སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཅིག་པ། འགྲམས་ཚད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་གཅིག་པ། འགྲམས་ཚད་བཅོས་པ།

ལེའུ་ཉེར་གཅིག་པ་འགྲམས་ཚད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལ་གཞུང་དོན། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། འགྲམས་ཀྱི་ཚ་བའི་རྒྱུ། རྐྱེན། ངོ་བོ། མིང༌། དབྱེ་བ། བཅོས་ཐབས་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལ་རྒྱུ་རྐྱེན་སོགས་བདུན་ལས། དང་པོ་རྒྱུ་ནི། འགྲམས་ཚད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ནད་གཞི་དང་ལུས་ཟུངས་ལ་འགྲམས་ཀྱི་རྒྱུ་རྒྱས་འགྱུར་ཡོད་པ་དེ་ལ་བྱའོ། །གཉིས་པ་ནི། དེ་རྐྱེན་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ངོ་བོ་ནི། ལུས་ཟུངས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་ལུས་ཟུངས་རྐྱེན་དེ་དག་གིས་ནད་གཞི་མཁྲིས་ཚད་ཁྲག་ལ་གནས་པ་འཁྲུགས་ཤིང་ཀུན་ཏུ་གྲམས་པའམ་འགྲམས་པའོ། བཞི་པ་མིང་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་བ་ཟུངས་ལ་བྱེར་ཞིང་འགྲམས་པའི་ཕྱིར་མིང་འགྲམས་ཚད་ཅེས་བརྗོད་པ་ཡིན་ནོ། །ལྔ་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནང་དོན་སྣོད་ལ་འགྲམས་པ་དང༌། ཕྱི་ཡུལ་བཞི་ལ་འགྲམས་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དོན་གློ་སྙིང་མཆིན་མཁལ་ལྔ་དང་སྣོད་ཕོ་ལོང་མཁྲིས་པ་ལྒང་པ་མངལ་ཏེ་དེ་རྣམས་ལ་འགྲམས་པའོ། །གཉིས་པ་ནི། ཡུལ་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་རུས་རྩ་ཆུ་རྒྱུས་ཏེ་ཕྱིའི་ཡུལ་བཞི་ལ་འགྲམས་པའོ། །དེ་ཡང་ཤ་ལ་ཉ་དང་ཤ་གཞན་གཉིས། རུས་ལ་ཚིགས་རྐང་མགོ་རུས་རྩིབ་མ་དང་བཞི། རྩ་ལ་མགོ་བྱང་ཁོག་ཡན་ལག་དང་གསུམ། ཆུ་བ་རྒྱུས་པ་གཉིས་ཏེ་བཅུ་གཅིག དོན་ལྔ་སྣོད་དྲུག་སྟེ་ཉེར་གཉིས་སོ། །དྲུག་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། འགྲམས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་རྟགས་ནི། སྤྱི་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་ནི། བྱེ་བྲག་ཅེས་རྐང་པ་ལྔ་བཅུ་རྩ་བརྒྱད་ཀྱིས་བསྟན་ཏེ། སྙིང་འགྲམས་ཀྱི་ནུ་འཛིད་ནི་ནུ་མ་གཉིས་ཀྱིས་འོག་དང་བར་རོ། །བློ་འགྲམས་ཀྱི་སྣ་འབུད་པ་ནི་སྣ་ནས་དབུགས་འབུད་པ་ལྟར་འུར་གྱིས་འོང་བའོ། །གྲེ་བ་ཤུ་བ་ནི་གྲེ་བའི་ནང་ནས་ཤུགས་གླུ་ལྟར་འོང་བའོ། །ཐལ་གོང་ནི་དཔུང་པ་དང་མཇིང་པའི་བར་དུའོ། །མཁལ་འགྲམས་ཀྱི་སྣེ་ས་ནི། བརླ་དང་དྲོད་ཆུང་མཚམས་སྣེ་ཁུག་གམ་བརླ་ཁུག་གོ །ལོང་འགྲམས་ཀྱི་ཕྱི་ས་མི་ཐུབ་པ་ནི་དྲི་ཆེན་མི་ཐུབ་པའོ། །བསམ་སེའི་བརླ་སུལ་ནི་བརླའི་ཕྱི་སུལ་ལོ། །སྟ་ཤ་ནི། དཔྱི་ཡི་སྟ་ཟུར་གྱི་ཤའོ། །རྩ་འགྲམས་ཀྱི་རྩ་འབྲུམ་ནི་རྩའི་སྟེང་དུ་འབྲུམ་པ་ལྟར་སྐྲངས་པ་ལ་བྱའོ། །བདུན་པ་བཅོས་ཐབས་བཤད་པ་ལ་གཉིས། །མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྨན་དཔྱད་ཟས་སྤྱོད་བཞིའོ། །གཉིས་པ་རྒྱས་བཤད་ལའང་སྨན་དཔྱད་ཟས་སྤྱོད་བཞི་སྤྱིར་བསྟན་པ་དང༌། དམིགས་བསལ་གཉིས་ལས། དང་པོ་ལ་བཞི་ལས། དང་པོ་སྨན་བཤད་པ་ནི། དང་པོ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། རྣམ་པར་ནི་ཡུ་གུ་ཤིང༌། ཚ་བའི་སྟོབས་སྦྱར་གཉིས་བཞི་དྲུག་བསྡེབས་ལ། ཞེས་པ་ཐང་སྦྱོར་གྱི་ཧོང་ལེན་བ་ཤ་ཀ་སྤང་རྩི་རྣམ་པར་ཀྱི་ལྕེ་བཙོད་དང་དྲུག་གོ ཚ་བ་སྟོབས་ཆུང་ལ་ཉིས་བསྡེབས། འབྲིང་ལ་བཞི་བསྡེབས། སྟོབས་ཆེན་ལ་དྲུག་ཀ་བསྡེབས་པའོ། །ཕྱེ་མ་ཚ་བ་རབ་འབྲིང་བྱེ་བྲག་གི་ག་བུར་ཙན་དན་གུར་གུམ་གཙོ་བོ་ལ་ཞེས། རབ་ལ་ག་བུར། འབྲིང་ལ་ཙན་དན། ཐ་མ་གུར་གུམ་གྱིས་གཙོ་བྱས་པའོ། །གཉིས་པ་དཔྱད་བཤད་པ་ནི། དཔྱད་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་དག་དོན་ལྔ་ལ་གཏར། སྣོད་ལ་བཤལ། རྩ་དང་ཤ་རུས་ལ་དུགས་ལུམས། རྒྱུ་ལོང་ལ་མས་འདྲེན། ཚིགས་ལ་ཆུ་ཚགས་གང་འཚམ་བསྟེན་ནོ། །གསུམ་པ་དང་བཞི་པ་ཟས་སྤྱོད་ནི། ཁ་ཟས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་དམིགས་བསལ་གྱི་བཅོས་བཤད་པ་ནི། རྟས་བརྡབས་ཞེས་རྐང་པ་བཞིས་བསྟན་ཏེ། བཤལ་ནི་བྱང་ཁོག་ཁྲག་བཤལ་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་གཉིས། ནང་དང་ཕྱིའོ། །དང་པོ་ནང་ནི། བྱེ་བྲག་ཅེས་རྐང་པ་ང་བཞིས་བསྟན་ཏེ། སྙིང་འགྲམས་ཀྱི་གཙོ་བོ་བཞི་ནི། ག་བུར་ཙན་དན་གུར་གུམ་གི་ཝང་དང་བཞིའོ། །ཨ་ཀར་དགུ་ནི་འཕྲུལ་གྱི་ལྡེ་མིག་ཏུ། ཨ་ཀ་རུ་ཙན་དན་དཀར་དམར་ཛཱ་ཏི་ལི་ཤི་བསེ་རུ་སྙིང་ཞོ་ཤ་ཨ་རུ་ར་ནཱ་ག་གེ་སར། ཞེས་སོ། །ཛཱ་ཏི་ཅུར་ནིས་ནི་འོག་ཏུ་ཛཱ་ཏི་བདུན་པ་བསྡེབས་པས་སྙིང་འཁྲུགས་སེལ། ཅེས་པ་དེའོ། །གློ་འགྲམས་ཀྱི་ག་དུར་གསུམ་ཐང་ནི། བ་ལེ་ཀ་དང་སྲོ་ལོ་དཀར་པོ་གསུམ་མོ། །ག་བུར་དགུ་པ་ནི་ག་བུར་བསིལ་གསུམ་གླ་རྩི་སྤང་སྤོས་རྒུན་འབྲུམ་ཤིང་མངར་ག་དུར་ཀ་རའོ། །ཅུ་གང་ལྔ་པ་ནི། གློ་འཁྲུགས་ཀྱི་སྐབས་བཤད་པ་ལྟར་རོ། །སྲིན་བྱ་ནི་འུག་ཆུང་གི་ཀླད་པ་ལ་ཅུ་གང་ཤིང་མངར་སྦྱར་བ་ཆུས་སྦྱངས་པ་དུས་མེད་བཏང་ངོ༌། །བྲང་སྐས་ཆེ་ཆུང་ནི། ཚིགས་པ་བཞི་ལྔའི་ཐད་ནང་ངོས་ཀྱི་བྲང་དཀྱིལ་སྐས་གདང་ལྟར་བརྩེགས་པ་བསྲེག་གོ །མཆིན་འགྲམས་ཀྱི་ག་བུར་དགུ་པ་ནི། ག་བུར་བསིལ་གསུམ་གཡུ་རྙིང་ལུག་རུ། ཏིང་པག་ཀྱུར་བྱ་རྐང་པྲི་ཡང་ཀུ་ཀ་ར། ཞེས་རྫོང་འཕྲང་དུ་བཤད་ལ་ལྷུན་སྡིངས་པའི་བཞེད་པར་ག་བུར་བསིལ་གསུམ་གཡུ་རྙིང་འབྲས་གསུམ་ལུག་རུ་སྨུག་པོ་ཀ་ར་སྦྱར་ཞེས་བཤད་གཞན་ཡང་ཏིང་པག་ཀྱུང་ནི། གསེར་མཆན་དང་ཟུར་མཁར་བའི་སྒམ་ནང་མར་བྱ་རྐང་འདོད། བྱ་བ་བཀྲ་ཤིས་རྣམ་རྒྱལ་བའི་བཞེད་པར་དྷེ་བ་ཐི་རུ་མེ་ཏོག་སྟེ་སྔོ་དེ་བ་ལ་འདོད། བརྡ་སྤྲོད་ལྔ་པར་ཏིང་ལེ་བྱིན་ཏིང་བག་ཀྱུང༌། ཏི་མུ་པ་དང༌། ཏི་མུ་ལ། མེ་ཏོག་ཏིང་བཞི་བྱ་བར་གྲགས། ཞེས་སོ་སོར་བཤད་ཅིང་རྒྱུད་རྙིང་པ་འགར་ཏིང་པག་ཀྱུའི་མཆན་དུ། ཙི་གུ་བྱི་དུག་ཟེར་བའང་སྣང་ཞིང༌། ལ་ལར་ནི་པྲི་ཡང་ཀུ་ལའང་ཏིང་པག་ཀྱུང་ཟེར་བ་སྣང་ངོ༌། མཆིན་པའི་ཟུར་གསང་ནི། ནུ་མ་གཡས་ནས་ཟུར་དུ་མཚོན་གསུམ་བཅལ་བ་དེའོ། །ཞོ་ཤའི་ཕྱེ་མ་ནི་སྙིང་མཁལ་གླ་གོར་ཞོ་ཤ་གསུམ་མོ། །ཕོ་འགྲམས་ཀྱི་སྦྱང་ཚེར་ཆིག་སྐྱུགས་ནི་ཆང་ལ་སྦྱར་བའོ། །མཆེར་འགྲམས་ཀྱི་འོལ་སེ་ནི་དར་ཤིང་ངམ་འོ་སེ་སྟེ་ཤིང་སེར་འཁྲགས་པ་དེའི་འབྲས་བུའོ། །ཚ་གསུམ་ནི་ཁ་རུ་ཚྭ་དང་ཙབས་རུ་ཚྭ་གཉིས་དང༌། དེ་སྟེང་རྭ་ཚྭ་ཐལ་ཚྭ་གང་རུང་ངོ༌། །སྐབས་སུ་འདྲེན་བྱ་ནི་ནི་རུ་ཧའོ། །མཁྲིས་འགྲམས་ཀྱི་ཏིག་ཏའི་ཐང་ནི་ཏིག་ཏ་དང་བ་ལེ་ཀ་གཉིས་སོ། །པ་ཏོ་ལ་ཡིས་སྦྱང་བ་ནི་པ་ཏོ་ལ་དུར་བྱིད་གུར་ཀུམ་གསུམ་མོ།།

        སྐབས་སུ་ཆུ་སྨན་བསྟེན་པ་ནི། རྒྱ་ཚྭ་སྡིག་སྲིན་སུག་སྨེལ་ལྕམ་པ་རྣམས་ཆང་དང་སྦྱར་བའོ། །དཀུར་འགྲམས་པ་ནི་བསམ་སེའུར་འགྲམས་པ་ཡིན་ནོ། །གཉིས་པ་ཕྱི་འགྲམས་བཅོས་པ་ནི། དེ་ནས་ཞེས་རྐང་པ་སོ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། ཨ་ས་ནི། ཟན་དྲོན་ལ་སྒ་དང་གོ་སྙོད་བཏབ་པ། སྐྱ་སྦྱོར་ནི། ཞོ་འོ་མ་བག་ཕྱེ་རྣམས་ཀྱིས་སྦྱོར་རོ། །ཚན་རྡོ་ནི། ཞུན་མཁན་གླ་སྒང་སྤང་སྤོས་རྣམས་རས་ལ་བཏུམས་པ་མར་ནག་ཏུ་བཙོས་པ་གླན་ནོ། །ཆས་སུ་གཞུག་པ་ནི་དེབ་ཆིངས་སོགས་རྨ་ཆས་ལྟར་རོ། །གོང་བཞིན་གཏར་བ་ནི། དྲུག་མགོ་གཉིས་རྩེ་ཆུང་གཉིས་ཏེ་སྒོ་བཞི་གཏར་རོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ཉི་ཤུ་གཅིག་པའི་བར་རོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 5:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།