སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།




ལེའུ་ཉེར་གཅིག་པ།  འགྲམས་ཀྱི་ཚ་བ་བཅོས་པ། 

          དེ་མ་ཁད་དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སླར་ཡང་འདི་སྐད་ཅེས་ཞུས་སོ། །འགྲམས་ཀྱི་ཚ་བ་ཞེས་བྱ་བའི་རྒྱུ་དང་རྐྱེན་དང་ངོ་བོ་གང་ལགས། འགྲམས་ཀྱི་ཚ་བའི་མིང་དུ་དགོས་པ་ཅིའི་ཕྱིར་བཏགས་པ་དང༌། དེ་ལ་དབྱེ་བ་དང་རྟགས་དང་བཅོས་ཐབས་ཇི་ལྟར་ཡོད་ཀྱང་བཤད་དུ་གསོལ་ཞེས་དེ་སྐད་དུ་ཞུས་པའི་དོན་ལ་ལན་གསུངས་པ།

        འགྲམས་ཀྱི་ཚད་པའི་རྒྱུ་ནི་ནད་དང་ལུས་ཟུངས་ལ་འགྲམས་པའི་རྒྱུ་རྒྱས་པར་འགྱུར་བ་ཡོད་པ་དེའོ། །

        དེ་རྐྱེན་ནི་ལུས་ཀྱི་བྱ་བ་དྲག་ཤུལ་གྱི་རིགས་བང་དང་མཆོང་སོགས་རྩལ་དང་ཕ་བོང་འདེག་པ་དང་མི་ཐེག་པ་ཁུར་བ་དང་གཞུ་སྲན་མོ་བཀང་བ་དང༌། ས་སྲན་བརྐོས་པ་དང་གཡང་དུ་ལྷུང་བ་དང་རྟས་བརྡབས་པ་དང་གད་པ་དང་ཐོག་སོགས་ཀྱི་ཐིབས་འོག་ཏུ་ཚུད་པ་དང༌། རྡོ་དང་དབྱུག་པས་བརྡུངས་པ་ཡིས་ལུས་ཟུངས་རྣམས་འགྲམས་པས་ཁྲག་འཁྲུགས་ནས་མཁྲིས་ཚད་བསླང་བའོ། །དེ་ཡང་ཚད་པ་ལུས་ལ་བྱེར་ཞིང་འགྲམས་པའི་ཕྱིར་འགྲམས་ཀྱི་ཚ་བ་ཞེས་སུ་བརྗོད་པ་ཡིན། དེ་ལ་དབྱེ་བ་ལ་ནང་གི་དོན་ལྔ་སྣོད་དྲུག་འགྲམས་པ་དང༌། ཕྱིའི་ཡུལ་བཞི་འགྲམས་པ་དང་རྣམ་པ་གཉིས་ཡོད་པ་ལས། དང་པོ་དོན་གློ་སྙིང་མཆིན་མཁལ་མཆེར་ལྔ། སྣོད་ཕོ་ལོང་མཁྲིས་པ་རྒྱུ་མ་ལྒང་པ་བསམ་སེ་སྟེ་དྲུག་འགྲམས་པ་དང༌། ཕྱི་ཡུལ་ནི་ཤ་དང་རུས་དང༌། རྩ་དང༌། ཆུ་བ་རྒྱུས་པ་གཅིག་ཏུ་བགྲངས་པས་བཞི་ཞེས་དེ་ཡང་ཤ་ལ་ཤ་དཀྱུས་མ་དང་ཉྭ་ཤ་གཉིས།  རུས་ལ་ཚིགས་རྐང་མགོ་སྲུབས་ཏེ་བཞི། རྩར་མགོ་དང་བྱང་ཁོག་ཡན་ལག་དང་གསུམ་ཆུ་རྒྱུས་གཉིས་ཏེ་བཅུ་གཅིག དེ་སྟེང་ལ་དོན་ལྔ་སྣོད་དྲུག་སྟེ་ཉེར་གཉིས་སུ་འདྲེན་པ་འང་སྣང་ངོ༌། །

          གང་ལྟར་དེ་དག་རྣམས་འགྲམས་པའི་རྟགས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། སྤྱིར་རྟགས་ནི་གང་འགྲམས་པ་ན་ན་ཞིང་གཟེར་ཟུག་ལྡང་བ་དང་རྩ་ནི་ཕྲ་ལ་གྲིམས་པ་ཏེ་ཆུ་དམར་ལ་དུགས་པ་དང་གདོང་སྣུམ་ཞིང་དབུགས་རྔམ་འདེགས་ལ་ལུས་ཀྱི་བྱ་བ་དཀའོ། །

        བྱེ་བྲག་ཏུ་སྙིང་ལ་གྲམ་ལ་ཚེ་ཁ་ལྐུགས་ཤིང་ལུས་འགུལ་ན་སེམས་འབོག་པ་དང་དྲན་པ་མི་གསལ་ཞིང་གཉིད་ལོག་ནས་སད་པའི་ཚེ་དངངས་པ་དང་ནུ་མའི་དབྲག་དང་མཆན་འོག་དང་སོག་པའི་དབྲག་གཟེར་ལ་མིག་རྩ་ཧར་བ་དང་། སྲོག་རྩར་འགྲམས་པ་ན་མིག་ཧར་ལ་ཕུས་འདེབས་པ་དང་དྲན་པ་མི་གསལ་ཞིང་ཟུག་ཆེ་ལ་ལག་པས་ས་ལ་འབྲད་དོ། །གློ་འགྲམས་ནི་རོ་རྒྱབ་ལྕི་ཞིང་སྔས་དམས་ན་ཉལ་བ་མི་ཤེས་པ་དང་སྣ་འབུད་ཅིང་དབུགས་མི་བདེ་ལ་གྲེ་བའི་ནང་ནས་ཤུ་ཞེས་སྒྲ་འོང་བ་དང༌། གློ་ལུ་མི་ཤེས་པར་དཔུང་པ་དང་འཇིང་པའི་བར་ཐལ་གོང་མནན་པ་སྙམ་བྱེད་པ་དང་བྲང་རྒྱབ་ཏུ་གཟེར་འབྱུང་ལ་དགྱེ་དགུ་དཀའ་བ་དང་ལུད་པ་དེའང་འགོག་པ་དཀའ་ལ་ཁྲག་དང་རྣག་ཏུ་ལུའོ། །མཆིན་འགྲམས་ནི་རྩིབ་མའི་སྒང་དང་མཆིན་པའི་སྣར་གཟེར་ཞིང་ན་བ་དང་ལུད་པ་ཁྲག་ཏུ་ལུ་ཞིང་སྐབས་སུ་སྣ་ནས་ཁྲག་འཛག་ཅིང་གློ་སྙིང་མི་བདེ་ལ་སྟོད་བརྒྱངས་ཤིང་དབུགས་ཀྱིས་འདེག་པ་སྟེ་རྔམ་ཆེར་འབྱུང་བ་དང་མིག་སྤྲིན་དམར་ལ་མི་གསལ་ཞིང་ཕོ་བ་སྐྲངས་པ་ལྟར་སྒང་བ་དང་དེ་དང་འབྲེལ་བའི་མཆིན་དྲིར་འགྲམས་པ་ན་ཤ་སྔོ་ལ་རོ་སྟོད་རྒྱངས་པ་ལྟར་དང་གློ་སོར་ཞིང་ལུས་འགུལ་ན་སྙིང་བརྡུང་ལ་འགྲོ་མི་ནུས་པ་དང་ལུས་པོ་གྱོང་ལ་ཉུང་མ་བསྲེགས་ནས་གཅུས་པ་འདྲ་བ་དང་མིག་དམར་ཞིང་མཆིན་དྲི་འཁོར་ལ་སྐེའི་རྩེ་ཆུང་བརྒྱངས་པ་ལྟར་འོང༌། མཆེར་པ་འགྲམས་ན་ཕོ་སྟོད་སྦོ་ཞིང་གཞོགས་གཡོན་ངོས་གཟེར་བ་དང་གདོང་པ་མདོག་གྲོ་བོ་ལ་ཕོ་བ་སྦོ་འཁྲོག་བྱེད་ཅིང་སྐབས་སྐབས་སུ་འཁྲུ་བ་དང་གཡོན་ངོས་ཀྱི་རྩིབ་སྒང་དང་རྩིབ་སྣར་གཟེར་ཞིང་ཤ་སྤགས་འཕྲིག་གོ །མཁལ་མར་འགྲམས་ན་ཚང་ར་མི་ཐེག་ཅིང་ལུས་དགྱེ་དགུ་དཀའ་བ་དང་མཁལ་ཁུང་དང་སྣེ་ས་ཞེས་བརླ་དང་གྲོད་ཆུང་མཚམས་སྣེ་ཁུག་གམ་སྣེ་ས་དང་དཔྱི་མིག་དང་བརླ་ཤའི་སྒང་སོགས་ཟུག་ཅིང་གཟེར་བ་དང་རླིག་པའི་འབྲས་བུ་སྐྲངས་ཤིང་དྲི་ཆུ་ཁྲག་ཏུ་འཛག་གོ །ཕོ་བར་འགྲམས་པ་ན་སྒྲེག་པ་སོགས་དྲག་པོ་འོང་ཞིང་ཕོ་སྟོད་སྦོ་འཁྲུག་བྱེད་ཅིང་ཟས་དང་སྐོམ་རྣམས་ཅི་ཟོས་ཀྱང་སྐྱུགས་ལ་གླང་ཐབས་སུ་ལྡང་ལ་ཕོ་བ་བསྒངས་ནས་ཉལ་བའང་མི་ཤེས་སོ། །ལོང་ལ་འགྲམས་ན་ལོང་ཕུགས་ཏེ་ལྟེ་བ་ནས་གཡས་གཡོན་དུ་ཚོན་དོ་གཞལ་བར་གཟེར་ཞིང་སྒང་ལ་སྦོ་འཁྲོག་མང་བ་དང་གློ་འདེགས་ལ་རོ་སྟོད་གང་ཞིང་གྲང་སྙམ་བྱེད་པ་དང༌། དབུགས་ངན་གྱི་རྗེས་ལ་ཕྱི་ས་སྟེ་དྲི་ཆེན་མི་ཐུབ་པར་འཆོར་རོ། །རྒྱུ་མར་འགྲམས་པ་ན་ཚ་འབྲབ་དང་རྒྱུ་མ་འཁྲིལ་བའི་སྙམ་བྱེད་ཅིང་སྣེ་ས་བཤད་མ་ཐག་པར་རྒྱུ་མ་ལྷུང་སོང་སྙམ་པ་དང་དྲི་ཆུ་བསྡམས་ལ་རྒྱུ་སྨད་གླང་ཐབས་ལྡང་ངོ༌། །མཁྲིས་པར་འགྲམས་ན་མིག་སེར་ལ་ཤ་མདོག་སྔོ་ཞིང་མགོ་བོ་ལྕི་བ་དང་མཆིན་པ་སྐྲངས་སམ་སྙམ་པ་དང་མཁལ་མ་དང་མཆིན་དྲི་རྣམས་ན་བ་དང་རོ་སྟོད་རྣམས་གང་སྙམ་བྱེད་ལ་ཆུ་དམར་ཞིང་གླང་ཐབས་སུ་འོང༌། ལྒང་པར་འགྲམས་པ་ན་རྒྱུ་ཞབས་དང་མཁལ་ཁུང་རྣམས་ན་ལ་ཆུ་ཁ་སྙི་བ་སྟེ་ཡང་དུ་འཚག་དགོས་ཤིང་བཤད་མ་ཐག་པའི་སྣེ་ས་ལ་ཚ་འབྲབ་བྱེད་དོ། །བསམ་སེའུར་འགྲམས་པ་ན་དཔྱི་མིག་དང་བརླ་ཤའི་སུལ་རྣམས་ན་བ་དང་དཔྱི་ཟུར་གྱི་སྟ་ཤ་ཆད་སོང་སྙམ་པ་བྱེད་ཅིང་ལང་མི་ཤེས་པ་དང་རྐང་པ་བཤལ་ལ་སྦྲིད་ཅིང་རྐང་པ་དང་ཚང་རའི་འབྲེལ་བའི་མཚམས་དཔྱི་མིག་སྐོར་སོགས་ན་བ་དང་སྐབས་སུ་དྲི་ཆུ་བསྡམ་པ་སྙམ་དུ་བྱེད་དོ། །ཕྱིའི་ཤ་འགྲམས་པ་ལ་ཉྭ་དང་ཤ་གཞན་གཉིས་ལས་ཉྭ་འགྲམས་ཉྭའི་སྣ་སྐྲངས་ཤིང་ཉྭ་དེས་བྱེད་པའི་བྱ་བ་ཉམས་པ་དང༌། ཤ་གཞན་རྣམས་འགྲམས་པ་ནི་བརྡུངས་སོང་སྙམ་པ་བྱེད་ཅིང་ན་ལ་མདོག་དམར་པོར་སྐྲངས་པར་བྱེད་དོ། །རུས་པར་འགྲམས་པ་ལ་ཚིགས་དང་རྐང་དང་མགོ་སྲུབས་དང་རྩིབ་མ་བཞི་ལས་ཚིགས་པ་འགྲམས་ན་འགུལ་དཀའ་ལ་ཟུག་ཆེ་ཞིང་ཚིགས་པ་དེའི་གོང་འོག་སྐྲངས་པ་དང༌། རྐང་ལ་འགྲམས་ན་འགུལ་པ་དཀའ་ལ་གཏིང་ནས་ལྷང་ལྷང་བྱེད་པ་དང༌། མགོའི་སྲུབས་རྣམས་འགྲམས་ན་དྲན་པ་མི་གསལ་ཞིང་སྐྱུག་ཅིང་འཁྱོམ་མོ། །རྩིབ་མར་འགྲམས་པ་ན་ཟུག་ཆེ་མནན་ན་མི་བཟོད་དོ། །རྩར་འགྲམས་པ་ལ་མགོ་དང་བྱང་ཁོག་དང་ཡན་ལག་གསུམ་ཡོད་པ་དེའི་མགོའི་རྩ་འགྲམས་ན་རྩ་རྒྱུད་ཁྲིད་ཅིང་ན་བ་དང་རྩ་སྟེང་དུ་སྐྲངས་ཤིང་རྩའི་སྟེང་དུ་འབྲུམ་པ་ལྟ་བུ་འབྱུང་བ་ཡིན། བྱང་ཁོག་གི་རྩར་འགྲམས་ན་གློ་ལུ་བའི་དུས་སུ་གང་འགྲམས་པ་དེ་གཟེར་ལ་ཚ་བ་སྐྱེ་ཞིང་སྐྲངས་པའི་རྗེས་ལ་རྣག་ཏུ་འགྱུར་བ་དང་ཡན་ལག་གི་རྩར་འགྲམས་ན་རྩའི་རྒྱུད་ཀུན་དུ་སྐྲངས་པའི་མདོག་དམར་ཞིང་ཚ་ལ་འཁྱུག་ཅིང་བརྐྱང་བསྐུམ་གྱི་བྱ་བའི་རིགས་དཀའོ། །ཆུ་རྒྱུས་འགྲམས་པ་ན་དགྱེ་དགུ་མི་ཤེས་པར་སྐྲངས་པ་འབྱུང་ལ། དེ་ཡང་ཆུ་བ་ཤས་ཆེ་བ་ལུས་དང་ཡན་ལག་སོགས་ཀྱི་རྒྱབ་ཡིན་ལ་རྒྱུས་པ་གང་ཡིན་དེ་བཞིན་མདུན་ན་གནས་པར་བཞེད་ཅིང༌། རེས་ལྷན་དུའང་ཚུལ་དེ་བཞིན་དུ་གནས་ལ།

        བཅོས་པའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། སྤྱི་ལ་བཅོས་པའི་ཐབས་ནི་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞིའི་དང་པོ་ཐང་སྦྱོར་ལ་ཧོང་ལེན་དང་བ་ཤ་ཀ་སྤང་རྩི་དོ་བོ་དང་ཀྱི་ལྕེ་དཀར་པོ་རྣམ་པར་ཏེ་ཡུ་གུ་ཤིང་བཙོད་དང་དྲུག་ཡོད་པ་དེ་རྣམས་ཚ་བའི་སྟོབས་དང་སྦྱར་ཞིང༌། ཆུང་བ་ལ་གོང་མ་ཧོང་ལེན་བ་ཤ་ཀ་གཉིས། འབྲིང་ལ་དེ་སྟེང་སྤང་རྩི་དང་ཀྱི་ལྕེ་སྟེ་བཞི། ཐ་མར་དྲུག་ཀ་བསྡེབས་ལ་དེའི་བསྡུས་གྲང་གི་ཁུ་བས་འགྲམས་ཀྱི་ཚད་པ་འཇོམས་པར་བྱེད། ཡང་ན་སྐྱེར་པ་དང་མཚེ་ལྡུམ་དང་སེང་ལྡེང་དང་བཙོད་དང་བཅས་བསྡུས་གྲང་གི་ཐང་བསྟེན་ན་འགྲམས་ཚད་ཀུན་ལ་བདུད་རྩི་དང་འདྲའོ། །ཕྱེ་མ་ལ་ཚ་བ་རབ་འབྲིང་གི་བྱེ་བྲག་གིས་རབ་ལ་ག་བུར་དང་འབྲིང་ཙནྡན་དཀར་པོ་ཐ་མ་ལ་གུར་ཀུམ་རྣམས་ཀྱིས་གཙོ་བོ་བྱས་ལ་དོམ་མཁྲིས་དང་ག་དུར་དང་རྣམ་པར་ཏེ་ཡུ་གུ་ཤིང་ཨ་རུ་ར་ཨ་བྱག་གཟེར་འཇོམས་དང་སྟབ་སེང་དང་ཀ་ར་རྣམས་གཙོ་བོ་སྟེ་དྲུག་འགྱུར་གྱི་མང་བ་སྦྱར། དེའི་རྗེས་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ཚོས་བཙོད་འབྲི་མོག་སྟེ་དམར་པོ་གསུམ་སེང་ལྡེང་དགུ་པ་དང་བདུན་པ་རྩ་བ་ལྔ་ལ་སོགས་པའི་ཕྱི་རྒྱུད་ལྟར་གང་འཕྲོད་ཀྱི་སྨན་མར་སྦྱར་བ་བསྟེན་པས་ཕྱི་རྗེས་བཅད། དཔྱད་དུ་དོན་ལྔ་ལ་གཏར་བ་གང་བབས་དང༌། སྣོད་དྲུག་ལ་བཤལ་རྩ་ལ་དུགས། ཤ་རུས་ལ་ལུམས་ཁྱད་པར་རྒྱུ་ལོང་གཉིས་སྒེར་དུ་མས་བཏང་དང༌། ཚིགས་པ་ལ་ཆུ་ལྕག་སོགས་ཕྱི་ནང་དུ་འགྲམས་ལ་མཁས་པའི་རིགས་པས་སྦྱར་བ་དང་། ཁ་ཟས་དང་སྤྱོད་ལམ་བསིལ་ཞིང་དལ་བར་བྱའོ། །རྟས་བརྡབས་པ་དང་གཡང་དུ་ལྷུང་བ་དང་ཐིབས་འོག་ཏུ་ཚུད་པ་སོགས་ཀྱིས་བྱང་ཁོག་འགྲམས་ནས་ཚ་བ་རྒྱས་པ་ལ་ག་བུར་བདུན་པ་དང་དགུ་པ་རྒྱུད་ཕྱི་མ་ལྟར་སྦྱར་བར་བྱ་ཞིང་རྔུལ་དབྱུང་ལ་སྟོད་སྨད་གང་རྒྱས་པའི་རྩ་དེ་གཏར་བ་དང་གཞན་ཡང་དནྡ་དུར་བྱིད་མཚལ་པི་པི་ལིང་རྒྱ་ཚྭ་རྒྱམ་ཚྭ་ཨ་རུ་ར་བཅའ་སྒ་རྣམས་སྦྱར་བའི་བཤལ་གྱིས་སྦྱངས།

        བྱེ་བྲག་བཅོས་པའི་སྙིང་འགྲམ་གྱི་གཙོ་བོ་བཞི་ནི་ག་བུར་ཙནྡན་དཀར་པོ་གུར་ཀུམ་གི་ཝཾ་བཅས་བཞི་དང༌། ཨ་གར་དགུ་ནི་འཕྲུལ་གྱི་ལྡེ་མིག་ཏུ་ཨ་ག་རུ་དང་ཙནྡན་དཀར་དམར་ཛཱ་ཏི་ལི་ཤི་བསེ་རུ་སྙིང་ཞོ་ཤ་ཨ་རུ་ར་ནཱ་ག་གེ་སར་ཏེ་དགུ་དང་ཛཱ་ཏི་ཅུར་ནིས་ནི་འོག་ཏུ་འཁྲུགས་སྐབས། ཛཱ་ཏི་བདུན་པ་བསྡེབས་པས་སྙིང་འཁྲུགས་སེལ། །ཞེས་པ་དེ་སྦྱར་ལ་སྙིང་རྩ་ཀུན་ཏེ་གྲགས་ཆེ་སྣོད་ཀ་ལྕེ་རྩ་རྩེ་ཆུང་སོགས་ལ་གཏར་ཞིང་དབེན་པའི་གནས་སུ་མི་བསྒུལ་བར་བསྙལ་བ་དང༌། ཁ་ཟས་བསིལ་སྦྱོར་བསྟེན་ཞིང་ཆང་སྤངས་ཏེ་རྗེས་ལ་ཚིགས་པ་དྲུག་པ་དང་བདུན་པ་བསྲེག་གོ །སྲོག་རྩ་འགྲམས་པའི་བཅོས་ཐབས་གང་དགོས་སྙིང་དང་འདྲ་བས་དེ་ལྟར་དུ་ཤེས་དགོས་ཀྱང་ཁྱད་པར་དུ་སྤྱི་གཙུག་དང་རྐང་མཐིལ་གཏར་ལ་བསྲེག་གོ །གློ་འགྲམས་ལ་ག་དུར་བ་ལེ་ཀ་སྲོ་ལོ་དཀར་པོ་བཅས་གསུམ་པོའི་ཐང་བཏང་ལ་ག་བུར་ཅུ་གང་ཙནྡན་དཀར་པོ་སྟེ་གསུམ་དང་ཕྱི་རྒྱུད་ཀྱི་དགུ་པའམ་ག་བུར་བསིལ་ཅུ་གུར་ལི་གསུམ་གླ་རྩི་སྤང་སྤོས་རྒུན་འབྲུམ་ཤིང་མངར་ལི་ག་དུར་ཀ་ར་སྟེ་དགུ་པ་གང་འོས་དང་ཅུ་གང་ལྔ་པ་གློ་འཁྲུགས་སྐབས་བཤད་པ་ལྟར་སྦྱར། ཚ་བའི་ཤུགས་དང་སྦྱར་བ་རབ་ལ་རྩེ་ཆུང་འབྲིང་ལ་གློ་རྩ་དྲུག་འགོ་ཐ་མ་སྐྱོར་གོང་གཏར་གྱིས་ཟུག་གཟེར་བཅག་ཅིང་རྣག་ཏུ་ལུ་ན་སྲིན་བྱའི་ཀླད་པ་ལ་ཅུ་གང་དང་ཤིང་མངར་སྦྱར་བ་བ་ཆུ་ལ་སྦྱངས་ཏེ་དུས་མེད་དུ་བཏང་བ་དང་བ་རའི་འོ་མ་དྲོན་མོ་ལྟོ་སྟོང་དུ་ཁྱོར་རེ་བླུད་ཅིང་ཚ་བ་བྲི་ནས་གྲོའམ་ནས་ཀྱི་གླུམ་ལ་སྲོ་ལོ་དཀར་པོ་བཏབ་ལ་བསིངས་པའི་ཆང་དང་ཅུ་གང་གུར་ཀུམ་ལི་ཤི་སུག་སྨེལ་ཤིང་མངར་ཨ་རུ་ལྕགས་ཕྱེ་རྣམས་སྦྲང་གི་ལྡེ་གུ་སྦྱར་ལ་ཚད་རོ་བཅག །རྗེས་ལ་ཚིགས་པ་བཞི་པ་ལྔ་པ་དང་བྲང་སྐས་ཏེ་དཀར་ནག་མཚམས་ནས་ཚོན་གང་གྱེན་གཞལ་ཆེ་བ་དང་སླར་ཡང་ཚོན་གང་གྱེན་གཞལ་ཆུང་བསྲེག་གོ །མཆིན་འགྲམས་ལ་ཡང་ཐོག་མར་ག་བུར་ཅུ་གུར་ལི་སྟེ་བསིལ་གསུམ་གཡུ་རྙིང་ཨ་བར་སྐྱུར་གསུམ་ལུག་རུ་སྨུག་པོ་སྟེ་དགུ་པ་ཀ་ར་དང་སྦྱར། རྗེས་ལ་གུར་ཀུམ་དང་གཡུ་རྙིང་དང་རྒྱུད་རྙིང་འགར་ཏིང་བག་ཀྱུང་དང་ཕྱག་དྲེག་ཏུ་དཔག་སྐྱུར་སོགས་སྣ་ཚོགས་ཤིང་བྱ་པ་བཀྲ་ཤིས་རྣམ་རྒྱལ་བའི་བཞེད་པར་རྡེ་བ་ཟི་དུ་མེ་ཏོག་སྟེ་སྔོ་དེ་བ་ལ་འདོད་པ་དང༌། བརྡ་སྤྲོད་ལྔ་པར། ཏིང་ལེ་བྱིན་དང་ཏིང་སག་ཀྱུང༌། །ཏི་མུ་ས་དང་ཏི་མུ་ལ། །མེ་ཏོག་ཏིང་བཞི་བྱ་བར་གྲགས། །ཞེས་སོ་སོར་བཤད་ཅིང་རྒྱུད་རྙིང་པ་འགའི་མཆན་དུ་རྩི་གུ་བྱི་དུག་ཟེར་བ་དང་འབྲི་ཆེན། གཡུ་ཐོག་གསེར་མཆན་དང་ཟུར་མཁར་བའི་སྒམ་ནང་མར་བྱ་རྐང་དུ་བཞེད་རུང་རྒྱུད་ཚིག་ཀྱང་ཏིང་སག་ཀྱུར་ཞེས་པ་འཐད་ཅིང་རྒྱུ་མཚན་ཡང་འདི་ཉིད་མཆིན་འགྲམས་ཀྱི་སྐབས་ཏེ་ནུས་པའི་དབང་དང་པྲི་ཡང་ཀུའི་མིང་ཏིང་ལི་བྱིན་ཞེས་ཀྱང་འབྱུང་བ་དང༌། རྩི་གུ་ཞེས་པའི་མཚན་དང་ཡང་མིང་ཟུར་ཀྱང་འབྱོར་པ་བཅས་ཏིང་ཞེས་པ་པྲི་ཡང་ཀུ་དང་སག་སྐྱུར་ཞེས་པ་མིག་ལེ་དུག་ལེ་སོགས་སུ་བཤད་པའི་རག་ལ་ཞོ་བཞག་པའི་གཡའ་སྔོན་མོ་ཆགས་པ་སག་རྩི་གཉིས་སྦྱར་བའི་ཕྱེ་མ་དེ་ཉིད་རའི་མར་དང་སྦྱར་བ་བསྐོལ་ལ་རླངས་ཡལ་དུས་ཁོང་དུ་བཏང་ཞིང་རྩེ་ཆུང་དང་རུ་ཐུང་དང་མཁྲིས་རྩ་གཤའ་རིང་རྣམས་རིམ་པས་གཏར་བ་དང་དེ་རྗེས་ལ་ཚིགས་པ་དགུ་པ་དང་ནུ་མ་ནས་ཐུར་ཚོན་གང་གཞལ་བ་ནས་ཕོ་དབུས་ཚོན་གང་གཞལ་བའི་ས་མཆིན་པའི་ཟུར་གསང་དེ་བསྲེག་ཅིང་མཆིན་དྲི་ལ་དེ་བཞིན་དུ་བཅོས་བྱས་རྗེས་ལ་ཕྱི་རྒྱུད་ལྟར་གྱི་རྩ་སྦྱོང་དང་དུར་བྱིད་དནྡ་མཚལ་དང་པི་པི་ལིང་བྱང་ཁོག་ནང་དུ་ཁྲག་བབས་སྦྱོང་བའི་ལྟོ་བཤལ་གཉིས་ཀྱིས་སྦྱངས། གཡས་གཡོན་གྱི་རྩིབ་ཐུང་ནས་སོར་རེ་གཞལ་བའི་ས་ནས་སོར་རེ་རེ་སྟེ་རྩིབ་མ་བཞིའི་སྟེང་གི་མཆིན་དྲི་དཀར་ནག་ཁྲ་གསུམ་གནོན་པ་དེ་དང་བརྒྱད་པ་ཁ་གསུམ་དུ་བསྲེག་ཅིང་འདི་ལ་རྒྱུད་འགར་བཞི་བཞི་ཞེས་པ་ཡི་གེ་ཉམས་པ་སྟེ་དོན་མེད་དོ། །ཕྱི་རྒྱུད་ལྟར་འབྲས་བུ་གསུམ་གྱི་སྨན་མར་དང་སྦྲང་རྩི་བུར་ལྡན་བསྟེན། མཆེར་པར་འགྲམས་ན་ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་དྲུག་དང་ཤིང་ཚ་མོན་ཆ་ར། ལི་ག་དུར་དང་དོང་ག་དང་པི་པི་ལིང་དང་བཅས་པ་ནི་ཀ་ར་སུམ་འགྱུར་དུ་སྦྱར་བ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་ཞིང་སྲིན་ལག་རྒྱབ་རྩ་དང་མཆེར་རྩ་རྟ་མཐུར་གཉིས་ལ་གཏར་བ་དང༌། དེ་ནས་རྒྱམ་ཚྭ་དང་ཚལ་དང་ལྕེ་མྱང་ཚྭ་ཀ་ར་མར་སོགས་སྦྱར་བ་བཏང་ལ་ཕོ་གསང་ཚིགས་པ་བཅུ་གཉིས་པ་དང་བཅུ་གཅིག་པ་མཆེར་གསང་ལ་བསྲེག་གོ། །མཁལ་མར་འགྲམས་ན་དང་པོ་ཙནྡན་གུར་ཀུམ་སུག་སྨེལ་གླ་རྩི་འཇམ་འབྲས་རུ་རྟ་ཨ་རུ་སྟེ་བདུན་པ་སྦྱར་བ་དང༌། བར་དུ་ཞོ་ཤ་མཁལ་མ་འདབ་སྙིང་དང་གླ་གོར་ཆ་རེའི་ཕྱེ་མ་བཏང་ལ་བྱིན་གཞུག་དང་ལོང་རྩ་གཏར་བ་དང༌། ཐ་མ་ཤུག་པ་སྐྱེར་པ་སྤ་འབྲུ་གཟེ་མ་ལྕམ་པ་བ་སྤྲུ་བ་རའི་མར་ལ་སྡིག་སྲིན་གུར་ཀུམ་བུ་རམ་རྣམས་ཀྱི་ཁ་ཚར་བཏབ་པའི་སྨན་མར་སྦྱར་བ་བསྟེན་ཞིང་བདུད་རྩི་ལྔ་དང་གླ་རིལ་གྱི་དུགས་དང་ལུམས་བྱ་བ་དང༌། དེའི་རྗེས་ལ་ཟས་སྐོམ་གཉིས་དྲོད་བསྟེན་ལ་མཁལ་གསང་ཚིགས་པ་བཅུ་བཞི་པ་བསྲེག ཕོ་བར་འགྲམས་ན་སྤྱང་ཚེར་ཆང་ལ་བཏབ་པ་ཆིག་རྐྱང་གི་སྐྱུགས་བྱ། མཆེར་འགྲམས་ལ་འོལ་མོ་སེ་པོ་སོ་ཆ་འོ་མ་དང་སྦྱར་བ་བཏང༌། རྒྱམ་ཚྭ་དང་ཚ་ལ་དང་ལ་ཕུག་གི་ས་བོན་དང་ཅོང་ཞི་དང་ཚ་གསུམ་སྟེ་འདི་སྐབས་ཁ་རུ་ཚྭ་ཙབས་རུ་ཚྭ་རྒྱ་ཚྭ་བཅས་གསུམ་རྣམས་སྦྲང་ལ་རིལ་བུར་སྦྱར་ཞིང་རུ་ཐུང་སྣོད་ཀ་གུང་མོ་དང་སྲིན་ལག་བར་གྱི་རྩ་ལ་གཏར་བ་དང་དེའི་རྗེས་ལ་ཕོ་གསང་མདུན་གྱི་དབུས་མ་དང་རྒྱབ་ཚིགས་པ་བཅུ་གཉིས་པ་རིམ་པས་བསྲོའོ། །ལོང་འགྲམས་ལ་ཤིང་ཀུན་དང་ཁ་རུ་ཚྭ་དང་ནི་པི་པི་ལིང་རྣམས་བསྐོལ་བ་གྲང་དུ་བཅུག་པའི་ཐང་དུ་བཏང་བ་དང༌། ཡང་ན་ལ་ཕུག་ས་བོན་དང་ཁ་རུ་ཚྭ་ཤིང་ཚ་བུ་རམ་རྣམས་ཀྱི་སྨན་ཆང་ངམ་ཕྱེ་མ་ཤིང་ཀུན་ཅུར་ནིས་སྦྱར་བ་བཏང་ལ། ལོང་རྩ་གཏར་ཤིང་གུར་ཀུམ་ཨ་རུ་མཆུ་སྙུང་དབྱི་མོང་བཅས་ཀྱི་བསྡུས་ཁུར་དུར་བྱིད་བཏབ་པའི་བཤལ་གྱིས་སྦྱང་བ་དང༌། སྐབས་སུ་ནི་རུ་ཧ་བར་པའི་སྟེང་ལྕུམ་རྩ་བསྡེབས་པའི་འདྲེན་བྱ་རྗེས་ལ་ལོང་གསང་བཅུ་དྲུག་པ་དང་ལྟེ་བ་ནས་གཡས་གཡོན་དུ་ཚོན་དོ་རེ་གཞལ་བ་བསྲེག་རྒྱུ་མར་འགྲམས་པ་ན་གུར་ཀུམ་དང་པི་ལིང་དུར་བྱིད་མར་བུ་རམ་སྦྱར་བའི་སྟེང་ཁུར་རྩ་ཨ་རུ་མཆུ་སྙུང་བསྣན་པའི་བཤལ་གྱིས་སྦྱངས། ལོང་རྩ་དང་རྒྱུ་མའི་རྩ་གཏར་ཞིང༌། ལྕུམ་རྩ་དང་ལྕེ་མྱང་ཚྭ་མར་བཅས་ཀྱི་རེང་བུ་བྱ། རས་སྣུམ་ཅན་སོགས་ཀྱི་ཚ་དུགས་བྱ་ཞིང་དེའི་རྗེས་ལ་ཚིགས་པ་བཅུ་བདུན་པ་བསྲོ། མཁྲིས་འགྲམས་ལ་ཏིག་ཏ་བ་ལེ་ཀའི་ཐང་བཏང་ལ་ག་དུར་ཅུ་གུར་ལི་ཤི་ཛཱ་སུག་ཀ་ཀོ་ལ་སྟེ་བཟང་དྲུག་གསེར་མེ་མི་དོམ་སྦྲུལ་བཅས་ཀྱི་མཁྲིས་ཕྱེ་སྦྱར་ཞིང་མཁྲིས་རྩ་གཤའ་རིངས་ཀྱིས་གཙོ་བྱས་མཁྲིས་རྩ་ཀུན་གཏར། པ་ཏོ་ལ་སྟེ་རྒྱ་ཁུར་དང་དུར་བྱིད་ཨ་རུ་མཆུ་སྙུང་གུར་ཀུམ་བཅས་པས་སྦྱང་ཞིང༌། དེའི་རྗེས་ལ་ཚིགས་པ་བཅུ་པ་བསྲེག་པར་བྱའོ། །ལྒང་པར་འགྲམས་པ་ན་མཁལ་མའི་བཅོས་དང་འདྲ་རུང་སྐབས་སུ་ཆུ་སྨན་རྒྱ་ཚྭ་སྡིག་སྲིན་སུག་སྨེལ་ལྕམ་པ་རྣམས་ཆང་དང་སྦྱར་བ་བསྟེན་ཞིང་ཚིགས་པ་བཅོ་བརྒྱད་པ་བསྲེགདཀུར་ཞེས་པ་དཀུའི་ཐད་འདི་སྐབས་བསམ་སེ་འགྲམས་པ་ན་མཁལ་མའི་བཅོས་དང་འདྲ་ལ་བྱིན་སྐྱོག་གཏར་བ་དང་འཇམ་རྩི་བཀྲུ་འཇམ་ཕྱི་རྒྱུད་ལྟར་བཏང་ཞིང་ཚིགས་པ་བཅུ་གསུམ་པ་དང་དཔྱི་སྟེང་སྤྲ་མེས་བསྲེག་གོ། །དེ་ནས་ཕྱི་ཡུལ་དུ་འགྲམས་པ་བཅོས་པ་ནི་ཉྭ་འགྲམས་པ་ལ་ཉྭ་དེའི་སྣ་ལ་ཟན་དྲོན་ལ་སྒ་དང་གོ་སྙོད་བཏབ་པའི་ཨ་ས་དང་འབའ་ཆས་བདུག་ཅིང་ཉྭ་དེ་དང་གང་ཉེ་བའི་རྩ་གཏར་སྐྲངས་པ་དེ་རྣག་ཏུ་ཤོར་ན་རྨ་སྤྱི་དང་འདྲ། ཤར་འགྲམས་ན་ལུམས་དང་གཏར་བ་གོང་མ་དེ་བཞིན་ལ་ཚད་རྟགས་འདུག་ན། བསིལ་གྱི་དེབ་ཏུ་བཙལ། ཚིགས་འགྲམས་ན་དྲོད་དང་བཅས་ཏེ་སྐྲངས་ཤིང་མདོག་དམར་ན་ཆུ་ལྕག་བརྡེག མཚན་མོ་བྱེ་མ་རློན་པའམ་བ་ལྕིའི་ལུམས་སུ་གཞུག་ཅིང་སྐབས་སུ་ཕྱིང་པ་ཆུར་བཅུག་པས་ཚིགས་ཁ་བསྡམ་ཞིང་དེ་དང་ཉེ་བའམ་གང་རྒྱས་པའི་རྩ་གཏར་ནས་དེའི་རྗེས་ལ་ཕྱིང་དེབ་བཏང་དྲོད་མེད་ལ་ན་ཚ་ཆུང་ཞིང་སྐྲངས་པ་དེ་གསོབ་ན་ཕྱིང་པ་སྣུམ་དང་ལྡན་པ་གླན་ལ་ཆུ་རྡོ་བསྲོས་པས་བདུག་པ་དང༌། གོང་དུ་བཤད་པའི་ཨ་ས་དང་འབའ་ཆས་དུགས་བྱས་ལ་དེའི་རྗེས་ལ་ཕྱིང་དེབ་ཏུ་བཙལ་ཞིང་དང་པོའི་དུས་ལུས་དལ་བ་ལ་ཕྱིས་ཀྱི་དུས་ན་བཅགས་པ་ཕན་ནོ། །རྐང་འགྲམས་པ་ལ་སྐྱ་སྦྱོར་ཏེ་ཞོ་དང་འོ་མར་བག་ཕྱེ་བཏབ་པའི་སྦྱོར་བ་བྱས་ལ་ཕྱིང་དེབ་ཀྱིས་བཅིངས། སྲུབས་འགྲམས་པ་ལ་རྒྱ་ཆིངས་དང་གཙུག་དང་མཚོག་ཁར་ཞུ་མཁན་གླ་སྒང་སྤང་སྤོས་རྣམས་རས་ལ་གཏུམས་པ་མར་ནག་ལ་བཙོས་པའི་ཚན་རྡོ་དང་མེ་བཙའ་དང༌། རྩིབ་མ་དང་སྒྲོག་རུས་ཆག་པ་དང་འགྲམས་པར་སྣུམ་ནན་ཏེ་ཧོར་གྱི་མེ་བཙའ་བྱ་ཞིང་ཆག་པ་ཚབས་ཆེ་ན་བསྲེགས་པའི་རྗེས་རྒྱུད་པ་སྦང་མ་སོགས་ཀྱིས་ཆས་སུ་གཞུག མགོ་བོའི་རྩ་འགྲམས་ན་སྤང་རྩི་དང་བ་ཤ་ཀ་དང་སྟབ་སེང་དང་སྐྱུ་རུའི་ཐང་བཏང་བའི་རྗེས་ལ་གར་འགྲམས་པ་དེ་གཏར། འབྲུ་སྣ་དང་བདུད་རྩི་ཤུག་འབྲུ་བ་ལུ་མཚེ་མཁན་པ་འོམ་བུ་ལྔས་རྒྱ་ཆེར་བདུག་ཅིང་སྡུད་སྒོ་གསུམ་དང་རྩ་སྒོ་གར་འཁྱུག་པ་མེས་མནན་ནོ། །བྱང་ཁོག་གི་རྩ་འགྲམས་པ་ལ་ག་དུར་དང་བ་ཤ་ཀ་ཏིག་ཏ་སྐྱུ་རུ་བཅས་པའི་ཐང་བཏང་བའི་རྗེས་གོང་བཞིན་དུ་བྱང་ཁོག་གར་འགྲམས་པའི་རྩ་གཏར་བ་དང་གང་གཟེར་སར་རྡོ་དང་སྤ་འུས་དུགས་དང་བཤད་མ་ཐག་པའི་བདུད་རྩི་ལྔའི་རླངས་ལུམས་བྱ། ཡན་ལག་གི་རྩ་འགྲམས་པ་ལ་ཚན་རྡོ་དང་སྤ་འུས་དུགས་དང་མེས་གང་འགྲམས་མནན། སྟབ་སེང་དང་སྐྱུ་རུ་ཧོང་ལེན་དང་བ་ཤ་ཀ་ཀྱི་ལྕེ་དཀར་པོ་བཅས་པའི་ཐང་བཏང་ལ་རྩ་དང་གང་ཉེ་བ་གཏར་བ་སོགས་དེ་དག་གི་དོན་མདོར་བསྡུས་ན་ཁྲག་རྩ་རྣམས་གཏར་ལ་འཕར་རྩ་རྣམས་བསྲེག་ཅིང༌། ཧོང་ལེན་དང་ཏིག་ཏ་དང་ཀྱི་ལྕེ་དཀར་པོ་རྣམས་ཞོ་དང་སྦྱར་བ་ཕྱིང་དེབ་ཀྱིས་མནན་ནོ། །ཆུ་རྒྱུས་པ་འགྲམས་པ་ན་སུག་པ་དང་ཉེ་ཤིང་པ། མཁན་པ་དང་བུལ་ཏོག་དང་ཕབས་སྦྱར་བ་ཆུ་འཇམ་གྱིས་བསྲོས་པ་དེ་ནང་དུ་ཟོད་ཚད་སྟེ་གང་ཚུགས་པར་ཆུར་སྦངས་ལ་བཤད་མ་ཐག་པའི་བདུད་རྩི་ལྔའི་རླངས་ལུམས་བྱ་བ་དང་ཆང་བཟང་པོ་དང་ལོ་མར་གྱི་བསྐུ་མཉེ་བྱ་ལ་མེ་དང་ཉི་མས་བསྲོ་ཞིང་གླ་སྒང་གི་ཐལ་བ་དང་དོམ་མཁྲིས་དང་རྡོ་རྒྱུས་དང་མཐིང་གི་སྐྱ་འབྲུ་མིན་པའི་བར་ཤུན་དང་བག་ཕྱེ་དང༌། སྦང་མ་གར་པོ་དང་རྒྱུས་པའི་ཤ་དང་ཚ་ཁུ་རྣམས་སྦྱར་བ་བྱུགས་ལ་ཕྱིང་པའི་དེབ་བཏང་ལ་བཅོས་དགོས་ཤིང་མདོག་དམར་པོར་སྐྲངས་པ་དང་དྲོད་ཆེ་ན་རྩ་གང་དུ་ཉེ་བ་གཏར། སྦོས་ཤིང་སྐྲངས་ན་ཆུ་སྒོ་ནས་དབྱེ་ཞིང་གང་སྦོས་དེ་ནས་རྔབ་རས་དྲང་བ་དང་ཙོག་གེ་ལ་མི་བཞག་པར་དལ་བུས་བརྐྱང་བ་དང་བསྐུམ་པ་བསླབ་བོ་ཞེས་གསུངས་སོ།།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འགྲམས་ཀྱི་ཚ་བ་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།