སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཉིས་པ། དུགས་ཀྱི་སྐོར་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011
ཕྱི་མ་རྒྱུད། >> ལེའུ་ཉེར་གཉིས་པ། དུགས་ཀྱི་སྐོར་བསྟན་པ།



ལེའུ་ཉེར་གཉིས་པ། དུགས་ཀྱི་སྐོར་བསྟན་པ། 

དཔྱད་མཆོག་གཉིས་པ་མེ་བཙའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། དཔྱད་ལྔའི་ནང་ཚན་དུགས་ལ། དྲང་སྲོང་ཙ་ར་ཀས། དུགས་ཀྱིས་གསོ་བར་བྱ་བའི་ནད། །རླུང་དང་བད་ཀན་བདག་ཉིད་ཅན། །སྣུམ་ནི་སྔོན་དུ་འགྲོ་བ་ཡི། །དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། །དུགས་བསྲོ་བཅིངས་དང་ཐ་མལ་པ། །ཆུ་དུགས་དབྱེ་བས་རྣམ་པ་བཞི། །བསྲོ་བ་གོས་དང་ལྕག་དང་ནི། །ལག་མཐིལ་སོགས་ལ་མེར་བསྲོས་བསྲོ། །བཅིང་བ་ཤུ་དག་སྦང་མ་དང༌། །ཞེས་སོགས་རྒྱ་ཆེར་ནད་སོ་སོར་གསུངས་ཀྱང་འདིར་མ་སྤྲོས་པ་དེ་ཉིད་ལས་ཤེས་པ་དང༌།

འདིར་རུང་བའི་མཚན་ཉིད་དང་མི་རུང་བའི་མཚན་ཉིད་དང༌། བྱ་བའི་ཐབས་དང་ཕན་ཡོན་བཤད་པ་དང་རྣམ་བཞིར་ཡོད་པ་ལས།

དང་པོར་དུགས་རུང་བ་ནི། བད་རླུང་དང་མ་ཞུ་བ་གླང་ཐབས་དང་ཆུ་སེར་ཁྲག་འཁྱགས་པ་ཚད་པའི་གཟེར་རྣམས་ལ་བསྟེན་དུ་རུང་ཞིང་ཕན་པར་འགྱུར་རོ། །

མི་རུང་བ་ནི་བད་ཀན་སྐྱ་རྦབ་དང༌། མཁྲིས་པ་ཤ་ཡ་ནག་པོ་དང༌། བལ་ནད་དང༌། མཛེ་དུག་དམུ་ཆུ་ནག་པོ་དང༌། ཚོ་ཆེས་པ་འབྲུམ་ཐོར་དང་ཟས་ཟོས་པའི་རྗེས་རྣམས་ལ་སྤང་བར་བྱའོ། །

དུགས་བྱ་བའི་ཐབས་ལ་ནི། བསིལ་དུགས་དང་དྲོད་དུགས་རྣམ་པ་གཉིས་སུ་ཡོད་པའི་རྣམ་གྲངས་བསིལ་དུགས་བཅུ་གཅིག་དང་དྲོད་དུགས་བཅུ་དགུ་སྟེ། ཁྱོན་སུམ་ཅུ་ཡོད་པ་ལས་བསིལ་དུགས་བཅུ་གཅིག་ནི། འགྲམས་དང་འཁྲུགས་དང་ཚ་བས་གཟེར་བ་རྣམས་ལ་ཐོ་རངས་སྐར་མ་མ་གྱེས་གོང་དུ་བླངས་པའི་ཆུས་བརྡེག་གམ་ཡང་ན་ཆུ་དེ་གྲོད་པར་བླུགས་པས་བདུགརིམས་འཁྲུགས་དང་ཚ་བ་བྱེར་བ་དང་རྙིང་པ་རྣམས་ལ་སྐར་ཆུས་བྲན་པ་དང༌། མིག་ལ་མཚོན་སོགས་ཕོག་པས་བཙན་ཐབས་སུ་སྐྲངས་པ་ལ་ཆུ་གྲོད་པར་བླུགས་པས་བདུགཤ་དུག་གིས་གྲེ་བ་འགགས་ཤིང་ཚ་བ་ལ་བོང་ང་དཀར་པོའི་ཕྱེ་མ་གངས་ཆུ་དང་སྦྱར་བས་གྲོད་པ་བཀང་ལ་བདུག རྒྱུ་གཟེར་ལ་བོང་ང་དཀར་པོ་དང་ཞུ་མཁན་སྐར་ཆུ་དང་སྦྱར་ཏེ་བདུག ཁྲག་མཁྲིས་དང་ཚ་བའི་གླང་ཐབས་ལ་ཆུ་རྡོ་གྲང་མོས་བདུག ཚད་གཟེར་ལ་ཆུ་རྡོ་དང་བྱང་མའི་རྨོས་ལྕགས་སོགས་ཀྱིས་བདུག་ཅིང༌། ཡང་ན་གཡའ་ཚོན་དང་ཞོ་སྦྱར་བའི་གྲང་མོས་བདུག སྣ་ཁྲག་མ་ཆོད་ན་སྐར་ཆུ་དང་འདག་པ་ནག་པོ་ཞེས་པ་ཀོ་མོག་ཆུ་ཡོད་པའི་གཏིང་གི་རྫབ་ནག་པོ་དེ་སྨིན་དབྲག་དང་ལྟག་ཁུང་དུ་བདུག སོའི་ཁྲག་ཚད་དང་རླུང་གིས་སྐྲངས་པ་ལ་ཆུ་གཡས་སུ་འཁྱིལ་བའི་ནང་གི་འདག་པས་བདུག དྲེག་ནད་ཚ་འབྲབ་བྱེད་པ་ལ་སླེ་ཏྲེས་ཕྱེ་མ་དང་བ་ལྕི་སྦྱར་བས་བདུག་གོ།

དྲོད་དུགས་ལ་རྣམ་གྲངས་བཅུ་དགུ་ཡོད་པ་ལས་མ་ཞུ་བ་དང་གླང་ཐབས་ལ་ལན་ཚྭ་སླ་ངའི་ནང་དུ་མེར་བསྲོས་ཏེ་རས་ལ་གཏུམས་པས་བདུག་པ་དང༌། མཚོན་ཁྲག་ཁོང་དུ་འཁྱིལ་བ་འཁྱགས་པ་ལ་ནི་ཆུ་ནང་གི་རྡེའུ་མེ་ལ་བསྲོས་པས་བདུག མཆིན་ཁྲག་འཁྱགས་པ་ལ་གྲོག་ཞིང་ཞེས་པ་རྩིག་པའམ་གྱང་རྙིང་པ་ལ་ཆར་ཕོག་པས་སྤང་གི་རྣམ་པ་འདྲ་བར་ཆགས་པ་ས་དང་མ་འདྲེས་པ་དེ་བསྲོས་པ་དང་ཡོས་ཀྱིས་བདུག། མཁལ་མ་གྲང་གཟེར་གྱིས་ཆུ་སྲི་བ་ལ་སྦང་མ་སྐམ་པོ་བསྲོས་པ་རས་སོགས་ལ་གཏུམས་པས་བདུག བུ་བཙས་རྗེས་རྒྱུ་ཞབས་དང་ཚང་ར་མཁལ་རྐེད་སོགས་གཟེར་བ་ལ་བྱི་ཁུང་ཁ་ཤར་དུ་བལྟ་བའི་སྒོ་རྩར་སྤུངས་པའི་ས་ལ་ཆང་གིས་བྲན་ཏེ་མེ་ལ་བསྲོས་པས་བདུག སྨུག་པོ་འཐབས་པའི་གླང་ཐབས་ལ་བྲག་སྐྱ་ཧ་བོ་དང་ཆུ་ལོ་ཞུ་མཁན་རྣམས་ཆུར་སྦངས་ཤིང་བཙོས་པས་བདུག་ལ། དེས་ནི་དུག་དང་ཁྲག་ངན་ཕོ་བར་ལྷུངས་པ་འཇོམས་པར་བྱེད། མ་ཞུ་གྲང་སྐྲན་ལ་ཕུག་རོན་གྱི་བྲུན་མེར་བསྲོས་པས་བདུག་ཅིང༌། གྲང་ནད་ལངས་པ་ལ་སོ་ཕག་དང་རྫ་མའི་དུམ་བུ་མེ་ལ་བསྲོས་པས་བདུག། སྲིན་གྱི་གླང་ཐབས་ལ་སྤྲུ་མ་དཀར་པོའི་རྩ་བ་དང་ལོ་མ་བསྲོས་པས་བདུག གཞང་སྲིན་ལ་ཕུར་མོ་དང་རྟ་སྦངས་བསྲོས་པས་བདུག་ཅིང༌། གྲང་བས་གཞང་ལུག་པ་ལ་ཆང་ངམ་འོ་མ་འཇམ་ཙམ་བསྲོས་པས་བཀྲུས་ལ་སེན་མོ་བྲེགས་ནས་འཇམ་བླངས་ཏེ་མཛུབ་མོས་ཕུ་དུང་སློག་པ་ལྟར་གཞུག་ལ་སྣུམ་གྱི་ཀོང་བུ་མེར་བསྲོས་པས་བདུག་གོ། རླུང་གཟེར་ལ་ཕྱིང་པ་སྣུམ་ལྡན་བསྲོས་པའི་སྟེང་དུ་ཆུ་ནང་གི་རྡོ་བསྲོས་པས་བདུག མཁལ་རྐེད་ཀྱི་གྲང་བ་ལ་གཡི་དང་སྤྱང་ཀིའི་པགས་པའི་སྤུ་དུགས་བསྟེན་པ་དང༌། ཕོ་བ་དང་རྒྱུ་ལོང་གི་གྲང་བ་ལ་ལག་པའི་མཐིལ་དྲོད་ཕབ་པས་བདུག་ཅིང་ཚིགས་སུལ་དུ་ཆུ་སེར་བབས་པ་ལ་ཤག་མ་སྟོང་པའི་ཡུལ་སྐད་དེ་རྡེའུ་ནས་ཙམ་ལ་ཆར་བྲན་ཏེ་བསྲོས་པ་དང༌། ཡང་ན་བྱེ་མ་དང་ཚྭ་ཅུང་ཟད་བསྲེས་པ་ཆང་ངམ་བ་ཆུས་བྲན་ཏེ་བཙོས་པས་བདུག ཡང་ན་སྦང་མ་སྐམ་པོ་དང་སྔར་བཤད་པའི་གྲོག་ཞིང་མེ་ལ་བསྲོས་པས་བདུག་གོ། གྲང་བས་ཆུ་འགགས་ན་འབའ་ཆ་དང་བྱ་བྲ་ཞེས་པ་ཕུག་རོན་གྱི་བྲུན་གྱིས་བདུག སྟོང་ཚད་དང་རླུང་གཟེར་ལ་འཁར་གོང་འདྲེས་ཡོད་པའི་སྲིན་ཅན་དང་རུས་རྙིང་ཆང་གིས་བྲན་ལ་མེར་བསྲོས་པས་བདུག ཡན་ལག་གི་ཆུ་སེར་ལ་ལུག་གི་རིལ་མ་ཆང་གིས་བྲན་ཏེ་བསྲོས་པས་བདུག་པ་སོགས་ཀྱིས་ནད་ཟུག་འཕྲལ་དུ་གཅོག་པས་ན་དཔྱད་ཀྱི་མཆོག་དུགས་སུ་བཤད་པ་ཡིན་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིནལས་རྒྱུད་ཀྱི་དཔྱད་ལྔའི་ནང་ཚན་གསུམ་པ་དུགས་ཀྱི་ལེའུ་བཤད་པ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།