི་གབ་འཁྲུགས་ཡིན། །ཏིག་ཏ་(གསེར་མེ་དུག་ཉུང་དོམ་མཁྲིས་བ་ཤ་ཀ་སྐྱེར་པ་)དྲུག་པ་གི་ཝཾ་ཐང་གིས་དབུལ། །མཁྲིས་རྩ་གཤའ་རིངས་གསེར་མདུང་གཏར་བར་བྱ། །ལུད་པ་སྔོན་པོ་ལྦུ་གསོག་རླུང་འཁྲུགས་ཡིན། །རུས་ཁུས་ཨ་གར་(ཛཱ་ཏི་སུག་སྨེལ་སླེ་ཏྲེས་པུ་ཤེལ་གུ་གུལ་དཀར་པོ་རུ་རྟ་)བདུན་འཕུལ་གཏར་མི་བྱ། །དང་པོ་ཚ་བ་སྟོབས་རྒྱས་སྤྱི་བཅོས་ཏེ། །ཚ་སྟོབས་བྲི་ནས་སྒོས་བཅོས་མདེ་ཁར་གདགས། །དེ་ནས་སྟོངས་འཁྲུགས་བཅོས་ཐབས་བསྟན་པ་ནི། །ཚ་སྟོངས་རླུང་དང་ཚ་བ་ཕྱིང་དྲིལ་བཅོས། །ར་གསུམ་མ་ནུ་བཞི་ཐང་བསྲེས་པ་བཏང༌། །གཟེར་སྟེང་སྤྲུ་མ་འཁར་གོང་བསྲོས་པས་བདུག །བ་ཞོ་བ་དར་ཤ་གསར་རླུང་ཁ་མནན། །གཟེར་འདུས་ངན་ཁྲག་རྩ་ཁ་ཕྱེ་ཙམ་གཏར། །ཚིགས་ཁ་བྱེ་ན་ན་སར་མེ་ཡིས་མནན། །ག་བུར་ཉི་ཤུ་རྩ་ལྔ་རུས་ཁུས་དབུལ། །ཚ་བ་ཆོམས་དཀའ་སྣུམ་ལྡན་འཇམ་པོས་སྦྱང༌། །རྗེས་ལ་ཏིག་ཏའི་སྨན་མར་བསྟེན་པར་བྱ། །གྲང་སྟོངས་རུས་བཅུད་གསུམ་གྱི་ཁུ་བ་བསྟེན། །མ་ནུ་བཞི་ཐང་དྲོ་འཇམ་རྒྱུན་དུ་བསྔགས། །རུས་རྙིང་དུགས་དང་ཞུན་མར་བསྐུ་བྱུག་བྱ། །ཤ་གསར་ཆང་གསར་མར་གསར་བུར་དཀར་བཏང༌། །འབྲས་བུ་གསུམ་གྱི་མར་སྦྱར་རླུང་གསང་སྲེག །མདོར་ན་རླུང་ཞི་ཚ་བ་མི་འཕེལ་བཅོས། །ཆགས་པ་སྨྲ་བརྗོད་སེམས་ལས་བསེར་བུ་དང༌། །ཞེ་སྡང་དྲག་ཤུལ་རུལ་སྐྱུར་བཅུད་དྲགས་སྤང་། །འཇམ་འཁྲུགས་བཅོས་པ་ར་གསུམ་བསྡུས་པའི་ཐང༌། །ཡུན་བསྟེན་ཁྲག་དབྱེ་གཟེར་དམིགས་སྦྱར་ལ་གཏར། །གཙོ་བོ་བརྒྱད་ཀྱི་ཕྱེ་མས་ཚ་བ་བསད། །སྐབས་སུ་བད་ཀན་ཚ་བ་རྔུལ་དུ་དབྱུང༌། །ཕྱེ་ཐུག་བ་ཞོ་བ་ཤ་ཆུ་གྲོག་བཏང་། །སྐྱེད་ཆུང་སྦྱངས་རྗེས་ཉི་ཤུ་རྩ་ལྔ་སྦྱར། །མ་ལྷག་མ་ཆད་རྩ་བ་ཐོན་པར་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུགས་ཀྱི་ཚ་བ་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།